Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།


 
previousཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།no next

ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།


CMR048_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར་བཞུགས་སོ།


CMR048_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་དགེ་ཚོགས་ལས་བྱུང་བའི་དཔལ་འབྱོར་ལོངས་སྤྱོད། །ད་ལྟ་རང་དབང་ཡོད་དུས་ཡར་མཆོད་མར་སྦྱིན་ཞིག་གྱིས་དང་། །དགྲ་འདྲེ་མཐའ་དམག་གིས་ཁྱེར་དུས་འགྱོད་ཀྱང་ནི་འཕྱིས་པ་གདའ་བས། །གྲོགས་སུ་དགེ་སེམས་ཞིག་བསྐྱེད་མཛོད་འབྱོར་ལྡན་གྱི་ཡོན་བདག །ཡངས་པའི་པད་ཚལ་དུ་རྒྱུ་བའི་སྟག་ཆུང་གི་བུང་བ། །རྩི་བཅུད་ཀྱིས་ཚང་མང་ཁེངས་དུས་བུང་བ་ཀུན་ཚིམ་པར་ཟོ་དང་། །དབང་མེད་མི་ཡིས་ཁྱེར་དུས་དར་དིར་འབང་མདུང་གིས་མི་ཕན། །གྲོགས་སུ་གསོག་འཇོག་སྐྱུང་མཛོད་པད་ཚལ་གྱི་གླུ་མཁན། ཤཱཀ་ཐུབ་


CMR048_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལ་ཞུགས་པའི་རབ་བྱུང་གི་བཙུན་ཆུང་། །ད་ལྟ་གཙང་མར་ཡོད་དུས་ཚུལ་ཁྲིམས་ཤིག་བསྲུང་དང་། །བག་མེད་དུ་འཁྱལ་ནས་ངན་སོང་དུ་ལྟུང་ཚབས་ཆེ་ཉན་ཡོད་པས། །གྲོགས་སུ་བག་ཡོད་དྲན་ཤེས་བརྟེན་མཛོད་ཁྲིམས་ལྡན་གྱི་བནྡྷེ། །སྤང་ལྗོངས་མཐོན་མཐིང་ལས་འཁྲུངས་པའི་འདབ་རྒྱས་ཀྱི་པདྨ། །ད་ལྟ་བཀྲག་མདངས་ཟིལ་མངར་ལྡན་དུས་དཀོན་མཆོག་ཅིག་མཆོད་དང་། །དུས་ཀྱི་བ་མོས་བསིལ་ངད་ལྡང་དུས་རང་དབང་མི་འདུག་པས། །གྲོགས་སུ་མཆོད་པ་སྔུན་མཛོད་བུང་བ་ཡི་གཉེན་གཅིག །རྒྱལ་ཁྲིམས་ཆོས་ཁྲིམས་ལ་བསྟེན་


CMR048_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུ་ནག་གི་མི་ཚོ། །དོན་མེད་ཚིག་རྩོད་འདྲ་བྱུང་དུས་བཟོད་པ་རེ་སྒོམ་དང་། །འཐབ་འཁྲུག་ནི་སྨས་ལ་ཐུག་ན་གཉིས་ཕུང་དུ་འགྲོ་བས། །གྲོགས་སུ་གཤིས་འཇམ་བརྟེན་མཛོད་ཤེས་ལྡན་གྱི་མི་ཕོ། །སྲ་བརྟན་གོ་ཆའི་རྒྱལ་པོ་རྦ་ཕུབ་ནི་ལིང་ཆེན། །ཉག་ཕྲན་མདའ་མོ་བྱུང་དུས་རང་རྟགས་ཤིག་སྟོན་དང་། །སྐྱེས་བུ་ཤི་སྨས་ཤོར་ན་དགོས་པ་ནི་སྟོར་བས། །གྲོགས་སུ་བཟུར་ཤེས་བརྟེན་མཛོད་སྤྲིས་ཕུབ་ནི་སྒོར་མོ། །ནམ་འཆི་ཆ་མེད་དུ་ངེས་པའི་མི་ལུས་ནི་རིན་ཆེན། །ད་ལྟ་རང་དབང་ཡོད་དུས་དམ་ཆོས་ཤིག་གྱིས་དང་། །འཆི་བདག་གཤིན་རྗེས་ཟིན་ན་སྡོད་དབང་ནི་མེད་པས། །གྲོགས་སུ་བརྩོན་འགྲུས་བརྟེན་མཛོད་འཛམ་གླིང་གི་མི་སྡེ། །འདུར་འགྲོས་ལྔ་གསུམ་འཛོམ་པའི་ཅང་ཤེས་ཀྱི་རྟ་ཕོ། །སྲོག་གཅོད་དགྲ་ཡིས་དེད་དུས་དཀྱུས་ཐག་ཅིག་ཆོད་དང་། །སྔོ་མཉེན་ལྕགས་སུ་བཅུག་ན་རང་དབང་ནི་མེད་པས། །གྲོགས་སུ་རྩལ་ཆེན་བརྟེན་མཛོད་གྱི་ལིང་གི་རྟ་ཕོ། །ཉམས་དང་རྟོགས་པ་སྐྱེ་འདོད་ཁྲིད་ཕྲུག་ནི་གསར་པ། །རྣམ་གཡེང་སྤོངས་ལ་ལུས་གནད་སེམས་གནད་ལ་གཅུན་དང་། །ཞི་གནས་མེད་པར་ལྷག་མཐོང་སྐྱེས་ཀྱང་ཡོན་ཏན་ནི་ཆུང་


CMR048_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཡེངས་མེད་བསམ་གཏན་སྒོམ་མཛོད་སྒོམ་ཆེན་གྱི་གསར་བུ། །རས་དཀའ་སྣུམ་གྱིས་སྦགས་པའི་སྣང་གསལ་གྱི་སྒྲོན་མེ། །ད་ལྟ་བཀྲག་མདངས་གསལ་དུས་རྟེན་གསུམ་ལ་མཆོད་དང་། །རླུང་ནག་འཚུབ་མ་འདྲ་ལྡང་ན་རང་དབང་ནི་མེད་པས། །གྲོགས་སུ་རླུང་ཡོལ་བརྟེན་མཛོད་ཞུན་མར་གྱི་དྷི་པཾ། །ཤེས་རབ་ཕར་ཕྱིན་རྟོགས་པའི་སྒོམ་ཆེན་ནི་རྙིང་པ། །ད་ལྟ་ལུས་སེམས་བདེ་དུས་རང་ཞལ་རེ་སྟོན་དང་། །ན་ཚ་ཟུག་གཟེར་གྱིས་མནར་དུས་རང་དབང་འདུ་བར་དཀའ་བས། །གྲོགས་སུ་ཡེངས་མེད་བརྟེན་མཛོད་རི་ཁྲོད་ཀྱི་སྒོམ་ཆེན། །སྤྲིན་དཀར་གསེབ་ནས་ཐོན་པའི་རྟ་བདུན་གྱི་རྒྱལ་པོ། །དགུང་སྔོན་དྭངས་པའི་ཚེ་ན་འོད་སྣང་རེ་འགྱེད་དང་། སྒྲ་གཅན་མུན་པས་ནུབ་ཚེ་རང་དབང་ནི་མེད་པས། །གྲོགས་སུ་རྟ་བདུན་བརྟེན་མཛོད་ནམ་མཁའི་ནོར་བུ། །ཞེས་ཕར་ཕྱིན་དྲུག་གི་གླུ་སྙན་ངག་དང་སྦྱར་བ་དགེ་སློང་ཨ་རཱ་གས་སོ།། ༈ །།ཡོན་བདག་དཔོན་རིགས་འགའ་ལ་གསུངས་པའི་བསྒྲུབ་པའི་དམ་བཅའི་མགུར་བཞུགས་སོ། །ན་མོ་ཨཱཿརྱ་པ་ལོ། དཔལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སྤྲང་མི་འབྲལ་སྙིང་ནས་གསོལ་བ་འདེབས། །


CMR048_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྒྲུབ་པའི་བར་ཆད་བསལ་དུ་གསོལ། །བདག་གྲོང་ཆོག་གི་འདྲེ་འདུལ་བྱས་ལགས་ཀྱང་། །འཕྲལ་ཁ་སྐྱིད་ཀྱི་ཞིམ་ལྟོ་མ་གཏོགས་པ། །བློ་གཞན་ཕན་གྱི་བྱང་སེམས་མ་འབྱོངས་པས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་འཕོ་འདེབས་དང་བདུན་ཚིགས་བྱས་ལགས་ཀྱང་། །འཕྲལ་འབུལ་ནོར་ཞིག་ཅི་རྙེད་མ་གཏོགས་པ། །བློ་མི་རྟག་དང་སྙིང་རྗེ་མི་སྐྱེ་བས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་དབང་བཀའ་རྗེས་གནང་བྱས་ལགས་ཀྱང་། །འཕྲལ་གྲིབ་ཀ་ཞིག་ཨེ་ཕན་མ་གཏོགས་པ། །རྗེས་དམ་ཚིག་སྲུང་མཁན་མི་གདའ་བས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་གང་བྱུང་གི་སློབ་མ་བསྟེན་ལགས་ཀྱང་། །འཕྲལ་ཟ་ཆོག་དང་ངན་སྔགས་འདོད་པ་བས། །བློ་ཆོས་དང་མཐུན་པ་མི་རྙེད་པས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་བླ་མའི་གདན་ས་བཟུང་ལགས་ཀྱང་། །འཕྲལ་ཆགས་སྡང་གི་འཁོར་ལོ་འཁོར་བ་བས། །ཕ་བཀའ་བརྒྱུད་ཀྱི་གདན་ས་མི་ཚུགས་པས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་དཀོར་ཇའི་འབུལ་


CMR048_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་བྱས་ལགས་ཀྱང་། །འཕྲལ་དགྲ་རྐུན་གྱི་གཡབ་མོ་མ་གཏོགས་པ། །ཞིང་དག་པ་ལ་བརྒྱ་འབུལ་མི་ཁྱོག་པས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་ཆོས་ར་དང་ཁྲོམ་དབང་བྱས་ལགས་ཀྱང་། །འཕྲལ་སྒར་ཆུང་གི་ཁ་ཐོན་མ་གཏོགས་པ། །རྒྱུད་སྨིན་གྲོལ་གྱི་ནུས་པ་མི་ཐོབ་པས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་སུས་ཟེར་གྱི་སྐུ་ཕུད་བླངས་ལགས་ཀྱང་། །འཕྲལ་སྣང་ཤེས་ཀྱི་དཔོན་སློབ་མ་གཏོགས་པ། །ཕུགས་བསླབ་སྡོམ་བསྲུང་མཁན་དཀོན་པས་ན། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་སྡིག་སྤོང་གི་ཁས་ལེན་བྱས་ལགས་ཀྱང་། །འཕྲལ་ངོ་མ་ཆོག་པའི་ཚིག་སྐམ་པས། །ཕུགས་སྲོག་གཅོད་སྤོང་བ་དཀོན་དོ་བས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་དགེ་བའི་ཁས་ལེན་བྱས་ལགས་ཀྱང་། །འཕྲལ་ཁྲོམ་ནང་དུ་ཁ་འཕྱོར་མ་གཏོགས་པ། །དོན་ལག་ཏུ་ལེན་མཁན་དཀོན་པས་ན། །འཕྲུལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་སེམས་བསྐྱེད་དང་བློ་སྦྱང་བཤད་ལགས་ཀྱང་། །འཕྲལ་བཤད་ལོ་དང་ཉན་ལོ་མ་


CMR048_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ། །བྱམས་སྙིང་རྗེ་བསྒོམ་མཁན་མི་འོང་བས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་བླ་མའི་རྣལ་འབྱོར་བཤད་ལགས་ཀྱང་། །འཕྲལ་གསོལ་རས་ཀྱི་ངོ་བསྟོད་མ་གཏོགས་པ། །སེམས་མོས་གུས་སྐྱེ་མཁན་མི་འོང་བས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །ཕྱག་ཆེན་དང་སེམས་ཁྲིད་བཤད་ལགས་ཀྱང་། །འཕྲལ་གོ་བརྫུའི་ཟོམ་ཟོམ་མ་གཏོགས་པ། །སེམས་རང་ངོ་འཕྲོད་པ་མི་འོང་བས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་རྫོགས་ཆེན་དང་ཐོས་གྲོལ་བཤད་ལགས་ཀྱང་། །འཕྲལ་སྤྱོད་པ་རྩིང་འདྲེ་མ་གཏོགས་པ། །ལམ་ཁྲེགས་ཆོད་བགྲོད་མཁན་མི་འོང་བས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་གཅོད་ཁྲིད་དང་གསང་སྤྱོད་བཤད་ལགས་ཀྱང་། །འཕྲལ་ཟ་ཕྱིར་དུ་ཐོབ་རྫོས་མ་གཏོགས་པ། །རྐྱེན་ལམ་དུ་སློང་མཁན་མི་འོང་བས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་གྲྭ་མང་གི་མགོ་ཕུ་བྱས་ལགས་ཀྱང་། །འཕྲལ་སྣང་ཤེས་ཀྱི་འདུ་ཚོགས་མ་གཏོགས་པ། །ཕུགས་ཆོས་དང་མཐུན་པ་མི་འོང་བས། །འཕྲལ་བསྒྲུབ་པ་


CMR048_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མཐའ་རུ་འདོན་ན་བསམ། །རྗེ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །བདག་བསམ་པ་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡོན་བདག་དཔོན་རིགས་འགའ་ཕུག་སྒོ་ན་མཇལ་དུ་བྱུང་ནས་ཁྱེད་འདི་ལྟར་བཞུགས་པ་བས་ཁྲིད་ཆུང་རེ་བཙུགས་ན་ཕན་ཆེ་ཟེར་བར་སྨྲས་པའོ། །ཨ་རཱ་གས་སོ།། ༈ །།རྗེ་བཙུན་བླ་མ་རིན་པོ་ཆེ་ཀརྨ་རཱ་ག་ཨ་སྱས་བལ་པོའི་སྒོམ་ཆེན་ལ་གདམས་པ་རྣམ་ཐར་གྱི་ཚུལ་གྱིས་གསུངས་པའི་མགུར་བཞུགས་སོ།། ན་མོ་གུ་རུ། བསམ་ཆུང་བདག་གི་བསམ་ཚུལ་འབྲས་མེད་འགའ། །ཉེ་རིང་བུ་ལ་ཁ་ནས་གླེང་བར་སྤྲོ། །འགྲོ་དྲུག་ནང་ནས་དལ་འབྱོར་མི་ལུས་ཐོབ། །བླ་མར་བཟུང་དུ་རུང་བའི་སྲས་སུ་གྱུར། །དྲུག་ལ་ཡི་གེ་དགུ་ནས་བསྐྱེད་རིམ་བསྒོམ། །དབུལ་པོར་སྐྱེས་ཀྱང་སྐལ་པ་བཟང་ངོ་བསམ། །བཅུ་དགུའི་བར་དུ་ཕ་ཇོའི་ཆོས་ལུགས་བསྐྱངས། །བར་སྐབས་མཚམས་སྒྲུབ་སྐབས་འགར་རིག་གནས་སྦྱངས། །གྲོང་ནག་འགྲིམ་ཡང་གྲོང་པའི་ཆོས་མ་གོས། །ཆུང་ནས་རབ་བྱུང་གཙང་བཙུན་ཡིན་ནོ་བསམ། །ལོ་ཤས་གནས་རི་བསྐོར་ཞིང་གྲྭ་ས་འགྲིམ། །གྲྭ་སྐོར་མཁས་པའི་མིང་སྙན་མ་ཐོབ་ཀྱང་། །སློབ་གཉེར་ཡེངས་མེད་སྒྲིག་དང་


CMR048_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་མེད་བྱས། །གྲྭ་རྐྱང་ཆོས་མཐུན་ཉམ་ཆུང་ཡིན་ནོ་བསམ། །རིག་གནས་ཤེས་བྱ་གང་ལ་ཡང་འབྲེལ་པ་བཞག །ཤེས་རབ་ཆེ་ཞེས་ཀུན་གྱིས་ཡིད་སྨོན་བྱེད། །གཅིག་ལ་མཁས་མཐར་ཕྱིན་པ་མ་བྱུང་ཡང་། །བློ་གསལ་མང་དུ་ཐོས་པ་ཡིན་ནོ་བསམ། །རབ་བྱུང་དགེ་ཚུལ་བསྙེན་པར་རྫོགས་པ་ཞུས། །རྩ་བ་བཞི་པོ་འཕྱུག་མེད་སྲོག་ལྟར་བསྲུང་། །ཕྲ་ཞིབ་འཆལ་ལ་གསོ་སྦྱོང་བྱིན་གྱིས་བརླབས། །སོ་ཐར་ཁྲིམས་ལྡན་དགེ་སློང་ཡིན་ནོ་སྙམ། །འགྲོ་དྲུག་ཕ་མར་གོ་ནས་སེམས་བསྐྱེད་བླངས། །དགེ་བ་གང་བྱེད་འགྲོ་བ་སྤྱི་ལ་བསྔོས། །བྱམས་དང་སྙིང་རྗེ་བཏང་ལེན་ཅི་ནུས་འབད། །བྱང་སྡོམ་བརྒྱུད་ལྡན་སེམས་དཔའ་ཡིན་ནོ་བསམ། །དབང་བཞི་ཞུས་ནས་སྣང་སྲིད་ལྷ་སྐུར་གོ །བསྐྱེད་རིམ་བཟླས་བརྗོད་རྒྱུན་གཏོར་དུས་གཏོར་དགའ། །ཉམས་རྨིས་རྟགས་དང་ལས་ཚོགས་ཕྲན་བུ་འགྲུབ། །མ་ཧཱ་ཡོ་གའི་རྣལ་འབྱོར་ཡིན་ནོ་སྙམ། །རྡོ་རྗེའི་ལུས་དང་སེམས་ཀྱི་གནས་ལུགས་གོ །རྩ་རླུང་ཐིག་ལེར་མོས་པ་ལམ་དུ་བྱས། །ཀུན་བྱང་ཆུབ་སེམས་ལ་གཅེས་སྤྲས་བཟུང་། །ཨ་ནུ་ཡོ་གའི་རྣལ་འབྱོར་ཡིན་ནོ་བསམ། །འཁོར་འདས་གདོད་ནས་རྣམ་


CMR048_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཆོས་སྐུར་གོ །བདེ་གསལ་མི་རྟོག་མྱོང་བ་རྒྱུད་ལ་སྐྱེས། །ཐ་མལ་མ་བཅོས་རྗེན་པའི་ཟབ་གནད་རིག །ཨ་ཏི་ཡོ་གའི་རྣལ་འབྱོར་ཡིན་ནོ་བསམ། ཀུན་རྫོབ་དོན་དམ་བདེན་གཉིས་ཟུང་འཇུག་གོ །ཐབས་ཤེས་གཅིག་གྲོགས་གཅིག་བྱེད་གནད་ཟབ་ཤེས། །འབྲས་བུ་སྐུ་གཉིས་འབྱུང་ཚུལ་ལེགས་པར་ཐོབ། །དབུ་མ་ཆེན་པོའི་རྣལ་འབྱོར་ཡིན་ནོ་བསམ། །གཞི་ཤེས་བདེ་གཤེགས་སྙིང་པོའི་གནད་གསང་གོ །ལམ་ཤེས་སྟོང་ཉིད་སྙིང་རྗེ་ཟུང་དུ་ཆུད། །རྣམ་མཁྱེན་འབྲས་བུའི་ཡོན་ཏན་རྒྱ་ཆེར་ཐོབ། །ཕ་རོལ་ཕྱིན་པའི་རྣལ་འབྱོར་ཡིན་ནོ་བསམ། །གཞི་ཡི་གནས་ལུགས་འཁོར་འདས་དབྱེར་མེད་གོ །ལམ་གྱི་བགྲོད་ཚུལ་རིག་སྟོང་དབྱེར་མེད་རྟོགས། །འབྲས་བུའི་ཐོབ་ཚུལ་ཐོབ་བྱ་བྲལ་བར་གོ །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཡིན་ནོ་བསམ། །ཡོན་ཏན་མེད་པ་ང་རྒྱལ་ལྷག་པར་ཆེ། །ངན་པ་རྣམས་ནི་རང་མཐོང་གནམ་བས་ཆེ། །ངན་པས་རང་བསྟོད་དེ་འདྲ་སྨྲས་ན་ཡང་། །སྐྱོན་གྱི་ཆ་ཡང་ཤིན་ཏུ་མང་ངོ་བསམ། །གནས་མདོ་ཁྱི་ནག་གྲེ་ཁུང་ས་ཆ་འདིར། །ཕ་ཡུལ་ཡིན་ཞེས་ཤོར་དོགས་ཤི་སྤར་འཐམ། །འདི་འདྲ་


CMR048_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་པའི་སྤྱོད་པ་མ་ཡིན་ཞེས། །དེ་འདྲ་གཞན་གྱིས་གླེང་ཞིང་རང་ཡང་བསམ། །ཕ་ཡུལ་བདུད་ཀྱི་བཙོན་ར་ཆགས་སྡང་འཕེལ། །མི་རྩིས་ཆུང་ཞིང་དད་མེད་མཚང་དགུ་ཀློག །མི་ཚེ་འདི་ན་སྐྱེལ་བའི་བསམ་པ་མེད། །ཕྱོགས་མེད་ཡུལ་དུ་འགྲོ་དོན་བྱའོ་སྙམ། །འབྲི་སྟག་ས་འབྲུག་སྐྱེས་ཆེན་དཔག་མེད་རྣམས། །འཁྲུངས་ཡུལ་ཉིད་དུ་དོན་གཉིས་ལྷུན་གྱིས་གྲུབ། །ཕ་ཡུལ་ཡིན་ཡང་མི་དགེ་སྤོང་བྱེད་ཅིང་། །དམ་ཆོས་བསྒྲུབས་ན་ཉེས་པས་མི་དགོས་བསམ། །ཁམས་པས་ཏི་སེ་བཟུང་ནས་འབྲི་འབྲུག་རྩོད། །ཀོང་པོས་འབའ་བློབཟུང་ཤི་བསད་འཁྲུག་པ་བསླང་། །སྤྱོད་ལམ་དམ་པའི་ཆོས་དང་མ་མཐུན་ན། །ཕ་ཡུལ་སྤངས་ཀྱང་དམ་ཆོས་མ་ཡིན་བསམ། །ཉེ་དུ་རྣམས་ནི་འཁོར་བའི་བཤལ་ཐག་ཡིན། །དཀོར་གྱིས་ཉེ་དུ་གསོས་ན་གཉིས་ཀ་ཕུང་། །ཉེ་དུས་བསྐོར་བ་དམ་པའི་ཆོས་དང་འགལ། །འདི་འདྲ་གཞན་ཡང་གླེང་ཞིང་རང་ཡང་བསམ། །རྒྱུ་ཡི་ཟོས་ལན་དཀོར་གྱིས་གསོད་པ་དང་། །རྣ་མེད་གཞུང་མེད་ངོ་ཚ་སྤང་བའི་ཕྱིར། །ངོ་བྲིད་ཅུང་ཟད་ཙམ་རེ་མ་གཏོགས་པ། །ཉེ་དུར་དོན་མེད་དཀོར་ནག་མི་སྦྱིན་བསམ། །ཕ་དང་མ་ནི་དཀོན་མཆོག་བཞི་


CMR048_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས། །ས་བཅུའི་སེམས་དཔའ་ཞིག་དང་མཉམ་གསུང་ཕྱིར། །དཀོར་སྒྲིབ་རང་གིས་སྦྱངས་བའི་ཟས་གོས་ཀྱིས། །ནམ་འཚོ་བར་དུ་བཀུར་སྟི་བྱའོ་སྙམ། །རྒས་པའི་ནད་དང་གཅོས་པའི་གདོན་གྱིས་ཟིན། །མི་རྩོད་ཁྱི་འཁོན་གྲྭ་ས་ཆགས་མི་འཇུག །ཁ་མང་སྤྱོད་ངན་སྔོ་ལོ་འཕྱར་ན་ཡང་། །བརྡེག་ཚོག་ཚིག་ངན་ཡི་ཆད་མི་རུང་བསམ། །འབྲི་འབྲུག་ས་སྟག་གཏེར་སྟོན་ཐམས་ཅད་ཀྱང་། །རུས་དབོན་སྣག་དབང་མུ་ཏིག་སྟར་བརྒྱུན་བཞིན། །ཅུང་ཟད་ཆོས་དང་འཇིག་རྟེན་འོང་སྙམ་པས། །ཉེ་དུས་བསྐོར་ཡང་ཆོས་དང་མི་འགལ་བསམ། །བདག་ནི་ཆོས་ཕག་གཟན་ཚོལ་དཀོར་སྒྲིབ་ཆེ། །དད་ཟས་གྲིབ་ཟས་མང་པོའི་རྒྱ་མཚོར་ལྟུང་། །ཤི་ཤོག་གསོན་ཤོག་མང་པོའི་གཏིང་རྡོ་བཏགས། །ཐར་བར་དཀའ་ཞེས་རང་གཞན་གཉིས་ཀས་བསམ། །ལོ་དགུ་ལོན་ནས་མི་ཟས་དཀོར་ལ་འབགས། །མི་ཚེའི་ཕྱེད་ལ་ཡོན་ཏན་བཙོང་ཟོས་ཀྱང་། །སྦྱོར་དངོས་རྗེས་ཚང་རྒྱལ་བའི་བཀའ་བཞིན་བསྒྲུབས། །རྫུན་དང་མགོ་བསྐོར་སྒྲིབ་པ་མེད་དོ་བསམ། །འཁོར་ལོས་སྒྱུར་རྒྱལ་ལྔ་བརྒྱའི་བསོད་ནམས་ཚོགས། །སྟོན་པས་ཉན་ཐོས་


CMR048_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་འཚོ་བར་བསྔོས། །ཚུལ་ཁྲིམས་ལྡན་རྣམས་འཚོ་བས་མི་འཕངས་པ། །ཐུབ་པའི་དབང་པོའི་ཐུགས་རྗེ་ཡིན་ནོ་སྙམ། །རྫུན་དང་ཟོབ་ཀྱིས་མི་མགོ་བསྐོར་བ་དང་། །དགེ་འདུན་ནོར་ལ་ཐུག་ཐུབ་སྤྱོད་པ་རྣམས། །ལྕགས་ཀྱི་ཐུ་ལུམ་མེ་འབར་ཟ་བ་སྟེ། །དེ་འདྲའི་དཀོར་སྒྲིབ་བདག་ལ་མེད་དོ་སྙམ། །ཚུལ་ཁྲིམས་འཆལ་ཡང་ཚུལ་ཁྲིམས་ལྡན་བརྫུན་ནས། །དཀོར་ལ་སྤྱོད་ན་ལྷར་བཅས་འཇིག་རྟེན་ལ། །བརྫུན་ཤིང་ཟོས་པའི་སྒྲིབ་པ་འབྱུང་གསུངས་ཀྱང་། །དེ་འདྲའི་དཀོར་སྒྲིབ་བདག་ལ་མེད་དོ་བསམ། །སྤྲུལ་སྐུ་དང་ནི་གྲུབ་ཐོབ་ལ་སོགས་པ། །མན་ལ་ཡིན་པར་རང་གིས་ཁས་བླངས་ནས། །དེ་ཡིས་དཀོར་བསྡུས་བདུད་ལས་རང་གཞན་ཕུང་། །དེ་འདྲའི་དཀོར་སྒྲིབ་བདག་ལ་མེད་དོ་བསམ། །ཚུལ་ཁྲིམས་ལྡན་པས་བདག་པོའི་ཚུལ་དུ་ཟ། །བསྐྱེད་རིམ་འབྱོང་བས་དངོས་གྲུབ་ཚུལ་དུ་ཟ། །རང་རྒྱུད་དུལ་ལམ་ཡོན་ཏན་ཤེས་པ་ལ། །ཐུབ་པས་གནང་ཕྱིར་དཀོར་སྒྲིབ་མེད་དམ་བསམ། །སྐུ་སྐྱེ་མིན་ཞིང་བླ་རྒྱུད་དཔོན་རྒྱུད་མེད། །དགོན་པ་གདན་སའི་ཐོབ་མེད་བྱ་བྲལ་ལ། །འབུལ་བ་ཆེ་དང་བྱང་ཞུས་མི་འོས་ཞེས། །དེ་འདྲ་


CMR048_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་གླེངས་ཤིང་རང་ཡང་བསམ། །སྔོན་བྱོན་བླ་མ་ཆེན་པོ་དེ་དག་ཀྱང་། །དེང་ནས་སྐུ་སྐྱེ་བླ་རྒྱུད་དབོན་བརྒྱུད་ཡིན། །དེ་ཡི་རྒྱབ་ལ་གདན་ས་བླ་བརྒྱུད་བྱུང་། །རང་བྱུང་དེ་འདྲ་བྱུང་ན་མཆོག་ཡིན་བསམ། །ཆོ་ག་ཚང་ཞིང་བསྐྱེད་རིམ་གསལ་བའི་ངང་། །བྱམས་དང་སྙིང་རྗེས་སྒྲིབ་སྦྱོང་རྣམ་ཤེས་སྤར། །བསྔོ་བས་རྒྱས་བཏབ་བསྔོ་ཡིག་རྒྱུན་དུ་བཅང་། །མཚན་བྱང་མ་བཞུས་སྒྲིབ་པ་མེད་དམ་བསམ། །གསོན་ཤོག་རུང་དང་མི་རུང་བདེན་མི་བདེན། །ཟེར་མཁན་ཡོད་ཀྱང་བདེ་མཆོག་རྒྱུད་ནས་གསུངས། །གསུང་བཞིན་བྱས་ལ་བསྔོ་ཡིག་ནང་དུ་བྲིས། །གསོན་ཤོག་བཞུས་པས་སྒྲིབ་པ་མི་འབྱུང་བསམ། །བསྔོ་ཡིག་ཐེབ་ཚད་གཙོར་བྱས་སེམས་ཅན་ཀུན། །རྫོགས་བྱང་མཆོག་ལ་འགོད་པར་སེམས་བསྐྱེད་ནས། །སྨོན་ལམ་བསྔོ་བ་ཕྱིར་ལྡོག་གང་ཐུབ་འབད། །བསྔོ་ཡིག་ཡབ་སྲས་སྤྱན་སྔར་ཨེ་ཕྱིན་བསམ། །སྒྲུབ་པ་བྱེད་པར་འཚོ་བས་ཐབས་ཆགས་ན། །བསྒྲུབ་པ་མི་བཤོལ་དཀའ་ཐུབ་བཅུད་ལེན་བྱ། །དཀོར་སྒྲིབ་ཆུང་ཞིང་ཉམས་འཕེལ་མངོན་ཤེས་འཆར། །དེ་འདྲ་དགོས་དུས་བྱུང་ན་བྱེད་ན་བསམ། །


CMR048_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཡོད་བཞིན་མི་ཟ་ལུས་གདུང་བ། །རྒྱ་ཆེ་རོལ་པར་མུ་སྟེགས་ལུགས་སུ་བཤད། །ཐུབ་པའི་དབང་པོས་མཐའ་གཉིས་སྤོང་བར་གསུངས། །འདུལ་བ་བཞིན་དུ་དུས་སུ་ཟ་ན་བསམ། །འདུལ་བའི་ལུགས་ལ་ཆང་དང་དགོང་གཉིས་སྤོང་། །བྱང་སེམས་ལུགས་བཞིན་ཤ་སྤོང་གདན་གཅིག་བྱ། །དེ་ཡང་སྔགས་ལྟར་ནང་གི་སྦྱིན་སྲེག་སྤྱད། །དེ་ལྟར་ཟོས་པས་སྒྲིབ་མེད་ཚོགས་རྫོགས་བསམ། །དཀོར་མང་བསྡུས་ཤིང་འཇིག་རྟེན་ཟས་སྤངས་ཀྱང་། །རྒྱུ་ཟས་ཆགས་འཛིན་ཡོད་ཕྱིར་སྒྲིབ་པའང་ཡོད། །གསང་སྔགས་ལུགས་ཀྱི་ལྷ་བསྙེན་ལྟུང་བའང་ཕོག །འཇིག་རྟེན་པ་རྣམས་དད་ཀྱང་འབྲས་ཆུང་བསམ། །རང་རྒྱུད་མ་ཐུལ་གཞན་རྒྱུད་ག་ལ་ཐུལ། །དེང་སང་རང་དོན་རྩེ་གཅིག་བསྒྲུབ་པའི་དུས། །རླབས་ཆེན་གཞན་དོན་འགྲུབ་པའི་དུས་ལ་བབ། །ཆོས་འཆད་འཁོར་སྐྱོང་ད་རུང་མ་རན་བསམ། །རང་དོན་གྲུབ་ནས་གཞན་དོན་མ་བྱས་ན། །བྱང་སྡོམ་འཆོར་ཞིང་རྒྱལ་བ་སྲས་བཅས་བསླུས། །ཚེ་མཇུག་དངོས་སུ་འགྲོ་དོན་གང་འགྲུབ་དང་། །མ་འོངས་འགྲོ་དོན་སྨོན་ལམ་འདེབས་སོ་བསམ། །ཕ་ཡུལ་མི་གཅིག་གྲྭ་པ་གཉེར་པ་འགས། །


CMR048_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་དབང་བསྐུར་འཁྲུག་རྩོད་སྡིག་ཚབས་ཆེ། །ངན་དབང་ཆེ་ན་ཉེ་དུ་ཡིན་ན་ཡང་། །མི་དགེ་སྤྱོད་ནས་བཟང་རྒྱུ་མེད་དོ་བསམ། །སྙིང་རིང་བཀའ་བསྒོ་མི་བདེ་ཚིག་གཤིས་གྱོང་། །ཆོས་དང་ཡོན་ཏན་མི་སློབ་དཀོར་ལ་རྔམ། །བླ་མའི་ཡོན་ཏན་མི་གཙང་སྐྱོན་རྣམས་བགྲངས། །དེ་འདྲའི་གྲྭ་པ་མེད་ན་ལེགས་སོ་བསམ། །ཡོན་ཏན་བསླབ་འདོད་བློ་ཕུགས་ཆོས་ལ་གཏད། །བླ་མར་དད་ཅིང་སྙིང་ཉེ་མཆེད་ལ་བྱམས། །ལྐོག་ཐུབ་བློ་ཁེལ་ཚུལ་ཁྲིམས་ངོས་ལྐོག་མེད། །དེ་འདྲའི་གྲྭ་པ་བརྒྱ་སྟོང་ལོང་མོད་བསམ། །སྤྱི་སེམས་མེད་ཅིང་རང་འདོད་ཁོང་དུ་བཅུག །དཀོར་གྱིས་ཉེ་དུ་སྐྱོང་དང་སྒེར་ཟོག་བྱེད། ། །ཆང་དང་བྷ་གའི་རིན་ལ་ནང་ཏི་བཤང་། །དེ་འདྲའི་གཉེར་པ་མེད་ན་ལེགས་སོ་སྙམ། །བླ་མའི་བསྟན་པ་བསམ་ཞིང་སྤྱི་སེམས་ཆེ། །དགྲ་གྱོད་ཁ་མཆུ་ཐབས་ཀྱིས་སྤང་བར་མཁས། །དཀོར་རྣམས་ཆུད་ཟོས་མི་བྱེད་ཆོས་ལ་བཏང་། །དེ་འདྲའི་གཉེར་པ་ཆོས་སྐྱོང་དངོས་ཡིན་བསམ། །བླ་མ་མི་འདོད་ཡོན་ཏན་ཐབས་ཀྱིས་ལེན། །དབང་ལུང་ཐོབ་ནས་ཕྱི་ཐག་དམ་ཚིག་མེད། །བརྒྱུད་པ་གང་མཐོ་འདྲེན་ཞིང་བླ་མ་


CMR048_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གསང་། །དེ་འདྲའི་སློབ་མ་མེད་ན་ལེགས་སོ་བསམ། །དད་པ་དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །རྒྱུད་དུལ་ཤེས་རབ་སྙིང་རྗེ་རྟོགས་པ་ལྡན། །ཆོས་མང་ཐོས་ཀྱང་རང་གི་ཆོས་བརྒྱུད་འཛིན། །དེ་འདྲའི་སློབ་མ་སྙིང་བས་དམར་རོ་བསམ། །སྦྱོར་བ་བྱང་ཆུབ་སེམས་ཀྱིས་ཀུན་སློང་བཟང་། །སྤྱོད་པ་འདུལ་བ་ཁོ་ནར་གཙོ་བོར་འཛིན། །ཉམས་ལེན་བསྐྱེད་རྫོགས་ཟུང་འཇུག་སྒོམ་བྱེད་པ། །འདི་འདྲའི་སྲོལ་འཇགས་བསྟན་པ་དར་རོ་བསམ། །སྙིགས་མའི་དུས་འདིར་གཞན་སྣང་བསྒྱུར་ནུས་པའི། །རྫུ་འཕྲུལ་སྤྲུལ་བསྒྱུར་དངོས་སུ་མི་ནུས་པར། །མྱུར་ལམ་ཕོ་ཉའི་ལམ་སོགས་ཉམས་བླངས་ན། །བསྟན་པ་མེ་མགལ་ཆུར་བཅུག་འདྲའོ་བསམ། །རྒྱ་གར་རྒྱ་ནག་གངས་ཅན་བོད་ཡུལ་དུ། །ངོ་མཚར་གནས་ཆེན་དཔག་མེད་ཡོད་ན་ཡང་། །ཚེགས་ཆེ་འདུལ་བ་འཛིན་པ་འགྲོ་སྟབས་དཀའ། །རྩ་རླུང་བསྒོམ་ན་རང་ལུས་གནས་ཡིན་བསམ། །ཡབ་སྲས་གཏེར་སྟོན་ལ་སོགས་མཇལ་འདོད་ཀྱང་། །འགྲོ་སྟབས་དཀའ་ཞིང་མཇལ་ཡང་ཆོས་ཐོབ་དཀའ། །ཞལ་མཇལ་ཙམ་གྱིས་ཆོས་འདོད་བློ་མི་ཚིམ། །དེ་བས་རྒྱང་ནས་གསོལ་བ་འདེབས་ན་


CMR048_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །དེང་སང་ཕྱོགས་རིས་གཏམ་ལ་ངེས་མེད་ཀྱང་། །གཏེར་ལུང་ཐམས་ཅད་ས་ཕག་གྲོས་བྱས་འདྲ། །རྒྱལ་བ་ཡབ་སྲས་རྫོགས་པའི་སངས་རྒྱས་དངོས། །དེ་ཕྱིར་སྙིང་གི་ཐིག་ལེར་འཆང་ན་བསམ། །ཟབ་ཆོས་ནམ་མཁའི་སྐར་ཚོགས་འདྲ་ན་ཡང་། །ལམ་འདི་ཁོ་ནས་གྲུབ་ཐོབ་གྲངས་མེད་བྱོན། །སྟབས་བདེ་ཉམས་སུ་ལོན་སླ་བཀའ་བབ་ལྡན། །ལྷན་ཅིག་སྐྱེས་སྦྱོར་སྙིང་ལ་འཆང་ན་བསམ། །དབང་ལུང་ཡོན་ཏན་སུ་ལ་འདུག་ན་ཡང་། །ཐབས་ཀྱིས་བླངས་ནས་དམ་ཚིག་མ་ཆག་བྱ། །དགེ་བའི་ཆོས་རྣམས་སྡུད་པའི་ཚུལ་ཁྲིམས་དང་། །བུང་བ་ལྟ་བུའི་སྤྱོད་པ་ཡིན་ནོ་བསམ། །སྣ་ཚོགས་ཐབས་ཀྱིས་བསྒྲུབ་པའི་ཟས་དང་ནོར། །མེད་ན་ཐབས་ཆག་མང་ན་ཕུང་གཞི་འབྱུང་། །ཇི་ལྟ་ཡོད་ཀྱང་ཆོག་ཤེས་སྐྱེ་དཀའ་བས། །ཉེར་མཁོ་ཙམ་ལས་བསོགས་ཆོད་བྱས་ན་བསམ། །དཀོར་རྫས་བསགས་ནས་འབུལ་སྐྱེལ་རི་ཤུ་དང་། །བརྒྱ་འབུལ་ལ་སོགས་དགེ་ཆེན་བྱ་བསམ་ཡང་། །ཐོག་ཏུ་མི་འགྲོ་དགྲ་བོའི་གཡབ་མོ་བྱེད། །དེ་བས་འཕྲལ་འཕྲལ་ཆོས་ལ་བཏང་ན་བསམ། །སློབ་བུས་རྒྱ་མཚོ་ལྟ་བུའི་དཀོར་ནག་བསྡུས། །


CMR048_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གཏད་བཅས་ནས་བདག་མདུན་སྤུངས་ན་ཡང་། །ཡི་དམ་མཆོད་ཅིང་བསྔོ་བའི་རྒྱ་ཡིས་བཏབ། །དཀོར་གྱི་སྒྲིབ་པས་ལྟུང་བར་མི་འགྱུར་བསམ། །དབུལ་ཕོངས་བཀྲེས་སྐོམ་ལྡན་པའི་དུས་བྱུང་ཡང་། །ཚེ་གཅིག་སྒྲུབ་པ་བྱེད་པའི་སློབ་བུ་ལ། །སྒྲུབ་པ་སྐྱུར་ནས་དཀོར་སྡུས་ང་གསོས་ཞེས། །བསྒྲུབ་ལ་བར་ཆད་འོང་བ་མི་སྨྲ་བསམ། །ཉེ་དུ་ཡིན་རུང་མིན་རུང་སློབ་བུ་ཡི། །དཀོར་བསྡུ་ལུགས་གཉིས་ཚོ་འཛིན་གོ་ཆོད་ན། །བདག་ལ་དབང་མེད་ཁོ་དབང་ཆེའོ་ཞེས། །མི་ངན་ཕལ་པའི་གཏམ་འདི་མི་སྨྲ་བསམ། །འཇིག་རྟེན་མཐུན་འཇུག་བསམ་བློ་ཆེ་མི་དགོས། །ཆོས་མིན་བྱ་རྒྱུ་མེད་པར་ཟོལ་བདེ་རུ། །འདུག་དུས་འདི་ལ་ཐུགས་དམ་མ་འཕེལ་ན། །ཐུགས་དམ་འཕེལ་དུས་ནམ་ཡང་མི་འབྱུང་བསམ། །མངོན་ཤེས་མེད་ཀྱང་མདོ་རྒྱུད་དཔང་བཞག་ན། །ལུས་འདི་བོར་ནས་བདེ་ཆེན་ཞིང་དུ་སྐྱེ། །དེ་ནི་སྲིད་པ་ཐ་མའི་བྱང་སེམས་ཡིན། །དེ་བས་འཚངས་ཆེ་ལམ་མྱུར་མེད་དོ་བསམ། །བདག་དང་བློ་མཐུན་བདག་གཞན་སུས་སྤྱོད་པ། །ཚེ་འདིར་འགྲོ་བས་བཀུར་ཞིང་བསྟན་ལའང་ཕན། །ཕྱི་མ་བདེ་ཆེན་ཞིང་དུ་མཉམ་དུ་སྐྱེ། །དེ་དག་བདག་


CMR048_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གི་སློབ་མ་ཡིན་ནོ་བསམ། །བདག་དང་མི་མཐུན་འགལ་བར་སུས་སྤྱོད་པ། ཡང་ན་རབ་བྱུང་ཡང་ན་ཐ་མར་ལྟུང་། །འབྲིང་པོ་དོར་བས་བཟང་ངན་ལུང་སྟོན་དཀའ། །དེ་ཡང་དུས་ཀྱི་ཐ་མར་ཉེ་འོ་བསམ། །བདག་གི་བསམ་པ་དྲུག་ཅུ་རེ་གསུམ་པོ། །དགེ་སློང་སྒོམ་ཆེན་ཞིག་གི་རྣམ་ཐར་ཚང་། །ཉམས་སུ་སུ་ཡིས་བླངས་ཀྱང་ལོན་ངེས་པས། །ཉམས་དང་བསྟུན་པའི་དྲང་གཏམ་ཡིན་ནོ་བསམ། །དེ་སྐད་ས་གའི་ཚེས་ལྔ་སྔ་དྲོར་བྲིས། །རཱ་གའི་མིང་ཅན་དགེ་སློང་རྒན་པོ་ཡི། །ལུས་པོ་ཟུང་ཟད་བདེ་བའི་ཁམས་དྭངས་ནས། །བལ་པོ་སྒོམ་ཆེན་དེ་ལ་སྤྲིང་བའོ།། ༈ །།ཨོ་རྒྱན་རིག་འཛིན་ལ་གདམས་པ་བཞུགས་སོ། །ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། ཡིད་གཞུངས་བློ་གསལ་དད་ལྡན་བུ་ཁྱོད་ལ། །བསླབ་བྱ་མི་དགོས་ཇི་བཞིན་ཤུགས་ལ་རྟོགས། །འོན་ཀྱང་ཅུང་ཟད་འཕྲལ་དུ་གང་དྲན་བརྗོད། །རང་ཉིད་མཐའ་མེད་འཁོར་བའི་རྒྱ་མཚོ་ནས། །ཐར་ཐབས་ད་རེས་ཁོ་ནར་བསྒྲུབ་པ་ལ། །གཞན་ལ་ཡུས་དང་ཁོང་ལོང་སྤང་བ་གཅེས། །འགལ་རྐྱེན་མང་ཞིང་ཉོན་མོངས་དབང་བཙན་ན། །ཚུལ་ཁྲིམས་མིག་འབྲས་བཞིན་དུ་


CMR048_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་འདི། །ངན་འགྲོའི་མཚོ་ལས་སྒྲོལ་བའི་གྲུ་དང་གཟིང་། །ཚུལ་ཁྲིམས་བསྲུང་བའི་ཡུས་དང་ང་རྒྱལ་སྤོངས། །མི་སྙན་ཚིག་དང་མི་འོས་བྱ་བ་ལ། །བཟོད་པ་བསྒོམ་པ་ཆོས་ཀྱི་སྙིང་པོ་ཡིན། །ལན་དགུའི་བར་དུ་བཟོད་པ་ཅི་ནུས་བསྒོམ། །ཅུང་ཟད་ཙམ་ལ་ངན་སྔགས་སྦྱོར་བ་སྤོངས། །དཀོར་སྒྲིབ་མེད་པའི་རང་ཟས་བདུད་རྩི་མཆོག །ཉམས་རྟོགས་འཕེལ་ཞིང་རྟགས་མཚན་མི་སྒྲིབ་གསལ། །ས་ཐོབ་རྣམས་ཀྱང་རྟགས་མཚན་དཀོར་གྱིས་འགག །དཀོར་ལ་ཟ་འདོད་རློམ་སེམས་སྤང་བ་གཅེས། །རང་འཚོ་ཙམ་གྱི་ལོངས་སྤྱོད་མི་འཕོངས་ཀྱང་། །སེར་སྣས་བཅིང་ནས་བཟའ་བཏུང་མི་བྲ་ན། །སྦྲང་མའི་རྩི་བཞིན་སུས་སྤྱོད་ཅི་ཆ་ཡོད། །སེར་སྣ་དཀའ་ཐུབ་ཡིན་པ་མི་དགོངས་འཚལ། །དེང་སང་ཚེ་ཚད་བཞི་བཅུ་ཁ་རལ་གསུངས། །དེ་ལ་ཉི་ཤུ་རྩ་ཐོག་གཉིད་ཀྱིས་བཅད། །ལོ་གསུམ་བསྒྲུབ་ཀྱང་ཟླ་བ་བཅུ་དགུ་གཉིད། །ལོ་གསུམ་བསྒྲུབ་གཉུག་རིང་བའི་སྐྱོ་དུབ་སྤོངས། །ལེགས་ལེགས་མཁོ་མཁོ་འདྲ་བའི་དཔེ་ཆ་ཡང་། །མི་ཚེར་བྲིས་ཀྱང་འཛད་མེད་ཇོ་ཇོ་མང་། །དཔེ་བྲལ་དོན་གཅིག་སེམས་ལ་མ་འགྲོགས་ན། །འཆི་དུས་དཔེ་ཆ་


CMR048_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་དུ་ལུས་པར་སོམས། །ད་ལྟ་ལུས་སེམས་བདེ་ཞིང་མཐུན་རྐྱེན་འཛོམ། །རྩ་རླུང་དར་བབ་དབང་པོ་གསལ་དུས་འདིར། །ཉམས་ལེན་རྡོ་རུས་མི་གཏུག་སོ་གསོད་ཙམ། །མ་འོངས་ཉམས་ལེན་བྱེད་སྙམ་འཁྲུལ་པར་སོམས། །ཉམས་ལེན་ཧ་ཅང་མི་བཤོལ་ངང་ཉིད་ནས། །བྲི་འདོན་ཕྱག་དང་ཚ་ཚ་ཆུ་སྦྱིན་སོགས། །རྩལ་སྦྱོང་ཚོགས་གཉིས་ཟུང་འཇུག་ཡིན་པའི་ཕྱིར། །འདུས་བྱས་དགེ་བ་ཁྱད་དུ་མི་གསོད་འཚལ། །གལ་ཏེ་བསྐྱེད་རྫོགས་ཉམས་ལེན་བཤོལ་ན་ནི། །འདུས་བྱས་དགེ་བ་མ་ལྕོགས་ན་ཡང་རུང་། །བསྐྱེད་དང་རྫོགས་དང་བསྐྱེད་རྫོགས་ཟུང་འཇུག་གསུམ། །གང་རུང་ཞིག་དང་མ་བྲལ་སེམས་ལ་འཆོང་། །གཞན་སྣང་འགྱུར་བའི་རྟེན་འབྲེལ་ལ་བསྟེན་ནས། །ཤུགས་ཀྱིས་འཚོ་བ་བྱུང་བ་དགག་མེད་དགོས། །ཞེན་ཆགས་མེད་པར་ནང་གི་སྦྱིན་སྲེག་འབུལ། །དཀོར་ལ་འཛེམ་སྐད་ཇོ་བརྫུའི་སྨྲ་བ་སྤང་། །རྩ་རླུང་དར་བབ་བཟའ་བཏུང་བཅུད་ལྡན་པས། །ཁམས་རྒྱས་ཆགས་པའི་བསམ་སྦྱོར་རྒྱས་སྲིད་ན། །རང་གཞན་ལུས་འདི་མི་གཙང་ཕུང་པོ་སྟེ། །ཆུ་གཅིན་རྣག་ཁྲག་ཕུང་པོ་ཡིན་ཚུལ་དཔྱད། །རོ་རུལ་ཀེང་


CMR048_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཉིད་དང་ཁྱད་མེད་བསྒོམ། །ཡང་ན་རང་ཉིད་ཡི་དམ་ཡབ་ཡུམ་བསྒོམ། །དམིགས་པ་འཁྲུལ་འཁོར་རླུང་གིས་བྱང་སེམས་དབབ། །རྩ་གནས་བཞི་པོར་དགའ་བཞིའི་ངོས་བཟུང་ནས། །ཐེག་ལེ་མི་གཏོང་གྱེན་ལྡོག་སྤྱི་བོར་བསྟིམ། །རྒྱུན་གྱི་ཉམས་ལེན་མ་ཡེངས་དྲན་རྫི་སྟེ། །ཡེངས་ན་འཁྲུལ་པ་མ་ཡེངས་ཡེ་ཤེས་ཉིད། །མ་ཡེངས་ངང་ནས་ཅི་བྱེད་ཟག་མེད་ལམ། །རྒྱུན་དུ་དལ་བུས་སྤྱོད་ལམ་ཀུན་དང་བསྲེ། །གཟུགས་སྒྲ་དྲི་རོ་གང་ཤར་དེ་དང་བསྲེ། །ཁྱི་སྒྲ་ཀུ་ཅོ་མི་སྙན་ཟེ་རེ་སོགས། །སེམས་ལ་གནོད་ཚབས་གང་ཆེ་དེ་ཉིད་ལས། །ཆེད་དུ་བསྲེ་ཞིང་ངོར་ལྟ་བོགས་འདོན་མཆོག །འོད་གསལ་མི་རྟོག་ཉམས་བཟང་ཅི་ཤར་ཡང་། །ཆགས་ཞེན་སྤོངས་ལ་དེ་ཡི་ངོ་བོར་ལྟ། །བྱིང་རྒོད་མི་བདེའི་ཉམས་ངན་ཅི་ཤར་ཡང་། །དེ་ཡི་ངོ་བོ་ལྟ་བ་གེགས་སེལ་མཆོག །སྐབས་སུ་ཐུན་བཞི་ལ་སོགས་གསོལ་འདེབས་ལ། །རྒྱང་འབོད་གང་ཤེས་རྣལ་འབྱོར་རང་གདངས་བྱ། །རྒྱུན་དུ་དཀོན་མཆོག་ཀུན་འདུས་པད་འབྱུང་ལ། །ཅི་མཛད་ཁྱེད་ཤེས་བློ་བཀལ་གདུང་ཤུགས་བསྐྱེད། །སྐབས་སུ་མ་གཏོགས་འགྲོ་ལ་སྙིང་རྗེ་བསྐྱེད། །རང་ཉིད་དམ་


CMR048_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྒྲུབ་པའི་དགའ་བ་བསྒོམ། །ཐུན་མཇུག་བསྔོ་བ་སྨོན་ལམ་རྒྱ་ཡིས་བཏབ། །དེ་ལྟར་ཉམས་སུ་བླངས་ན་གཏན་བདེ་འགྲུབ། །དེ་ལྟར་རཱ་གའི་མིང་གིས་འཕྲལ་ཉིད་བྲིས། །ཨོ་རྒྱན་རིག་འཛིན་ཉམས་ཀྱི་གསལ་འདེབས་མཛོད། ། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།no next