Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོ་འོར་ལ་གདམས་པ་མགུར་ཚན་གསུམ།
   


 
previousལོ་འོར་ལ་གདམས་པ་མགུར་ཚན་གསུམ།next

ལོ་འོར་ལ་གདམས་པ་མགུར་ཚན་གསུམ།


CMR048_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །དད་པ་དང་ལྡན་པའི་ལོ་འོར་གྱིས། །སེམས་ལ་ཕན་པ་གཅིག་དགོས་ཟེར་བ། །སེམས་ལ་གང་ཤར་གཅིག་འཕྲལ་དུ་བརྗོད། །བསྐལ་པ་ནི་བྱེ་བ་བརྒྱ་སྟོང་ལ། །སངས་རྒྱས་ནི་འབྱོན་པ་ད་རེས་ཙམ། །ད་རེས་ནི་བསྐལ་པ་བཟང་པོར་སྐྱེས། །ངན་སོང་ནི་ས་ཆེན་རྡུལ་གྲངས་ཙམ། །མི་ལུས་ནི་སེན་མོའི་རྡུལ་ཙམ་ཡིན། །ད་རེས་ནི་མི་ལུས་རིན་ཆེན་ཐོབ། །ལུས་འཕགས་དང་བ་ལང་སྒྲ་མི་སྙན། །གླིང་གསུམ་དུ་སྐྱེས་ཀྱང་ཆོས་མི་དར། །ད་རེས་ནི་འཛམ་བུའི་གླིང་འདིར་སྐྱེས། །མཐའ་འཁོབ་ནི་བརྒྱ་དང་ཡང་འཁོབ་སྟོང་། །དེ་དག་ཏུ་ཆོས་ཀྱི་བསྐལ་པ་མེད། །ད་རེས་ནི་ཁ་བ་ཅན་འདིར་སྐྱེས། །སངས་རྒྱས་ཀྱི་བསྟན་པ་གནས་ཡུན་ཐུང་། །བསྟན་པ་ནི་ནུབ་ན་དམ་ཆོས་མེད། །ད་རེས་ནི་ཐུབ་བསྟན་དར་དུས་སྐྱེས། །འོན་པ་དང་ལྐུགས་པ་སྨྱོན་པ་ལ། །དམ་ཆོས་དར་ཀྱང་ཆོས་སྐལ་མེད། །ད་རེས་ནི་དབང་པོ་སྒོ་ལྔ་ཚང་། །འདི་འདྲ་ནི་ཡང་ཡང་འཛོམ་དཀའ་བས། །ད་རེས་དམ་ཆོས་ཤིག་བསྒྲུབས་ན་ལེགས། །ད་


CMR048_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རེས་དམ་ཆོས་ཤིག་མ་བསྒྲུབས་ན། །རང་གི་རང་ཉིད་བསླུ་ཚབས་ཆེ། །ཆོས་བྱེད་བསམ་ཅིག་ཡོད་པས་མི་ཕན་ཏེ། །ལོ་ཟླ་འདི་སོང་བཞིན་འཆི་ལ་ཉེ། །མི་ཚེ་ནི་ཟད་པ་མི་ཚོར་རོ། །ཟས་གོས་ནི་ཟད་སྙམ་སེར་སྣ་སྐྱེ། །ཚེ་ཟད་ནས་འཆི་བ་ཡང་རེ་རེ་ཅེས། །ནད་རིགས་དང་གདོན་རིགས་འདི་རླུང་ལྟར་འཚུབ། །ཚེ་སྲོག་འདི་རླུང་གསེབ་མར་མེ་འདྲ། །ངེས་པར་འཆི་བདག་ཁོ་སླེབ་ཙ་ན། །མགོ་དཔོན་དང་ཕ་སྡེས་ཀྱང་ཁེབ་ས་མེད། །གཏམ་ལས་དང་ཟས་ནོར་གྱིས་བསླུ་ཐབས་མེད། །རིམ་གྲོ་སྨན་དཔྱད་བྱས་བཞིན་ཐུ། །ཉེ་དུ་དང་མཐུན་གྲོགས་ཀྱིས་མཐའ་བསྐོར་ཡང་། །སྲོག་ཆད་པའི་སྡུག་བསྔལ་བགོ་ཐབས་མེད། །ལུས་ནི་སྡུག་བསྔལ་བཟོད་མེད་ཀྱི་ཟུག་གཟེར་ལྡང་། །སེམས་ནི་འཁྲུལ་སྣང་གི་འཇིགས་སྐྲག་ཆེ། །བེམ་རྒོག་ཀྱང་སྐྱུར་ནས་འགྲོ་དགོས་ན། །ཉེ་དུ་དང་ཟས་ནོར་སྨོས་ཅི་དགོས། །རྣམ་ཤེས་ནི་བྱ་སྒྲོ་རླུང་ཁྱེར་བཞིན། །ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འཁྱམས། །དགེ་སྡིག་ནི་ལུས་དང་གྲིབ་བཞིན་འཁོར། །གཤིན་རྗེའི་ཁྲིམས་ར་ཡ་རེ་ང་། །ལས་ཀྱི་མེ་ལོང་མདོག་རེ་གསལ། །གསང་སྒྲིབ་དང་རྫུན་ཞུས་དེར་མི་


CMR048_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཚུད། །དགེ་བ་ནི་འདོད་ཀྱང་ཚོལ་ཁོངས་མེད། །སྡིག་པ་ལ་འགྱོད་ཀྱང་དེ་ནས་འཕྱིས། །དམྱལ་བའི་མེ་ལྕེ་ཚ་ངར་ཆེ། །གཤིན་རྗེའི་ལས་མཁན་སྙིང་རྗེ་མེད། །དེ་འདྲ་སོམ་ལ་དམ་ཆོས་མཛོད། །ཅེས་པ་བློ་སེམས་ཆོས་ལ་འཇུག་པའི་ཀླུའོ།། ༈ །།ན་མོ་གུ་རུ། ཁྱེད་ལོ་འོར་དམ་ཆོས་མཛད་དགོངས་ན། །ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །ཁྱེད་ལུས་ལ་སྙིང་པོ་ལེན་འདོད་ན། །དུས་ཉ་མཚམས་བསྙེན་གནས་གཙང་མ་སྲུངས། །ཁྱེད་ལུས་ཀྱི་སྒྲིབ་པ་དག་འདོད་ན། །དུས་རྒྱུན་དུ་བརྒྱ་ཕྱག་ཆག་མེད་མཛོད། །ཁྱེད་ངག་གི་སྒྲིབ་པ་དག་འདོད་ན། །དུས་རྒྱུན་དུ་ཡི་གེ་དྲུག་པ་ཐོན། །ཁྱེད་སེམས་ལ་འཁྲུལ་པ་མེད་འདོད་ན། །སེམས་སྨྱོ་བའི་སྨྱོ་ཆུ་ཆང་འདི་སྤོངས། །ཁྱེད་བླ་མའི་བྱིན་རླབས་འཇུག་འདོད་ན། །སེམས་དད་པ་བརྟན་པོས་གསོལ་བ་ཐོབ། །ཁྱེད་དག་སྣང་ཕྱོགས་མེད་སྦྱོང་འདོད་ན། །གོས་སེར་མོ་ཀུན་ལ་དད་པ་བསྐྱེད། །ཁྱེད་དམྱལ་བའི་སྡུག་བསྔལ་སྤང་འདོད་ན། །ལས་སྲོག་གཅོད་སྤོངས་ལ་གནོད་སེམས་སྐྱུར། །ཁྱེད་ཡི་དྭགས་སྡུག་བསྔལ་སྤང་འདོད་ན། །ལས་རྐུ་འཕྲོག་སྤོངས་


CMR048_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རློམ་སེམས་སྐྱར། །ཁྱེད་དུད་འགྲོའི་སྡུག་བསྔལ་སྤང་འདོད་ན། །ངག་ཚིག་ངན་སྤོངས་ལ་སྐུར་འདེབས་སྒྱུར། །ཁྱེད་ལྷ་མའི་སྡུག་བསྔལ་སྤང་འདོད་ན། །ལས་འཛིང་རྩོད་སྤོངས་ལ་དབྱེན་ཚིག་སྒྱུར། །ཁྱེད་ལྷ་ལུས་མི་ལུས་ཐོབ་འདོད་ན། །ལས་དགེ་བ་བཅུ་པོ་ཅི་འགྲུབ་གྱིས། །ཁྱེད་མཐར་ཐུག་སངས་རྒྱས་ཐོབ་འདོད་ན། །ཆོས་ཅི་བྱེད་འགྲོ་དྲུག་སྤྱི་ལ་བསྔོས། །ཁྱེད་རང་སེམས་ཆོས་སྐུར་རྟོགས་འདོད་ན། །སེམས་མ་བཅོས་རང་སེམས་ངོ་བོ་ལྟོས། །ཁྱེད་འཇའ་ལུས་ལོངས་སྐུ་ཐོབ་འདོད་ན། །ལུས་སྣང་སྟོང་ཐུགས་རྗེ་ཆེན་པོར་བསྒོམ། །ཁྱེད་སྤྲུལ་སྐུས་འགྲོ་དོན་བསྒྲུབ་འདོད་ན། །མ་འགྲོ་དྲུག་དོན་དུ་སྨོན་ལམ་ཐོབ། །དེ་སྤྲང་པོ་ང་ཡི་སྙིང་གཏམ་ཡིན། །ཁྱེད་ལོ་འོར་ཐུགས་ལ་དེ་ལྟར་ཞོག །ཅེས་ཉམས་སུ་ལེན་ཚུལ་གོ་བདེ་བའི་གླུའོ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། ལོ་འོར་རྣམས་ཉམས་ལེན་སྐྱོང་འདོད་ན། །མ་ཡེངས་རང་གི་སེམས་ལ་ལྟོས། །བལྟས་པས་མི་མཐོང་ངང་ལ་ཞོག །འཕྲོ་ན་འཕྲོ་མཁན་ངོ་བོར་ལྟོས། །རང་སར་ཞི་ཚེ་ངང་ལ་ཞོག །གསལ་ན་གསལ་བའི་ངོ་བོར་ལྟོས། །མ་ཡེངས་ས་ལེ་སེང་ངེ་ཞོག །གནས་ན་གནས་


CMR048_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོར་ལྟོས། །ཧྲིག་གེ་རྗེན་ནེ་ཡེ་རེ་ཞོག །དུག་ལྔ་ཤར་དུས་ངོ་བོར་ལྟོས། །རང་གྲོལ་ཡེ་ཤེས་ངང་ལ་ཞོག །འཚུབ་ན་རང་སེམས་ཀློད་ལ་ལྟོས། །གར་འགྲོ་ཐོངས་ལ་རྒྱང་སོ་ཚུགས། །བྱིང་རྨུག་འཐིབ་ན་བསྒྲིམ་ལ་ལྟོས། །བྱིང་རྨུག་རང་གསལ་ངང་ལ་ཞོག །ལྟ་བ་བཤད་ལུགས་མང་ན་ཡང་། །རང་ངོ་བལྟ་བ་ལྟ་བའི་མཆོག །སྒོམ་པ་བཤད་ལུགས་མང་ན་ཡང་། །ཡེངས་མེད་དྲན་པ་སྒོམ་པའི་མཆོག །སྤྱོད་པ་བཤད་ལུགས་མང་ན་ཡང་། །དགེ་སྒྲུབ་སྡིག་སྤང་སྤྱོད་པའི་མཆོག །འབྲས་བུ་བཤད་ལུགས་མང་ན་ཡང་། །ཆོས་སྐུ་མངོན་གྱུར་འབྲས་བུའི་མཆོག །བོགས་འདོན་རྣམ་གྲངས་མང་ན་ཡང་། །མོས་གུས་གསོལ་འདེབས་བོགས་འདོན་མཆོག །གེགས་སེལ་རྣམ་གྲངས་མང་ན་ཡང་། །སྡིག་པ་འཛེམ་པ་གེགས་སེལ་མཆོག །མན་ངག་གདམས་པ་མང་ན་ཡང་། །བརྩོན་འགྲུས་སྒོམ་སྲན་མན་ངག་མཆོག །སྒྲུབ་གནས་རྣམ་གྲངས་མང་ན་ཡང་། །གར་འདུག་དགེ་སྒྲུབ་སྒྲུབ་གནས་མཆོག །འོ་ན་དད་ལྡན་ལོ་འོར་ཁྱོད། །འཆི་དུས་འགྱོད་མེད་ད་རེས་རན། །ཉམས་ལེན་འབྲལ་མེད་ཨེ་ཡོང་ལྟོས། །


CMR048_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སེམས་ལ་ཕན་ཕྱིར་འཕྲལ་དུ་དགེ་སློང་ཨ་རཱ་གས་སྣོན་ཟླ་བའི་ཡར་ཚེས་དགུ་ལ་སྨྲས་པའོ།།


previousལོ་འོར་ལ་གདམས་པ་མགུར་ཚན་གསུམ།next