Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
ཤོག་ལྷེབ་ ༡ ནས་ ༡༦ བར།
   
   
   
   
   
   
  collapse section
   
   
   
   
   


 
no previousཤོག་ལྷེབ་ ༡ ནས་ ༡༦ བར།next

ཤོག་ལྷེབ་ ༡ ནས་ ༡༦ བར།


CMR049_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་ཉམས་ཀྱི་བྱེ་བྲག་ལས་བྱུང་བའི་ཚིགས་སུ་བཅད་པ་སྣ་ཚོགས་པ་རྣམ་པ་མང་པོ་ཡི་གེར་བཀོད་པ་དག་བཞུགས་སོ།


CMR049_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་ཉིད། །སྙིགས་དུས་འགྲོ་བའི་དོན་དུ་སྤྲུལ་པའི་སྐུ། །བསྟན་པའི་རྒྱལ་མཚན་འགྲོ་བའི་སྐྱབས་གཅིག་པོ། །སྐྱབས་གནས་སྤྲུལ་སྐུ་ཆེན་པོའི་ཞབས་དྲུང་དུ། །སྒོ་གསུམ་གུས་པས་ཐལ་སྦྱར་ཞུ་བ་ནི། །དེང་སང་སྐུ་ཡི་དཀྱིལ་འཁོར་རབ་རྒྱས་ཤིང་། །ཕྲིན་ལས་འོད་སྟོང་ཀུན་ཏུ་རབ་འཕྲོས་པས། །ཐུབ་བསྟན་མཛེས་པའི་དཔལ་དུ་བཞུགས་ཐོས་པས། །བདག་ཡིད་རབ་ཏུ་དགའ་བའི་དཔལ་འབྱོར་རྒྱས། །སླར་ཡང་སྙིགས་དུས་ཐུབ་བསྟན་ཉམས་དམའ་ཞིང་། །འགྲོ་བར་སྡུག་བསྔལ་བར་ཆད་རྐྱེན་མང་


CMR049_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ལྷག་པར་ཐུགས་རྗེའི་དཔུང་ཆེན་ཆེར་བསྐྱེད་ནས། །ལོ་བརྒྱའི་བར་དུ་བཞུགས་པར་གསོལ་བ་འདེབས། །སྐབས་ཞུས་རྨོ་དང་གཙུག་ཕུའི་གཟིམས་ཁང་ལ། །ན་ཉིན་ལོ་ནས་ཁང་ལས་ལེགས་པར་ཚར། །རྟོགས་ལྡན་རྣམས་ཀྱང་ཐུགས་དམ་འཕེལ་བར་ཡོད། །བདག་ཀྱང་སྐྱབས་གནས་ཉིད་ཀྱི་ཆགས་ཕྱི་དང་། །བསྟན་ལ་གང་ཕན་སྒྲུབ་སྡེ་ཁ་གསོ་དང་། །ཆོས་ར་འབུལ་སྒང་ཟང་ཟིང་མཆོད་པ་སོགས། །དགོས་ཚུལ་ཤེས་ཤིང་སེམས་བསྐྱེད་མི་ཆུང་ཡང་། །རེ་ཞིག་དུས་ཀྱི་དབང་གིས་སྟབས་མ་བདེ། །མ་འོངས་པ་ན་བསྒྲུབ་པའི་སྨོན་ལམ་ཞུ། །དེ་


CMR049_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སླད་ཟང་ཟིང་འབུལ་བ་མི་འཇོག་ཀྱང་། །ད་ནི་རྩེ་གཅིག་བསྒྲུབ་པའི་མཆོད་པ་འབུལ། །དེང་ནས་བཟུང་སྟེ་ཇི་སྲིད་འཚོ་ཡི་བར། །ཚེ་འདིའི་བྱ་བ་སྒྲུབ་པ་བློས་བཏང་ནས། །བྱང་ཆུབ་དོན་དུ་གཉེར་བའི་དམ་བཅའ་འབུལ། །ཚེ་འདིའི་ལྟོ་གོས་གཏམ་ལ་གྱོང་བསྐུར་ནས། །སྒྲུབ་པ་སྙིང་པོར་བྱེད་པའི་དམ་བཅའ་འབུལ། །ལྟོ་ཕྱིར་གྲོང་ཆོག་འདྲེ་འདུལ་མི་བྱེད་ཅིང་། །གྲོང་ནག་ཐེམ་པ་སྤང་བའི་དམ་བཅའ་འབུལ། །དབེན་པར་སོ་གསོད་ལྐོག་ཉལ་མི་བྱེད་པར། །བསྒྲུབ་ལ་བརྩོན་འགྲུས་བསྐྱེད་པའི་དམ་བཅའ་འབུལ། །བློས་བྱས་ཡིད་དཔྱོད་ལྟ་བ་མི་བསྒོམ་པར། །བཅོས་མིན་རང་ཞལ་ལྟ་བའི་དམ་བཅའ་འབུལ། །རྩ་བ་བཞི་པོ་སྲོག་ལྟར་བསྲུང་བ་སོགས། །སྡོམ་གསུམ་ངོས་ལྐོག་སྤངས་བའི་དམ་བཅའ་འབུལ། །བྱིང་རྒོད་ལ་སོགས་གེགས་སྐྱོན་གང་བྱུང་ཡང་། །མོས་གུས་གནད་དུ་བསྣུན་པའི་དམ་བཅའ་འབུལ། །བློ་མང་རྩབ་རྩུབ་མང་པོ་མི་བྱེད་པར། །སྒྲུབ་པ་གཉུགས་སུ་བསྲིང་བའི་དམ་བཅའ་འབུལ། །རང་དོན་ཞི་བདེའི་བསམ་པ་བློས་བཏང་ནས། །ཅི་བྱེད་གཞན་དོན་བསྔོ་བའི་དམ་བཅའ་འབུལ། །བསྒྲུབས་པས་མཆོད་པའི་


CMR049_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་དགུ་ཚན་འདི། །བར་ཆད་མེད་ཅིང་མཐའ་རུ་ཕྱིན་པར་ནི། །སྤྲུལ་པའི་སྐུ་མཆོག་ཁྱེད་ཀྱིས་བྱིན་གྱིས་རློབས། །ཞུ་ཡིག་གཟིགས་རྟེན་བཀྲ་ཤིས་ཁ་བཏགས་དང་། །རྗེ་ཉིད་ཡུན་རིང་བཞུགས་པའི་རྟེན་འབྲེལ་དུ། །ས་གདན་ལེགས་པ་གཅིག་དང་བཅས་ནས་ཀྱང་། །ཚེས་གྲངས་དགེ་བར་རི་བོའི་ཁྲོད་ནས་ཕུལ། །ཞེས་པ་འདི་དྲུང་པ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་གྱི་དྲུང་ནས་དཔེ་ཆ་དུང་དཀར་ལ་སོགས་གནང་སྦྱིན་གཉེར་པ་ལ་བསྐུར་བྱུང་དུས་ཞུ་ཡིག་ཕུལ་བའོ།། ༈ །།ན་མོ་གུ་རུ་ཨ་མོ་གྷ་པ་ཤ་ཡ། རྗེ་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །ཕ་དྲིན་ཆེན་བླ་མའི་ཞབས་ལ་འདུད། །ངས་བྱུང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལས་གཞན་ཕན་བསྒྲུབ་པར་དམ་བཅས་ཀྱང་། །ཚིག་འཇམ་པོར་སྨྲས་ཀྱང་ཉན་མཁན་མེད། །ངག་རྩུབ་པོར་སྨྲས་ན་ཁོང་ཁྲོ་ལྡང་། །ད་གཞན་ཕན་ཅི་ལྟར་སྨྲ་ན་ཨང་། །ནད་ཚད་པ་གདིང་ནས་རྒྱས་པ་ལ། །ཟས་ཤ་ཆང་སྙོད་པའི་བྱམས་བྱམས་དེ། །སྡང་དགྲ་བོ་གཅིག་གི་དོ་ཟླ་མིན། །འདིས་རིན་ཆེན་སྲོག་དང་འབྲལ་ལོ་ཞེས། །ངག་ཕན་པར་སྨྲས་ཚེ་མི་དགའ་ལྟ། །ལུས་སྲོག་དང་


CMR049_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དུས་འགྱོད་ཀྱང་འཕྱིས། །བློ་གསལ་ན་གཞོན་གྱི་བན་ཆུང་འགའ། །ཡིག་རིས་དང་ཡོན་ཏན་མ་ཤེས་ན། །གོས་བཟང་ཡང་བོང་བུ་རྒྱབ་སེར་ཡིན། །ཅེས་ཕན་པར་སྨྲས་ཚེ་ཀ་ལོང་བྱེད་། །རང་ཤི་རྒས་ལ་ཐུགས་དུས་འགྱོད་ཀྱང་འཕྱིས། །ནོར་འདོད་པས་ཚ་ཁེ་བུན་སྐྱེད་སོགས། །འཕྲལ་དཀའ་ཞིང་གོང་མ་རྣམས་ཀྱིས་ཁྲེལ། །འདི་སྨྲས་ཚེ་མི་དགའི་ངོ་ནག་སྦྱད། །རང་ཆོས་པ་དང་ཚོང་པ་གང་དགའ་སོམ། །རང་ཆོས་ཚུགས་དངསྡོམ་པ་མི་འགལ་བར། །གཉེན་ཉེ་འབྲེལ་དང་ཡོན་བདག་སྐྱོང་ཡང་བཟོད། །རང་ཆོས་ཚུགས་དང་སྡོམ་པ་འགལ་བཞིན་དུ། །ཉེ་འབྲེལ་དང་ཡོན་བདག་བསྐྱང་འདོད་པ། །དེ་ནག་པོ་བདུད་ཀྱི་ཆོ་འཕྲུལ་ཡིན། །འདི་སྨྲས་ཚེ་མི་དགའི་ཅང་སྐད་འབྱིན། །རང་ཀུན་གྱིས་འཕྱ་དུས་འགྱོད་ཀྱང་འཕྱིས། །རང་གཉོམ་ཆུང་གི་མོས་པར་ཁས་བླངས་ནས། །མི་གཞན་ལ་གྱོད་རྩའི་ཕུང་གཞི་བསླབ། །འདི་འགོང་པོ་སྙིང་ལ་ཞུགས་པ་ཡིན། །ཞེ་ཚིག་ངན་སྨྲས་ཚེ་འགྲོ་བསྡིགས་བྱེད། །དོན་རང་གཞན་ཀུན་ཕུང་དུས་འགྱོད་ཀྱང་འཕྱེས། །མི་གཞན་ལ་ཕན་ངེས་ཀྱི་དོན་རིག་ན། །ངག་ཚིག་རྩུབ་སྨྲ་བར་རྒྱལ་བས་གནང་། །


CMR049_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ད་འོན་ཀྱང་མི་མཇེད་འཇིག་རྟེན་ཁམས། །དོན་ཕན་གནོད་གཉིས་པོ་འབྱེད་པར་དཀའ། །ལས་ངན་པ་བསླབས་ན་ཕན་དུ་གོ །ཚིག་ངན་པར་སྨྲས་ན་སྡང་བར་མཐོང་། །ངག་ཡང་ཡང་སྨྲས་ན་ཁོང་ཁྲོ་སྐྱེ། །ད་དེ་བས་དམ་བཅའ་ཚིག་གསུམ་འབུལ། །ངས་སྔོན་ཆད་བློ་སེམས་མི་ངན་ཡང་། །ངག་ཚིག་རྩུབ་གང་སྨྲས་མཐོལ་ཞིང་བཤགས། །བདག་འདི་ཕྱིར་སྒྲིབ་པར་མ་གྱུར་ཅིག །ད་དིང་ནས་ཇི་སྲིད་འཚོ་ཡི་བར། །གྲྭ་སློབ་དང་མཆེད་གྲོགས་སུ་ལ་ཡང་། །ངག་འཇམ་པོས་ཁ་ད་ཞུ་བ་ལས། །ཚིག་རྩུབ་མོ་མི་སྨྲ་དམ་བཅའོ། །རྗེ་བླ་མ་ཡི་དམ་མཁའ་འགྲོ་དང་། །སྐྱབས་དཀོན་མཆོག་གསུམ་པོ་ཐམས་ཅད་ཀྱིས། །ད་དམ་བཅའ་མཐའ་རུ་ཕྱིན་པ་དང་། །བདག་ངག་སྒྲིབ་དག་པར་བྱིན་གྱིས་རློབས། །ཞེས་ཡོན་བདག་དང་གྲྭ་སློབ་འགའ་རེ་ལ་ཤ་ཚས་མ་བཟོད་ནས་ཚིག་རྩུབ་འགའ་རེ་སྨྲ་ཤོར་བ་ལ་མི་དགའ་བའི་རྣམ་འགྱུར་མང་དུ་སྟོན་འདུག་པར་ད་ནས་མི་སྨྲ་བའི་དམ་བཅའ་བྱས་པའོ། །བྷ་ཝནྟུ།། །ན་མོ་གུ་རུ། དཔལ་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །ཕ་འདྲེན་མཆོག་བླ་མའི་ཞབས་ལ་འདུད། །གཞི་ཕྱག་རྒྱ་ཆེན་པོ་ཨ་ལ་


CMR049_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཨེ་མ་ཧོ་སྟེ་ངོ་མཚར་ཆེ། །ཡ་ཀི་རྒྱལ་བའི་ཐུགས་རྒྱུད་དང་། །མ་ཀི་རིགས་དྲུག་གི་འཁྲུལ་སྣང་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག །ཡ་ཀི་བྱང་སེམས་ཀྱི་འགྲོ་དོན་དང་། །མ་ཀི་བདུད་ཀྱི་སྡིག་སྟོབས་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག །ཡ་ཀི་བདེ་ཆེན་གྱི་ཞིང་ཁམས་དང་། །མ་ཀི་དམྱལ་ཁམས་བཅོ་བརྒྱད་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག །ཡ་ཀི་དཀོན་མཆོག་གི་ཐུགས་རྗེ་དང་། །མ་ཀི་ལྷ་འདྲེའི་བར་ཆད་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག །ཡ་ཀི་ལྷ་དབང་གི་དཔལ་འབྱོར་དང་། །མ་ཀི་ཡི་དྭགས་ཀྱི་བཀྲེས་སྐོམ་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག །ཡ་ཀི་འཇམ་དཔལ་གྱི་མཁྱེན་རབ་དང་། །མ་ཀི་དུད་འགྲོའི་གླེན་ལྐུགས་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག །ཡ་ཀི་འཕགས་ཆེན་གྱི་ཞི་དུལ་དང་། །མ་ཀི་ལྷ་མིན་གྱི་རྩུབ་འཁྲུག་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག་ཟོག་ཡིད་བཞིན་ནོར་བུའི་རིན་ཐང་དང་། །རྡོ་ཤི་ཤ་ཅན་གྱི་འདོད་ལུགས་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག །ཡ་ཀི་རྒྱལ་བའི་ཐུགས་རྒྱུད་དང་། །མ་


CMR049_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་རང་གི་སེམས་རྒྱུད་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག །ཡ་ཀི་རྣལ་འབྱོར་རང་སེམས་དང་། །མ་ཀི་འགྲོ་དྲུག་གི་སེམས་རྒྱུད་གཉིས། །དེ་ཆོས་ཉིད་སྟོང་པའི་ངང་དུ་གཅིག །དེ་ཚོ་གཅིག་པའི་གཅིག་ལུགས་ཡིན། །ད་མཚར་བའི་མཚར་ལུགས་འདི་ལྟར་གདའ། །ཡར་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཀྱང་། །ད་ངོ་བོ་བཟང་དུ་མ་སོང་མཚར། །མར་མནར་མེད་ཀྱི་གནས་སུ་བསྲེགས་གྱུར་ཀྱང་། །ད་ངོ་བོ་ངན་དུ་མ་སོང་མཚར། །ལས་དགེ་སྡིག་ཚབས་ཆེན་ཅི་བསགས་ཀྱང་། །དོན་ངོ་བོ་ལ་གོས་པ་མེད་པ་མཚར། །སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །ཁོས་མ་ཁྱབ་ཅི་ཡང་མེད་པ་མཚར། །དེ་གདོད་ནས་ལྷུན་གྱིས་གྲུབ་པ་ལ། །དེ་སུས་ཀྱང་བྱས་པ་མེད་པ་མཚར། །གཟུགས་ངོ་བོ་ཁ་དོག་མ་གྲུབ་ཀྱང་། །ཆོས་ཀུན་གྱི་འབྱུང་གནས་ཡིན་པ་མཚར། །ད་དེ་ཡི་གནས་ལུགས་རྟོགས་པ་ལ། །ད་ལྟ་བ་མིང་དུ་བཏགས་པ་མཚར། །དེས་འཕགས་བཞི་མ་ལུས་བསྐྱེད་པས་ན། །ཡུམ་ཆེན་མོའི་མིང་དུ་བཏགས་པ་མཚར། །དེ་ངོ་བོ་སྟོང་པ་ཡིན་མོད་ཀྱི། །རྣམ་པ་ཅིར་ཡང་འཆར་བ་མཚར། །དེ་སྣང་བ་དང་


CMR049_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དབྱེར་མེད་པས། །གཞི་དབུ་མའི་མིང་དུ་བཏགས་པ་མཚར། །གཅིག་པ་བཅུ་དང་མཚར་བ་བཅུ། །མཚམས་དམ་པོ་འདག་ཆར་བྱེད་པའི་དུས། །གདོན་དང་སྟོང་ཉམས་མི་འབྱེད་པའི། །ཉམས་མཚར་པོ་ཅིག་ཤར་ནས་སྨྲས་པ་ཡིན། །ཤུ་བྷཾ།། ༈ །།ན་མོ་གུ་རུ་ཌཱཀི་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །གསང་བ་ཡེ་ཤེས་ཞབས་ལ་འདུད། །ཚེ་འདིའི་འདུན་མ་བློས་བཏང་ནས། །རྩེ་གཅིག་སྒྲུབ་པ་བྱེད་པའི་ཚེ། །ནུབ་གཅིག་འཁྲུལ་པའི་རྨི་ལམ་ན། །གྲོང་ཁྱེར་བསམ་གྱིས་མི་ཁྱབ་པ། །གྲོང་མཐར་རྒྱ་མཚོ་ཆེན་པོ་འབབ། །སྲུང་འགག་ཤ་དང་དྲི་ཆེན་སོགས། །ནང་གི་བདུད་རྩི་རྣམ་ལྔ་ལ། །མཁའ་ལྡིང་ཀུ་ཀུའི་ཚོགས་ཀྱིས་རོལ། །དེ་དབུས་ཡེ་ཤེས་ཏྟཀི་མ། །འདི་ཡིན་ངོས་བཟུང་མེད་པ་རུ། །སྦས་པའི་ཚུལ་དུ་བཞུགས་སོ་སྐད། །བདག་གིས་དད་པས་ཀུན་ཏུ་བཙལ། །གྲོང་ཁྱེར་དེ་ཡི་དཀྱིལ་སྟོད་ན། །ཁང་བཟང་ཆུང་ངུགཅིག་གི་ནང་། །ཡེ་ཤེས་མཁའ་འགྲོ་བཞུགས་སོ་སྐད། །ནང་དུ་ཕྱིན་པས་མཇལ་བའི་ཚེ། །སྐུ་ཁ་དོག་དབྱིབས་སུ་མ་གྲུབ་པའི། །ལུས་མེད་ཡེ་ཤེས་མཁའ་འགྲོ་མ། །


CMR049_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལྷང་ལྷང་ཆོས་སྒྲ་སྒྲོག་པ་མཇལ། །བདག་ལ་ཆོས་འབྲེལ་གནང་དགོས་ཞུས། །དེ་ཚེ་ཡེ་ཤེས་མཁའ་འགྲོ་མས། །སེང་གདོང་ཌཱཀི་གཏོར་དབང་ནི། །མངོན་སུམ་ལྟ་བུར་གསལ་བར་གནང་། །ཞལ་ཕྱག་གསལ་བར་མ་མཐོང་ཡང་། །གཏོར་མ་མགོ་ལ་འབྱོན་པར་སྣང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། རྗེས་གནང་ལྔ་པོ་སོ་སོ་ལ། །གཏོར་མ་ལྷ་རུ་གསལ་བ་ཡི། །དཔྲལ་བ་མགྲིན་པ་ཐུགས་ཀ་དང་། །ལྟེ་བ་གསང་གནས་ལྔ་པོ་ནས། །སེང་གདོང་ལྷ་མོའི་སྐུ་ཆུང་ངུ་། །དཀར་དམར་མཐིང་སེར་ལྗང་གུའི་ཚོགས། །སྤྲོས་ནས་རང་གི་གནས་ལྔར་བསྟིམ། །དེ་འདྲའི་དམིགས་པ་སྤྱོད་པའི་ཚེ། །མངོན་སུམ་ལྟ་བུར་གྱུར་པ་རྨིས། །རྨི་ལམ་འཁྲུལ་པའི་སྣང་བ་ལ། །བློ་གཏད་མཆོག་འཛིན་མེད་ན་ཡང་། །ཉམས་མཚར་མཚར་འདྲ་ནས་བྲིས་པ་ཡིན། །ཤུ་བྷཾ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡ། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བཀའ་དྲིན་ཅན་གྱིས་བྱིན་གྱིས་རློབས། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །རྨི་ལམ་ཉིད་ནའང་དམ་ཆོས་སྨྲ། །ཨེ་མ་ངོ་མཚར་མི་ཆེའམ། །ངོ་མཚར་བ་


CMR049_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྗེ་ཡི་དྲིན། །བལྟ་རྒྱུ་ཡོད་ན་ལྟ་བ་མིན། །ལྟ་བློ་ཡོད་ན་ལྟ་བ་མིན། །ལྟ་བ་བློ་ལས་འདས་པ་ཡིན། །བསྒོམ་རྒྱུ་ཡོད་ན་སྒོམ་པ་མིན། །བསྒོམ་བློ་ཡོད་ན་སྒོམ་པ་མིན། །བསྒོམ་པ་ཡིད་དཔྱོད་བྲལ་བ་ཡིན། །སྤྱོད་རྒྱུ་ཡོད་ན་སྤྱོད་པ་མིན། །སྤྱོད་བློ་ཡོད་ན་སྤྱོད་པ་མིན། །སྤྱོད་པ་བླང་དོར་བྲལ་བ་ཡིན། །ཐོབ་རྒྱུ་ཡོད་ན་འབྲས་བུ་མིན།་ཐོབ་བློ་ཡོད་ན་འབྲས་བུ་མིན། །འབྲས་བུ་སྐུ་གསུམ་རང་ཆས་ཡིན། །བལྟ་བྱ་ལྟ་བྱེད་རྣམ་རྟོག་ཡིན། །རྣམ་རྟོག་མ་རིག་ཆེན་པོ་ཡིན། །གྲུབ་མཐའི་དགག་བཞག་དགོས་རྒྱུ་ཆུང་། །དོན་སྤྲོས་བྲལ་རྟོགས་ན་ལྟ་བ་ཡིན། །བསྒོམ་བྱ་སྒོམ་བྱེད་རྣམ་རྟོག་ཡིན། །རྣམ་རྟོག་མ་རིག་ཆེན་པོ་ཡིན། །གེགས་སེལ་བོགས་འདོན་དགོས་རྒྱུ་ཆུང་། །ཡེངས་མེད་བསྐྱངས་ན་སྒོམ་པ་ཡིན། །དཔྱད་བྱ་དཔྱོད་བྱེད་རྣམ་རྟོག་ཡིན། །རྣམ་རྟོག་མ་རིག་ཆེན་པོ་ཡིན། །བླང་དོར་སྲུང་མཚམས་དགོས་རྒྱུ་ཆུང་། །ཚུལ་འཆོས་བྲལ་ན་སྤྱོད་པ་ཡིན། །ཐོབ་བྱ་ཐོབ་བྱེད་རྣམ་རྟོག་ཡིན། །རྣམ་རྟོག་མ་རིག་ཆེན་པོ་ཡིན། །ས་ལམ་རྩི་བགྲང་དགོས་རྒྱུ་ཆུང་། །མངོན་དུ་གྱུར་ན་འབྲས་བུ་ཡིན། །རྨི་ལམ་འཁྲུལ་པས་རྐྱེན་


CMR049_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། །ཁ་སྦད་ཁ་པོ་ཆོས་པ་མཐོལ་ལོ་བཤགས། །ཞེས་པ་རྨི་ལམ་དུ་ཆོས་གཏམ་འགའ་བྱས་པས་བསྒོམ་རྒྱུ་ཡོད་ན་སྒོམ་མིན། བསྒོམ་སྙམ་པའི་བློ་ཡོད་ན་སྒོམ་མིན།ཞེས་སོགས་སྨྲས་པ་རྨིས་ཤིང་ཕྱིར་ནངས་ནས་དེ་དང་མཐུན་པའི་ཉམས་ཤིག་སྐྱེས་པ་ལ་བརྟེན་ནས་སྨྲས་པའོ།། ༈ །།ན་མོ་གུ་རུ་བྷ། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྗེ་རྒྱལ་བའི་སྤྱི་གཟུགས་རྡོ་རྗེ་འཆང་། །ཕ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བུ་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །དཔལ་ཏེ་ལོ་སངས་རྒྱས་འགྲོ་བའི་མགོན། །ཕ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བུ་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །བྱང་པུལླ་ཧ་རིའི་དགོན་པ་ན། །རྗེ་ནཱ་རོ་པཎ་ཆེན་ཐུགས་རྗེ་ཅན། །ཕ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བུ་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །ཕ་སྒྲ་བསྒྱུར་ལོ་ཙཱ་བཀའ་དྲིན་ཅན། །


CMR049_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བུ་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ནུབ་ལ་ཕྱི་གངས་ཀྱི་ར་བ་ན། །མ་མཁའ་འགྲོའི་དབང་ཕྱུག་མི་ལ་རྗེ། །ཕ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བུ་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །སྐྱབས་རྒྱལ་བས་ལུང་བསྟན་ལྷ་རྗེ་བ། །ཕ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བུ་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཚུར་མདོ་བོ་ལུང་གི་དགོན་པ་ན། །མཚན་སྙན་པར་གྲགས་པའི་དུས་གསུམ་མཁྱེན། །ཕ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བུ་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་འཁོར་མེད་རྩ་བརྒྱུད་བླ་མའི་ཚོགས། །ཕ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བུ་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཁྱེད་དབང་བཅུའི་


CMR049_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་ཡིན་ལགས་པས། །ཚེ་སྔོན་གྱི་ལས་ངན་ཡོད་ན་ཡང་། །དུས་དེ་རིང་ཁྱེད་ཀྱིས་བཟློག་ཏུ་གསོལ། །རྐྱེན་གློ་བུར་གྱི་བར་ཆད་མཆིས་ན་ཡང་།དུས་དེ་རིང་ཞི་བར་མཛད་དུ་གསོལ། །ཞེས་པ་འདི་དག་གཞན་རྐྱེན་ལ་བརྟེན་པའི་འཇིགས་སྐྲག་འགའ་བྱུང་དུས། ཡི་དམ་ལ་གསོལ་བ་བཏབ་པས་རྨི་ལམ་ན། ཤེར་ཕྱིན་རྒྱས་པ་ཡིན་སྙམ་པའི་གླེགས་བམ་མང་པོ་འདུག་པ་གཅིག་ཞལ་ཕྱེས་པས་མཐིང་ཤོག་ལ་དངུལ་གྱིས་བྲིས་པའི་ནང་ན། རྡོ་རྗེ་འཆང་ཏེ་ལོ་ནཱ་རོ་མར་པ་མི་ལ་དྭགས་པོ་རྣམས་ལ་གསོལ་བ་བཏབ་ན། རྒྱལ་པོའི་འཇིགས་པ་སོགས་འཇིགས་པ་ཐམས་ཅད་སྐྱོབ་པར་འགྱུར་རོ། །ཟེར་བ་གཅིག་འདུག་པས་མར་མི་དྭགས་པོ་སོགས་གསལ་པོ་འདི་འདྲ་སྟོན་པས་གསུངས་ནས་གདའ་ཨང་། སྙམ་ནས་དད་པ་ཆེར་སྐྱེས་པ་རྨིས་པ་ལ་བརྟེན་ནས་རཱ་ག་ཨ་སྱས་གསོལ་བ་བཏབ་པའོ།། །། ན་མོ་གུ་རུ། ཕྱི་ལྟར་མར་པ་ལོ་ཙཱ་བ། །ནང་ལྟར་ཌོམྦི་ཧེ་རུ་ཀ །གསང་བ་དགྱེས་མཛད་ཧེ་རུ་ཀ །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ལྟར་སི་ཏུ་སྤྲུལ་པའི་སྐུ། །ནང་ལྟར་འགྲོ་མགོན་རས་པ་ཆེ། །གསང་བ་རྡོ་རྗེ་བེར་ནག་ཅན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །


CMR049_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ལྟར་ཆོས་ཀྱི་རྒྱལ་མཚན་པ། །ནང་ལྟར་རྗེ་བཙུན་རི་མགོ་བ། །གསང་བ་དམ་ཅན་རྒྱ་མཚོའི་གཙོ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ལྟར་རྒྱལ་སྲས་སྨྱུ་གུའི་ཚུལ། །ནང་ལྟར་ཆོས་ཀྱི་གོ་ཆ་སྟེ། །གསང་བ་དཔལ་ལྡན་མགོན་པོ་ཉིད། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི། །འོག་ཕྱོགས་དམ་ཅན་རྒྱ་མཚོ་ཡི། །གཙོ་བོ་རྡོ་རྗེ་བེར་ཅན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བསྟན་དང་རྣལ་འབྱོར་བདག་ཅག་གི །བར་ཆད་ཐམས་ཅད་བསལ་དུ་གསོལ། །ཕྲིན་ལས་ཐམས་ཅད་བསྒྲུབ་ཏུ་གསོལ། །སྔོན་གྱི་ཐུགས་དམ་མ་གཡེལ་ཞིག །རྟགས་དང་མཚན་མ་དངོས་སུ་སྟོན། །ལེ་ལོ་བཏང་སྙོམས་མ་མཛད་ཅིག །དུས་ལ་བབ་བོ་ས་མ་ཡ། །ཞེས་པ་འདི་ནུབ་གཅིག་རྨི་ལམ་ན་སི་ཏུ་སྤྲུལ་པའི་སྐུ་དང་མཇལ་ནས་མགོན་པོའི་སྲུང་འཁོར་གྱི་སྔགས་ལུང་འདྲ་བ་གཅིག་གནང་ལས་ཚོགས་དཔེ་ཆ་གཅིག་གཏད་ནས། དེ་མ་ཐག་སྤྲུལ་སྐུ་ཉིད་མགོན་པོ་བེར་ནག་ཅན་ཕྱག་བཞི་ཡོད་པ་གཅིག་ཏུ་སྤྲུལ་ནས་བར་སྣང་ན་བཞུགས་པ་གཅིག་མཇལ་བ་ལ་བརྟེན་ནས་ཨ་རཱ་གས་སྨྲས་པའོ།།


no previousཤོག་ལྷེབ་ ༡ ནས་ ༡༦ བར།next