Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།
   
   


 
previousབྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།next

བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།


CMR048_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ་བཞུགས་སོ།


CMR048_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ཉམས་རྟོགས་སྐྱེ་བར་བྱིན་གྱིས་རློབས། །རེ་ས་གཞན་མེད་ཐུགས་རྗེས་གཟིགས། །གནས་པོ་ཚེ་དབང་འབུམ་ཞེས་པས། །གེགས་སེལ་བསྐྱལ་ཞེས་གསུངས་པའི་ལན། །གསར་རྙིང་མདོ་རྒྱུད་བསྟན་བཅོས་ཀུན། །གེགས་སེལ་ཁོ་ན་མ་ལགས་སམ། །དལ་འབྱོར་མི་ལུས་ཐོབ་ན་ཡང་། །དམ་པའི་ཆོས་ལ་བློ་མི་འགྲོ། །དུག་གསུམ་མི་དགེ་ཅི་ནུས་འབད། །སྨྱོན་པ་ཆུ་ལ་མཆོང་བ་འདྲ། །ངན་སོང་གཏན་ཡུལ་བྱེད་པའི་གེགས། །གེགས་འདིས་


CMR048_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བསླུས་པ་ཤིན་ཏུ་མང་། །དེ་ལ་གེགས་སེལ་གདམས་ངག་ནི། །ཡིད་བཞིན་ནོར་བུ་རིན་ཆེན་ལས། །མི་ལུས་རྙེད་པར་དཀའ་ཚུལ་བསམ། །ད་རེས་ཆོས་ཤིག་མ་ནུས་ན། །རིན་ཆེན་གླིང་ནས་སྟོང་ལོག་ངེས། །སྙིང་མེད་མདོ་མེད་ཡིན་པར་སོམས། །ཚེ་འདིའི་དགྲ་གཉེན་སྐྱིད་སྡུག་སོགས། །གལ་ཆེ་བསྲན་ཚུགས་མི་གདའ་ཡང་། །རྨི་ལམ་ཙམ་ཞིག་ཡིན་པར་སོམས། །དགེ་སྡིག་གཉིས་པོ་མ་གཏོགས་པ། །དགྲ་དང་གཉེན་དང་ལོངས་སྤྱོད་ནོར། །དར་གུད་གཏམ་གྱི་བཟང་ངན་སོགས། །གཅིག་ཀྱང་རྗེས་སུ་མི་འབྲང་བར། །རང་ཉིད་


CMR048_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུར་འགྲོ་བ་སོམས། །སྔོན་ཚེ་བསྐལ་པ་དུ་མ་ནས། །སངས་རྒྱས་གྲངས་མེད་བྱོན་གྱུར་ཀྱང་། །བྱང་བལྟས་ཕུག་པར་ཉི་མ་བཞིན། །རང་ལ་ཕན་པར་མ་གྱུར་ན། འཁོར་བར་འཁྱམས་ལ་སྐྱོ་བ་སྐྱེ། །ད་རེས་བསྟན་དང་བླ་མ་མཇལ། །དབང་ཁྲིད་གདམས་པ་ཐོབ་དུས་འདིར། །ལམ་སྣ་ཟིན་ཙམ་མ་བྱས་ན། །འཁོར་བ་དོན་མེད་ཡིན་པར་སོམས། །དེ་ལྟར་ཡང་ཡང་བསམ་བྱས་པས། །བློ་སེམས་ཆོས་ལ་ཤུགས་ཀྱིས་ཚུད། །ལམ་སྣ་ཟིན་པའི་བོགས་སྐྱེད་འོང་། །དེ་ལྟར་ཆོས་ལ་བློ་སོང་ཡང་། །དམན་རྣམས་ཟས་གོས་ཚོལ་ཕྱིར་གཡེང་། །འབྲིང་རྣམས་སོ་ནམ་འཚོ་སྐྱོང་གཡེང་། །མི་ཆེན་དགྲ་འདུལ་གཉེན་སྐྱོང་གཡེང་། །ད་རེས་གལ་ཆེན་འདི་བསྒྲུབ་ནས། །རྗེས་སོར་ཁོམ་དུས་ཆོས་བྱེད་བསམ། །བྱ་བཞག་ཆུ་ཡི་གཉེར་མ་བཞིན། །གཅིག་རྒྱབ་གཅིག་འབྱུང་དལ་དུས་མེད། །བྱེད་བསམ་ངང་ལ་མི་ཚེ་ཟད། །ཆོས་འདོད་ཉམས་ལེན་ཤེས་ན་ཡང་། །འགྲུབ་དུས་མེད་པའི་གེགས་ཆེན་ཡིན། །དེ་ལ་མི་རྟག་འཆི་བ་སྒོམས། །ཤི་བའི་མི་ཚོ་རྩིས་བགྲང་ཐོངས། །རང་བས་གཞོན་པ་དེ་ཙམ་ཤི །རྒས་གཞོན་ངེས་པ་མི་གདའ་


CMR048_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ན། །རྒྱལ་པོ་བློན་པོ་མི་ཆེན་རྣམས། །སྨན་དང་རིམ་གྲོས་མ་ཕན་འདས། །འཆི་བ་བཟློག་ཐབས་མི་གདའ་ན། །སྙིགས་མ་ལྔ་ཡི་དུས་ཚོད་འདིར། །ཚེ་ཐུང་ནད་མང་བར་ཆད་རྒོད། །གློ་བུར་ཧུར་ཐུམ་ཤི་བ་མང་། །སང་ཕོད་ཕྱི་མ་གང་སྔ་ཨང་། །ཟླ་བ་རྒྱབ་མ་ཚེ་ཕྱི་མ། །གང་སྔ་ཐག་ཆོད་ང་ལ་མེད། །དེ་ཕྱིར་བྱ་བ་གཞན་རྣམས་ལས། །དམ་ཆོས་ཉམས་ལེན་གལ་ཆེར་བྱ། །ཚེ་འདི་བློས་བཏང་མ་ནུས་ཀྱང་། །དམ་ཆོས་ཉམས་ལེན་གཙོ་བོ་ལ། །ཚེ་འདི་ཞོར་ལ་བསྒྲུབ་ཙམ་མཛོད། །དེ་བྱས་འཕྲལ་དུ་ཤི་ན་ཡང་། །འགྱོད་མེད་བློ་བདེའི་བོགས་སྐྱེད་འོང་། །རྒྱུ་འབྲས་དམ་ཆོས་མ་ཐོས་པས། །ཕན་ཡོན་ཉེས་དམིགས་མ་ཤེས་གྱུར་ན། །སྡིག་སྤང་དགེ་སྒྲུབ་མི་བྱེད་པ། །བསམ་མེད་བྱིས་པ་མེར་མཆོང་འདྲ། །ཕན་ཡོན་ཉེས་དམིགས་ཤེས་བཞིན་དུ། །སྡིག་ལ་མི་འཛེམ་འཆོལ་ཉོག་སྤྱོད། །ཤེས་བཞིན་བཙན་དུག་ཟ་བ་འདྲ། །དེ་འདྲ་བཤགས་ཀྱང་དག་པར་དཀའ། །མནར་མེད་དམྱལ་བར་སྲེག་པའི་གེགས། །དེ་ལ་མདོ་སྡེ་མཛངས་བླུན་སོགས། །རྒྱུ་འབྲས་ཆོས་ལ་ཡིད་ཆེས་བསྐྱེད། །ཕ་མ་མཉམ་པའི་བུ་


CMR048_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་། །ཚེ་ཡི་རིང་ཐུང་སྐྱིད་དང་སྡུག །མི་མཉམ་ལས་འབྲས་སོ་སོའི་རྟགས། །མི་ལུས་ཐོབ་པ་འདྲ་འདྲ་ལ། །དབང་སྟོབས་མངའ་ཐང་ཆེ་དང་ཆུང་། །མི་མཉམ་ལས་འབྲས་བལྟས་པས་གསལ། །སྐྱེ་བ་འདི་དང་ཚེ་རབས་ཀུན། །ཕན་ངེས་གཉེན་ནི་དགེ་བ་ཆོས། །གནོད་ངེས་དགྲ་ནི་མི་དགེའི་སྡིག །དེ་ཕྱིར་སྡིག་སྤངས་དགེ་ལ་འབད། །ངན་སོང་སྤོང་བའི་བོགས་སྐྱེད་འབྱུང་། །དེ་ལྟར་སྡིག་སྤང་དགེ་བསྒྲུབས་ཀྱང་། །ཕྱི་མ་ལྷ་དང་མི་རྣམས་ཀྱི། །བདེ་སྐྱིད་འདོད་ཕྱིར་ཡིན་ན་ནི། །སྐྱེ་བ་བརྒྱ་སྟོང་ཁྲི་འབུམ་དུ། །འདོད་བཞིན་བདེ་སྐྱིད་འབྱུང་ན་ཡང་། །དེ་ནས་དགེ་རྩ་དེ་ཟད་ནས། །སླར་ཡང་ངན་སོང་མཐའ་མེད་འཁྱམས། །ཐར་པ་མི་ཐོབ་གེགས་ཆེན་ཡིན། །སྔར་ཡང་གེགས་འདིས་བསླུས་པས་ལན། །འཇིག་རྟེན་འདི་ཡི་བདེ་སྐྱིད་མཆོག །ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར། །དེ་ཡང་ནམ་ཞིག་ལྟུང་དགོས་ན། །འཁོར་བར་སྙིང་པོ་ག་ལ་ཡོད། །འཕྲལ་དུ་གནས་སྐབས་བདེ་སྐྱིད་ཀྱང་། །དུག་དང་འདྲེས་པའི་ཟས་ཞིམ་ལྟར། །ཕུགས་སུ་ཕན་ལས་གནོད་པ་ཆེ། །དེ་ཕྱིར་སྡིག་སྤངས་དགེ་བ་བསྒྲུབ། །འཁོར་


CMR048_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདེ་སྐྱིད་འདོད་པ་སྤང་། །བཙོན་དོང་ནང་གི་བཙོན་བཞིན་དུ། །སྐྱེ་རྒས་ན་འཆི་བྱེ་བ་དུང་། །འདི་ལ་སྐྱག་པས་འཁོར་བ་ནས། །ནམ་ཐར་བསམ་པ་ཡིད་ལ་འཆང་། །ཐར་པ་ཐོབ་པའི་བོགས་སྐྱེད་འབྱུང་། །དེ་ལྟར་ཐར་པ་སྒྲུབ་པོ་ཡང་། །སྙིང་རྗེ་སེམས་བསྐྱེད་མི་ལྡན་པར། །རང་དོན་ཁོ་ན་ལ་དམིགས་ན། །ཉན་རང་དགྲ་བཅོམ་ཐོབ་ནས་ཀྱང་། །འཁོར་བའི་སྡུག་བསྔལ་སྤངས་ལགས་ཀྱང་། །རྫོགས་པའི་སངས་རྒྱས་མི་ཐོབ་པས། །ཐེག་དམན་ལམ་གོལ་གེགས་ཆེན་ཡིན། །དེ་ལ་བྱམས་དང་སྙིང་རྗེ་བསྐྱེད། །རང་གི་ཕ་མ་མ་བྱས་པའི། །སེམས་ཅན་གཅིག་ཀྱང་ཡོད་པ་མིན། །དེ་དག་ཐམས་ཅད་འཁོར་བ་ཡི། །སྡུག་བསྔལ་རྒྱ་མཚོར་བྱིང་བཞིན་དུ། །རང་ཉིད་ཐར་ཡང་དགོས་པ་ཆུང་། །དེ་ཡང་གནས་སྐབས་ལྷ་མི་ཡི། །བདེ་བར་བཀོད་ཀྱང་སླར་ཡང་ལྟུང་། །དེ་བས་སེམས་ཅན་ཐམས་ཅད་ཀུན། །བླ་མེད་རྫོགས་པའི་སངས་རྒྱས་སར། །བདག་ཉིད་ཁོ་ནས་བཀོད་པའི་ཕྱིར། །ཉམས་ལེན་དགེ་སྦྱོར་འབད་སྙམ་པའི། །བློ་སྟོབས་བསྐྱེད་ལ་སེམས་བསྐྱེད་སྒོམས། །ཐུབ་པས་གཞན་དོན་མཛད་པ་


CMR048_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བྱིས་པས་རང་དོན་བྱས་པ་གཉིས། །གང་དེ་ལེགས་གདའ་གནད་དེ་སོམས། །དགེ་སྦྱོར་དགེ་རྩ་ཆེ་ཕྲ་ཀུན། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོས། །ཅི་བྱས་བྱང་ཆུབ་ལམ་དུ་འགྲོ། །མཐར་འཚང་རྒྱ་བའི་བོགས་ཆེན་འབྱུང་། །དེ་ལྟར་སེམས་བསྐྱེད་ཆོས་བྱས་ཀྱང་། །བླ་མ་བཀའ་བརྒྱུད་རྣམ་ཐར་དང་། །ཕན་ཡོན་ཞིང་ཁམས་བཀོད་པ་དང་། །ངན་སོང་སྡུག་བསྔལ་ཡོད་ལུགས་དང་། །ཕན་ཡོན་ཉེས་དམིགས་ཅི་ཐོས་ཀྱང་། །བཤད་ཚོད་ཡིན་སྙམ་ངེས་ཤེས་མེད། དཀོན་མཆོག་བྱིན་རླབས་རྒྱང་རིང་ཞིང་། །ཆོས་བྱས་ཕན་ཡོན་ཆུང་བའི་གེགས། །ཉི་ཟླ་ཐང་ལ་ལྟུང་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །སངས་རྒྱས་བཀའ་ལ་བརྫུན་མི་སྲིད། །སྙམ་པའི་ངེས་ཤེས་དྲག་པོ་བསྐྱེད། །འདི་དང་ཕྱི་མ་བར་དོ་རུ། །ཅི་མཛད་དཀོན་མཆོག་ཁྱེད་ཤེས་སེམས། །གཟུངས་སྔགས་ལ་སོགས་ཕན་ཡོན་རྣམས། །ད་ལྟ་གསུངས་ལྟར་མ་བྱུང་བ། །རང་གི་རྣམ་སྨིན་སྒྲིབ་པས་བསྒྲིབས། །ལས་ཀྱི་རྣམ་སྨིན་མ་གཏོགས་གསུངས། །དེ་དོན་གོ་བས་ལོག་ལྟ་སྤོངས། །དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག །ཕན་ཡོན་འབྱུང་བའི་


CMR048_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བོགས་འབྱུང་ངོ་། །དེ་ལྟར་སེམས་བསྐྱེད་ཆོས་སྤྱོད་ཀྱང་། །བསྐལ་པ་གྲངས་མེད་གསུམ་གྱི་བར། །རྫོགས་པའི་སངས་རྒྱས་མི་ཐོབ་གེགས། །རང་ལུས་ལྷ་རུ་མ་ཤེས་ནས། །ཐ་མལ་རང་རྒྱུད་བཟུང་བས་ལེན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཡེ་ནས་ལྷ་ཡི་དཀྱིལ་འཁོར་དུ། །གསར་རྙིང་བླ་མེད་རྒྱུད་ཀུན་མཐུན། །དེ་ཕྱིར་རང་ལུས་སྤྱན་རས་གཟིགས། །གར་འདུག་གནས་དེ་གཞལ་ཡས་ཁང་། །སུ་འགྲོགས་དཔའ་བོ་མཁའ་འགྲོའི་འཁོར། །གདན་ནི་པདྨ་ཟླ་བ་སྟེ། །གོས་རྣམས་ལྷ་ཡི་ན་བཟའ་རྒྱན། །ཟས་རྣམས་ཚོགས་འཁོར་བདུད་རྩིར་བསྒོམ། །ཚེ་འདིའམ་ནི་བར་དོར་དང་། །སྐྱེ་བ་བདུན་ལས་མི་ཐོག་པར། །སངས་རྒྱས་ཐོབ་པའི་བོགས་འབྱུང་ངོ་། །དེ་ལྟར་མོས་པ་ཙམ་བྱས་ཀྱང་། །དོན་ལ་ཡིན་རྒྱུ་མེད་བསམ་ནས། །ངེས་ཤེས་སྐྱེ་བར་མི་ནུས་པ། །བྱིན་རླབས་རྟགས་མཚན་མི་འབྱུང་གེགས། །རང་ཉིད་ཡི་དམ་གང་ཡིན་པའི། །ངེས་ཤེས་ཨུ་ཚུགས་འདྲ་བ་སྒོམས། །རྟགས་མཚན་གསལ་བའི་བོགས་འབྱུང་ངོ་། །ལྷ་རྟགས་དངོས་ཉམས་རྨི་ལམ་དུ། །ཞལ་མཐོང་ལུང་བསྟན་དག་སྣང་ལ། །


CMR048_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡིན་སྙམ་ནས་རློམ་སེམས་ཆེ། །རང་མཐོང་རང་རྩིས་ཆེར་སྐྱེས་ན། །མཆོག་གི་དངོས་གྲུབ་མི་ཐོབ་གེགས། །མེ་བུས་རྟགས་ལ་དུ་བའི་དཔེ། །རྟགས་མཚན་དེ་ཙམ་ལས་འོང་ཡིན། །སྙམ་དུ་རློམ་སེམས་མི་བསྐྱེད་པར། །ངེས་ཤེས་བསྐྱེད་ལ་བསྙེན་སྒྲུབ་བྱ། །ལམ་དུ་འགྲོ་བའི་བོགས་འབྱུང་ངོ་། །སྔགས་བཟླས་བསྐྱེད་རིམ་གསལ་ན་ཡང་། །གདོས་བཅས་འདོག་སྐུ་འདྲར་བསྒོམས་པས། །ལྷ་དེ་འདྲ་བའི་འབྱུང་པོའི་རིགས། །ཡང་ན་གཟུགས་ཀྱི་ཁམས་ཀྱི་ལྷར། །སྐྱེ་ཞིང་སངས་རྒྱས་མི་ཐོབ་གེགས། །ལྷ་སྐུ་གསལ་ཡང་ངོ་བོ་སྟོང་། །སྣང་སྟོང་འཇའ་ཚོན་བཞིན་དུ་བསྒོམ། །ལུས་འདི་བོར་ནས་བར་དོ་རུ། །ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ། །སྐྱེས་ནས་བྱང་ཆུབ་མཆོག་ཐོབ་བོ། །དེ་ནི་བོགས་འདོན་ཆེན་པོ་གཅིག །ཁྲིད་ཞུས་གནས་འགྱུ་སྐྱོང་ཤེས་ནས། །ཡུན་རིང་མ་སྐྱུར་བསྲུངས་ན་ཡང་། །དང་པོའི་བྲོས་དེད་དེ་ག་ལས། །ཅི་ཡང་ཡར་སྐྱེད་མེད་པའི་གེགས། །མོས་གུས་དད་པ་ཆུང་བས་ལེན། །རང་ལ་དྲིན་ཐོབ་བླ་མ་དེ། །སངས་རྒྱས་སེམས་ཅན་སུ་ཡིན་འདྲ། །རང་སེམས་ངོ་བོ་སྤྲད་པ་དེ། །སངས་རྒྱས་ཀུན་བས་


CMR048_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ཆེ། །རྡོ་རྗེ་འཆང་དང་ཀུན་ཏུ་བཟང་། །སངས་རྒྱས་ཀུན་གྱི་ཆོས་སྐུ་དང་། །བླ་མ་དབྱེར་མེད་མོས་གུས་བསྐྱེད། །བླ་མ་སངས་རྒྱས་ཆོས་སྐུ་དེ། །རྡོ་རྗེ་འཆང་དང་སྣང་མཐའ་ཡས། །ཆོས་སྐུའི་སངས་རྒྱས་གཅིག་ཏུ་བསྒོམ། །དཀོན་མཆོག་བླ་མ་ཡི་དམ་ལྷ། །ཀུན་འདུས་བསྒོམ་ལ་གསོལ་བ་བཏབ། །གདུང་ཤུགས་མཆི་མ་ཕྱུང་བར་བྱ། །བླ་མ་འོད་ཞུ་རང་ལ་བསྟིམ། །དེ་འདྲ་ཐུན་གསུམ་ཐུན་བཞི་སོགས། །འབད་ནི་དབྱར་ཁའི་སོས་བཞིན་དུ། །ཉམས་རྟོགས་རང་རྡོལ་ཁོག་ནས་འཆར། །ཅི་ཡང་འཆར་བའི་བོགས་འབྱུང་ངོ་། །དེ་ལྟར་ཉམས་ལེན་བསྐྱངས་ཙམ་ན། །རིག་པ་འཕྲོ་རྒོད་འཚུབ་ཅིང་རྒྱུག །སྐྱོང་རྒྱུ་མི་རྙེད་ཡི་མུག་སྐྱེ། །ནན་གྱིས་བསྐྱངས་ན་བློ་མི་བདེ། །རྒན་མོས་ཕྱུགས་ལུག་འཚོས་པ་འདྲ། །དེ་ལ་རྒོད་པའི་གེགས་ཞེས་བྱ། །གནས་འགྱུ་གདམ་ག་བྱས་པས་ལེན། །འཁྱིལ་པའི་ཆུ་དང་རྦ་རླབས་ཆུ། །ཆུ་ཡིན་པ་ལ་ཁྱད་པར་མེད། །གནས་པའི་སེམས་དང་འགྱུ་བའི་སེམས། །སེམས་ཉིད་ཡིན་ལ་ཁྱད་པར་མེད། །སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ། །དེ་ལ་བཅོས་སླད་བྱས་ན་ཞེན། །


CMR048_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདོད་མ་ཆེ་འགྱུ་དོགས་སྤོང་། །མ་ཡེངས་ཙམ་ལ་ལྷོད་ནས་སྐྱོངས། །གསལ་ཚེ་སྐྱུར་ལ་ཡང་ཡང་སྒོམས། །བློ་བདེ་སྐྱོང་སླའི་བོགས་ཤིག་འབྱུང་། །དེ་ལྟར་བསྐྱངས་བས་རེས་འགའ་ཞིག །བལྟས་ཀྱང་གསལ་དང་ངེས་ཤེས་མེད། །གནམ་ངོ་རྨུགས་ལྟར་ཐིབ་བེ་བ། །ཧྲིག་གེ་བྱས་ནས་བལྟས་ན་ཡང་། །རྣམ་རྟོག་འདི་ཡིན་ངོས་བཟུང་རྒྱུ། །མེད་པའི་བན་བུན་ཕྲ་ཞིབ་ལྡང་། །ཡུན་རིང་སྐྱོང་ཡང་མི་འདོད་པ། །བྱིང་བའི་སྐྱོན་ཏེ་གེགས་ཤིག་ཡིན། །དེ་ལ་ལྟ་སྟངས་ནམ་མཁར་གཏད། །སེམས་དང་ནམ་མཁའ་སྔོ་བསང་བསྲེ། །ལུས་སེམས་སྒྲིམས་ལ་ལུས་གནད་བསྲང་། །གསལ་དྭངས་རྗེན་པའི་བོགས་ཤིག་འབྱུང་། །ཏིང་འཛིན་གེགས་ལ་རྣམ་མང་ཡང་། །བྱིང་རྒོད་གཉིས་ལ་ཕལ་ཆེར་འདུས། །དེ་ལ་གེགས་སེལ་མང་ན་ཡང་། །དོན་ལ་བསྒྲིམ་ལྷོད་གཉིས་ཡིན་ཏེ། །རྒོད་ན་ལྷོད་ལ་བྱིང་ན་བསྒྲིམ། །ལ་ཆེན་གང་ཤར་ངོ་བོ་ལ། །གང་བྱུང་དེས་ཆོག་སྐྱོང་བ་མཆོག །བཟང་བཟང་པོ་གཅིག་མ་འདོད་ལ། །ངན་ངན་འདྲེ་ཡང་མི་སྐྱུར་བར། །ཡུགས་སས་དྭ་ཕྲུག་སྐྱོང་བ་ལྟར། །རྒྱུན་བསྲིང་བ་ནི་གནད་ཡིན་ནོ། །ལམ་ལུས་ཕོག་


CMR048_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གེགས་སེལ་ཡིན། །དེ་ལྟར་རྒྱུན་གཅིག་བསྲིངས་ནུས་ན། །བདེ་གསལ་མི་རྟོག་ཉམས་བཟང་འཆར། །ལུས་བདེ་སེམས་བདེ་སེམས་རྩ་སྐྱིད། །ང་ལས་སྐྱིད་པ་མེད་དོ་སྙམ། །འགྱུ་བ་ཉུང་ཞིང་མེར་རེ་གནས། །སྤྱོད་ལམ་ཕལ་ཆེར་འབྲལ་བ་མེད། །འོད་གསལ་འཁོར་ཡུག་ཡིན་ནམ་སྙམ། །ཉོན་མོངས་དུག་ལྔའི་མགོ་ཡང་ནོན། །འཇིག་རྟེན་བྱ་བས་དགོས་པ་མེད། །གཅིག་པུར་བྲག་ཕུག་འགྲིམ་ན་བསམ། །མཚན་མོ་རྨི་ལམ་ཕལ་ཆེར་ཟིན། །ཉམས་ལེན་འདི་དང་མ་བྲལ་ན། །འདི་ཕྱིའི་དོན་ཆེན་འགྲུབ་བོ་སྙམ། །དེ་ལ་ངེས་ཤེས་མཆོག་འཛིན་གྱི། །ངང་ནས་ཚེ་ཡི་དུས་བྱས་ན། །ཉམས་ལེན་ཆེ་ཆུང་རིམ་པ་ཡིས། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་། །སུམ་ཅུ་རྩ་གསུམ་མཐའ་བྲལ་དང་། །དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་གྱི། །ལྷ་ཡི་གནས་སུ་སྐྱེ་བ་ལེན། །བདེ་སྐྱིད་ལོངས་སྤྱོད་དཔག་མེད་ཀྱང་། །བྱང་ཆུབ་མི་ཐོབ་གེགས་ཡིན་ནོ། །དེ་ལ་བདེ་ཉམས་ཅི་སྐྱེས་ཀྱང་། །དེ་ལ་ཆགས་ཞེན་མཆོག་འཛིན་སྤང་། །བདེ་བ་དེ་ཡི་ངོ་བོ་ལ། །ཧྲིག་གེ་བལྟས་པས་བདེ་བ་དང་། །སྟོང་པ་དབྱེར་མེད་


CMR048_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་དུ་འཇུག །བདེ་སྟོང་ཕྱག་རྒྱ་ཆེན་པོར་འཆར། །གོལ་ས་གཅོད་པའི་བོགས་འདོན་ཡིན། །དེ་ཉིད་བསྐྱངས་བས་དེ་མི་རྟག །རང་སེམས་གསལ་སྟོང་རྗེན་པར་འཆར། སྤྲིན་ཐག་ཆད་པའི་ནམ་མཁའ་ལྟར། །ལྷང་ངེ་རྗེན་ནེ་ས་ལེ་བ། །དྲན་པས་ནམ་ཟིན་དེ་ཡི་ངང་། །ཐེ་ཚོམ་མེད་པའི་ངེས་ཤེས་སྐྱེ། །འདི་བས་ལྷག་པའི་ཉམས་རྟོགས་ནི། །གྲུབ་ཐོབ་རྣམས་ལའང་མེད་དམ་སྙམ། །གཉིད་དང་རྨི་ལམ་མཚམས་ཤེད་ན། །ཉི་ཟེར་ཟླ་ཐིག་མེ་རུ་ནི། །འདྲ་བའི་འོད་ཅིག་རྐྱེན་བྱས་ནས། །ཉམས་ལེན་ཉིན་པར་བཞིན་དུ་ཟིན། །གཉིད་བཞིན་ཁང་པའི་ནང་དང་ནི། །ས་ཐག་རིང་དང་ལ་གྲིབ་ཀྱིས། །ཅི་གདའ་ཅི་བྱེད་རེས་འགའ་མཐོང་། །སུ་ཡིན་ཟེར་ཡང་ང་ཡི་འདི། །རྟོགས་པ་མཆོག་གྱུར་ཡིན་ནོ་སེམས། །དེ་ལ་ཆགས་ཞེན་ཆེན་པོ་དང་། །ངེས་ཤེས་བརྟན་པོས་ཚེ་འཕོས་ན། །ཚངས་རིས་ཚངས་པ་མདུན་ན་འདོན། །དགེ་ཆུང་ཚད་མེད་དགེ་ལ་སོགས། །ཉམས་ལེན་དེ་ཡི་ཆེ་ཆུང་གིས། །གཟུགས་ཁམས་གནས་རིགས་བཅུ་བདུན་གྱི། །ལྷ་ཡི་གནས་སུ་སྐྱེས་ནས་ཀྱང་། །རིན་པོ་ཆེ་ཡི་གཞལ་ཡས་སུ། །མཚན་དཔེས་ལྡན་པའི་


CMR048_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐོབ་ནས། །རེ་ཞིག་ལོ་གྲངས་དཔག་མེད་དུ། །བདེ་སྐྱིད་སངས་རྒྱས་ཞིང་འདྲ་ཡང་། །སླར་ཡང་ངན་སོང་ལྟུང་བའི་གེགས། །དེ་ལྟར་གསལ་ཉམས་ཆེ་དྲག་པས། །ཟག་བཅས་མངོན་ཤེས་ཤར་འདྲ་ཡང་། །དེ་ལ་མཆོག་འཛིན་ང་རྒྱལ་སྤང་། །གསལ་བ་དེ་ཡི་ངོ་བོ་ལ། །བལྟས་པས་ངོ་བོ་སྟོང་པར་རྟོགས། །གསལ་སྟོང་དབྱེར་མེད་གཅིག་ཏུ་འདྲེས། །གསལ་སྟོང་ཕྱག་རྒྱ་ཆེན་པོར་འཆར། །བླ་མེད་མཆོག་ཐོབ་བོགས་ཤིག་འདོན། །དེ་ཉིད་བསྐྱངས་བས་ནམ་ཞིག་ན། །བདེ་ཉམས་གསལ་ཉམས་གཉིས་ཀ་མེད། །ཐམས་ཅད་སྟོང་པ་ཉིད་དུ་མཐོང་། །ལུས་ཀྱང་དངོས་སུ་མེད་དམ་སྙམ། །ཕྱི་ནང་སྣོད་བཅུད་འཁོར་འདས་རྣམས། །ཐམས་ཅད་སྟོང་པ་ནམ་མཁའ་འདྲ། །སྙམ་པའི་རྟོག་པ་སྐྱེས་ཙམ་ན། །ཐམས་ཅད་སྟོང་པ་ཉིད་དུ་གདའ། །དགེ་སྡིག་ཕན་གནོད་ག་ལ་ཡོད། །སྙམ་ནས་སྡིག་ལ་མི་འཛེམས་ཤིང་། །དགེ་བ་སྒྲུབ་པར་མི་བྱེད་ན། །སྟོང་ལྟ་ཧད་པོ་བདུད་ཀྱི་ལས། །སྟོང་པ་ཉིད་ལ་ལྟ་ཉེས་པས། །ཤེས་རབ་དམན་རྣམས་ཕུང་གསུངས་ལྟར། །མནར་མེད་གནས་སུ་ལྟུང་བའི་གེགས། །རྟོགས་པ་


CMR048_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཙམ་མཐོ་ན་ཡང་། །རྒྱུ་འབྲས་ལགས་ལེན་ཞིབ་ཏུ་བརྩི། །དཔེར་ན་ནམ་མཁའ་སྟོང་པ་ལས། །རླན་དང་ཚ་གྲང་རྟེན་འབྲེལ་གྱིས། །འཇའ་དང་སྤྲིན་དང་ཆར་པ་དང་། ཐོག་དང་སེར་བ་འོང་བ་ལྟར། །ཆོས་ཀུན་སྟོང་པ་ཉིད་ཡིན་ཀྱང་། །རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བས། །རིགས་དྲུག་སྐྱིད་སྡུག་སྣ་ཚོགས་འབྱུང་། །ཤེས་རབ་སྟོང་ཉིད་བསྒོམ་པ་ཡི། །འཁོར་བ་སྤངས་ནས་ཆོས་སྐུ་ཐོབ། །ཚོགས་བསགས་སྙིང་རྗེ་བསྒོམས་པ་ཡིས། །ལོངས་སྐུ་སྤྲུལ་སྐུ་ཐོབ་པ་སྟེ། །ཤེས་རབ་སྟོང་ཉིད་ཐབས་ནི་ཚོགས། །ཚོགས་གཉིས་ཟུང་འཇུག་ཉམས་སུ་བླང་། །སྐུ་གཉིས་ཐོབ་པའི་བོགས་འདོན་ཆེ། །དེ་ལྟར་ཚོགས་གཉིས་འབད་པའི་ཚེ། །ཐམས་ཅད་སེམས་རེད་བསམ་པ་དང་། །སེམས་ནི་ནམ་མཁའ་དང་འདྲ་བསམ། །སེམས་ནི་ཡོད་མེད་གཉིས་ཀ་མིན། །ཡོད་མིན་མེད་མིན་རེད་བསམ་དང་། །སེམས་ནི་ཅི་ཡང་མི་གདའ་བསམ། །དེ་འདྲ་རེས་འགའ་སྐྱེས་ཀྱང་བཟོད། །དེ་འདྲ་ཡིན་ལ་ཁ་ཡོད་ཀྱང་། །དེ་འདྲ་ཡིན་ནོ་བསམ་པ་ཡི། །ངེས་ཤེས་འཛིན་པ་དམ་པོའི་ངང་། །གལ་ཏེ་ཚེ་འདིར་འཕོས་ན་ནི། །གཟུགས་མེད་སྐྱེ་མཆེད་མུ་


CMR048_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་གོལ། །བསྐལ་པ་ཁྲི་ཕྲག་བརྒྱད་ཀྱི་བར། །བཟང་ངན་ལུས་ནི་ལེན་རྒྱུ་མེད། །དྲན་མེད་བརྒྱལ་བ་འདྲ་ཞིག་འབྱུང་། །སླར་ཡང་ལུས་ལེན་འཁོར་བར་འཁྱམས། །དེ་འདྲའི་ཏིང་འཛིན་བརྟན་པོ་ནི། །སྐྱེས་པ་ཕྱི་རོལ་མུ་སྟེགས་ལུགས། །ཆོས་སྐུ་ཐོབ་པར་འདོད་པ་རེ། །དེ་འདྲའི་རྟོགས་པ་སྐྱེས་ན་ཡང་། །ཐམས་ཅད་སེམས་རེད་བསམ་མཁན་སོགས། །འཛིན་པ་དེ་ག་རང་ལ་ལྟོས། །འཛིན་པ་དེ་དག་རང་སར་དག །སྟོང་ཉིད་ཕྱག་རྒྱ་ཆེན་པོར་འཆར། །དེ་ནི་བོགས་འདོན་ཡང་དག་གོ ། དེ་ལྟར་བདེ་གསལ་མི་རྟོག་ཉམས། །བྱིང་རྒོད་ལ་སོགས་དེ་རྣམས་ལ། །གོ་རིམ་ངེས་པ་མེད་པ་སྟེ། །སྔ་འཆར་ཕྱི་འཆར་ཅི་ཡང་འབྱུང་། །འཆར་བའི་སྐོར་རྫོགས་མང་དུ་འོང་། །ཡུན་ཡང་ལོ་མང་ཟླ་གྲངས་དང་། །ཞག་འགའ་དང་ནི་ཡུད་རེ་ཙམ། །ངེས་མེད་མི་ཡི་རིགས་ཡིན་ནོ། །མི་འཆར་བ་ནི་མི་འབྱུང་སྟེ། །སྐས་ཐེམ་བཞིན་དུ་བརྒྱུད་དགོས་སོ། །རེས་འགའ་ཞེ་སྡང་འདོད་ཆགས་དང་། །ཕྲག་དོག་སེར་སྣ་སྔར་ལས་ཆེ། །ཚིག་རྩུབ་རྒྱུད་གྱོང་མི་རྣམས་ཀྱང་། །སྒོམ་ཆེན་ཟེར་ཞིང་མཚངས་ནས་འབྲུ། །རྩུབ་


CMR048_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སྡིག་སྒྲིབ་སློང་བའི་གེགས། །བླ་མ་རྗེ་ལ་གསོལ་བ་འདེབས། །ལུས་སེམས་ལྷོད་དེ་ཀློད་ལ་བསྐྱང་། །དེ་ཉིད་ཤིན་ཏུ་བོགས་ཆེའོ། །མཚང་འབྲུ་ཚིག་ངན་ལ་སོགས་པའི། །ཆེད་དུ་དེ་ལ་དམིགས་གཏད་བྱས། །ངོ་བོ་བལྟས་པས་སྟོང་པར་རྟོགས། །དེ་ལྟར་ཆུང་བ་ནས་བརྩམ་སྟེ། །གནད་ཆེན་ལ་ཡང་རིམ་པར་བསླབ། །རྣམ་རྟོག་ངན་པ་གང་སྐྱེས་ལ། །དང་པོ་རྗེས་སླེབ་བྱ་བ་ཅེས། །དེ་ནས་སྐྱེས་ཐོག་འབུར་འཇོམས་དང་། །དེ་ནས་རང་གྲོལ་ཆུ་རླབས་ལྟར། །རང་སེམས་འདུལ་བ་འདུལ་བའི་མཆོག །ཉོན་མོངས་འཇོམས་པའི་བོགས་འདོན་ཡིན། །ཉོན་མོངས་རྣམ་རྟོག་དགྲ་ཡིན་པས། །ངོ་བོ་བསྐྱངས་པས་འཇོམས་སྙམ་ན། །གཉེན་པོ་ཤོར་བའི་གེགས་ཡིན་ཏེ། །གསང་སྔགས་དོན་དང་མི་ཐུན་གེགས། །ཉོན་མོངས་དང་ནི་རྣམ་རྟོག་ཀུན། །ཡེ་ནས་ཡེ་ཤེས་ཆེན་པོ་སྟེ། །མ་རྟོགས་འཁོར་བར་འཁྱམས་པ་ཡིན། །ཉོན་མོངས་སྤང་བའི་ཕ་རོལ་ན། །ཡེ་ཤེས་བཙལ་དུ་མ་མཆིས་ཀྱང་། །དེ་རྗེས་འབྲངས་ན་འཁོར་བར་འཁྱམས།། །སྤངས་ནས་བསམ་པ་བསྒྱུར་ཐུབ་ཀྱང་། །ཐེག་དམན་ཡིན་གྱིས་ཕྱག་རྫོགས་མིན། །ཉོན་མོངས་


CMR048_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་དགེ་མི་དགེ །གང་ཤར་ཁྱད་མེད་རང་ངོ་ལྟ། །བཟོ་བཅོས་མེད་པར་དེ་གར་ཀློད། །ཆུ་རླབས་ཆུ་རུ་གྲོལ་བ་ལྟར། །ཉོན་མོངས་ཡེ་ཤེས་ཆེན་པོར་འཆར། །གང་ཤར་སྤང་བླང་མ་དགོས་པར། །བསྒོམ་དུ་འཆར་བའི་བོགས་འདོན་ཡིན། །མངོན་རྟོགས་ལ་སོགས་བསྒོམ་པའི་དུས། །སྭ་བྷཱ་ཝ་སོགས་སྔགས་བརྗོད་ནས། །སྟོང་པ་ཉིད་དུ་གྱུར་བརྗོད་དུས། །ཅི་ཡང་མེད་པའི་སྟོང་པ་ཉིད། །ནམ་མཁའ་ལྟ་བུར་གྱུར་བསྒོམ་པ། །སྟོང་ཉིད་དངོས་སུ་མ་རྟོགས་པར། །བློས་བཟོ་རྒྱས་འདེབས་ཤོར་བའི་གེགས། །བློ་ཡིས་སྟོང་པ་མི་བཟོ་བར། །རང་སེམས་སྟོང་པའི་ངོ་བོ་ལྟ། །མངོན་སུམ་རྟོགས་པའི་བོགས་འདོན་ཡིན། །མདོ་རྒྱུད་གྲུབ་ཐོབ་གསུངས་མང་པོ། །མཐོང་བས་ཆོས་ཀུན་སྟོང་པ་ཉིད། །ནམ་མཁའ་ལྟ་བུ་ཡིན་རྒྱུ་རེད། །བསམ་པའི་གོ་བ་སྐམ་པོ་ལ། །ངེས་ཤེས་སྐྱེ་ནས་སྟོང་སྐད་འདོན། །དབུལ་པོས་ཕྱུག་པོའི་ལོ་རྒྱུས་ཚོ། །གོ་ཡང་ཕན་པ་མེད་དང་འདྲ། །དེ་ཕྱིར་གོ་བ་ཆེ་ན་ཡང་། །རྟོགས་པ་མཐོ་བར་མི་རློམ་པར། །རང་སེམས་སྟེང་དུ་རྡོ་རུས་གཏུགས། །ཉམས་སུ་མྱོང་བའི་བོགས་འདོན་ཡིན། །དེ་


CMR048_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱིང་རྒོད་སྐྱོན་གཉིས་བསལ། །བདེ་དང་གསལ་དང་མི་རྟོག་པའི། །ཉམས་བཟང་རྣམས་ལ་མ་ཆགས་ཤིང་། །སེམས་སློང་རྩུབ་འཁྲུགས་མགོ་ནོན་ནས། །ཤོར་ས་གསུམ་དེར་མ་ཤོར་བར། །རྒྱུན་བསྲིང་ཉམས་སུ་བླང་ནུས་ན། །ནམ་ཞིག་བསོད་ནམས་དགེ་སྦྱོར་མཐུས། །བླ་མའི་བྱིན་རླབས་སེམས་ལ་འཇུག །བལྟ་རྒྱུ་ལྟ་མཁན་གཅིག་ཏུ་འདྲེས། །འདི་བསྒོམ་གཏད་སོ་གཅིག་ཀྱང་མེད། །འདི་ཡིན་འདི་མིན་འཛིན་པ་ཞིག །བདེ་གསལ་མི་རྟོག་ཉམས་བཟང་པོ། །ལེགས་ལེགས་འདྲ་ཚོ་ཤུན་པར་བུད། །ང་ཡི་སྒོམ་དེ་བོར་རམ་ཅི། །འདི་བསྒོམ་གཏད་སོ་མི་འདུག་པས། །སྒོམ་མེད་ཨམ་དེ་ཨུ་ཡིན་ཨང་། །འདི་ཆ་དེ་ཆ་མེད་པ་འདི། །གོལ་ས་གཅིག་ནི་ཨུ་ཡིན་ནམ། །སྙམ་ནས་རང་ལ་ཡིད་མི་ཆེས། །ཐ་མལ་ཤེས་པ་རྗེན་པར་བུད། །རང་སེམས་ངོ་བོ་མཐོང་བ་དེ། །ཕྱག་རྒྱ་ཆེན་པོའི་སྣེ་ཁེ་ཡིན། །སྤྲོས་བྲལ་ནམ་དྲན་དུས་ཉིད་ལ། །འཕེལ་འགྲིབ་ཆེན་པོ་མེད་ན་ཡང་། །བརྗེད་སྐབས་ཡེངས་སྐབས་འཁྲུལ་པར་འཆོར། །དྲན་རྫི་ཡང་ཡང་གསལ་འདེབས་གཅེས། །འདི་ནས་རྟོགས་ལྡན་མིང་བཏགས་རུང་། །རྣམ་གཡེང་


CMR048_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་གཅིག་པུ་གཉིས། །ཨེ་མཉམ་བོགས་སུ་ཅི་ཐོན་ལྟ། །བོགས་འདོན་བླ་མའི་གསོལ་འདེབས་དང་། །སྤྲོས་བཅས་དགེ་སྦྱོར་ཉུང་བཅུག་ལ། །ངོ་བོ་ཉིད་ལ་ཨུ་ཚུགས་བསྐྱེད། །སྤྱོད་ལམ་རྣམས་དང་ཨེ་འདྲེས་ཚད། །འདི་ནས་འདྲེས་ན་འདྲེས་ངེས་ཡིན། །བྷེ་རྒྱུ་ཅི་ཡང་མི་གདའ་བས། །བསྒྱུར་ནས་བཞག་པས་འཐུས་གདའ་བསམ། །སྤྲོས་བྲལ་མེད་པའི་སྟོང་རྗེས་ཁྱེར། །འཁྲུལ་པར་འབྱམས་པའི་གེགས་ཤིག་ཡིན། །དྲན་པས་ཡང་ཡང་གསལ་འདེབས་བྱ། །དྲན་ནས་སྒོམ་ཡིན་དྲན་པས་ཆོག །མི་དྲན་ཐ་མལ་འཁྲུལ་པ་རང་། །ཡང་ཡང་དྲན་པ་བོགས་སུ་ཆེ། །རང་སེམས་སྟེང་དུ་བཞག་པའི་ཚེ། །གཟུགས་སྒྲ་དྲི་རོ་ལ་སོགས་པ། །མཐོང་ཐོས་ཚོར་བ་མ་བཀག་ཀྱང་། །ཡིན་མིན་བླང་དོར་འཛིན་པ་མེད། །ནང་དུ་འདི་བསྒོམ་གཏད་སོ་མེད། །མ་བཅོས་རྗེན་པར་ཕྱམ་མེ་བ། །གང་ཟག་བདག་མེད་ཅེས་བྱ་སྟེ། །ཉམས་ལེན་བཟང་པོ་ཡིན་མོད་ཀྱང་། །ཆོས་ཀྱི་བདག་མེད་མ་རྟོགས་པས། །ད་རུང་སྟོང་ཉིད་ཕྱེད་པོ་ཡིན། །ཕྱི་རོལ་རི་དང་ཁང་ཁྱིམ་དང་། །སྐྱེས་པ་བུད་མེད་ལ་སོགས་ལ། །རིག་པ་


CMR048_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ནས་བསྒོམ་ཙམ་ན། །འདི་ཕན་གཟུགས་དང་འདི་ཚུན་སེམས། །ཕྱེ་རྒྱུ་མེད་པར་དབྱེར་མེད་དུ། །ཉམས་ལེན་དེ་དང་ངོ་བོ་གཅིག །དེ་བཞིན་སྣང་སྲིད་འཁོར་འདས་ཀུན། །རང་གི་སེམས་དང་དབྱེར་མེད་ཅིང་། །རང་སེམས་ཡེ་ནས་སྟོང་པ་ཉིད། །སྟོང་དང་མི་སྟོང་འཛིན་པ་བྲལ། །ཕྱི་རོལ་ཡུལ་སྣང་སྣ་ཚོགས་ལ། །ཆུ་ནང་ཟླ་བའི་གཟུགས་བརྙན་ལྟར། །གསལ་ཡང་ངོ་བོ་སྟོང་པར་མཐོང་། །དེ་ཡང་བསྲེ་སོགས་མི་དགོས་པར། །རང་ཤར་རྒྱུན་དུ་བྱུང་བ་ན། །ཉམས་ཀྱི་རོ་གཅིག་ཅེས་བྱ་སྟེ། །ཆོས་ཀྱི་བདག་མེད་རྟོགས་པ་ཡིན། །དེ་ནས་སྟོང་ཉིད་ཆ་ཚང་ངོ་། །སྣང་སྲིད་འཁོར་འདས་ཆོས་ཀུན་ལ། །ཐམས་ཅད་སྟོང་ཉིད་རྩི་ཡིས་ཟིན། །གང་བྱས་ཅི་བྱས་སྒྲིབ་མི་ནུས། །སྙམ་ཞིང་སྤྱོད་པ་རྩིང་ཤོར་ནས། །མི་རྒྱུ་གྱོང་ཞིང་རྩབ་རྩུབ་མང་། །སྐབས་སུ་ཡེངས་སྐབས་བརྗེད་སྐབས་ཆེ། །འཇིག་རྟེན་བྱ་བར་རུ་ང་ཆེ། །རོ་གཅིག་འདྲེས་པའི་རྦ་ལ་གཡེང་། །ལན་གཅིག་ངན་སོང་ལྟུང་དོགས་གདའ། །དེ་ལ་སྤྱོད་པ་ཞིབ་ཏུ་བྱ། །ད་རུང་གསོལ་འདེབས་དྲག་ཏུ་གདབ། །འདི་སྐབས་གཉན་ས་འགའ་རེ་འགྲིམ། །ཆོ་


CMR048_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་སེམས་དང་བསྲེ་ཞིང་བསྒོམ། །སྙིང་རྗེ་སེམས་བསྐྱེད་དྲག་ཏུ་བསྒོམ། །དུས་གསུམ་རྒྱལ་བའི་ཐུགས་རྒྱུད་དང་། །འགྲོ་དྲུག་སེམས་ཅན་སེམས་རྒྱུད་གཉིས། །དབྱེར་མེད་ངོ་བོ་གཅིག་ཏུ་རྟོགས། །སེམས་དང་ནམ་མཁའ་ཆོས་ཀྱི་དབྱིངས། །དབྱེར་མེད་ཆེ་ཆུང་མེད་པར་རྟོགས། །སྣོད་བཅུད་འཁོར་འདས་ཐམས་ཅད་ཀུན། །ལན་ཚྭ་ཆུ་རུ་ཐིམ་པ་ལྟར། །རང་སེམས་ངང་དུ་དབྱེར་མེད་འདྲེས། །ད་རུང་བརྗེད་སྐབས་ཡེངས་སྐབས་ཡོད། །ཡེངས་དང་མ་ཡེངས་བརྗེད་མ་བརྗེད། །དབྱེར་མེད་བཟང་ངན་མེད་པ་རུ། །ངོ་བོ་འགྱུར་མེད་ཀློང་དུ་རྟོགས། །དེ་ག་ཙམ་ཞིག་བྱུང་བ་ན། །མི་ལུས་ཐོབ་པ་དོན་དང་ལྡན། །ནམ་ཞིག་འཆི་བའི་དུས་ན་ཡང་། །བདེ་བ་ཅན་ནམ་རྔ་ཡབ་གླིང་། །སྨོན་ལམ་རྩེ་གཅིག་གར་བཏབ་དེར། །འགྲོ་བར་ཐེ་ཚོམ་མི་དགོས་པར། །དེ་ཙམ་ཨེ་འོང་བརྩོན་འགྲུས་མཛོད། །གཞན་ཡང་བོགས་འདོན་གེགས་སེལ་ནི། །རྟོགས་པའི་གདེང་ཡང་ཐོབ་དཀའ་བས། །ནམ་འཆི་མི་ཤེས་འཆི་བའི་དུས། །བར་དོ་མི་ཆོད་པ་ཡི་གེགས། །འཇིགས་རུང་གེགས་ཆེན་དེ་སེལ་ཐབས། །རྒྱུད་སྡེ་འབུམ་ཕྲག་


CMR048_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུའི་དོན། །དགའ་རབ་ཤྲཱི་སེང་པདྨ་འབྱུང་། །བི་མ་མི་ཏྲ་ལ་སོགས་པ། །རིག་འཛིན་རྗེ་འབངས་ཐུགས་ཀྱི་བཅུད། །བསྒོམ་ནི་མི་དགོས་བལྟས་པས་གྲོལ། །རྫོགས་ཆེན་ཐོད་རྒལ་ཉམས་སུ་ལོངས། །འཇའ་འོད་ཐིག་ལེ་ཐིག་ཕྲན་དང་། །རང་སེམས་ངོ་བོ་བསྲེས་ལ་ལྟོས། །གསལ་སྟོང་དབྱེར་མེད་མངོན་སུམ་མཐོང་། །གལ་ཏེ་སེམས་ངོ་མི་ཤེས་ཀྱང་། །དེ་ལ་བལྟས་པས་བར་དོ་ཆོད། །འདི་ལས་ཟབ་དང་སླ་བའི་ཆོས་མེད་དོ། །ཐེག་པ་དགུ་ཡི་ཡང་རྩེ་ཡིན། །འཇའ་འོད་ཐིག་ལེ་ཐིག་ཕྲན་རྣམས། །དངོས་སུ་གསལ་པོར་ཡིད་ཆེས་མཐོང་། །རྩེ་གཅིག་བྷོ་དང་ངོ་མཉམ་སྟེ། །ཆོས་ཉིད་མངོན་སུམ་མཐོང་བ་ཡིན། །འོད་ལྔ་ཡེ་ཤེས་ལྔ་ཡི་འོད། །འོད་སྐོར་དབྱིངས་ཀྱི་སྒྲོན་མ་སྟེ། །ཐིག་ཕྲན་རིག་པ་ལུ་གུ་རྒྱུད། །དེ་དག་ཇེ་ཆེ་ཇེར་ཆེར་འཕེལ། །ཉམས་སྣང་གོང་དུ་འཕེལ་བ་ཡིན། །སྤྲོས་བྲལ་བསྒོམ་དང་ངོ་མཉམ་ཡིན། །ཐིག་ལེའི་ནང་དུ་ལྷ་སྐུ་མཇལ། བར་དོར་ཞི་ཁྲོའི་ལྷ་འཆར་ཚེ། །ངོས་ཟིན་དག་པའི་ཞིང་དུ་སྐྱེ། །ད་ལྟར་ཞི་ཁྲོའི་ལྷ་ཡོངས་རྫོགས། །ཤར་ནས་བར་དོ་བགྲོད་མི་དགོས། །ཕྱི་དབུགས་ཆད་པ་དེ་མ་ཐག་


CMR048_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དཀྱིལ་ནས་འོད་ཀྱི་ལམ། །མིག་གི་དཀྱིལ་དུ་ཟུག་ནས་འོང་། །དེ་ཡི་རྒྱུད་ནས་རྣམ་ཤེས་འཕོ། །རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། །རྫོགས་ཆེན་ཉེ་ལམ་ངོ་མཚར་ཆེ། །དེ་ལས་ཟབ་དང་སླ་བའི་ཆོས། །འཇིག་རྟེན་གང་དུའང་མེད་པར་གསུངས། །ཨོ་རྒྱན་པདྨའི་ཟབ་ཁྱད་ཡིན། །རྒྱུན་དུ་དགེ་སྦྱོར་གང་བྱེད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བའི་བསྔོ་བ་སྨོན་ལམ་མཛོད། །སྐྱེའམ་མི་སྐྱེ་ཐེ་ཚོམ་སྤོངས། །སྐྱེ་བར་ཐེ་ཚོམ་མི་དགོས་དང་། །འོད་དཔག་མེད་ཀྱི་སྨོན་ལམ་སྟོབས། །ཡིན་པས་བློ་གཏད་དེ་ལ་མཛོད། །དེ་ལྟར་གེགས་སེལ་བོགས་འདོན་རྣམས། །འཕྲལ་དུ་ཡིད་ལ་གང་ཤར་ཙམ། །ཆོ་འཕྲུལ་ཟླ་བའི་གནམ་གང་གི །ཉི་ཤར་ནས་བཟུང་དགོང་ཆེན་བར། །རྫོགས་པར་བྲིས་པའི་དགེ་བ་དེས། །གནས་པའི་ཉམས་རྟོགས་འཕེལ་བ་དང་། །འདི་ཉིད་སུ་ཡིས་མཐོང་ཐོས་རྣམས། །བྱང་ཆུབ་སྒྲུབ་ལ་གེགས་མེད་ཅིང་། །ཉམས་རྟོགས་དབྱར་གྱི་ཆུ་བོ་བཞིན། །རབ་ཏུ་འཕེལ་ཞིང་རྒྱས་ནས་ཀྱང་། །ཚེ་གཅིག་ལུས་


CMR048_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འདི་ཉིད་ལ། །ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག །དེ་སྐད་རཱ་ག་ཨ་སྱས་སྨྲས། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།next