Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉམས་ཀྱི་མགུར་མ་འགའ་ཞིག་ཚིགས་སུ་བཅད་དེ་སྨྲས་པ་ངེས་འབྱུང་སྐྱོ་ཤས་ཀྱི་དབྱར་རྔ།
   
   
   


 
previousཉམས་ཀྱི་མགུར་མ་འགའ་ཞིག་ཚིགས་སུ་བཅད་དེ་སྨྲས་པ་ངེས་འབྱུང་སྐྱོ་ཤས་ཀྱི་དབྱར་རྔ།next

ཉམས་ཀྱི་མགུར་མ་འགའ་ཞིག་ཚིགས་སུ་བཅད་དེ་སྨྲས་པ་ངེས་འབྱུང་སྐྱོ་ཤས་ཀྱི་དབྱར་རྔ།


CMR048_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཀྱི་མགུར་མ་འགའ་ཞིག་ཚིགས་སུ་བཅད་དེ་སྨྲས་པ་ངེས་འབྱུང་སྐྱོ་ཤས་ཀྱི་དབྱར་རྔ་ཞེས་བྱ་བ་བཞུགས་སོ།།


CMR048_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། རྒྱལ་བའི་དབང་པོ་འོད་སྟོང་རབ་འབར་ཡང་། །བསྟན་པའི་སྙིགས་མར་མེ་ཤེལ་སྐྱོན་ལྡན་ཞིང་། །གདུལ་བྱའི་སྤྲོ་བ་ལོག་ལྟའི་རླན་གྱིས་བང་། །བྱིན་རླབས་བྱིན་ཟ་རྒྱས་པར་དཀའ་འམ་སྙམ། །རྒྱལ་དབང་ཐུགས་རྗེའི་ཆུ་འཛིན་རབ་འཁྲིགས་ཀྱང་། །གསོལ་འདེབས་དབྱར་སྐྱེས་མགྲིན་རྔ་མི་སྒྲོག་ཅིང་། །ལོག་ལྟའི་རླུང་དམར་རབ་ཏུ་སྡུད་ལུགས་ཀྱིས། །བྱིན་རླབས་བསིལ་རྒྱུན་ནམ་ཞིག་འབབ་ན་ཡང་། །རྒྱལ་བསྟན་མཚན་མོའི་མགོན་པོ་ཤར་ན་ཡང་། །ངེས་འབྱུང་བཟང་པོའི་སྤྲིན་དཀར་འཛུམ་མེད་པར། །ཚུལ་མིན་སྤྱོད་པའི་ཆར་


CMR048_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མུན་འཁྲིགས་ལུགས་ཀྱིས། །ཐར་པའི་ལམ་བཟང་ནམ་ཞིག་རྙེད་ན་ཨང་། །སེམས་བསྐྱེད་པད་སྡོང་ལོ་འདབ་གཡུར་ཟ་ཡང་། །གཞན་ཕན་བསམ་པའི་ཉི་འོད་མི་མཐོང་ཞིང་། །གནོད་སེམས་མི་སྲུན་ཀིང་ཀིང་འབེབས་ལུགས་ཀྱིས། །རབ་དགའ་འདབ་སྟོང་ནམ་ཞིག་བཞེད་ན་ཨང་། །དབང་བཞིའི་དཔག་བསམ་ལོ་འདབ་ཁྱོན་ཡངས་ཀྱང་། །བསྐྱེད་རྫོགས་བུང་བས་གཉེར་མྱུར་མ་མཐོང་ཞིང་། །མི་བརྩོན་འཆལ་བའི་སྟ་ཐོགས་མང་ལུགས་ཀྱིས། །དངོས་གྲུབ་འབྲས་བུ་ནམ་ཞིག་སྨིན་ན་ཨང་། །ཟབ་ཆོས་བེཊྛར་སྙིང་པོ་མང་ན་ཡང་། །


CMR048_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཀ་ཤིའི་རས་ཀྱི་མི་འཕྱི་ཞིང་། །སྒྲུབ་པའི་རྒྱལ་མཚན་སྲོག་ཤིང་ཆག་ལུགས་ཀྱིས། །དགོས་འདོད་རེ་བ་ནམ་ཞིག་བཀང་ན་ཨང་། །སྨྲ་མང་ཉམས་ལེན་བྲལ་བ་ནེ་ཙོ་བཞིན། །དམ་ཆོས་སྨྲས་ཀྱང་རང་རྒྱུད་གྱོང་པོ་རང་། །བྱ་བྲལ་ང་ནི་རང་ལ་གྲོས་ཤིག་ཐོབ། །ཅེས་རང་གཞན་འགའ་ལ་བསམས་པས་ཅུང་མ་མགུ་ཞིང་། ཁྱད་པར་དྲུང་རམ་པ་སྟོབས་ཅན་གྱིས་རྒྱལ་བའི་དབང་པོ་ལ་མ་དད་ནས་ངག་འཁྱལ་འགའ་སྨྲས་ཟེར་བ་དྲན་ནས་སྨྲས་སོ།། ༈ །།ན་མོ་གུ་རུ་ཨ་མོ་གྷ་པཱ་ཤ་ཡ། རྗེ་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །ཕ་དྲིན་ཆེན་བླ་མའི་ཞབས་ལ་འདུད། །ངས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལས་གཞན་ཕན་བསྒྲུབ་པར་དམ་བཅས་ཀྱང་། །ཚིག་འཇམ་པོ་སྨྲས་ཀྱང་ཉན་མཁན་མེད། །ངག་རྩུབ་པོར་སྨྲས་ན་ཁོང་ཁྲོ་ལྡང་། །ད་གཞན་ཕན་ཇི་ལྟར་སྨྲ་ན་ཨང་། །ནད་ཚད་པ་ལྡང་ནས་རྒྱས་པ་ལ། །ཟས་ཤ་ཆང་བཀོད་པའི་བྱམས་བྱམས་དེ། །སྡང་དགྲ་བོ་ཞིག་གི་དོ་ཟླ་མིན། །འདིས་རིན་ཆེན་སྲོག་དང་བྲལ་ལོ་ཞེས། །ངག་ཕན་པར་སྨྲས་ཚེ་མི་དགའ་ལྟ། །ལུས་སྲོག་དང་འབྲལ་དུས་འགྱོད་ཀྱང་མཆིས། །བློ་གསལ་ན་གཞོན་གྱི་བན་ཆུང་


CMR048_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འགའ། །ཡིག་རིས་དང་ཡོན་ཏན་མ་ཤེས་ན། །གོས་བཟང་ཡང་བོང་བུ་རྒྱབ་སེར་ཡིན། །ཞེས་ཕན་པར་སྨྲས་ཚེ་ཀོ་ལོང་བྱེད། །རང་ཤི་རྒས་ལ་ཐུག་དུས་འགྱོད་ཀྱང་འཕྱིས། །ནོར་འདོད་པས་ཚོང་ཁེ་བུན་སྐྱེད་སོགས། །འཕྲལ་དཀའ་ཞིང་གོང་མ་རྣམས་ཀྱིས་ཁྲེལ། །འདི་སྨྲས་ཚེ་མི་དགའི་ངོ་ནག་སྤྱད། །རང་ཆོས་པ་དང་ཚོང་པ་གང་དགའ་སོམས། །རང་ཆོས་ཚུགས་དང་སྡོམ་ལ་མི་འགལ་བར། །གཉེན་ཉེ་འབྲེལ་དང་ཡོན་བདག་བསྐྱང་ཡང་བཟོད། །རང་ཆོས་ཚུགས་དང་སྡོམ་ལ་འགལ་བཞིན་དུ། །ཉེ་འབྲེལ་དང་ཡོན་བདག་སྐྱོང་འདོད་པ། །དེ་ནག་པོ་བདུད་ཀྱི་ཆོ་འཕྲུལ་ཡིན། །འདི་སྨྲས་ཚེ་མི་དགའི་ཅང་སྐད་འབྱིན། །རང་ཀུན་གྱིས་འཕྱ་དུས་འགྱོད་ཀྱང་འཕྱིས། །རང་གཉོམ་ཆུང་གི་ཆོས་པར་ཁས་བླངས་ནས། །མི་གཞན་ལ་གྱོད་རྩའི་ཕུང་གཞི་སློབ། །འདི་འགོང་པོ་སྙིང་ལ་ཞུགས་པ་བཞིན། །ཞེས་ཚིག་ངན་སྨྲས་ཚེ་འགྲོ་སྡིག་བྱེད། །དོན་རང་གཞན་ཀུན་ཕུང་དུས་འགྱོད་ཀྱང་འཕྱིས། །མི་གཞན་ལ་ཕན་ངེས་ཀྱི་དོན་རིག་ན། །ངན་ཚིག་རྩུབ་སྨྲ་བ་རྒྱལ་བས་གནང་། །ད་འོན་ཀྱང་མི་མཇེད་འཇིག་རྟེན་ཁམས། །


CMR048_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཕན་གནོད་གཉིས་པོ་འབྱེད་པར་དཀའ། །ལས་ངན་པ་བསླབས་ན་ཕན་པར་གོ །ཚིག་ཕན་པར་སྨྲས་ན་སྡང་བར་མཐོང་། །ངག་ཡང་ཡང་སྨྲས་ན་ཁོང་ཁྲོ་སྐྱེ། །ད་དེ་ནས་དམ་བཅའ་ཚིག་གསུམ་འབུལ། །ངས་སྔོན་ཆད་བློ་སེམས་མི་ངན་ཡང་། །ངག་ཚིག་གསུམ་གང་སྨྲས་མཐོལ་ཞིག་བཤགས། །བདག་འདི་ཕྱིར་སྒྲིབ་པར་མ་གྱུར་ཅིག །ད་དེང་ནས་ཇི་སྲིད་འཚོ་ཡི་བར། །གྲྭ་སློབ་དང་མཆེད་གྲོགས་སུ་ལ་ཡང་། །ངག་འཇམ་པོའི་ཁ་ད་ཞུ་བ་ལས། །ཚིག་རྩུབ་མོ་མི་སྨྲ་དམ་བཅའོ། །རྗེ་བླ་མ་ཡི་དམ་མཁའ་འགྲོ་དང་། །སྐྱབས་དཀོན་མཆོག་གསུམ་པོ་ཐམས་ཅད་ཀྱིས། །ད་དམ་བཅའ་མཐའ་རུ་ཕྱིན་པ་དང་། །བདག་ངག་སྒྲིབ་དག་པར་བྱིན་གྱིས་རློབས། །ཞེས་ཡོན་བདག་དང་གྲྭ་སློབ་འགའ་རེ་ལ་ཤ་ཚ་མ་བཟོད་ནས། ཚིག་རྩུབ་འགའ་རེ་སྨྲ་ཤོར་བ་ལ་མི་དགའ་བའི་རྣམ་འགྱུར་མང་དུ་སྟོན་འདུག་པས། ད་ནས་མི་སྨྲ་བའི་དམ་བཅའ་བྱས་པའོ།། ༈ །།ཨོ་རྒྱན་ཡུལ་གྱི་བསྟོད་པ་ཌཱཀྐི་དགྱེས་གླུ་བཞུགས་སོ། །ན་མོ་བཛྲ་ཝ་ར་ཧེ། རྒྱ་གར་ཡུལ་དབུས་མ་ག་དྷ། །རྡོ་རྗེ་གདན་གྱི་ཤར་ཕྱོགས་ན། །བྷ་ག་ལ་ཞེས་བྱ་བ་ཡོད། །བྱང་ཕྱོགས་ཁ་ཆེའི་ཡུལ་ཡིན་ཏེ། །ནུབ་


CMR048_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཨོ་རྒྱན་ཡུལ་ཡིན་ནོ། །ལྷོ་ན་ཀོ་ས་ལ་ཡི་ཡུལ། །བྱང་ཤར་ཀ་མ་རུ་པའི་ཡུལ། །ཤར་ལྷོ་མཚམས་ན་ཟ་ཧོར་ཏེ། །ལྷོ་ནུབ་སིནྡྷའི་ཡུལ་ཡིན་ནོ། །ནུབ་བྱང་དེ་ཝི་ཀོ་ཊིའོ། །ཁྱད་པར་ཨོ་རྒྱན་ཡུལ་དེ་ནི། །རང་བྱུང་དུར་ཁྲོད་བརྒྱད་ཀྱིས་བསྐོར། །ཤར་དུ་གཏུམ་དྲག་དུར་ཁྲོད་དེ། །བྱང་དུ་ཚང་ཚིང་འཁྲིགས་པའོ། །ནུབ་ཏུ་རྡོ་རྗེ་འབར་བ་སྟེ། །ལྷོ་རུ་འཇིགས་སུ་རུང་བ་དང་། །ཤར་ལྷོ་དཔལ་གྱི་ནགས་ཚལ་དང་། །ལྷོ་ནུབ་མུན་པ་མི་བཟད་དེ། །ནུབ་བྱང་ཀི་ལི་ཀི་ལ་སྒྲོག །བྱང་ཤར་ཧ་ཧ་དགོད་རྣམས་སུ། །གྲུབ་ཆེན་ཞིང་སྐྱོང་ཕྱོགས་སྐྱོང་དང་། །ཀླུ་དང་མཁའ་འགྲོ་ཕྲ་མེན་མ། །མེ་ཆུ་ཤིང་སྤྲིན་རི་མཆོད་རྟེན། །རོ་དང་བྱ་གཅན་བརྒྱད་བརྒྱད་གནས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །གནས་ནི་མཆོག་ཏུ་གྱུར་པའོ། །དེ་དབུས་ཐུན་མོང་མ་ཡིན་པའི། །དཔལ་ཆེན་ཧེ་རུ་ཀ་དཔལ་གྱི། །རང་བྱུང་ལྷ་ཁང་ཞེས་བྱ་བ་། །ཨོ་རྒྱན་གྷནྡྷོའི་གཙུག་ལག་ཁང་། །དུག་མཚོའི་འོབ་དང་ལྕགས་རི་དང་། །གདུག་པའི་སྲོག་ཆགས་མང་པོས་བསྐོར། །འཁོར་ས་རིམ་གསུམ་སྒོ་རྟ་བབས། །དེ་དབུས་དྷརྨ་གྷནྡ་


CMR048_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །ཆོས་ཀྱི་མཛོད་ན་རྒྱུད་ཀུན་བཞུགས། །ལྕགས་རི་རིམ་གསུམ་སྒོ་བཞི་ལ། །སྤྲུལ་སྐུ་ཟ་བྱེད་ལས་ཌཀྐི། །སྒོ་སྲུང་འབངས་ཀྱི་ཚུལ་བཞུགས་ནས། །སྣོད་མིན་བྱུང་ན་ཚར་གཅོད་མཛད། །ལོངས་སྐུ་ལས་ཀྱི་ཌཱཀྐི་མས། །རྒྱུད་རྣམས་བདག་བཟུང་མཆོད་པར་བརྩོན། །ཆོས་སྐུ་ཡེ་ཤེས་ཌཱཀྐི་མ། །གཞལ་ཡས་ཁང་དབུས་བདེ་ཆེན་ངང་། །བཞུགས་པ་མེད་པའི་ཚུལ་དུ་བཞུགས། །ཡབ་གཅིག་འཁོར་ལོ་སྡོམ་པ་ནི། །སྐུ་དང་ཡིག་འབྲུ་ཕྱག་མཚན་ཏེ། །ནོར་བུ་གསུམ་གྱི་ངོ་བོ་ལ། །ལྕགས་གསུམ་རྒྱ་བདུན་ལྡན་པར་བཞུགས། །ལྷན་ཅིག་སྐྱེས་པ་རྒྱལ་བའི་ཡུམ། །རྒྱན་དྲུག་གསོལ་ཞིང་གྲི་ཐོད་བསྣམས། །པད་ཉི་འཇིགས་དུས་གདན་ལ་བཞེངས། །འཁོར་ནི་དཔའ་མོ་སུམ་ཅུ་བདུན། །རེ་རེའང་མཁའ་འགྲོ་བྱེ་བས་བསྐོར། །རྡོ་རྗེ་ལས་དང་རིན་ཆེན་དང་། །སངས་རྒྱས་དམ་ཚིག་སྣ་ཚོགས་དང་། འཇིག་རྟེན་མཁའ་འགྲོའི་ཚོགས་བཅས་བཞུགས། །དེ་དག་འཁོར་དང་སྤྲུལ་པ་ཡིས། །ཉི་ཤུ་རྩ་བཞིའི་གནས་རྣམས་ཁྱབ། །འོག་མིན་དག་པའི་གནས་རྣམས་དང་། །འཛམ་གླིང་གནས་ཆེན་ཉི་ཤུ་བཞི། །རང་


CMR048_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྩ་གནས་ཉེར་བཞི་རྣམས། །དབྱེར་མེད་ཆུ་ཟླ་བཞིན་དུ་སྣང་། །བརྡ་དོན་རྟགས་ཀྱི་ཕག་མོ་ལ། གཉིས་མེད་ངང་དུ་བདག་ཕྱག་འཚལ། །མཆོག་གི་དངོས་གྲུབ་འདིར་སྩོལ་ཅིག །ཨོ་རྒྱན་གྷནྡྷོའི་གནས་བསྟོད་དེ། །རཱ་ག་ཨ་སྱས་འཕྲལ་དུ་བྲིས། །ཉེས་པ་ཌཱཀྐིའི་ཚོགས་ལ་བཤགས། །དགེ་བས་ཡུམ་དོན་མྱུར་རྟོགས་ཤོག །བྷ་ཝནྟུ།། ༈ །།ན་མོ་གེ་སར་ཀ་ར་ཡེ། རྗེ་རྒྱལ་བ་ཐམས་ཅད་འདུས་པའི་སྐུ། །གདན་པདྨ་ལས་འཁྲུངས་མཚན་དཔེ་རྫོགས། །དཔལ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྗེ་གནས་ལྔ་མཁས་པའི་པཎྜི་ཏ། །དོན་ཤེས་བྱ་ཀུན་ལ་ཐམས་ཅད་མཁྱེན། །དཔལ་པདྨ་སཾ་བྷ་ལ་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྗེ་དཀྱིལ་འཁོར་ཀུན་བདག་ཧེ་རུ་ཀ །རྒྱུད་མན་ངག་རྒྱ་མཚོའི་གཏེར་མཛོད་ཆེ། །དཔལ་བློ་ལྡན་མཆོག་སྲེད་ལ་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྗེ་སྣང་སྲིད་ཀུན་ལ་དབང་བསྒྱུར་མཁན། །ཆོས་ལོངས་སྤྱོད་ཀུན་གྱི་འབྱུང་གནས་མཆོག །དཔལ་པདྨ་རྒྱལ་པོ་ལ་


CMR048_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྗེ་འབད་མེད་ལྷུན་གྲུབ་ཀྱི་ཕྲིན་ལས་ཅན། །མ་མཁའ་མཉམ་འགྲོ་བའི་མུན་སེལ་ཆེ། །དཔལ་ཉི་མ་འོད་ཟེར་ལ་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྗེ་ཡོན་ཏན་ཀུན་རྫོགས་རྫོགས་སངས་རྒྱས། །དགྲ་བདུད་བཞི་བཅོམ་ནས་ཆོས་འཁོར་བསྐོར། དཔལ་ཤཱཀྱ་སེང་གེ་ལ་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྗེ་རྒྱལ་བ་ཀུན་གྱི་མཐུ་སྟོབས་བདག །བདུད་མུ་སྟེགས་སྐྲག་མཛད་སེང་གེ་སྒྲ། །དཔལ་སེང་གེ་སྒྲ་སྒྲོག་ལ་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྗེ་ཁྲོ་རྒྱལ་ཀུན་འདུས་ཧེ་རུ་ཀ །བདུད་སྣང་སྲིད་ལྷ་འདྲེའི་གཉེན་གཅིག་པུ། །དཔལ་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྗེ་ཚད་མེད་ཐུགས་རྗེའི་མཐུ་སྟོབས་ཅན། །དུས་འཇིགས་རུང་འགྲོ་བ་འདུལ་མཛད་པ། །དཔལ་བདུད་འདུལ་རྡོ་རྗེ་ལ་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །རྗེ་དྲག་པོ་གནམ་ལྕགས་མེ་ཡི་འཁོར་ལོ་ཅན། །སྐྱབས་ཡིད་བཞིན་འཁོར་ལོ་ལོ་མ་ཅན། །དཔལ་ཡི་


CMR048_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྣམས་ལ་གསོལ་བ་འདེབས། །མཆོག་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །རྗེ་པད་འབྱུང་བཀའ་གསུམ་རྡོ་རྗེའི་ཚིག །དོན་བསླད་མེད་མཁའ་འགྲོའི་ཁ་རླངས་ཅན། །དཔལ་ཟབ་གཏེར་རྣམས་ལ་གསོལ་བ་འདེབས། །རྒྱད་འབད་མེད་གྲོལ་བར་བྱིན་གྱིས་རློབས། །རྗེ་དཔལ་ལྡན་ལྷ་མོ་དཔོན་དང་གཡོག །མགོན་བྱ་རོག་ཅན་དང་སེང་གེའི་གདོང་། །དཔལ་བཀའ་སྲུང་རྣམས་ལ་གསོལ་བ་འདེབས། །མི་བདག་གི་སྡོང་གྲོགས་མེལ་ཚེ་མཛོད། །རྗེ་རྩ་གསུམ་ལ་གདུང་ཤུགས་འབར་བ་དང་། །ལམ་སྡོམ་གསུམ་ལ་བར་ཆད་མེད་པ་དང་། །དོན་སྐུ་གསུམ་གྱི་རང་ངོ་འཕྲོད་པ་དང་། །བདག་འགྲོ་དོན་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཀརྨ་ཨ་རཱ་གས་མཛད་པའོ།། །ན་མོ་གུ་རུ་ཝེ། མཐོན་མཐིང་ཡངས་པའི་སྤང་ལྗོངས་འདི་དང་གཅིག །སིལ་སིལ་འབབ་པའི་རྫ་ཆབ་འདི་དང་གཉིས། །ནེའུ་སིང་ལྗང་སྔོན་འཇམ་པོའི་རྩ་དང་གསུམ། །དེ་གསུམ་འཛོམ་དུས་ཅང་ཤེས་ང་སྣང་བ་བདེ། །རྩ་བ་བརྟན་པའི་ཤིང་ཕུང་འདི་དང་གཅིག །རྒྱུ་འགྲུལ་དཀའ་བའི་ལྕང་རོང་འདི་དང་གཉིས། །སྨིན་ཞིང་ཞིམ་པའི་


CMR048_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཏོག་འདི་དང་གསུམ། །འདི་གསུམ་འཛོམས་དུས་བྱིའུ་ཆུང་ང་སྣང་བ་བདེ། །འདབ་སྟོང་བཞད་པའི་ནགས་ཚལ་འདི་དང་གཅིག །ཟེའུ་འབྲུ་མཛེས་པའི་རྩི་བཅུད་འདི་དང་གཉིས། །རྩལ་ལ་མཐོ་བའི་བྲག་ཁུང་འདི་དང་གསུམ། །དེ་གསུམ་འཛོམ་དུས་སྦྲང་མ་ང་སྣང་བ་བདེ། །པདྨ་ཟབ་པའི་རྒྱུད་སྡེ་འདི་དང་གཅིག །ཛ་ལེན་དྷ་རའི་རྒྱ་གཞུང་འདི་དང་གཉིས། །རང་བྱུང་རྒྱལ་བའི་མན་ངག་འདི་དང་གསུམ། །འདི་གསུམ་འཛོམ་དུས་སྔགས་འཆང་ང་སྣང་བ་བདེ། །སོ་ཐར་སྡོམ་པའི་བཙུན་ཆུང་འདི་དང་གཅིག །བྱང་ཆུབ་སེམས་ཀྱི་ལྷག་བསམ་འདི་དང་གཉིས། །མ་ཉམས་གཙང་མའི་དམ་ཚིག་འདི་དང་གསུམ། །འདི་གསུམ་འཛོམ་དུས་རྡོར་འཛིན་ང་སྣང་བ་བདེ། །ངེས་དོན་རྒྱ་མཚོའི་ཁྲིད་ཡིག་འདི་དང་གཅིག །བཀའ་བབ་བརྒྱུད་པའི་བྱིན་རླབས་འདི་དང་གཉིས། །བླ་མ་དམ་པའི་ངོ་སྤྲོད་འདི་དང་གསུམ། །འདི་གསུམ་འཛོམ་དུས་སྐལ་ལྡན་ང་སྣང་བ་བདེ། །འདག་སྦྱར་སྨྲ་བཅད་བསྒྲུབ་གཞུག་འདི་དང་གཅིག །སོ་གསོད་སྤོང་བའི་བརྩོན་འགྲུས་འདི་དང་གཉིས། །བསྐྱེད་རྫོགས་ཟུང་འཇུག་ཏིང་འཛིན་འདི་དང་གསུམ། །འདི་གསུམ་འཛོམ་


CMR048_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སྒོམ་ཆེན་ང་སྣང་བ་བདེ། །གནས་ལུགས་ཤེས་པའི་གོ་བ་འདི་དང་གཅིག །རང་ངོ་འཕྲོད་པའི་རྟོགས་པ་འདི་དང་གཉིས། །རྒྱུན་དུ་སྐྱོང་བའི་ཉམས་ལེན་འདི་དང་གསུམ། །འདི་གསུམ་འཛོམ་དུས་བྱ་བྲལ་ང་སྣང་བ་བདེ། །མདོ་རྒྱུད་དབང་ལུང་ཐོས་རྒྱ་འདི་དང་གཅིག །མན་ངག་མང་པོའི་ཕྱག་ཁྲིད་འདི་དང་གཉིས། །གཞན་ཕན་བསམ་པའི་ཀུན་སློང་འདི་དང་གསུམ། །འདི་གསུམ་འཛོམས་དུས་བླ་མ་ང་སྣང་བ་བདེ། །ལེགས་ལེགས་འདྲ་བའི་དབྱངས་ཆུང་འདི་དང་གཅིག །བདེ་ཉམས་སྐྱེས་པའི་རང་མཐོང་འདི་དང་གཉིས། །མཐུན་རྐྱེན་འཛོམ་པའི་འཕྲལ་སྐྱིད་འདི་དང་གསུམ། །འདི་གསུམ་འཛོམ་དུས་ཅོལ་ཆུང་ང་སྣང་བ་བདེ། །ཞེས་ཨ་རཱ་གས་སྨྲས་སོ།། ༈ ། མོ་གུ་རུ་མ་ཧཱ་མུ་དྲ་ཡེ། བདག་རང་ལོ་སོ་དྲུག་པར་མཚམས་དང་བསྙེན་སྒྲུབ་ཅུང་ཟད་བྱས་པ་ནས་བཟུང་སྟེ། གཉིད་འོད་གསལ་དུ་ཟིན་པ་དང་། རེས་འགའ་རྨི་ལམ་གྱི་འོད་གསལ་ཟིན་པ་མང་དུ་བྱུང་ཞིང་། ཉིན་པར་གྱི་ཉམས་ལ་ཁ་ཞེ་མེད་པར་ཚེ་འདི་བློས་བཏང་ནས། བྲག་ཕུག་དང་ནི་ཤིང་དྲུང་ལྟ་བུར་ཟླ་རེ་ཟླ་གཉིས་རེ་བསྒོམ་ཞིང་། དེ་ལྟ་བུས་


CMR048_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མི་གཅིག་པ་རྣམས་སུ་གནས་ངེས་མེད་དང་། ཟས་གོས་འཕྲལ་ཕྱི་དགྲ་མེད་གཉེན་མེད་རང་ཞིག་བྱེད་ན་ཅི་མ་རུང་སྙམ་པ་ཞེ་ཐག་པ་ནས་ཡང་ཡང་དྲན་པ་བྱུང་། དེ་ལ་སྨྲས་པ། རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཚེ་མི་རྟག་ནམ་མཁའི་འཇའ་ཚོན་འདྲ། །དེ་རྟག་པར་འཛིན་པའི་མི་རེ་འཁྲུལ། །དུས་དེང་ནས་དམ་ཆོས་མ་འགྲུབ་ན། །ཆོས་བྱ་སྙམ་གྱི་ངང་དུ་མི་ཚེ་ཟད། །གནས་གང་དུ་འདུག་ཀྱང་དགེ་སྦྱོར་གྱིས། །དུས་དེ་རིང་ཉིད་ནས་དགེ་སྦྱོར་འབུངས། །བློ་བསམ་པའི་ཁྱེར་ཕྱོགས་ཤེས་པ་ན། །ཇི་ལྟར་བྱས་ཀྱང་དམ་ཆོས་སླ། །དུས་དེང་སང་ཅི་བྱེད་བྱང་ཆུབ་བསྔོ། །ཞེས་སྨྲས་ནས་དགེ་སྦྱོར་ལ་འབུངས་པར་བྱས་སོ། །དེ་ནས་སྤྲུལ་སྐུ་ཀརྨ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་རི་ཁྲོད་དུ་གདན་འདྲེན་ཞུས་པས། གཞན་རྐྱེན་འགས་དུས་ལ་འབྱོན་རྒྱུ་མ་བྱུང་ནས་མི་ཕེབས་པ་འདྲ་སྙམ་ཞིང་ཉལ་བའི་རྨི་ལམ་ལ། རང་ཉིད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བསྐྱེད་རིམ་བྱས་པས། མངོན་སུམ་ལྟ་བུར་གྱུར་ནས། ཁྲོམ་འགའ་ལ་ཡིག་དྲུག་བསྐུལ་བས་ཐམས་ཅད་ཀྱིས་འུར་དི་རི་རི་བཏོན་སོང་བ་རྨིས་པས། ཕྱིར་ཉིན་སྤྲུལ་སྐུ་ཕེབས་ནས་ཐུགས་དགྱེས་དགྱེས་མཛད་ཅིང་། གཟིགས་སྐར་བསྐུང་ནས་ཡོད་པ་གྲལ་དུ་བཏོན་ནས་ངོས་འཛིན་གནང་། ཐུགས་རྗེ་ཆེན་པོའི་དབང་གནང་བའི་ཚེ་ལས་དག་


CMR048_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགའ་ཞིག་གི་སྣང་ངོར་རྡོ་རྗེ་འཆང་ཆེན་པོའི་སྐུར་དངོས་སུ་སྣང་བ་སོགས་ངོ་མཚར་ཆེ་བའི་མཛད་པ་དུ་མ་བསྟན་ཏེ། འདིར་སྨྲས་པ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །སྤྲུལ་གཞི་དེ་ལས་སྤྲུལ་པའི་ཕྲེང་བ་ནི། །རྒྱ་ནག་ཡུལ་དུ་མཁས་པ་ཤྲཱི་སེང་། །འཕགས་པའི་ཡུལ་དུ་ཌོམ་བྷི་ཧེ་རུ་ཀ །གངས་ཅན་ལྗོངས་སུ་མི་ལ་རས་ཆེན་ཞབས། །ཡང་སྤྲུལ་སྐྱེ་བའི་ཕྲེང་བ་ཚར་མངའ་བ། །ཚེར་ལུང་པར་གྲགས་རྣམས་ལ་གུས་པས་འདུད། །སྔོན་ཆད་རྗེས་སུ་བཟུང་བའང་ཐུགས་རྗེ་ཆེ། །སླར་ཡང་འབྲལ་མེད་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །ཞེས་སོ། །དེ་ནས་རྒྱལ་ཟླའི་ཚེས་བཅུ་གཉིས་ཀྱི་ཉིན་པར་ཤ་གསར་རྙིང་མར་དཀར་སེར་ཇ་གྲོ་ཐུད་སྐྱ་ཐུད་སོགས་ཟས་སྣ་གྱ་ནོམས་པ་རྙེད་ཡོད་པས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོ་ག་རྒྱས་པའི་སྒོ་ནས་ཚོགས་འཁོར་དང་གཏོར་བསྔོས་སོགས་རྒྱས་པར་བྱས་ནས་ཉལ་བའི་རྨི་ལམ་ན། སྤྱན་རས་གཟིགས་འགྲོ་འདུལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། སྐུའི་རྣམ་པ་གསལ་ཞིང་མཚན་དཔེ་དང་རྒྱན་ཆ་མི་གསལ་ཙམ་ཞིག་གི་ཞལ་ནས། ད་ལོ་ཁྱོད་ཀྱི་དུས་ལ་བབ། འགྲོ་བའི་དོན་ནི་དཔག་མེད་བྱོས། །ཞེས་གསུངས་པའི་མོད་ལ་གཉིད་སད། དེ་ལ་སྨྲས་པ། ན་མོ་ལོ་ཀེ་ཤྭ་ར་ཡེ། དུས་སྙིགས་མ་ལྔ་བདོའི་ཐ་མ་ལ། །བདུད་ལྷ་འདྲེས་ལྷ་རུ་བརྫུ་


CMR048_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས། །ལྷ་ཞལ་དང་ལུང་བསྟན་ཡིད་གཏད་མེད། །འོན་ཀྱང་བླ་མའི་བཀའ་དྲིན་གྱིས། །བར་ཆད་དང་དངོས་གྲུབ་མི་ནོར་ཞིང་། །ལྷ་དང་དམ་སྲི་མི་ནོར་བའི། གདམས་ངག་ཟབ་མོ་མང་དུ་ཤེས། །ལྷ་མཁའ་འགྲོ་མཐོང་སྣང་རང་གི་སེམས། །བདུད་སྲིན་པོའི་ཆོ་འཕྲུལ་རང་གི་སེམས། །དེ་གཉིས་ལ་སེམས་ཉིད་གཅིག་པུའི་འཕྲུལ། དོན་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་པས། །བཏང་སྙོམས་ཀྱི་ངང་དུ་གནས་པར་རིགས། །ཞེས་སོ། །དེ་ནས་རྒྱལ་ཟླ་བའི་ཉེར་བརྒྱད་ཀྱི་ནུབ་ཉི་ཤུ་བརྒྱད་མཆོད་རྒྱས་པར་བྱས། ནག་རྒྱ་ཕག་གསུམ་བདེ་མཆོད་ཟླུ། རྣམས་ཀྱི་ཆོ་ག་དང་། བེར་ནག་ཅན་གྱི་བསྐང་གསོ་དང་། བླ་མའི་གསོལ་འདེབས་སོགས་བྱས་ནས་ཉལ་བའི་རྨི་ལམ་ན། འཕགས་པ་སྤྱན་རས་གཟིགས་ཁ་སར་པཱ་ཎི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་སྐུའི་རྣམ་པར་གསལ་ཙམ་ལ་རྒྱན་དང་ཕྱག་མཚན་མི་གསལ་བ་ཞིག་གི་ཞལ་ནས། ད་ལྟ་དུས་ངན་སྙིགས་མའི་དུས་འདིར་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་བསྟན་པ་ཉམས་དམའ་བར་འདུག་པས། བསྟན་པ་འདི་རྒྱས་པར་བྱ་བའི་ཆེད་དུ་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་སྐུར་བཞེངས་དགོས་གསུངས་ནས། སྐད་ཅིག་ཉིད་ལ་ཁ་སརྦ་ཎི་དེ་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་མཉམ་བཞག་ས་གནོན་ཅན། ཆོས་གོས་གསུམ་དང་དབུ་གཙུག་ཏོར་སོགས་མངོན་སུམ་ལྟ་བུ་ལ། ཁྲི་


CMR048_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མཐོན་པོའི་སྟེང་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞིག་ཏུ་གྱུར་ནས་སོང་། དེའི་གཡས་གྲལ་གཡོན་གྲལ་གཉིས་ལ་འཕགས་པའི་གནས་བརྟན་བཅུ་དྲུག་པོ་ཐམས་ཅད་མངོན་སུམ་ལྟ་བུ་ཐམས་ཅད་ཀྱང་ཆོས་གོས་གསོལ་བའི་ལེའུ་སོགས་དང་བཅས་པ་ཤིན་ཏུ་གསལ་བ་དྭངས་བ་འདྲེན་པར་སྣང་། ཀུན་ལ་ཕྱག་མཚན་ནི་མི་སྣང་གྲལ་རིམ་གྱིས་འཁོད་པར་སྣང་། དྷརྨ་ཏ་དང་རྒྱལ་ཆེན་བཞི་སོགས་ནི་མི་སྣང་ངོ་། །དེར་བདག་སྟོན་པའི་མདུན་དྲང་པོར་སྐྱིལ་ཀྲུང་གིས་འཁོད་ནས་སྟོན་པའི་ཞལ་ལྟ་བ་ལ། སྟོན་པའི་སྐུ་ལས་འོད་སྤྲོས་ནས་བདག་ལ་ཐིམ་པ་འདྲ་བ་ཞིག་བྱུང་མ་ཐག་ཏུ་བདག་ཀྱང་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཆེ་ཆུང་རང་གི་ལུས་ཚད་ཙམ་ས་ནོན་མཉམ་བཞག་གི་ཕྱག་རྒྱ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དབུ་གཙུག་ཏོར་དང་ཆོས་གོས་གཙོ་བོ་འདྲ་བ་ཞིག་ཏུ་རང་གི་ལུས་འདི་ལམ་གྱིས་གྱུར་ནས་འདུག་པ་ཞིག་རྨིས་ཤིང་། དེ་མ་ཐག་ཏུ་གཉིད་ལས་སད། དེ་ལ་སྨྲས་པ། ཐུགས་རྗེ་ཆེན་པོ་གངས་ཆེན་མཚོ། །སངས་རྒྱས་སྟོང་གི་འོད་ཟེར་འཕྲོ། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །རྒྱལ་བའི་བསྟན་པ་རྒྱས་པའི་ཕྱིར། །གནས་བརྟན་བཅུ་དྲུག་ཚུལ་དུ་སྣང་། །རྫོགས་སངས་རྒྱས་ཀྱང་ཉན་ཐོས་ཚུལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཐུབ་པའི་བསྟན་པ་རྒྱས་པ་དང་། །འགྲོ་དོན་དཔག་མེད་འགྲུབ་པ་དང་། །བདག་དང་བདག་གི་རྗེས་འཇུག་


CMR048_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཚུལ་ཁྲིམས་ཉམས་པ་མེད་པ་རུ། །བྱིན་གྱིས་རློབས་ཤིག་གནས་བརྟན་རྣམས། །ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །ཞེས་སྨྲས། རྨི་ལམ་ལ་ངེས་པ་མེད་ཀྱང་། དེ་ཕྱིན་ཆད་བསྐང་གསོ་དབང་བསྐུར་ཞི་ཁྲོ་ཆོས་བཤད་སོགས་ཟླ་བ་ཁ་སྦྲེལ་ནས་བྱས་ཀྱང་ངལ་བ་དང་དུབ་པ་མེད་པར་ལུས་གོ་འབོལ་གྱིས་འགྲོ་བ་དང་། བྱ་བ་ཅི་བྱས་ཀྱང་བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་བཟང་པོ་དང་མི་འབྲལ་ཞིང་། ཉོན་མོངས་པ་ཤུགས་ཀྱིས་ཆུང་བ་དང་། སྐབས་སྐབས་སུ་སེམས་ཏིང་ངེ་འཛིན་ལ་ཕྱམ་ཕྱམ་འགྲོ་བ་དང་། རྣམ་གཡེང་གིས་དགེ་སྦྱོར་ལ་ཆེར་མི་གནོད་ཅིང་། ངག་སྨྲ་བཅད་འདོད་པ་རྒྱུན་དུ་བྱུང་ངོ་། །དེ་ནས་ཁྲོམ་དབང་མང་ཞིག་བྱས་པས། གྲྭ་ལྔའི་ལྷ་མོ་ལྔའི་ནང་ནས་གསང་སྔགས་རྗེས་འཛིན་མའི་དབང་བྱས་དུས། ཆུ་སྙིམ་གང་ཅུང་ཟད་ལྷག་ཙམ་འགྲོ་བའི་བུམ་པ་ཆུ་ཅུང་ཟད་མ་གང་ཙམ་ཡིན་པ་ལ། ཁྲོམ་བདུན་ཅུ་ལྷག་ཙམ་ལ། བུམ་ཆུ་ལག་མཐིལ་ཁེངས་པ་ཙམ་རེ་བླུགས་ཀྱང་། ད་རུང་བུམ་ཆུ་ཁྱོར་བ་ཕྱེད་ཙམ་ལྷག་པར་འདུག་སྟེ། བུམ་ཆུ་ལོག་པོ་འཕེལ་བའི་ཚད་དུ་སྣང་། ཕྱིར་ཉིན་བསིལ་བའི་ཚལ་མའི་དབང་བྱས་པས་ཀྱང་དེ་ལྟ་བུ་བྱུང་། དེ་ལ་སྨྲས་པ། མི་བདག་ལ་བྱིན་རླབས་མ་མཆིས་ཀྱང་། །བློ་བླ་མ་རྗེ་ལ་གཏད་པའི་མཐུས། །འབད་མེད་ཀྱི་དངོས་གྲུབ་ཅིར་ཡང་སྣང་། །བུམ་ཆུ་འཛད་མེད་ཀྱི་ངོ་མཚར་སྣང་། །རྒྱུ་བྱང་ཆུབ་སེམས་ཀྱི་


CMR048_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སློང་སྣང་། །དབང་འགྲིམ་པའི་གནས་སྐབས་ཕལ་ཆེར་ན། །ཞི་ལྷག་ཟུང་འཇུག་གི་ཉམས་རྟོགས་སྣང་། །དུས་དང་གནས་སྐབས་ཕལ་ཆེར་ན། ལུས་སེམས་བདེ་བའི་ཉམས་རྟོགས་སྣང་། །རྣམ་གཡེང་གི་སྦྱར་ཚུབ་ཅི་བྱུང་ཡང་། །དགེ་སྦྱོར་མི་བཤོལ་གྱི་ཐུགས་དམ་སྣང་། །དེ་སྣང་ན་རྣལ་འབྱོར་བདག་ལ་སྣང་། །ཡིན་པ་བླ་མའི་ཐུགས་རྗེ་ཡིན། །ཉམས་དགའ་འོ་སྐྱིད་དོ་བློ་རེ་བདེ། །བློ་བདེ་བ་བླ་མའི་ཐུགས་རྗེ་ཡིན། །ཞེས་སོ། །དེར་བར་དོ་ཐོས་གྲོལ་གྱི་མང་ཆོས་དང་ལྷན་ཅིག་སྐྱེས་སྦྱོར་གྱི་ཉུང་ཁྲིད་ཞག་བཅོ་བརྒྱད་ཀྱི་བར་དུ་བྱས་པས། དཔོན་སློབ་ཐམས་ཅད་བར་ཆད་མེད་ཅིང་ཐུགས་དམ་འཕེལ་བར་བྱུང་ནས་ཚོགས་ཆེན་བསྔོ་བ་སྨོན་ལམ་བཀྲ་ཤིས་དང་བཅས་པ་ཚར་ནས་བློ་བདེ་བ་བྱུང་ནས་སྨྲས་པ། རྗེ་བླ་མ་རྣམས་དང་ཡི་དམ་ལྷ། །ཆོས་བདག་མཁའ་འགྲོ་དགོངས་སུ་གསོལ། །བདག་གིས་དབང་བསྐུར་ཆོས་བཤད་དང་། །ཉམས་ཁྲིད་སྐྱོང་བའི་དགེ་བ་དེས། །རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག །བསྟན་འཛིན་ཕྲིན་ལས་འཕེལ་གྱུར་ཅིག །བདག་དང་བདག་ལ་འབྲེལ་ཐོགས་པའི། །འགྲོ་བ་གཅིག་ཀྱང་མ་ལུས་པ། །འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་


CMR048_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སུ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །སྐྱེས་མ་ཐག་ཏུ་འོད་དཔག་མེད། །སྣ་ཚོགས་མཆོད་པས་མཉེས་བྱེད་ཅིང་། །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཅེས་སྨྲས་སོ།། ༈ ན་མོ་གུ་རུ། རྒྱ་གར་ན་བྲམ་ཟེ་ས་ར་ཧ། །བོད་ཡུལ་ན་སྐྱེས་མཆོག་ཀརྨ་པ། །གང་འདུལ་གྱི་སྐུ་སྤྲུལ་ཆོས་ཀྱི་དབང་། །ཡང་སྤྲུལ་གྱི་འདྲེན་མཆོག་ཀུན་དགའི་མཚན། །བུ་རྗེས་འཇུག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཞི་མ་བཅོས་མཐའ་བྲལ་ཆོས་ཀྱི་དབྱིངས། །ལམ་གང་ཤར་མ་བཅོས་ཕྱག་རྒྱ་ཆེ། །དོན་སྐུ་བཞི་ལྷུན་གྲུབ་བདེ་བ་ཆེ། །དུས་ཕྱི་མར་མ་འགྱངས་ཚེ་འདི་ལ། །དོན་མངོན་སུམ་སྟོན་པར་བྱིན་གྱིས་རློབས། །ཞེས་སྨྲས་སོ། །ཨ་རཱ་གས་སོ།། ༈ །།ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། སྤྱང་རང་ལོ་ཞེ་གསུམ་ལོན་པའི་ཚེ། །དུས་ཆུ་སྟོད་ཟླ་བའི་ཡར་ཚེས་ལ། གཉིད་རབ་རིབ་འཁྲུལ་པའི་རྨི་ལམ་ན། །རྗེ་དྲིན་ཆེན་ཆོས་ཀྱི་དབང་ཕྱུག་དེ། །སྐུ་མངོན་སུམ་ལྟ་བུར་གསལ་བར་མཇལ། །ཆོས་མདོ་སྡེ་ཟབ་ལ་རྒྱ་ཆེ་བ། །དེ་སྔར་ནས་བདག་ལ་གསུངས་ཤིང་འདུག །བདག་ཡེངས་ནས་མ་གོ་འདུག་པ་ལ། །སླར་འགྱོད་པས་


CMR048_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་སྦྱར་ཉན་པ་རྨིས། །དུས་ཕྱིར་ནངས་ཉི་མའི་སྔ་དྲོ་ནས། །དཔལ་བདེ་གཤེགས་བདུན་གྱི་ཆོ་ག་ལ། །སེམས་ངེས་ཤེས་དད་པ་རྒྱ་ཆེར་འཕེལ། །མདོ་ཆེ་ཆུང་གཉིས་པོའི་དགོངས་པ་རྟོགས། །དཔལ་དྲིན་ཆེན་མཆོག་གི་སྤྲུལ་སྐུ་ལ། །བློ་ཚད་བཟུང་མེད་པའི་མོས་གུས་སྐྱེས། །སྔར་དད་པ་བྱས་ཀུན་རྨོངས་ཞེན་ཙམ། །ད་སྨྲ་བརྗོད་བྲལ་བའི་དད་པ་སྐྱེས། །སྔར་བླ་མའི་ཐུགས་དང་རང་གི་སེམས། །དེ་བསྲེས་པའི་དམིགས་སྐོར་མང་པོ་ཡང་། །ད་བསམ་ཙ་རྟོགས་པའི་གྱ་གྱུ་ཙམ། །ད་སྨྲ་བརྗོད་བྲལ་བའི་བསྲེ་བ་རྟོགས། །དེ་བསྲེས་པས་ལུས་སེམས་བདེ་བས་ཁྱབ། །དོན་ཐུགས་ཡིད་གཅིག་ཏུ་འདྲེས་སྙམ་བྱེད། །དོན་མོས་གུས་ཕྱག་རྒྱ་ཆེན་པོའི་ལམ། །སྔར་བྱས་སྙམ་རྣ་ཐོས་ཙམ་དུ་སྣང་། །ད་ངོ་ཤེས་འཕྲོད་ལྟར་ངེས་ཤེས་ཐོབ། །ཡང་འཁྲུལ་པའི་རྨི་ལམ་ངོ་མཚར་བ། །སྔོན་རྒྱལ་བ་མྱ་ངན་འདས་ཁ་རུ། །གསུང་བཀའ་ཤོག་འཚོགས་པར་།གནང་བའི་ནང་། །ངེད་བླ་མ་ཐག་རིང་འགྱང་བ་ན། །དེ་དཀོན་པའི་འདུ་ཤེས་རབ་སྐྱེས་ནས། །སེམས་མོས་གུས་དག་སྣང་ཆེར་འགྲོ་ཞེས། །དེ་གསུངས་པ་འདི་ལ་དགོངས་


CMR048_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་ཟེར་བའི་ངོ་སྤྲོད་བྱེད་མཁན་བྱུང་། །དེ་རེད་སྙམ་ངེས་ཤེས་སྐྱེས་པ་དང་། །ད་དེ་དུས་གསུང་དེ་ལུང་བསྟན་རེད། །དེ་བསམ་ཞིང་གཉིད་ལས་སད་ནས་ཀྱང་། །སེམས་དད་པའི་གདུང་ཤུགས་ཆེས་ཆེར་འབར། །དུས་དེ་དུས་བསྒྲིགས་དང་ཆོས་ལུགས་སོགས། །དེ་ཐམས་ཅད་གྲ་འགྲིགས་མཛེས་ཆོས་ཙམ། །དོན་གནད་གསང་ཟབ་མོ་མི་འདུག་སྙམ། །བདག་འཁྲུལ་པའི་ལོག་རྟོག་མཐོལ་ལོ་བཤགས། །བུ་ངན་པར་ཕ་ཟོག་ཡིད་བཞིན་ནོར། །དེ་ཕོགས་ཀྱང་མ་ཤེས་རྡོ་གསེབ་བོར། །ད་དེ་བཞིན་ཁྱེད་ཀྱི་དམ་ཆོས་རྣམས། །ད་བསམ་ན་ཤཱཀ་ཐུབ་བསྟན་པའི་གཞུང་། །སྔོན་བཏང་སྙོམས་ལུས་པ་མཐོལ་ལོ་བཤགས། །ད་སྲོག་ལ་བབ་ཀྱང་ཉམས་སུ་ལེན། །སྔར་དགེ་སྦྱོར་འབྱང་ལོ་བྱས་ན་ཡང་། །སྔགས་བྱེ་གྲངས་གང་མང་ཁོ་ན་སེམས། །ད་གསོལ་འདེབས་ཁོ་ན་བྱེད་སྙིང་འདོད། །བློ་མོས་བློས་ཕར་གཞལ་མ་ཡིན་ཞིང་། །གཞན་ཕོ་རྒྱུད་བསྟོད་འདོད་མ་ཡིན་པར། །རྗེ་འོད་དཔག་མེད་མགོན་སྤྲུལ་པའི་སྐུ། །དེ་ཡིན་ལ་ཡིན་བཞིན་མཁས་གྲུབ་འཛོམ། །རྗེ་དེ་ལས་སྡོམ་གསུམ་རྫོགས་པར་ཐོབ། །བཀའ་གཞུང་ལུགས་འགག་རྩ་


CMR048_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཆེ་ཐོབ། །ཁྲིད་ཟབ་མོ་ཕྱག་ཆེན་བློ་སྦྱང་ཐོབ། །དེ་བསམས་ཤིང་བཀའ་དྲིན་བསམ་མཐའ་ཡས། །རྗེ་མཇལ་དཀའ་མཇལ་ཞིང་ཐོབ་དཀའ་ཐོབ། །ད་འོན་ཀྱང་མོས་གུས་གསོལ་འདེབས་ཞན། །དོན་དེ་སླད་ཉམས་ལེན་བྱིན་ཟ་རང་། །དེ་བསམས་ཤིང་རང་ལ་རང་ངོ་ཚ། །བདག་མོས་གུས་ཆུང་བ་མཐོལ་ལོ་བཤགས། །ངག་གསོལ་འདེབས་ཞན་པ་མཐོལ་ལོ་བཤགས། །དུས་ད་ནས་ཅི་མཛད་ཁྱེད་ཤེས་ཀྱིས། །བློ་ལིང་སྐྱུར་གྱི་གསོལ་འདེབས་དམ་བཅའ་འབུལ། །ཆོས་གང་ཐོབ་ལ་ཉམས་ལེན་དམ་བཅའ་འབུལ། །རྗེ་ཁྱེད་ཀྱི་ཡེ་ཤེས་མཁའ་དང་མཉམ། །མི་བདག་སོགས་འགྲོ་ཀུན་ཐུགས་རྗེས་ཟུངས། །དོན་ལྷན་སྐྱེས་ཡེ་ཤེས་རྟོགས་པ་དང་། །གནས་བདེ་བ་ཅན་དེར་ལམ་སྣ་དྲོངས། །ཞེས་བྱུང་རྒྱལ་དུ་སྨྲས་སོ།། ༈ །།ཐུགས་རྗེ་ནི་ཆེན་པོ། །སངས་རྒྱས་ནི་ཀུན་འདུས། །དེ་ཡི་ནི་སྤྲུལ་པ། །ཆོས་དབྱིངས་ཀྱི་རྡོ་རྗེ། །གསོལ་བ་ཞིག་འདེབས་སོ། །ཐུགས་རྗེས་རང་གཟིགས་ཤིག །ཡི་དམ་ནི་ཀུན་འདུས། །རྒྱལ་བ་ཡི་རྒྱ་མཚོ། །དེ་ཡི་ནི་རྣམ་སྤྲུལ། །གར་གྱི་ནི་དབང་པོ། །གསོལ་བ་ཞིག་འདེབས་


CMR048_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཐུགས་རྗེས་རང་གཟིགས་ཤིག །མི་ཕམ་ནི་མགོན་པོ། །རྒྱལ་ཚབ་ནི་དམ་པ། །དེ་ཡི་ནི་སྤྲུལ་སྐུ། །ཞྭ་དམར་ནི་བདུན་པ། །གསོལ་བ་ཞིག་འདེབས་སོ། །ཐུགས་རྗེས་རང་གཟིགས་ཤིག །པདྨ་ཡི་འབྱུང་གནས། །རིག་འཛིན་གྱི་རྒྱལ་པོ། །དེ་ཡི་ནི་རྣམ་སྤྲུལ། །ཞྭ་ནག་གི་བཅུ་པ། །གསོལ་བ་ཞིག་འདེབས་སོ། །ཐུགས་རྗེས་རང་གཟིགས་ཤིག །ས་ར་ཡི་ཧ་པ། །གྲུབ་ཐོབ་ཀྱི་སྤྱི་མེས། །དེ་ཡི་ནི་རྣམ་འཕྲུལ། །ཀརྨ་པ་བཅུ་པ། །གསོལ་བ་ཞིག་འདེབས་སོ། །ཐུགས་རྗེས་རང་གཟིགས་ཤིག །ཚེ་དཔག་ནི་མེད་པའི། །རྣམ་འཕྲུལ་ནི་ཁྱེད་རང་། །ཡིན་པར་ནི་ངེས་པས། །ལོ་བརྒྱ་ཡི་བར་དུ། །བརྟན་པར་ནི་བཞུགས་ཤིག །ཁྲོ་རྒྱལ་ནི་རྟ་མགྲིན། །ཁྱེད་རང་དངོས་ཡིན་པས། །བདུད་དང་ནི་ལོག་འདྲེན། །མྱུར་བར་ནི་ཐུལ་ཅིག །རྡོ་རྗེ་ནི་བེར་ཅན། །ཁྱེད་རང་དངོས་ཡིན་པས། །རས་ཆེན་གྱི་བསྟན་པ། །ད་ནི་རང་སྲུང་མཛོད། །སྤྲང་པོ་ནི་བདག་ལ། །ཐུགས་རྗེས་རང་གཟིགས་ལ། །ཉམས་དང་ནི་རྟོགས་པ། །གོང་འཕེལ་རང་སྩོལ་ཅིག །ཅེས་སྨྲས་སོ། །༈ །རྩི་བཅུད་ཀྱི་


CMR048_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་སྤང་ལྗོངས་ཀྱི་ཀུ་མུད། །འོད་ཟེར་གྱི་འབྱུང་གནས་མཚན་མོ་ཡི་མགོན་པོ། །ཟེའུ་འབྲུ་མཛེས་པའི་མཆོད་པ་འདི་ཡར་ལ་རང་འབུལ་ལོ། །དཀར་གསལ་འོད་ཟེར་ཕྱོགས་རིས་མེད་པར་རང་ཕོབ་ཅིག །ཡིད་བཞིན་གྱི་འབྱུང་གནས་ཡངས་པ་ཡི་ཆུ་གཏེར། །ཆར་ཆུ་ཡི་འབྱུང་གནས་ནམ་མཁའ་ཡི་ཆུ་འཛིན། །རླབས་ཕྲེང་མཛེས་པའི་མཆོད་པ་འདི་ཡར་ལ་རང་འབུལ་ལོ། །སྦྲང་ཆར་ཟིམ་བུ་ཕྱོགས་རིས་མེད་པར་རང་ཕོབ་ཤོག །ཐུགས་རྗེ་ཡི་འབྱུང་གནས་སྤྱན་རས་གཟིགས་དབང་ཕྱུག །བརྩོན་འགྲུས་ཀྱི་འབྱུང་གནས་སྒྲུབ་པ་ཡི་རྣལ་འབྱོར། །བསྐྱེད་རིམ་སྒོམ་བཟླས་ཀྱི་མཆོད་པ་འདི་ཡར་ལ་རང་འབུལ་ལོ། །དྲོད་རྟགས་དངོས་གྲུབ་ཕྱོགས་རིས་མེད་པར་རང་ཕོབ་ཤོག །ལྷབྱིན་རླབས་ཀྱི་འབྱུང་གནས་རྒྱལ་མཆོག་གི་ཡབ་སྲས། །མོས་གུས་ཀྱི་འབྱུང་གནས་སྐལ་ལྡན་གྱི་སློབ་མ། །གསོལ་འདེབས་གདུང་དབྱངས་ཀྱི་མཆོད་པ་འདི་ཡར་ལ་རང་འབུལ་ལོ། །བྱིན་རླབས་ཉམས་རྟོགས་ཕྱོགས་རིས་མེད་པ་རང་ཕོབ་ཤོག །ཅེས་རྒྱལ་བ་ཡབ་སྲས་ལ་སེམས་ཡང་ཡང་འཕྲེང་ཞིང་སྐྱོ་བར་བྱུང་ནས་སྨྲས་སོ། །ཨ་རཱ་གས་སོ།། ༈ །།ཕ་གཅིག་


CMR048_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་སངས་རྒྱས་ཀྱིས། །ན་བ་ན་བ་མ་ཡིན་ཏེ། །རྣལ་འབྱོར་སྒྲིབ་པའི་ཕྱགས་ཤིང་ཡིན། །གསུངས་པའི་དོན་དེ་མ་གོ་ན། །ཐ་མལ་སྐྱེ་བོ་ན་བ་དང་། །ཆོས་ལྡན་སྐྱེས་བུ་ན་བ་གཉིས། །ན་ཚ་ཟུག་གཟེར་འོང་ལུགས་དང་། །སྨན་དཔྱད་རིམ་གྲོ་དགོས་ལུགས་དང་། །ནད་གཡོག་དགོས་ལུགས་འདྲ་ན་ཡང་། །དོན་ལ་མི་འདྲ་ཁྱད་པར་ཆེ། །ཐ་མལ་སྐྱེ་བོ་ན་བ་ན། །བུ་དང་སྤྱན་ཡ་ཉེ་དུ་རྣམས། །ལ་ལས་བླ་མ་སྨན་པ་འབོད། །ལ་ལས་བཤས་དང་རི་དྭགས་བྱེད། །བུ་དང་ཆུང་མ་བུ་མོ་ཡིས། །མགོ་ནས་བཏེགས་ཤིང་སྨན་ཆུ་གཏུག །ལ་ལས་ཟས་ཧུབ་ཅི་འགྲོ་བྱེད། །ལ་ལས་མཆི་མ་འབྱིན་ཞིང་ངུ་། །ནད་པ་རང་གིས་བསམ་པ་ལ། །ཐུ་དུས་རང་ཉིད་འཆི་དོགས་སྡུག །བདེ་དུས་ཟས་ནོར་ཟད་དོགས་སྡུག །མ་ཐུབ་པ་ཡི་དགྲ་རྣམས་ལ། །ཞེ་སྡང་སྐྱེ་ཞིང་བུ་ཚ་ལ། །དགྲ་བོར་ཁ་མཆུའི་ཁ་ཆེམས་འཇོག །བུ་མོ་ཆུང་མ་སྙིང་སྡུག་ལ། །ཆགས་སེམས་འདོད་ཆགས་མ་སྤངས་པས། །སྡུག་མ་འཇུག་ཅེས་ཁ་ཆེམས་འཇོག །དེ་ལྟར་ཆགས་སྡང་མཚམས་སྦྱོར་གྱིས། །དམྱལ་བ་ཡི་དྭགས་ས་བོན་འདེབས། །ཤི་ནས་ངན་སོང་གནས་སུ་


CMR048_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་། །རྗེས་ནས་དགེ་རྩ་བྱས་པ་ཡང་། །བཤས་སོགས་སྡིག་པའི་ལས་དང་འདྲེས། །ཁ་ཟས་དུག་དང་འདྲེས་པ་ལྟར། །ཕན་གནོད་གཉིས་ག་འབྱུང་ཉེན་ཡོད། །གལ་ཏེ་ནད་པར་ཕན་ན་ནི། །མི་ཚེ་སྡིག་སྡུག་གཉིས་ལ་སྐྱེལ། །རྔོན་དང་རི་དྭགས་སྤུ་ནག་གསོད། །རྐུ་བྱེད་མནའ་ཟ་ཇག་ལ་འགྲོ། །སྡིག་པ་དཔག་ཏུ་མེད་པ་སོགས། །དེ་ལྟར་ཐ་མལ་ནད་པ་དེ། །ཤི་ན་འཕྲལ་དུ་སྡུག་བསྔལ་ཆེ། །སོས་ན་སྡིག་སྡུག་དཔག་མེད་བསགས། །ཤི་སོས་ཇི་ལྟར་བྱུང་ཡང་བྱུང་། །ན་བས་སྒྲིབ་པ་དག་རྒྱུ་མེད། །ཞོད་ཆེན་ཞོད་པའི་ཞོད་སྣ་བཞིན། །ལས་ངན་སྨིན་པའི་སྔ་ཐ་ཡིན། །ཤི་བས་ཞིང་ཁམས་བགྲོད་རྒྱུ་མེད། །རྒྱ་མཚོའི་ནང་དུ་རྡོ་འཕང་བཞིན། །ཐར་མེད་དམྱལ་བའི་ནང་དུ་འགྲོ། །ཆོས་བྱེད་སྐྱེས་བུ་ན་བ་ནི། །སྡིག་པའི་མཐའ་སྡུད་ཅེས་བྱ་སྟེ། །ཉམས་ལེན་བསྒྲུབ་པའི་བྱིན་རླབས་ཀྱིས། །ཕྱི་མ་ངན་སོང་སྐྱེ་རྒྱུ་ཡི། །ཚེ་རབས་མང་པོའི་སྡིག་སྒྲིབ་རྣམས། །ད་རེས་ན་བ་ཙམ་གྱིས་དག །ཕྱི་མ་གཏན་བདེ་ཐོབ་རྒྱུ་ཡིན། །བཅོམ་ལྡན་སྨན་ལྷའི་བཀའ་མི་བཅག །དལ་འབྱོར་རྙེད་དཀའི་དོན་རྟོགས་ནས། །


CMR048_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འདི་ལྷ་ཡི་དཀྱིལ་འཁོར་ཡིན། །དེ་ཕྱིར་ལུས་ལ་ཕན་པའི་ཕྱིར། །སྨན་དང་ཟས་འཛེམ་གཉིད་ལ་འཛེམ། །ཕན་པའི་ཟས་སྤྱོད་འབད་དེ་བསྟེན། །སྨན་དང་རིམ་གྲོ་མ་བྱས་པར། །འཕོ་བ་ཤེས་ཀྱང་བསྒོམ་མི་རུང་། །འཕོས་ན་ལྷ་བསད་ཉེས་པ་འབྱུང་། །དམ་པ་རིགས་བརྒྱ་བསད་པ་ན། །མཐོ་རིས་གནས་སུ་ག་ལ་འགྲོ། །སྨན་དང་རིམ་གྲོ་འཆི་བསླུ་རྣམས། །ལན་དགུ་བྱས་ཀྱང་ཇེ་ཐུ་ན། །དུས་ལ་བབ་པའི་འཆི་བ་ཡིན། །དེ་ནས་འཕོ་བ་བསྒོམ་ཡང་རུང་། །གལ་ཏེ་འཕོ་བ་མི་བསྒོམ་ཡང་། །འོད་གསལ་ངང་དུ་ཐུགས་དམ་ཟིན། །འདུས་བྱས་མི་རྟག་པར་ཤེས་པས། །ཉེ་དུ་ནོར་ལ་ཆགས་འཛིན་མེད། །འགྲོ་དྲུག་ཕ་མར་ཤེས་པའི་ཕྱིར། །དགྲ་ལ་ཞེ་སྡང་ཁ་ཆེམ་མེད། །བསྐྱེད་རྫོགས་ཉམས་ལེན་ཡོད་པའི་ཕྱིར། །དཔའ་བོ་མཁའ་འགྲོས་སུན་མ་འབྱུང་། །བདེ་བ་ཅན་ནམ་མཁའ་སྤྱོད་དུ། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་བསུ། །སངས་རྒྱས་རྣམས་ལ་དམ་ཆོས་ཞུ། །ཡི་དམ་རྣམས་ལ་དབང་བསྐུར་ཞུ། །ལྷ་ཡི་གོས་གྱོན་བདུད་རྩི་འཐུང་། །བྱང་ཆུབ་སེམས་དཔའ་སེམས་མ་ཡི། །གྲོགས་ནི་བྱེ་བ་དུ་མར་འགྲོ། །སྤྲུལ་


CMR048_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པས་འགྲོ་བ་སེམས་ཅན་འདྲེན། །གལ་ཏེ་མ་ཤི་སོས་ན་ནི། །རིམ་གྲོས་དཀོར་རྫས་ཆོས་ལ་ཐེང་། །སེར་སྣ་མེད་ཅིང་བློ་སེམས་བདེ། །རྐྱེན་ངན་དགེ་བའི་བསྐུལ་མར་གྱུར། །འགྲོ་དྲུག་ན་ཚ་སྡུག་བསྔལ་རྣམས། །ན་སར་བསྟིམ་པའི་དམིགས་པ་ཡིས། །ཚོགས་རྫོགས་སྒྲིབ་པ་དཔག་མེད་འབྱོང་། །ན་མཁན་ངོ་བོ་བལྟས་པ་ཡིས། །ཉམས་དང་རྟོགས་པ་བོགས་སུ་ཐོན། །སྨན་དང་ཟས་སྤྱོད་གཟབ་པ་ཡིས། །ལུས་ལྷ་ཐམས་ཅད་མཆོད་པས་མཉེས། །མ་ཤི་བར་གྱི་ཚེ་གང་ལ། །ཚུལ་ཁྲིམས་སྲུངས་ཤིང་བསྐྱེད་རྫོགས་བསྒོམ། །སྡིག་ཆེན་ལོ་བརྒྱར་བསྡད་པ་བས། །ཆོས་བྱེད་ཞག་གཅིག་བསྡད་ན་དགའ། །ཆོས་པ་ཡུན་རིང་ཚེ་རིང་ན། །རབ་ཏུ་ཚེ་གཅིག་སངས་རྒྱས་འགྲུབ། །འབྲིང་དུ་རང་གཞན་དོན་གཉིས་འགྲུབ། །ཐ་མ་རང་ཉིད་བཙན་ས་ཟིན། །དེ་ལ་དགོངས་ནས་རྒྱུད་རྣམས་ལས། །ཚེ་སྒྲུབ་དཔག་ཏུ་མེད་པ་གསུངས། །པཎ་ཆེན་ངག་དབང་གྲགས་པས་ཀྱང་། །ཆོས་སྤྱོད་དབང་པོ་དུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །རྒྱུན་མི་འཆད་པར་རབ་ཏུ་སྐྱེ། །ཞེས་


CMR048_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་དོན་ཡང་དེ་ལྟར་ཡིན། །འོ་ན་འབྲུག་ལུགས་གཅོད་ལུགས་ལ། །སྨན་དང་རིམ་གྲོ་མི་བྱེད་པ། །དེ་ཡི་དོན་དེ་ཅི་ཡིན་ན། །དམ་ཆོས་རོ་སྙོམས་གདམས་ངག་ལ། །ནད་ལ་སྨན་དཔྱད་མི་བྱེད་པར། །ནད་ཀྱི་ངོ་བོ་བལྟས་པ་ན། །ན་བའི་ཟུག་གཟེར་ཆོས་སྐུར་འཆར། །ན་བའི་རྩ་བ་སྡིག་སྒྲིབ་ཡིན། །ཉམས་ལེན་དེ་གས་སྡིག་པ་དག །ནད་ཀྱང་ཕན་པར་གསུངས་པ་ཡིན། །འོན་ཀྱང་ཚ་གྲང་སོ་སོ་ལ། །ཕན་པའི་དམིགས་པ་སྒོམ་རྒྱུ་ཡོད། །དེ་ཡང་སྒོམ་ལུགས་སྨན་དང་འདྲ། །གྲང་བའི་ནད་ལ་མེ་བསྒོམ་ཞིང་། །ཚ་བའི་ནད་ལ་ཆུ་བསྒོམ་དགོས། །རོ་སྙོམས་བྱེད་ལ་དུས་ཚོད་ཡོད། །ཀུན་གྱིས་རོ་སྙོམས་བྱེད་པ་མིན། །སྤྲོས་བྲལ་ཆེན་པོ་མ་རྟོགས་བར། །རོ་སྙོམས་བྱས་པས་ལམ་མི་འགྲོ། །སྤྲོས་བྲལ་ཆེན་པོའི་རྣལ་འབྱོར་པས། །རོ་སྙོམས་བྱས་ན་དེ་མ་ཐག །རོ་གཅིག་ཆུང་ངུ་རྟོགས་པར་འགྱུར། །རོ་གཅིག་ཆེན་པོ་ཡན་ཆད་དུ། །རོ་སྙོམས་ཆེད་དུ་བསྒོམ་མི་དགོས། །ཅི་མཛད་ཡེ་ཤེས་རོལ་པ་ཡིན། །རྟེན་འབྲེལ་སྣ་ཚོགས་དེ་དུས་འཆར། །སླར་ཡང་རྟེན་འབྲེལ་ཅི་ཡང་བསྒྲིག །དེ་ཕྱིར་ཡབ་སྲས་ལ་སོགས་པས། །


CMR048_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙོམས་མི་མཛད་སྨན་ཡང་གསོལ། །གཅོད་ནས་སྨན་དང་རིམ་གྲོ་རྣམས། །མི་རུང་གསུངས་ལ་གནས་སྐབས་ཡོད། །གཉན་ཐོག་ལ་སོགས་གཅོད་པའི་དུས། །ན་ན་སྨན་ནི་མི་རུང་སྟེ། །ལྟས་ངན་མཐོང་ཡང་གཏོ་མི་རུང་། །གདོན་ནི་དངོས་སུ་གདའ་ན་ཡང་། །དེ་ལ་རིམ་གྲོ་མི་རུང་སྟེ། །བྱས་ན་གཅོད་ལོག་ཅེས་བྱ་སྟེ། །གཅོད་པའམ་ནད་པ་ངེས་པར་འཆི། །ཡང་ན་མི་རུང་སྣ་ཚོགས་འབྱུང་། །དེ་མིན་གཅོད་ལུགས་ཤེས་ཙམ་གྱིས། །སྨན་དང་རིམ་གྲོ་སྤང་བ་མིན། །ཐོག་བཅས་བདུད་ལ་འཛེམ་གསུངས་པས། །ཟས་འཛེམ་ལ་སོགས་བྱ་བར་རུང་། །ཚད་པའི་ནད་ལ་བུར་ཆང་བཏུང་། །ཉིན་ལ་གཉིད་སོགས་བྱ་གསུངས་པ། །སུ་ཡིན་གཅོད་པས་བྱ་རྒྱུ་མིན། །ས་ཐོབ་པ་ཡི་གཅོད་པའམ། །རོ་གཅིག་ངེས་པར་རྟོགས་ན་རུང་། །སྣང་བ་བདེན་མེད་རྟོགས་ཕྱིར་ཡིན། །ནད་དེ་བདེན་མེད་མྱུར་དུ་སོས། །དེ་མིན་གཅོད་པས་དེ་བྱས་ན། །སེང་གེའི་རྗེས་ལ་ཝ་མཆོངས་བཞིན། །ནད་དེར་མི་ཕན་རང་སྲོག་སྐྱེལ། །ལུས་ལྷ་བསད་པའི་ལྟུང་བ་ཕོག །ཐོབ་དཀའི་དལ་འབྱོར་དོན་མེད་སྟོར། །དེ་འདྲའི་བྱེ་བྲག་མི་


CMR048_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར། །སྨན་དང་རིམ་གྲོ་སྤང་བ་ལ། །ཆོས་པ་བཟང་པོ་ཡིན་པར་རློམ། །སྨན་དང་རིམ་གྲོ་བྱས་ཙམ་གྱིས། །ཐ་མལ་པ་དང་འདྲའོ་སྙམ། །ཆོས་བྱེད་ནད་ཀྱི་ཉེས་པ་དང་། །གཟེར་བཅག་ནད་ཟོ་ཞན་པ་ལ། །ཉམས་ལེན་མེད་པར་མཐོང་ནས་འཕྱ། །སྒོམ་སྒྲུབ་ཉམས་ལེན་བྱེད་པ་ལ། །ནད་གདོན་འབྱུང་བར་མི་འོས་ཞེས། །སྒོམ་སྒྲུབ་ཆོས་ལ་ལོག་ལྟ་བྱེད། །ཀྱེ་མ་མི་ཤེས་གཏི་མུག་ཅན། །ཀུན་ཀྱང་བསྐྱང་སྙམ་དཔྱད་གཞི་འཇོག །དེ་ཀུན་ཐོས་པ་ཆུང་བས་ལེན། །མདོ་རྒྱུད་ཀུན་ལ་ལྟ་རྟོགས་གྱིས། །དེ་དོན་ཐམས་ཅད་དེ་རུ་གསལ། །བཅོམ་ལྡན་ཤཱཀ་ཐུབ་བསྙུང་བའི་ཚེ། །ཀུན་དགའ་བོ་ལ་བཀའ་སྩལ་བ། །ང་ཡི་ཀླད་པ་མི་བདེ་བས། །ཁྱོད་ཀྱིས་མདོ་སྡེ་ཐོན་ཅིག་གསུངས། །དེ་ཡང་རིམ་གྲོ་དགོས་པའི་དཔེ། །དང་པོ་འདུལ་བར་སྨན་བཀག་པས། །དགེ་སློང་ནད་པ་མང་པོ་དག །ལུས་རིད་ཁ་དོག་ངན་པར་གྱུར། །དེ་ཚེ་མུ་སྟེགས་ཀུན་གྱིས་འཕྱས། །ཁྱེད་རྣམས་སྟོན་པ་ཐུགས་རྗེ་ཆུང་། །ནད་པས་སྨན་ཡང་ཟ་དབང་མེད། །ཟེར་ཞིང་འཕྱ་བཞད་སྐུར་བ་བཏབ། །དེ་ནས་སྨན་ནི་ཟ་བར་གནང་། །སྟོན་


CMR048_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤཱཀ་ཐུབ་བསྙུང་ཚུལ་བསྟན། །ཉིན་རེ་སྨན་སྲང་སུམ་ཅུ་གསོལ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །སྨན་རྣམས་ཀུན་གྱི་བཅུད་ལེན་མཛད། །བདུད་རྩི་སྨན་གྱི་སྒྲུབ་པ་མཛད། །འབྲི་སྟག་ཀར་འབྲུག་ལ་སོགས་པའི། །བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱང་། །སྨན་བླ་སྨན་པ་རྒྱུན་དུ་འཚགས། །སྐུ་རིམ་བསྐང་གསོལ་ཀློག་འདོན་ལ། །ལོ་དུས་རྒྱུན་དང་བསྙུང་དུས་མཛད། །དེས་ན་རང་ཅག་ཕ་སྤྱད་ཀྱང་། །དེ་དག་ཀུན་གྱི་རྗེས་འབྲང་ཡིན། །ནད་གཡོག་སྨན་དང་རིམ་གྲོ་དང་། །གཟེར་བཙགས་ནད་ཟོ་མ་ཐུབ་ལ། །གཞན་དག་འཕྱས་ཀྱང་སྡུག་རྒྱུ་མེད། །ན་ལུགས་རིམ་གྲོ་སྨན་དཔྱད་རྣམས། །མི་ནག་གཞན་དང་འདྲ་ན་ཡང་། །དོན་ལ་མི་འདྲ་ཁྱད་པར་འཕགས། །དེ་ཕྱིར་ནད་འདིར་ཕན་ན་ལེགས། །གལ་ཏེ་མཚམས་ཁུང་ཤི་ན་ཡང་། །ཆོས་ཕྱིར་སྲོག་སོང་ཤི་ལུགས་བཟང་། །ཆོས་ཕྱིར་ཤི་བ་སུ་ཡིན་ཀྱང་། །ངན་སོང་འགྲོ་བའི་གོ་སྐབས་མེད། །རབ་ཏུ་ཞིང་ཁམས་དག་པའམ། །ཐ་ནའང་ལས་འཕྲོ་བཟང་བའི་ཕྱིར། །མི་ལུས་ཐོབ་ནས་ལས་འཕྲོ་བསྙག །དེ་ཕྱིར་གལ་ཏེ་ཤི་ན་ཡང་། །ཕལ་པ་ཤི་དང་འདྲ་བ་


CMR048_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །དེ་ཕྱིར་ནད་ནི་བྱུང་ངོ་ཞེས། །མཚམས་གྲོལ་བག་ཡངས་མི་བྱེད་དོ། །ཕྱི་ལྟར་བསྟན་པ་སྤྱི་དང་བསྟུན། །སྨན་དང་རིམ་གྲོ་ལ་སོགས་པ། །འཆི་བསླུའི་རིམ་པ་གང་འགྲུབ་བྱ། །ཟུག་གཟེར་ཆེ་དུས་འགྲོ་དྲུག་གི །སྡུག་བསྔལ་ཟུག་གཟེར་དེ་ལ་བསྟིམ། །འགྲོ་བ་བདེ་དང་ལྡན་པར་བསྒོམ། །དེ་ཡིས་ངན་སོང་སྐྱེ་སྒོ་ཆོད། །ཟུག་གཟེར་འབྲིང་ཙམ་བྱུང་བའི་དུས། །ན་བསམ་སེམས་ལ་ཅེ་རེ་ལྟ། །ན་ཚས་ཉམས་ལེན་བོགས་སུ་འདོན། །ཟུག་གཟེར་ཆུང་ངུ་བྱུང་བའི་དུས། །མ་འོངས་རང་ཉིད་སངས་རྒྱས་པའི། །ཞིང་དུ་ནད་ཀུན་མེད་པར་ཤོག །སྙམ་པའི་ཞིང་སྦྱོང་སྨོན་ལམ་བཏབ། །སྐྱེ་བ་འདི་ནས་ཚེ་རབས་ཀུན། །བདག་ཉིད་མཐོང་ཐོས་དྲན་རེག་དང་། །སྐུ་གདུང་རུས་བུར་བསྐོར་བ་དང་། །སྐྱ་སེན་གོས་དུམ་ཙམ་གྱིས་ཀྱང་། །འགྲོ་བའི་ནད་ཀུན་སེལ་བར་ཤོག །སྙམ་དུ་གཞན་དོན་སྨོན་ལམ་བཏབ། །ནད་ཕན་བདེ་ན་ཤིན་ཏུ་ལེགས། །ཐུགས་དམ་འཕེལ་ཞིང་སྒྲུབ་པ་ཐོན། །རྒྱུན་དུ་ན་ཡང་སྐྱོན་ཆེན་མིན། །སྐམ་ཐག་ཆུ་ཡི་ནང་ནས་གཅོད། །ཉམས་ལེན་བོགས་ཐོན་སྒྲིབ་པ་བྱང་། །གང་བྱུང་ལེགས་པ་ཆོས་པའི་ལུགས། །


CMR048_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་ཉམས་ལེན་འདི་ལྟར་བྱས། །བུ་ཁྱོད་ཉམས་ལེན་དེ་བཞིན་མཛོད། །རོ་སྙོམས་ས་མཚམས་མི་ཤེས་པར། །གནས་འགྱུའམ་རྩེ་གཅིག་རྟོགས་ཙམ་གྱིས། །རོ་སྙོམས་བྱེད་ཟེར་རང་སྲོག་སྐྱེལ། །ཡང་ན་དང་པོར་རོ་སྙོམས་ཟེར། །ཐུ་ནས་མི་ཐུབ་ཐ་མལ་ཤོར། །གཉེན་ཐོག་གཅིག་ཙམ་མ་བཅད་པར། །ལུས་སྦྱིན་དམིགས་ཕྲན་ཤེས་ཙམ་གྱིས། །གཅོད་ལུགས་ཡིན་ཟེར་ཟས་ལད་ཟ། །ཐོབ་དཀའི་མི་ལུས་དོན་མེད་བརླག །དོན་མ་གོ་བའི་ཆོས་ལུགས་འགའ། །ཐོས་པ་ཆུང་བས་གོལ་ས་ཆེ། །དེ་འདྲའི་རྗེས་སུ་འབྲང་དོན་མེད། །ང་ནི་ཐུབ་བསྟན་སྤྱི་ལམ་བསྙགས། །བུ་ཁྱོད་ང་ཡི་རྗེས་སུ་འབྲང་། །ང་ལ་ཡོན་ཏན་མ་མཆིས་ཀྱང་། །རྒྱལ་བ་ཐམས་ཅད་མཁྱེན་པ་ཡི། །ཞབས་རྡུལ་སྤྱི་བོས་རེག་པའི་མཐུས། །གོལ་མེད་ལམ་ལ་ངེས་ཤེས་ཐོབ། །དེ་སྐད་དོན་གྲུབ་དྲིས་པའི་ལན། །ད་ལྟ་འཕྲལ་དུ་གང་དྲན་སྨྲས། །ཞེས་ཨ་རཱ་གས་སོ།། ༈ །ཨེ་མ་ཧོ། སེམས་འཁྲུལ་སྣང་མང་བའི་སྤྲང་པོ་བདག །ལོ་ཞེ་གསུམ་ལོན་པ་ཡོས་ཀྱི་ལོ། །དུས་གྲོ་ཞུན་ཟླ་བའི་བཅུ་བདུན་ནུབ། །ཁ་ཟ་


CMR048_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཀྱི་ཚོགས་འཁོར་མ་ཡིན་པར། །རྫས་ཤུགས་འབྱུང་ཚོགས་ཆེན་རྒྱས་པར་བཤམས། །ཟས་ཚོགས་རྫ་ས་ཅུང་ཟད་ཙམ་མགུལ་དུ་བསྒྲིལ། །སེམས་འོད་གསལ་ཟིན་པའི་བསམས་པས་ཉལ། །སྤྲང་རྨི་ལམ་འཁྲུལ་པའི་སྣང་བ་ལ། །བར་དོ་གནས་སྦྱོང་གི་སྣང་བ་ཤར། །ཀྱེ་མ་བདག་ནི་ཤི་བ་རྨིས། །ཕྱི་ཚོགས་བརྒྱད་མི་གསལ་འགགས་ནི་ཐལ། །ནང་འོད་གསལ་ཐུགས་དམ་ཟིན་དགོས་སྙམ། །སེམས་འོད་གསལ་ཟིན་པའི་སྣང་བ་ཤར། །དེ་འོད་གསལ་ཡིན་མིན་ཐེ་ཚོམ་སྐྱེས། །སེམས་རང་ངོ་ཧྲིག་གེ་ཡེ་རེ་བལྟས། །དོན་ཕྱག་ཆེན་ངང་དུ་ཡེ་རེ་གདའ། །སེམས་ཐེ་ཚོམ་ཆོད་ནས་ཡུན་རིང་བསྡད། །ཡང་རྣམ་རྟོག་སྤྱན་སྤུན་ཅུང་ཟད་སྐྱེས། །དེ་མི་རུང་ཐུགས་དམ་གྲོལ་དོགས་སྙམ། །སེམས་འོད་གསལ་ངང་དུ་བཞག་ཡོད་པས། །སེམས་གློ་བུར་སྐྲག་སྔངས་ཆེན་པོ་བྱུང་། །ལུས་བེམ་རིམ་བྲལ་ནས་བར་དོར་སླེབས། །ཡར་བལྟས་པས་ནམ་མཁའ་བར་སྣང་ཀུན། །ལྷ་ཐུགས་མཆོག་བཛྲ་ཧེ་རུ་ཀ །སྐུ་མཐིང་གསལ་ཞལ་གསུམ་ཕྱག་དྲུག་པ། །དེ་གྲངས་མེད་འཇའ་ཚོན་ལྟ་བུས་གང་། །དེ་ངོ་ཤེས་འཇིགས་སྐྲག་དགའ་སྡུག་མེད། །


CMR048_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡལ་རྗེས་རཏྣ་ཧེ་རུ་ཀ །སྐུ་སེར་གསལ་ཚོགས་ཀྱིས་ནམ་མཁའ་གང་། །དེ་མི་སྣང་པདྨ་ཧེ་རུ་ཀ །སྐུ་དམར་གསལ་ཚོགས་ཀྱིས་ནམ་མཁའ་གང་། །དེ་མེད་རྗེས་ཀརྨ་ཧེ་རུ་ཀ །སྐུ་ལྗང་གསལ་ནམ་མཁའ་གང་བར་མཐོང་། །དེར་ཞག་རེ་ཞག་རེ་ཡིན་སྣང་བྱུང་། །དེས་བྱིས་པས་འཇའ་ཚོན་མཐོང་བ་བཞིན། །སྐུ་དབྱིབས་དང་ཁ་དོག་ཤིན་ཏུ་གསལ། །རྒྱན་ཕྱག་མཚན་གསལ་བའི་ངོས་བཟུང་མེད། །དེ་རྗེས་ཆེ་མཆོག་ཧེ་རུ་ཀ །དཔལ་བྷངྒ་ལ་སོགས་ཁྲག་འཐུང་ལྔ་། །འཁོར་ཀོ་རི་མ་མོ་བརྒྱད་བཅས་ཤར། །ཡང་དེ་རྒྱབ་སེདྷ་ཕྲ་མེན་བརྒྱད། །རྟ་གདོང་སོགས་སྒོ་མ་བཞི་ཡིས་བསྐོར། །ཡང་དེ་རྒྱབ་དབང་ཕྱུག་ཉེར་བརྒྱད་བསྐོར། །དཔལ་ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་ཀྱིས། །ནམ་མཁའ་བར་སྣང་ཐམས་ཅད་གང་། །དེ་ཐམས་ཅད་ལྷ་རུ་ངོ་ཤེས་ཀྱང་། །བདག་དབང་མེད་འཇིགས་སྐྲག་སྣང་བ་འཁྲུལ། །བདག་ཚེ་སྔོན་བུད་མེད་ཅིག་ཡིན་པ། །དུས་ད་ལྟར་བར་དོར་འཁྱམ་མོ་སྙམ། །དུས་དེ་ཚེ་གཟུགས་ནི་མ་མཐོང་ཡང་། །སྐད་སྙན་པོས་ངོ་སྤྱོད་འདི་ལྟར་གསུངས། །ཁྱོད་མ་འཁྲུལ་གསང་མཚན་དྲན་པར་


CMR048_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ལུས་ཕུང་པོ་འདི་ལ་ཞུགས་ཤིག་ཟེར། །དེ་ཐོས་པས་རྨི་ལམ་ཡིན་པར་ཤེས། །ལུས་ཕུང་པོ་ལ་ཞུགས་པའི་སྣང་བ་བྱུང་། །དེ་མ་ཐག་ཏུ་གཉིད་ལས་སད། །གཉིད་སད་ཀྱང་ཉམས་ཀྱི་སྣང་བ་ལ། །བདག་ཞི་བའི་བར་དོ་མི་འཆར་བ། །ལྷ་ཁྲོ་བོའི་བར་དོ་ཤར་བ་དེ། །ལྷ་ཞི་བ་ཤར་རྒྱུའི་ཞག་གྲངས་ལ། །བདག་ཐུགས་དམ་འོད་གསལ་ངང་ལ་བསྡད། །ད་དེ་ནས་ཐུགས་དམ་གློ་བུར་འདྲོགས། །དོན་དེ་ནས་ཁྲག་འཐུང་ཤར་བ་རེད། །དེ་བསམ་པའི་སྣང་བ་ཉམས་ལ་ཤར། །ད་དེ་ནས་ཉམས་ཀྱི་སྣང་བ་སད། །ཆོས་རྩ་རླུང་བསྒོམ་པའི་གང་ཟག་ལ། །ཉམས་རྨི་ལམ་ཡང་ན་མངོན་སུམ་དུ། །གནས་བར་དོ་རིགས་དྲུག་གི་སྣང་བ་ཤར། །དོན་གསང་སྔགས་ཟབ་མོའི་ཉེ་ལམ་གྱིས། །ཚེ་གཞན་དུ་མྱོང་རྒྱུའི་ལས་སྒྲིབ་རྣམས། །དུས་ད་ལྟ་རྨི་ལམ་རྨིས་པས་དག །དེ་རིགས་དྲུག་སོ་སོའི་གནས་སྦྱོང་ཡིན། །དོན་དེ་སྐད་བཀའ་བརྒྱུད་བླ་མས་གསུངས། །བདག་བརྩོན་འགྲུས་སྙིང་རུས་ཆུང་བ་དེ། །དོན་དེ་འདྲའི་རེ་དོགས་མ་མཆིས་མོད། །ད་འོན་ཀྱང་གསང་སྔགས་ཟབ་མོའི་མཐུས། །བདག་དུད་འགྲོའི་ལུས་སུ་སྣང་བ་དང་། །བདག་


CMR048_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བ་བསྡུས་འཇོམས་ཟེར་བ་དེར། །དུས་སྐད་ཅིག་ཙམ་ལ་སླེབས་པ་ཡིན། །རི་ལྕགས་སྲེག་གནམ་ས་ཙམ་པ་ཞིག །དེ་བརྡབས་པའི་བར་དུ་རང་གི་ལུས། །དེ་བྱ་སྒྲོ་མེ་ལ་བསྲེགས་བཞིན་ཐལ་སྣང་བྱུང་། །མི་བདག་གི་ཚེ་རབས་ཐོག་མེད་ནས། །ལས་མི་དགེའི་སྡིག་པ་ཅི་བགྱིས་པ། །སྤྱིར་འགྲོ་དྲུག་སེམས་ཅན་སྡིག་ལྟུང་ཀུན། །བདག་རྨི་ལམ་གནས་སྦྱངས་སྡུག་བསྔལ་དེས། །ལས་ལྷག་ལུས་མེད་པར་བྱང་གྱུར་ཅིག །ད་ལས་དང་ལས་ཀྱི་རྣམ་སྨིན་དང་། །གནས་རིགས་དྲུག་བར་དོའི་སྡུག་བསྔལ་ཀུན། །དོན་མེད་བཞིན་སྣང་བ་རྟེན་འབྲེལ་འགྲོས། །དཔེ་རྨི་ལམ་ཉིད་དང་ཁྱད་པར་མེད། །དོན་ཆོས་ཀུན་རྨི་ལམ་ལྟར་མཐོང་ནས། །དོན་ཟུང་འཇུག་སྒྱུ་མ་ལྷ་ཡི་སྐུ། །དེ་བདག་གཞན་ཀུན་གྱིས་ཐོས་པར་ཤོག །ཅེས་སྔགས་འཆང་རཱ་གས་བྲིས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཉམས་ཀྱི་མགུར་མ་འགའ་ཞིག་ཚིགས་སུ་བཅད་དེ་སྨྲས་པ་ངེས་འབྱུང་སྐྱོ་ཤས་ཀྱི་དབྱར་རྔ།next