Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
ཤོག་ལྷེབ་ ༡༠༥ ནས་ ༡༧༤ བར།
   
   
   
   
  expand section
   
   


 
previousཤོག་ལྷེབ་ ༡༠༥ ནས་ ༡༧༤ བར།next

ཤོག་ལྷེབ་ ༡༠༥ ནས་ ༡༧༤ བར།


CMR049_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཀྱེ་དགོངས་ཤིག་ཐུགས་རྗེ་ཆེན་པོ་དགོངས། །གསོན་ཅིག་སྤྱན་རས་གཟིགས་དབང་གསོན། །ངན་སོང་གསུམ་གྱི་སྡུག་བསྔལ་འདི། །དྲན་པས་བཟོད་གླགས་མི་གདའ་ན། །སྐྱེ་རྒ་ན་འཆི་སྡུག་བསྔལ་གྱི། །སེམས་ཅན་ཐམས་ཅད་རྒྱུན་དུ་མནར། །ལྷ་བས་ལྷག་པའི་མི་ལུས་ཀུན། །དུས་ངན་དབང་གིས་བདེ་སྐབས་མེད། །ང་ཡི་ཕ་མ་དྲིན་ཆེན་ཚོ། །ཇི་ལྟར་བྱས་པས་བདེ་ཐུབ་ཨང་། །འགྲོ་བ་སེམས་ཅན་བདེ་ཐུབ་ན། །ང་ནི་མནར་མེད་དམྱལ་བ་རུ། །བསྐལ་པར་སྡོད་དགོས་བྱུང་ཡང་བཟོད། །བདག་གིས་དུས་གསུམ་དགེ་བསགས་པ། །སེམས་ཅན་ཀུན་གྱིས་ཐོབ་ནས་ཀྱང་། །རྟག་ཏུ་བདེ་སྐྱིད་ལྡན་གྱུར་ཅིག །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྡིག་དང་སྡུག་བསྔལ་མ་ལུས་པ། །ཐམས་ཅད་ལྷག་མེད་བདག་གིས་ཁུར། །ང་ཡི་བསམ་པ་འདི་ལགས་སོ། །ཐུགས་རྗེ་ཆེན་པོའི་ཐུགས་དམ་ཡང་། །དེ་ལྟར་ལགས་པས་ལྷ་ཁྱེད་དང་། །མི་དང་དམ་ཚིག་མི་གཅིག་གམ། །གཅིག་ན་བདག་ལ་ཐུགས་རྗེས་གཟིགས། །ད་རེས་རྒད་པོ་འཆི་ཁ་འདི། །བསྟན་པ་དང་ནི་


CMR049_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ། །ཕན་པ་རྒྱ་ཆེན་འབྱུང་བ་གཅིག །ཐུགས་རྗེ་ཆེན་པོ་ཁྱེད་རང་མཁྱེན། །ཞེས་པ་གསང་འདུས་དབང་ཁྲིད་བཙུགས་དུས། ཉིན་གཅིག་དབང་གཤར་དུས། སྙིང་རྗེ་རང་དབང་མེད་པར་མཆི་མ་འཁྲུག་ཅིང་། ངེས་པར་བདག་གཞན་བརྗེ་ནུས་སམ་སྙམ་པའི་ཉམས་ཤིག་སྐྱེས་ནས་སྨྲས་སོ།། ༈ །།ཨ་མཚར་པོ་འཁྲུལ་པའི་རྨི་ལམ་ལ། །ས་ལུང་པ་གཡས་ཕྱོགས་སྤང་རིའི་རྩེར། །ས་དམའ་འུ་གཅིག་ཏུ་བདག་འདུག་པས། །རི་ཇེ་ཆེར་སྐྱེས་ཏེ་མཐོན་པོ་འདྲ། །ཁྲི་མཐོན་པོ་གཅིག་ནི་བརྩེགས་པའི་སྟེང་། །ཉི་མ་དང་ཟླ་བ་གདན་དུ་བཏིང་། །དེ་སྟེང་དུ་རཱ་ག་ཨ་སྱ་བདག །ལུས་ཧཱུཾ་ཡིག་སྔོན་པོ་གཅིག་ཏུ་གྱུར། །ས་མཐོན་པོ་འགའ་ནས་གཞུང་ཆུ་བབ། །བྱང་ནམ་མཁའ་དྭངས་པའི་དཀྱིལ་ཤེད་ནས་། །ཉི་མའི་དཀྱིལ་འཁོར་སྔོན་པོ་ཤར། །ལྷོ་ནམ་མཁའ་ཡངས་པའི་བར་སྣང་ལ། །ཚེས་བཅུ་བདུན་ཙམ་གྱི་ཟླ་བ་ཤར། །དོན་ཅི་ཡིན་བརྟག་པར་དཀའ་བའི་བརྡ། །མི་བདག་ལ་འཆི་ལྟས་མ་ཡིན་ནམ། །ས་རྐོ་སྟོད་ཆུ་ཆེན་གད་ཐོག་ཏུ། །ལྷ་ཐུགས་རྗེ་ཆེན་པོའི་དབང་ཁྲིད་དུས། །སེམས་འཁྲུལ་པའི་རྨི་ལམ་ཨ་ལ་ལ། །གུ་རུ་པདྨ་སིདྡྷི་


CMR049_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། །གུ་རུ་པདྨ་འབྱུང་གནས། དུས་ངན་སྙིགས་མའི་དུས་འདིར། །ཁྱེད་ལ་གསོལ་བ་བཏབ་ན། །རྒྱལ་པོ་དགྲ་དང་ཆོམ་རྐུན། །ཡམས་ནད་རིམས་ནད་དུས་འཁྲུགས། །སྡེ་བརྒྱད་དྲེགས་པའི་ཆོ་འཕྲུལ། །ཐམས་ཅད་སྐྱོབ་པར་གསུངས་ན། །ལུང་ཟིན་ཁྱེད་ཀྱི་ཕོ་ཉ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ། །དུས་ངན་ལྔ་བརྒྱའི་མཐའ་འདིར། །བར་ཆད་འཚེ་བ་མང་ཞིང་། །བསམ་པ་འགྲུབ་པར་དཀའ་ན། །ད་ནི་ཐུགས་རྗེས་གཟིགས་ལ། །བར་ཆད་སོལ་ཅིག་གུ་རུ། །རེ་ས་གཞན་མེད་གུ་རུ། །ཐུགས་རྗེས་སྐྱོབས་ཤིག་གུ་རུ། །ཅེས་པའི་ཆེ་དུར་ཁ་ཡི། དཔུང་ཚོགས་ས་ཕྱོགས་དེར་སོང་། ཟེར་བའི་སྐད་ངན་ཐོས་པས། ཞག་བར་བློ་སེམས་མ་བདེ། གསོལ་བ་རྩེ་གཅིག་བཏབ་པས། ཉམས་དང་རྨི་ལམ་འདྲེས་སྐབས། སྐད་ངན་དེ་ཡང་རྫུན་ཡིན། འཇིགས་བྲལ་བཙན་པོའི་ས་རུ། །སྤྲུལ་སྐུ་ཆགས་ཕེབས་ཡོད་ཅེས། །ཟེར་བའི་ལུང་བསྟན་བརྡ་ཙམ། །བྱུང་བས་སྤྲོ་ནས་བྲིས་སོ།། ༈ །།ན་མོ་བཛྲ་ཁྲོ་ལོད་ཡེ། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཅི་མཛད་ཁྱེད་རང་ཤེས། །བོད་ཡུལ་སྟག་ཚང་སེང་གེའི་བསམ་འགྲུབ་


CMR049_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །སྡེ་བརྒྱད་ལྷ་སྲིན་ཐམས་ཅད་དབང་དུ་བསྡུས། །དམ་ལ་མི་གནས་ལྷ་སྲིན་སྡེ་བརྒྱུད་ཀུན། །བསད་བཅད་གཏུབ་པ་གཤིན་རྗེའི་ཁྲིམས་དང་འདྲ། །མ་འོངས་སློབ་དཔོན་པདྨའི་རྗེས་འཇུག་ཅིང་། །མཚན་ཙམ་འཛིན་པར་བྱེད་པའི་གང་ཟག་ཀུན། །ལྷ་སྲིན་སྡེ་བརྒྱད་གཞི་བདག་ཐམས་ཅད་ཀྱིས། །སེམས་ཀྱིས་བླངས་ཏེ་སྤྱི་བོའི་གཙུག་ཏུ་བཀུར་། །དེ་ཡི་བཀའ་བཞིན་ཕྲིན་ལས་གང་བཅོལ་བསྒྲུབ། །གལ་ཏེ་དེ་ལྟར་མ་བྱས་དེ་ཡི་ཚེ། །ལྷ་སྲིན་དེ་ཡི་མགོ་ལུས་སྙིང་གས་ཤིང་། །རྡོ་རྗེ་ཁྲོ་ལོད་ཡཀཱ་མེ་དབལ་ཚེགྱིས། །ལུས་སྲོག་དུམ་བུར་གཏུབ་ཅིང་སྡུག་བསྔལ་མྱོང་། །ཤི་ནས་དམྱལ་ཁམས་བཅོ་བརྒྱད་ཁ་བརྒྱུད་ནས། །མྱ་ངན་འོ་དོད་འབོད་པའི་དམོད་བོར་བས། །སྡེ་བརྒྱད་ལྷ་སྲིན་ཡུལ་ལྷ་ཐམས་ཅད་ཀྱང་། །སློབ་དཔོན་བཀའ་ལས་ནམ་ཡང་མི་འདའ་གསུངས། །སྙིགས་དུས་སྔགས་འཆང་རཱ་ག་ཨ་སྱས་བདག །རང་ལ་ནུས་མཐུ་བྱིན་རླབས་མ་མཆིས་ཀྱང་། །ལོ་བདུན་ལོན་ནས་དེང་སང་ང་ལྔའི་བར། །ཨོ་རྒྱན་རྗེ་ལ་བཟློག་མེད་མོས་གུས་སྐྱེས། །བསྙེན་སྒྲུབ་མང་བྱས་རྙིང་མར་སྦྱོང་བ་བྱས། །ཡིད་གཉིས་མེད་པར་ཨོ་རྒྱན་


CMR049_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལ། །རང་ལ་ཁ་ཐབས་ཅི་ཡོད་གང་ཕན་བྱས། །དེ་ཡི་བྱིན་རླབས་ལྷ་འདྲེ་གཞི་བདག་ལ། །ཕལ་ཆེར་བཀའ་བསྒོས་བཀའ་ཉན་སྙམ་པ་ཡོད། ཁྱད་པར་ཡོས་ལོ་བྱ་ཟླའི་ཚེས་བརྒྱད་ཀྱི། །ནམ་ལངས་ཞོགས་ཇ་བཏུང་རྗེས་ཡུད་ཙམ་འཐུམ། །ཉམས་དང་རྨི་ལམ་འདྲེས་པའི་འཁྲུལ་སྣང་ལ། །དཔལ་ལྡན་རི་བོ་ཆེ་ཡི་བཀའ་སྲུང་ཆེ། །ལྷོ་གཉན་དམག་དཔོན་དབྱི་རྒྱལ་རིན་ཆེན་དེ། །མི་བོ་ཆེ་ཡི་ཆ་ལུགས་གཟི་བརྗིད་ཅན། །ཕྲུག་སྔོན་གཙང་མཐིང་མདོག་ཅན་གསར་པ་གྱོན། །རལ་པ་སྣུམ་སིལ་སྐུ་སྟོད་ཁྱབ་པ་ལ། །ཁ་དོག་སྨུག་པོ་གདོང་བཟང་སྣ་བོ་ཆེ། །དེ་འདྲ་མངོན་སུམ་འདྲ་བ་མདུན་དུ་བྱུང་། །གནམ་ཆོས་ལ་སོགས་གསུང་གླེང་ཅུང་ཟད་བྱས། །ཡུད་ཙམ་བསམ་བློ་བཏང་བ་འདྲ་ཞིག་བྱས། །གུས་པའི་ཚུལ་གྱིས་མི་ངན་ཁོ་བོ་ལ། །གནས་ལྔ་ས་ལ་གཏུགས་པའི་ཕྱག་གསུམ་འཚལ། །དེ་ནས་མི་སྣང་འཇའ་ལྟར་ཡལ་མ་ཐག །ཕྱག་འབུལ་བྱེད་མི་མང་པོ་འོང་ངོ་ཞེས། །ཟེར་བའི་སྒྲ་ཞིག་བར་སྣང་ཁམས་ནས་གྲག །གཉེན་ཆེན་སྡེ་བཞིའི་ཡ་རྒྱལ་དབྱི་རྒྱལ་དེ། །ང་ལ་ཕྱག་འབུལ་བྱེད་པ་མི་འོས་ཀྱང་། །ཨོ་རྒྱན་


CMR049_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བཞིན་བདག་གིས་བསྒྲུབ་པ་དེས། །པད་འབྱུང་དམ་ཚིག་བརྩི་བ་ཡིན་ནམ་སེམས། །ས་རྐོ་སྟོད་ནགས་ཅོག་སྨན་ལུང་མཐར། །སྒར་པ་བསྡད་དུས་བྱུང་ནས་ཉམས་མཚར་བྲིས། །འདི་ལ་རྟེན་འབྲེལ་གནད་གཅིག་ཡོད་དམ་སེམས། །བྷ་ཝནྟུ།། །༈ །།ན་མོ་པྲ་ཝ་ཀ་ར་ཡེ། སྣང་སྲིད་འཁོར་འདས་དུས་གསུམ། །ཐམས་ཅད་མཁྱེན་ཅིང་གཟིགས་པ། །པད་འབྱུང་ཁྱེད་ཀྱི་ལུང་བསྟན། །ཆོས་དབྱིངས་རྡོ་རྗེའི་སྐུ་རིང་། །སེང་གེ་གནམ་རྫོང་གཏེར་ཁ། །སྤྱི་འབྱམས་གཏེར་ལ་སོགས་པ། །གཏེར་ཁ་བརྒྱ་དང་རྩ་བརྒྱད། །མི་འགྱུར་རྡོ་རྗེས་འདོན་པར། །ལུང་བསྟན་གསར་རྙིང་མཐུན་ཞིང་། །དུས་རྟགས་ཐམས་ཅད་རྫོགས་འདུག །ད་ནི་དུས་ལ་བབ་བོ། །བབ་པས་མི་ཚད་འཕྱིས་གདའ། །ཉི་ཟླ་ཐང་ལ་ལྷུང་སྲིད། །རི་རབ་ཆུ་ཡིས་ཁྱེར་སྲིད། །རླུང་ནི་ཞགས་པས་ཟིན་སྲིད། །མེ་དཔུང་ཆུ་རུ་འགྱུར་སྲིད། །རྒྱལ་བས་གསུངས་པའི་བཀའ་ནི། །ནམ་ཡང་འགྱུར་བ་མེད་ན། །འགྱུར་མེད་རྟགས་མཚན་ད་སྟོན། །གལ་ཏེ་དངོས་རྟགས་མེད་ན། །རྒྱལ་བའི་བཀའ་ཡིས་བསླུས་སོ། །ཀུན་བཟང་བསྟན་པ་ནུབ་


CMR049_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །ནད་མུག་མཚོན་གྱི་བསྐལ་པས། །བོད་ཁམས་མི་ཐོག་འབུད་དོ། །མཁའ་འགྲོ་གཏེར་སྲུང་རྣམས་ཀྱང་། །ཁས་བླངས་དམ་ཚིག་ཉམས་སོང་། །རྣལ་འབྱོར་བདག་ཀྱང་ཡི་ཆད། །ཕྱི་རབས་རྣལ་འབྱོར་སུན་ཕྱུང་། །དེ་བས་ཐུགས་དམ་དུས་བབ། །བར་ཆད་ཐམས་ཅད་བཟློག་ལ། །ཁ་བྱང་ཤོག་སེར་དམ་ཆོས། །ད་ལྟ་ཉིད་དུ་སྩོལ་ཅིག །ཅེས་པ་འདི་ནི་ནུབ་གཅིག །སྤྲུལ་སྐུ་ཅུང་ཟད་བསྙུང་ཡོད། །ཟེར་བའི་རྨི་ལམ་བྱུང་བས། །བརྟན་བཞུགས་གསོལ་འདེབས་སྲུང་འཁོར། །འབད་ཅིང་བྱ་ཟླའི་ཚེས་བཅུར། །རྨི་ལམ་བརྟག་པ་བྱས་པས། །ཐོ་རངས་ཉམས་དང་རྨི་ལམ། །འདྲེས་པའི་སྐབས་ལ་ལུང་བསྟན། །བསྙུང་མེད་སྐུ་ཚེ་བརྟན་ཅིང་། །ས་གཏེར་ཐོན་པར་འགྱུར་ཞེས། །ལུང་བསྟན་གསལ་པོ་མིང་ཙམ། །བྱུང་བས་བྲིས་པ་ལགས་སོ། །དོན་དང་ལྡན་པར་གྱུར་ཅིག། ༈ །།ན་མོ་སརྦ་ཛྙཱ་ན་དེ་བ་ཡེ། སངས་རྒྱས་སྤྱན་རྒྱས་ཨུཏྤལ་དྲི། །ཏོག་གི་རྒྱལ་པོ་ཞེས་བྱ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །མིག་ནད་ཐམས་ཅད་ཞི་གྱུར་ནས། །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །སྤྱན་སྟོང་མངའ་བའི་


CMR049_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས། །ལྷ་མོ་སྤྱན་སྟོང་གདུགས་དཀར་མོ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །མིག་ནད་ཐམས་ཅད་ཞི་གྱུར་ནས། །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །དཀར་པོ་ཟླ་མདངས་སྒྲོལ་མ་དང་། །ཕག་མོ་དབུ་སྟོང་སྤྱན་སྟོང་མར། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །མིག་ནད་ཐམས་ཅད་ཞི་གྱུར་ནས། །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །སྨེ་བ་བརྩེགས་པ་མི་གཡོ་མགོན། །ཡིད་བཞིན་འཁོར་ལོ་བསྐུལ་བྱེད་མར། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །མིག་ནད་ཐམས་ཅད་ཞི་གྱུར་ནས། །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །མིག་གི་དབང་པོ་རྣམ་དག་པ། །སེམས་དཔའ་ས་ཡི་སྙིང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །མིག་ནད་ཐམས་ཅད་ཞི་གྱུར་ནས། །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །མིག་ཡུལ་གཟུགས་རྣམས་རྣམ་དག་པ། །སེམས་མ་ལཱ་སྱ་དཀར་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་


CMR049_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །མིག་ནད་ཐམས་ཅད་ཞི་གྱུར་ནས། །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །ཕྱི་ཡི་མིག་གཉིས་ངོ་བོ་སྟེ། །ཙཱ་རི་ཙ་འདྲའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །མིག་ནད་ཐམས་ཅད་ཞི་གྱུར་ནས། །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །བདག་གི་མིག་གཉིས་རབ་གསལ་ནས། །གསར་རྙིང་དབང་ལུང་གདམས་པ་ཡིས། །སྐལ་ལྡན་སྨིན་ཅིང་གྲོལ་བ་དང་། །མདོ་སྔགས་བསྟན་པ་གསལ་ནུས་པར། །བྱིན་གྱིས་རློབས་ཤིག་རྩ་བ་གསུམ། །ན་ཚ་ལམ་དུ་བསླང་བ་ནས། །ཉམས་ལེན་བོགས་སུ་ཐོན་གྱུར་ཅིག །ཅེས་པ་མིག་ནི་རབ་ཏུ་ཚ། །ཡིད་ཀྱིས་གསོལ་བ་བཏབ་པའི་ནུབ། །ཉམས་དང་རྨི་ལམ་འདྲེས་པའི་སྐབས། །སྔོན་ཆད་མཐོང་བར་མ་མྱོང་བའི། །ངོ་མ་ཤེས་པའི་ཡུལ་ཁམས་འགའ། །གསལ་པོ་མཐོང་བའི་སྣང་བ་བྱུང་། །མིག་ཀྱང་ཅུང་ཟད་བདེ་བར་སྣང་། །དེ་ཕྱིར་གྱེར་ནས་ཡི་གེར་བཀོད།། །།ན་མོ་ལོ་ཀེ་ཤྭ་ར་ཡེ། ཆོས་སྐུ་ཀུན་བཟང་ཐུགས་ཀྱི་བསྟན། །དྲུག་ཅུ་ནས་བཟུང་བཅུ་པའི་བར། །ཨ་ཏིའི་


CMR049_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དར་རོ་ཞེས། །རྫོགས་ཆེན་རྒྱུད་ནས་གསུངས་པ་དེ། །དུས་ལ་བབ་པ་མ་ཡིན་ནམ། །དུས་ངན་བསྐལ་པའི་སྙིགས་མ་ལ། །ཨོ་རྒྱན་བསྟན་པ་དར་བ་དང་། །ཀུན་ཀྱང་གཏེར་ཆོས་བློ་གཏད་པར། །ལུང་བསྟན་དུས་ལ་མ་བབས་སམ། །མཁར་དམར་སྟོད་ཀྱི་ནགས་ཚལ་ན། །ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི། །དབང་ཁྲིད་ཞག་བདུན་བཙུགས་པའི་དུས། །རབ་རིབ་འཁྲུལ་པའི་རྨི་ལམ་ལ། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་གི །སྤྲུལ་སྐུ་ཡེ་ཤེས་སྙིང་པོ་དེས། །བདག་ལ་བསྐུར་བ་ཡིན་སྙམ་པའི། །གླེགས་བམ་བཟང་པོ་ལག་ཏུ་ཕྱིན། །དེ་ཉིད་ཞལ་ཕྱེས་བལྟས་ཙམ་ན། །དུང་མདོག་རིན་ཆེན་ཤོག་བུ་ལ། །རིན་ཆེན་མཚལ་གྱིས་པར་བཏབ་པའི། །རང་བྱུང་རྡོ་རྗེས་མཛད་པ་ཡི། །སངས་རྒྱས་སྐྱེས་རབས་ཡིན་འདུག་པ། །ལྡེབ་མ་འགའ་ཞིག་ཀློག་ཙམ་ནས། །ཡི་གེའི་རྣམ་པ་མི་སྣང་བར། །སྐུ་སྟོད་ཨོ་རྒྱན་ཁོ་ནའི་སྐུ། །པད་ཞྭ་ཆོས་གོས་དམར་པོ་ཅན། །གཅིག་གི་གྲིབ་ནས་གཅིག་མཐོང་བ། །ཐམས་ཅད་དྭངས་པ་འགྲོ་བའི་སྐུ། །སྐུ་སྨད་ཐམས་ཅད་གཅིག་ཏུ་འབྲེལ། །དཔེ་ཆ་ཐམས་ཅད་དེ་འདྲས་གང་། །ཤིན་ཏུ་


CMR049_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་མཇལ་བ་དང་། །བར་སྣང་ཁམས་ནས་སྒྲ་གྲག་པ། །བོད་ཡུལ་དབང་བསྒྱུར་བླ་མ་ཆེ། །དེས་ཀྱང་རྙིང་མ་ཁོ་ན་ལ། །ཐུགས་དམ་བྱེད་ཅིང་ཡོད་དོ་སྐད། །དེ་དོན་ལེགས་པར་དཔྱད་བྱས་པས། །ད་ནས་གསང་སྔགས་རྙིང་མ་ལ། །ཆོས་ལུགས་ཐམས་ཅད་འགྱུར་ཞིང་དད། །ཨོ་རྒྱན་བསྟན་པ་དར་བ་དང་། །སྤྲང་པོ་བདག་གི་རྗེས་འཇུག་ཀྱང་། །བླ་བྲན་མང་དུ་བྱུང་བ་རྣམས། །ཐམས་ཅད་རྙིང་མ་ཁོ་ནར་བྱེད། །ཆོས་ལུགས་ཀུན་ཀྱང་རྙིང་མ་ལ། །དད་ཅིང་བསམ་བློ་གཅིག་པ་ཡི། །རྟེན་འབྲེལ་བརྡ་ཞིག་ཡིན་ནམ་སེམས། །ཨོ་རྒྱན་ཐུགས་རྗེ་མི་ཆེའམ། །སྤྲང་པོའི་བསམ་པ་འགྲུབ་པར་ཤོག། ༈ །།ན་མོ་གུ་རུ་ཀྲོ་དྷ་ཡེ། མཁར་དམར་སྟོད་ཀྱི་ཆོས་ར་ན། །གློ་བུར་ནད་པ་གཅིག་ཀྱང་བྱུང་། །རྒྱལ་རྟགས་ཆོ་འཕྲུལ་ཆེ་བ་བྱུང་། །ཡི་དམ་ཏིང་འཛིན་ང་རྒྱལ་བསྐྱེད། །དེ་ནས་དེ་ཡི་ཚར་ཚད་ལ། །མི་དཀར་ཁྱི་དཀར་ཞོན་པ་གཅིག །གུས་པས་བདག་གི་ཅོག་པུ་ལ། །བསྐོར་བ་ཀྱིལ་ཀྱིལ་བསྐོར་བ་ཞིག །ཉམས་ཀྱི་སྐབས་ལ་གསལ་བར་མཐོང་། །ལོ་བརྒྱད་ལོན་ནས་


CMR049_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པའི་ལྷ། །ཡི་དམ་པདྨ་ཐོད་ཕྲེང་རྩལ། །བདག་དང་བདག་གི་རྗེས་འཇུག་དང་། །འཁོར་འབངས་རྟ་ཕྱུགས་བཅས་པ་རྣམས། །སྲུང་སྐྱོབ་བྱིན་རླབས་ཁྱེད་རང་ཤེས་།དུས་ངན་བསྐལ་པའི་སྙིགས་མ་ལ། །དམ་སྲི་འགོང་པོ་ཁ་ལངས་ནས། །ཕལ་ཆེར་བར་ཆད་དབང་འགྲོ་བ། །འདི་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བསྒྲུབ་ལ་བར་ཆད་མེད་པ་དང་། །བསམ་པ་འགྲུབ་པར་བྱིན་གྱིས་རློབས།། ༈ །།ན་མོ་གུ་རུ་དྷེ་ཝ་དྷཀི་ནཱི་ཧཱུཾ། ཆུང་ངུའི་དུས་ནས་ད་ལྟའི་བར། །བླ་མ་ཡི་དམ་མཁའ་འགྲོ་ཡི། །ཐུགས་རྗེས་གཅེས་པར་བསྐྱངས་པའི་མཐུས། །སྡུག་མ་མྱོང་བའི་གཅེས་ཕྲུག་དང་། །དེ་རིང་སྨྲེ་སྔགས་ཚིག་གསུམ་འདོན། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །རྡོ་རྗེའི་སྤྱན་དང་སྙན་མངའ་ཡི། །ཐམས་ཅད་གསོན་ལ་ཐུགས་རྗེས་གཟིགས། །འཇིག་རྟེན་བཀའ་སྲུང་དམ་ཅན་ཚོགས། །འཇིག་རྟེན་ལེགས་ཉེས་ཤན་འབྱེད་པའི། །མངོན་ཤེས་རྫུ་འཕྲུལ་ལྡན་རྣམས་ཉོན། །བདག་ཅག་སློབ་དཔོན་ཐམས་ཅད་ནི། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་ལགས། །བསླབ་བྱ་


CMR049_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ལས་མ་འདས་ན། །འཇིགས་དང་འཚེ་བ་ཐམས་ཅད་ཀུན། །དཀོན་མཆོག་ཐུགས་རྗེས་ཅིས་མི་སྐྱོབ། །དཀོན་མཆོག་གསུམ་པོ་གཟུ་དང་དཔང་། བདག་ཅག་དཔོན་སློབ་བཅས་པ་རྣམས། །དགེ་བསྙེན་ཚངས་པར་སྤྱོད་པ་དང་། །ཕལ་ཆེར་དགེ་ཚུལ་ཁྲིམས་ལྡན་དང་། །བདག་ནི་ཤཱཀྱའི་དགེ་སློང་སྟེ། །ངེས་པར་ཚུལ་ཁྲིམས་ལྡན་པ་ལགས། །སྦྲུལ་ཆེན་ཀླུ་དུག་ནག་པོས་ཀྱང་། །ཚུལ་ཁྲིམས་ལྡན་ཡང་མི་གནོད་ཀྱང་། །སྙིགས་དུས་དགྲ་བོས་གནོད་འཚེ་བྱས། །སེར་ཆགས་ཡོངས་ཀྱི་དགྲ་བླ་ཆེ། །མ་མགོན་ཐམས་ཅད་གང་དུ་སོང་། །ཡེ་ཤེས་སྤྱན་དང་མི་ལྡན་ནམ། །བདག་ཅག་ཐུབ་པའི་བསྟན་ལ་ཞུགས། །ངེས་པར་སྟོན་པའི་འཁོར་ཡིན་ན། །རྣམ་བཞིའི་འཁོར་རྣམས་སྲུང་བྱེད་པའི། །དཔལ་མགོན་བདུན་ཅུས་མ་གཟིགས་སམ། །མདོ་སྡེ་ཀུན་ལས་ཐུབ་དབང་གིས། །བྱམས་པའི་སེམས་ལྡན་གང་ཟག་ལ། །གནོད་དང་འཇིགས་པ་མི་འབྱུང་ཞིང་། །གོ་ཆའི་མཆོག་ཏུ་གསུངས་ལགས་ཀྱང་། །བདག་ཅག་བྱང་ཆུབ་སེམས་བསྐྱེད་ནས། །བསམ་པ་བྱང་ཆུབ་སེམས་ལྡན་ཀྱང་། །བདུད་མི་ལོག་


CMR049_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་བར་ཆད་བརྩམས། །འདི་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དུས་གསུམ་སངས་རྒྱས་གཟུ་དང་དཔང་། །གང་ཞིག་བྱང་སེམས་ལྡན་པ་ལ། །ལྷ་མོ་སྒྲོལ་མ་རྗེས་འབྲངས་ནས། །འཇིགས་པ་ཀུན་ལས་སྐྱོབ་གསུངས་ན། །བདག་ཅག་བྱང་སེམས་ལྡན་པ་ལ། །སྙིགས་དུས་ཙོ་ར་ཆོམ་རྐུན་འཚེ། །སྒྲོལ་མ་མྱུར་མས་ཕྱག་སྐྱོངས་ཤིག །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྤྲུལ་པ་དུང་ཕྱུར་གྲངས་མེད་པའི། །གྲངས་མཉམ་གསང་བདག་སྤྲུལ་པ་ཡང་། །རྡོ་རྗེ་བསྣམས་ནས་ཕྱི་བཞིན་དུ། །འབྲངས་ནས་སྲུང་བར་གསུངས་ལགས་ན། །གནམ་ཆོས་ས་གཏེར་ལུང་དང་མཐུན། །བན་རྒན་བདག་ཀྱང་སེམས་དཔའ་ཡི། །སྤྲུལ་པ་ཡིན་གསུངས་དེ་བདེན་ན། །ཕྱག་ན་རྡོ་རྗེ་གང་དུ་བྱོན་། །སྙིགས་དུས་བདག་གི་འགྲོ་དོན་ལ། །དགྲ་བགེགས་བདུད་ཀྱི་འཚེ་བ་མང་། །གསང་བདག་མཐུ་སྟོབས་མ་ཆུང་ཞིག །ཁྱད་པར་ཨོ་རྒྱན་སྤྲུལ་པ་ཡིས། །དུས་ངན་སྙིགས་མ་ཡང་སྙིགས་དུས། །ཁྱེད་ལ་གསོལ་བ་བཏབ་པ་ན། །ཙོ་ར་མི་རྒོད་མཐའ་ཡི་དམག །ཐམས་ཅད་བཟློག་པར་གསུངས་ལགས་ན། །བདག་གིས་ཁྱེད་ཀྱི་བཀའ་


CMR049_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བགྱིད། །གློ་སྙིང་བྲང་གསུམ་ཁྱེད་ལ་གཏད། །ཐུགས་རྗེས་བདག་ཅག་ཅིས་མི་སྐྱོབ། །ཁྱད་པར་ཐུགས་ཆེན་གསང་འདུས་ཀྱི། །དབང་ཁྲིད་སྦྲེལ་མ་འཛུགས་པ་ཡང་། །ཨོ་རྒྱན་ཐུགས་དགོངས་རྫོགས་ཕྱིར་བསམ། །འདི་ལ་བར་ཆད་དགྲ་བགེགས་མང་། །སྔགས་སྲུང་རྡོར་ལེགས་སྨྱོ་ཁ་སོགས། །བཀའ་སྲུང་ནུས་པ་གང་དུ་སོང་། །ངས་ནི་ཨོ་རྒྱན་བཀའ་བཞིན་བསྒྲུབས། །བཀའ་སྲུང་དམ་ལ་མི་གནས་སམ། གནས་ན་རྟགས་མཚན་མྱུར་དུ་སྟོན། །པད་འབྱུང་སྲིན་ཡུལ་བཞུད་ཀ་རུ། །ལོ་ཧི་ཏ་ཡི་ཀླུང་འགྲམ་དུ། །བོད་ཡུལ་ལྷ་འདྲེ་ཐམས་ཅད་འཚོགས། །པད་འབྱུང་རྗེས་འཇུག་རྣལ་འབྱོར་ལ། །གནོད་བྱེད་བསྒྲལ་བར་ཁས་བླངས་པའི། །མགུར་ལྷ་བརྟན་མ་དགེ་བསྙེན་ཚོགས། །བོད་ཀྱི་ལྷ་འདྲེ་མངོན་ཤེས་ཅན། །ཐམས་ཅད་དམ་ཚིག་བསྲུང་དགོས་ན། །སྒྲུབ་ཆེན་དབང་ཁྲིད་ཟབ་མོ་ཡི། །འགྲོ་དོན་གདུལ་བྱ་སྐྱོང་བ་ལ། །གནོད་ཅིང་འཚེ་བའི་དགྲ་བོ་ལ། །བཀའ་ཡི་ཆད་པ་ད་ཕོབ་ཅིག །གལ་ཏེ་ཡལ་བར་དོར་སྲིད་ན། །ཁྱེད་ཅག་དམ་ཚིག་ཉམས་ནས་ནི། །གནམ་ལྕགས་སྡིག་པས་སྙིང་ཁྲག་


CMR049_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འཇིབས། །རྡོ་རྗེ་དམྱལ་བར་འོ་དོད་འབོད། །བྱང་ཆུབ་འབྲས་བུ་མི་མཆིས་སོ། །དེ་བས་ཐུགས་དམ་མ་གཡེལ་ཅིག །མ་རྒན་སེམས་ཅན་ཐམས་ཅད་ཀུན། །ཕ་མའི་འདུ་ཤེས་ཉེར་བཞག་ནས། །བྱམས་དང་སྙིང་རྗེ་བསྒོམས་བྱས་ཀྱང་། །བཟང་ལེན་ངན་གྱིས་མཇལ་བ་ཡི། །གདུག་པའི་སེམས་ཅན་མ་རུངས་པ། །ཞི་བས་འདུལ་བར་མི་འགྱུར་ན། །གདུལ་ཕྱིར་སངས་རྒྱས་ཐམས་ཅད་ཀྱང་། །ཁྲོ་བོའི་དཀྱིལ་འཁོར་མངོན་པར་སྤྲུལ། །ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །བདུད་སྡེ་བཅོམ་པར་མཛད་པ་ལྟར། །ཞེ་སྡང་བསམ་པ་མ་སྐྱེས་ཀྱང་། །སེར་ཆགས་ཡོངས་ལ་གནོད་ཅིང་འཚེ། །འགྲན་མེད་རྒྱལ་བ་ཐམས་ཅད་ལ། །མི་རྩི་དོ་བསྡོ་ཕོད་འཛུགས་ཤིང་། །འཇིག་རྟེན་རྒྱལ་པོའི་ཁྲིམས་ཡང་བཤིག །མནའ་དང་ངོ་ཚ་ཁྲེལ་མེད་པས། །ཉིན་མོ་ཕུལ་ཞིང་མཚན་མོ་རྐུ། །རྐུ་འཕྲོག་གསོད་ཅིང་དམེ་དུག་ལ། །མི་ཚེ་ཕུད་པར་བྱེད་པ་ཡི། །ལས་ངན་དགྲ་བོ་སྡིག་ཅན་འདི། །མི་རུང་ཆོ་འཕྲུལ་སྣ་ཚོགས་ཀྱིས། །འགྱོད་ཚངས་སྐྱེད་པའི་ལས་མཛོད་ཅིག །ཐོག་མེད་དུས་ནས་མི་དགེའི་ལས། །གང་བསགས་ལུས་འདིར་ད་ལྟ་ཉིད། །སྨིན་


CMR049_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྲིན་ལས་མྱུར་དུ་མཛོད། །ནམ་ཞིག་ཁོང་རྣམས་ཚེ་འཕོས་ཚེ། །བདེ་ཆེན་དག་པའི་ཞིང་ཁམས་སུ། །སྐྱེས་ནས་གཏན་བདེ་འགྲུབ་པར་ཤོག །ཅེས་པ་རྟ་གཉིས་རྐུན་མས་ཁྱེར་ནས་གྲྭ་པ་རྣམས་རྟ་རྣམས་ལ་དཀའ་ལས་ཆེན་པོ་བྱུང་བས། ཕྱིར་ཉིན་ཆོས་ཁྲི་མདོར་སླེབས་དུས་བྲིས་སོ།། ༈ །།ན་མོ་པྲ་ཝ་ཀཱ་ར་ཡེ། གུ་རུ་པདྨ་སམྦྷ་དེས། །དགའ་བ་ཚལ་གྱི་དུར་ཁྲོད་དུ། །དབང་ཕྱུག་ཆེན་པོ་དམ་ལ་བཏགས། །ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས། །མཚན་ཡང་པདྨ་རྒྱལ་པོར་གྲགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྣང་སྲིད་དབང་གི་དངོས་གྲུབ་སྩོལ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱིས། །རྒྱ་བོད་ཧོར་གསུམ་འདུལ་མཛད་པའི། །གྲུབ་ཆེན་ཀརྨ་པཀི་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྣང་སྲིད་དབང་གི་དངོས་གྲུབ་སྩོལ། །སྤྱན་རས་གཟིགས་དབང་ཁྲོས་པའི་སྐུ། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །སྤྲུལ་པ་རྟ་ནག་དྲེགས་པ་ཆེ། །ཡང་སྤྲུལ་ཡུལ་ཕྱོགས་གཞི་བདག་ཚུལ། །ཆུ་དྲག་ཁྲོ་རྒྱལ་རྟ་མགྲིན་ལ། །བསྟོད་པར་བགྱིའོ་ཐུགས་དམ་


CMR049_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ། །སྣང་སྲིད་དབང་གི་དངོས་གྲུབ་སྩོལ། །དྲེགས་པ་རྟ་མགྲིན་སྤྲུལ་པའི་སྐུ། །སྐྱེས་བུ་རྡོ་རྗེ་ལེགས་པ་དང་། །དེ་ཡི་བཀའ་བློན་འཛིན་གིང་ཆེ། །དམ་ཅན་རྡོ་རྗེ་ཁྱུང་དྲག་ལ། །བསྟོད་པར་བགྱིའོ་ཐུགས་དམ་བསྐུལ། །སྣང་སྲིད་དབང་གི་དངོས་གྲུབ་སྩོལ། །སྤྱན་རས་གཟིགས་ཀྱི་ལྕམ་གཅིག་མ། །འཇིག་རྟེན་སྒྲོལ་མ་སྔོན་མོ་སྟེ། །བོད་སྐྱོང་ལྷན་ཅིག་སྐྱེས་མ་ཞེས། །ཕུར་སྲུང་རྡོ་རྗེ་ཕག་བྱིན་མ། །བརྟན་མ་དམག་གི་རྒྱལ་མོ་སྟེ། །འཇིག་རྟེན་ལས་ཀྱི་རེ་མ་ཏི། །ཤ་ཟ་ཌཀི་ཟ་བྱེད་གདོང་། རྡོ་རྗེ་གཡུ་ཡི་སྒྲོལ་ཚེམ་ལ། །བསྟོད་པར་བགྱིའོ་ཐུགས་དམ་བསྐུལ། །རྡོ་རྗེ་ཕུར་པའི་བཀའ་སྲུང་མ། ཊཀྐི་ནག་པོ་འཇིགས་པའི་གཟུགས། །དམག་དཔོན་དགྲ་འདུལ་དབང་ཕྱུག་ལ། །བསྟོད་པར་བགྱིའོ་ཐུགས་དམ་བསྐུལ། །བརྟན་མ་ཤ་མེད་གངས་དཀར་མ། །སྐྱོང་མ་གཡུ་སྒྲོན་འོད་ལྡན་མ། །དེ་ཡི་འཁོར་དུ་གཏོགས་པ་ཡི། །གཡུ་བུན་གཡུ་ཞག་གཡུ་སྐྱིད་མ། །གཡུ་ཕྲེང་མ་སོགས་རིགས་བཞི་དང་། །བློན་མོ་དཀར་མོ་མཆེད་བརྒྱད་དང་། །ཀ་ལི་དར་འཛིན་བཅུ་གཉིས་དང་། །གཟུངས་བརྗོད་མཚོ་མོ་ཞེ་བརྒྱད་སོགས། །སྨན་


CMR049_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་འབུམ་དང་བཅས་པ་ཡི། །ཡུལ་ཕྱོགས་འདི་ཡི་ལྷ་མ་སྲིན། །ཕལ་ཆེར་ཁྱེད་ཀྱི་འབངས་ལགས་པས། །སྔོན་གྱི་ཐུགས་དམ་དམ་བཅས་དགོངས། །ཁྱེད་ཅག་པད་འབྱུང་དམ་གནས་ཏེ། །བདག་གིས་ཨོ་རྒྱན་བཀའ་བཞིན་བསྒྲུབ། །ཨོ་རྒྱན་རྗེས་འཇུག་ཕྲིན་ལས་ཀུན། །བསྒྲུབས་པར་ཁས་བླངས་དུས་ལ་བབ། །འགྲོ་དོན་རྒྱ་ཆེན་འགྲུབ་པར་མཛོད། །ཚ་བའི་ས་རུ་སླེབས་པའི་ནུབ། །རབ་རིབ་འཁྲུལ་པའི་རྨི་ལམ་དུ། །རང་ཉིད་པདྨ་རྒྱལ་པོ་ཡི། །མངོན་རྟོགས་སྔགས་དང་བཅས་པ་ན། །སྔར་མི་ཤེས་པ་ཡིད་ལ་གསལ། །བཏོན་ཅིང་བསྒོམས་པས་དངོས་ལྟར་གྱུར། །བཙུན་པའི་གཟུགས་ཅན་གསུམ་ཙམ་གྱིས། །གུས་པས་བརྒྱ་ཕྱག་གསུམ་ཙམ་འཚལ། །ཉ་ཁྲབ་འདྲ་བའི་ཁྲབ་གྱོན་པའི། །ཁྲོམ་ནི་སྟོང་ཕྲག་ཙམ་གཅིག་ལ། །དབང་བརྒྱ་ཕྱེད་གཉིས་ཙམ་ཞིག་བྱས། །ཐོ་རངས་བར་སྣང་སྒྲ་གྲག་པ། །དཔོན་དང་བླ་མས་གང་གསུངས་དགོས། །ཟེར་བའི་ཚིག་ཀྱང་གསལ་བྱུང་བ། །ཨོ་རྒྱན་ཆེན་པོའི་ཐུགས་རྗེ་ཡིས། །ཡུལ་ཕྱོགས་འདི་ཡི་ལྷ་འདྲེ་རྣམས། །བདག་ལ་ཅུང་ཟད་གུས་པར་གོ །ཕྱིར་ནངས་ནམ་ནི་ལངས་པའི་དུས། །ལས་ཀྱི་ལྷ་མོ་རེ་མ་ཏི། །རྡོ་རྗེ་གཡུ་སྒྲོན་གནས་པའི་ཕྱོགས། །ནམ་མཁའ་


CMR049_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་ནག་འཇའ་ཚོན་ནི། །སྔོན་ཆད་མཐོང་མ་མྱོང་བར་དངོས་སུ་སྣང་། །དགོང་མོ་སྒར་གྱི་གན་དྲུང་དུ། །འཇའ་ཚོན་འཐིབ་པ་ལ་ལས་མཐོང་། །ལྷ་མོའི་རྒྱུད་ལས་གསུངས་དང་མཐུན། །ལྷ་མོ་དགྱེས་པའི་རྟགས་སུ་གོ །དེ་ཕྱིར་ཡི་གེར་འཕྲལ་དུ་བྲིས།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཕྲིན་ལས་ཐམས་ཅད་ཀུན། །གཅིག་བསྡུས་རྒྱལ་བ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ང་ཡི་ཕ་མ་སེམས་ཅན་ཀུན། །བསམ་ཞིང་བཟོད་གླགས་མི་གདའ་སྟེ། །དམྱལ་བ་ཚ་གྲང་སྡུག་བསྔལ་དེ། །ཐོས་ཀྱང་གློ་སྙིང་འདར་ལགས་ན། །ཐོག་ཏུ་བབ་རྣམས་ཅི་ལྟར་བྱེད། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་དེ། །རྣ་བས་ཐོས་ཀྱང་ཡི་རེ་མུག །ཐོག་ཏུ་བབ་རྣམས་ཨ་ཙ་མ། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །དུད་འགྲོ་གླེན་ལྐུག་སྡུག་བསྔལ་དེ། །བསམ་ཞིང་སྐྱོ་བ་སྙིང་ནས་སྐྱེ། །ཐོག་ཏུ་བབ་རྣམས་ཅི་འདྲ་ན། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ལྷ་མིན་འཐབ་རྩོད་ཡ་རེ་ང་། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །


CMR049_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་ལྟུང་ལྷ་ཡི་སྡུག་བསྔལ་དེ། །ཨ་ཙ་མ་ལ་སྙིང་རེ་རྗེ། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ཐོབ་དཀའི་མི་ལུས་རིན་ཆེན་ཡང་། །ཡད་ཡུད་ནུབ་གཅིག་རྨི་ལམ་ཙམ། །མི་རྟག་འཆི་བ་བྱུང་བའི་ཚེ། །གཏན་བདེ་བྱ་བ་ག་ལ་ཞིག །ཆོས་ལ་འབྲེལ་པ་ཅི་ཡང་མེད། །ཚེ་མ་ཕྱིད་པའི་ངང་གཅིག་ལ། །ཨེ་སྐྱིད་ངང་ལ་སྡུག་གི་ངང་། །དོན་མགོ་ཅི་ཡང་མེད་པ་ལ། །མི་ཚེ་ཟད་པ་སྙིང་རེ་རྗེ། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །དེ་འདྲའི་ཡོན་བདག་མང་པོ་འགའ། །རེ་ལྟོས་འཆང་གསུམ་ང་ལ་བཅས། །རྣམ་ཤེས་ཡིད་ལུས་བར་དོར་འཁྱམས། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ར་མདའ་བྱོན་ཞིག་སྤྱན་རས་གཟིགས། །བདག་དང་འབྲེལ་ཐོགས་འགྲོ་བ་རྣམས། །བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས། །རྣལ་འབྱོར་ང་ཡི་ལུས་ངག་ཡིད། །ཚེ་འདས་རྣམ་པར་ཤེས་པ་གསུམ་། །དབྱེར་མེད་ཆོས་དབྱིངས་སྟོང་པ་ཉིད། །ཀ་དག་སྤྲོས་བྲལ་གདོད་ནས་དག །ཀུན་བཟང་རྫོགས་པ་ཆེན་པོའི་ངང་། །འཁོར་གསུམ་དམིགས་མེད་བསྔོ་བ་ཡིས། །


CMR049_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལས་འདས་པ་ཐམས་ཅད་ཀུན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །ཅེས་པ་ཚ་བ་སྒང་སྟོད་དུ། །བྱང་བུ་འགའ་རེ་བྱས་པའི་ཚེ། །སྙིང་རྗེ་དྲག་པོ་གཅིག་སྐྱེས་པས། །འཕྲལ་དུ་ཡི་གེར་བཀོད་པའོ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། ཚ་བ་སྒང་གི་སྒང་སྟོད་ན། །སྐུ་ལྷ་གཉན་གྱི་ལྷ་ཞོལ་ན། །ལུང་ནས་བསྟན་པའི་གཏེར་གྱི་གནས། །ཅོག་ནེ་བྲག་གི་གཡོན་ཟུར་ན། །ཆབ་ཀྱིས་བསྐོར་བའི་དོ་དཀྱིལ་ན། །ཞག་གཉིས་སྒར་པ་བསྡད་པའི་དུས། །འབྲང་རྗེ་དཔོན་པོ་མཇལ་དུ་བྱུང་། །དེ་ཚེ་སྣང་སྲིད་ལྷ་འདྲེའི་གཡོས། །གཟི་བྱིན་ཆོ་འཕྲུལ་ཆེན་པོ་བྱུང་། །ཉམས་དང་རྨི་ལམ་རྩུབ་སློང་ཆེ། །ལྷ་བསྒོམས་སྔགས་བཟླས་ཞི་མ་ཐུབ། །ཉོན་དང་ལྷ་འདྲེ་གདུག་པའི་ཚོགས། །ཡ་ཀི་ཆོས་སྐུ་ཀུན་བཟང་དང་། །མ་ཀི་ཐེའུ་རང་རྐང་གཅིག་ཡན། །ངོ་བོ་སྟོང་ཉིད་ཆོས་སྐུ་རུ། །དབྱེར་མེད་ཆུ་ལ་ཆུ་བཞག་འདྲ། །ཡ་ཀི་རྡོ་རྗེ་ཕག་མོ་ནས། །མ་ཀི་གྲོང་རྒྱུན་འདྲེ་མོ་ཡན། །དབྱེར་མེད་ཆོས་སྐུ་ངོ་བོ་གཅིག །ཡ་ཀི་ཤཱཀྱ་ཐུབ་པ་ནས། །མ་ཀི་ནག་པོ་ལྷས་བྱིན་ཡན། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་གཅིག །ལྷ་ཡང་


CMR049_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་འདྲེ་ཡང་སེམས། །སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ། །སངས་རྒྱས་ཀུན་དང་དབྱེར་མ་མཆིས། །བདག་གཞན་དབྱེར་མེད་རོ་གཅིག་འདྲེས། །ཚུར་ལ་བལྟས་པས་བདག་མ་མཐོང་། །ཕར་ལ་བལྟས་པས་གཞན་མ་མཐོང་། །རང་གི་སེམས་ལ་ཚུར་བལྟས་པས། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །ཕྱི་རོལ་ཡུལ་ལ་ཕར་བལྟས་པས། །ཆུ་ནང་ཤར་བའི་ཟླ་བ་བཞིན། །ངོ་བོ་སྟོང་ལ་རྣམ་པ་གསལ། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །ཅི་ཡང་མ་གྲུབ་སྟོང་སང་ངེ་། །མེད་བཞིན་སྣང་བ་སྒྱུ་མའི་འཕྲུལ། །རྟེན་འབྲེལ་སྣ་ཚོགས་འགའ་རེ་འཆར། །སྟོང་པ་དོན་དམ་བདེན་པ་སྟེ། །སྣ་ཚོགས་འཆར་བ་ཀུན་རྫོབ་བདེན། །དེ་གཉིས་མི་འགལ་ཟུང་དུ་འཇུག །མཁའ་དང་འཇའ་ཚོན་ལྟར་རྟོགས་སོ། །དེ་རིང་ཁོ་བོའི་ཉམས་ལ་ཤར། །དེ་ལ་དབུ་མ་མི་ཟེར་རམ། །དེ་སྐད་འཕྲལ་དུ་སྨྲས་པ་དགེ།། །།ན་མོ་རཏྣ་ཏྲ་ཡཱ་ཡ། བསླུ་བ་མེད་པའི་དཀོན་མཆོག་གསུམ། །ཁྱབ་དང་རྟག་པའི་ཕྲིན་ལས་ཅན། །རྡོ་རྗེའི་སྙན་དང་ཡེ་ཤེས་སྤྱན། །ལྡན་རྣམས་འདིར་གསོན་བདག་ལ་གཟིགས། །བདག་


CMR049_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ཤཱཀྱའི་དགེ་སློང་དང་། །དགེ་ཚུལ་དགེ་བསྙེན་མང་ཞིག་ནི། །བཞོན་པ་བྲན་དང་ཉེར་མཁོ་དང་། །ཡོ་བྱད་འཚོ་བའི་རྐྱེན་དང་བཅས། །བསམ་པ་བྱང་ཆུབ་སེམས་བསྐྱེད་ནས། །འགྲོ་བ་དགེ་ལ་བསྐུལ་བ་དང་། །རྒྱུ་འབྲས་དམ་ཆོས་འཆད་པ་དང་། །སྐྱབས་སྡོམ་བསྙེན་གནས་འབོགས་པའི་ཕྱིར། །ངེས་མེད་ཕྱོགས་ཀུན་འཕྱན་པ་ལ། །བར་ཆད་འཚེ་བ་ཤིན་ཏུ་མང་། །གསོལ་བ་འདེབས་སོ་དཀོན་མཆོག་གསུམ། །དགྲ་དང་ཆོམ་རྐུན་ཆུ་དང་ནད། །འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །གལ་ཏེ་སྔོན་གྱི་ལས་ཡིན་ཡང་། །དབང་བཅུ་མངའ་བའི་མཐུ་སྟོབས་ཀྱིས། །ལས་ངན་རྣམ་སྨིན་བཟློག་ཏུ་གསོལ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་ཉི་ཤུ་གཅིག །སྣ་ཚོགས་ཡུམ་དང་འོད་ཟེར་ཅན། །འཇིགས་པ་ཀུན་སྐྱོབ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཆུ་དང་ནད་སོགས་འཇིགས་པ་སྐྱོབ། །འགྲོ་དོན་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་སྙིགས་དུས་སྐྱབས་གཅིག་པོ། །པད་འབྱུང་ཞི་དྲག་ག་རུ་ཌ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཆུ་དང་ནད་སོགས་འཇིགས་པ་


CMR049_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སོལ། །སྲུང་ཞིང་སྐྱབས་པར་མཛད་དུ་གསོལ། །ཆུ་ནི་བདེ་བ་ཅན་གྱི་ཞིང་། །ཆུ་རླབས་ཐུགས་རྗེ་ཆེན་པོ་ཡི། །དཀྱིལ་འཁོར་ཉིད་དུ་བྱིན་རློབས་ལ། བདག་ཅག་མི་ཕྱུགས་ཀ་ཆར་བཅས། །ཉེ་ཞོ་མེད་པར་ཐུགས་རྗེས་ཟུངས། །ས་ནད་ས་སྐྱོན་འཇིགས་པ་ལས། །སྲུངས་ཤིག་ཁྲོ་ཆེན་རྟ་མགྲིན་རྒྱལ། །སྐྱོབས་ཤིག་གསང་བདག་རྡོ་རྗེ་འཛིན། །སྲུངས་ཤིག་མ་ཧཱ་ག་རུ་ཌ། །སྐྱོབས་ཤིག་རྡོ་རྗེ་ལག་མྱུར་བ། །ཀྱེ་ཀྱེ་ཡིད་ཀྱི་མངོན་ཤེས་ཅན། །ཐོགས་མེད་རྫུ་འཕྲུལ་སྟོབས་མངའ་བ། །མགུར་ལྷ་བརྟན་མ་དགེ་བསྙེན་ཚོགས། །བདག་ཅག་སྔགས་འཆང་སྒྲུབ་པ་པོ། །སྐྱེལ་བསུ་རོགས་དན་མི་བྱེད་དམ། །པད་འབྱུང་བཀའ་བསྒོས་བརྗེད་ལགས་སམ། །རང་དམ་རང་གིས་མི་སྲུང་ངམ། །དགྲ་རྐུན་ཆུ་དང་ལམ་བར་ལས། །སྐྱེལ་བསུ་རོགས་དན་དུས་ལ་བབ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན། །རྡོ་རྗེ་ཁྲོ་ལོད་སྤྱན་སྔ་རུ། །མ་འོངས་ཨོ་རྒྱན་ཆེན་པོ་ཡི། །མཚན་ཙམ་འཛིན་པའི་གང་ཟག་ཀྱང་། །སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི། །གཙུག་ཏུ་བཞག་ནས་བསྐུར་བར་བྱ། །དེ་ཡི་བྱ་བ་དགོས་པ་རྣམས། །ཐམས་


CMR049_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྒྲུབ་པར་དམ་བཅས་ཤིང་། །གལ་ཏེ་དམ་ལས་འདས་པ་ན། །ལྷ་སྲིན་ཁྱོད་ཀྱི་མགོ་ལུས་སྙིང་། །བཀའ་གཏུན་ཚལ་པ་བརྒྱར་འགས་ཤིང་། །རུལ་མྱག་ཚེ་ཡི་དུས་བྱས་ནས། །ཕྱི་མ་རབ་ཏུ་ཚ་བ་སོགས། །དམྱལ་ཁམས་བཅོ་བརྒྱད་ཁ་བརྒྱུད་ནས། །མྱ་ངན་འོ་དོད་འབོད་གྱུར་པའི། །དམོད་པ་སློབ་དཔོན་པདྨ་དང་། །དམོད་པ་ལྷ་སྲིན་ཀུན་གྱིས་བོར། །དེ་ཡི་དམ་ཚིག་དྲན་པར་གྱིས། །དེང་སང་དུས་ངན་སྙིགས་མའི་མཐར། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །སྡོམ་པ་གསུམ་ལ་གཞི་བཅས་ནས། །སྨོན་ཚོའཇུག་སེམས་བསྐྱེད་གཞུང་བཟུང་སྟེ། །བསྐྱེད་རྫོགས་ཟུང་འཇུག་ཏིང་འཛིན་གསལ། །པད་འབྱུང་བསྟན་པའི་ཁུར་ཆེན་ཁུར། །འགྲོ་དྲུག་འདྲེན་ཞིང་གཡར་དམ་བཅས། །དབང་ཁྲིད་གདམས་པའི་ཆར་ཆེན་འབེབས། །འབྲེལ་ཚད་དོན་ལྡན་སྨོན་ལམ་བཏབ། །རིག་འཛིན་རྒྱལ་བས་ལུང་ཡང་བསྟན། །བདག་འདྲའི་ཕྲིན་ལས་མི་བསྒྲུབ་ན། །བར་ཆད་རྐྱེན་རྣམས་མི་སེལ་ན། །སྐྱེལ་བསུ་རོགས་ལྡན་མི་བྱེད་ན། །ལམ་ངན་ཆུ་འཇིགས་མི་སྒྲོལ་ན། །འགྲོ་དོན་གདུལ་བྱ་མི་བསྐུལ་ན། །སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་


CMR049_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཁས་བླངས་དམ་ཚིག་མི་ཉམས་སམ། །རང་དམ་རང་གིས་བཀྲལ་ལགས་སམ། །བཀའ་ཡི་ཆད་པས་མི་སྡིགས་སམ། །རྡོ་རྗེ་དམྱལ་བར་མི་འཚེར་རམ། །མཐུ་རྩལ་ནུས་པ་མི་ལྡན་ནམ། །དེ་བས་དམ་ལ་མ་འདའ་བར། །དགྲ་རྐུན་ཆུ་དང་ས་སྐྱོན་སོགས། །བར་ཆད་ཐམས་ཅད་ད་སོལ་ཅིག །སྣོད་ལྡན་སློབ་མ་ད་བསྡུས་ཤིག །མི་རྣམས་དགེ་ལ་ད་སྐུལ་ཞིག །ཨོ་རྒྱན་ཐུགས་རྗེ་ད་མ་གཡེལ། །བཀའ་སྲུང་དམ་ཅན་ད་མ་གཡེལ། །སྣང་སྲིད་ལྷ་སྲིན་དྲེགས་པའི་ཚོགས། །ནུས་རྩལ་ཡསྤྲུག་པའི་དུས་ལ་བབ། །དེ་སྐད་ཚ་བ་སྒང་གི་སར། །ཆར་ཆེན་ཆུ་བོ་གནམ་དུ་འཕྱུར། །ཅི་བྱ་གཏོལ་མེད་བྱུང་བའི་དུས། །སྨྲེ་སྔགས་འོ་དོད་འབོད་པ་ཤོར། །ཨེ་མ་ལེགས་པར་བརྟགས་ཙམ་ན། །དགྲ་རྐུན་ཆུ་དང་ཆར་པ་དང་། །ས་སྐྱོན་ལ་སོགས་འཇིགས་སྐྲག་འདི། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །གཡོ་མེད་རྗེན་པ་ནམ་མཁའ་འདྲ། །རྣམ་པ་མ་འགགས་སྣ་ཚོགས་པ། །ཅིར་ཡང་འཆར་བ་སྒྱུ་མའི་འཕྲུལ། །ཟུང་འཇུག་མཁའ་དང་འཇའ་ཚོན་བཞིན། །ད་ལྟ་ཁོ་བོའི་ཉམས་ལ་ཤར། །ཁྱེད་ཅག་དམ་ཅན་སྲུང་མ་རྣམས། །


CMR049_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རང་དམ་སྲུང་དགོས་ཡོད་ན་སྲུངས། །ང་ནི་གཞན་དོན་སེམས་བསྐྱེད་པས། །སྒྱུ་ལུས་འཇིགས་ཀྱང་འགྱོད་པ་མེད། །རང་སེམས་སྐྱེ་མེད་ཆོས་ཀྱི་སྐུ། །སྐྱེ་འཆི་མེད་པའི་གདེང་ཞིག་རྟོགས། །ཨེ་བདེན་མངོན་ཤེས་ཅན་ཀུན་ལྟོས། །སྡུར་མའི་དཔའ་གཏམ་ཧ་ཧ་ཧ། །ཀུ་རེའི་ནང་ན་དོན་དམ་ཡོད། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །ད་ལྟ་ཉམས་ལ་ཤར་ནས་བྲིས། །དོན་དང་ལྡན་ནོ་སྙམ་ནས་བྲིས། །དོན་དང་འགལ་ན་མཐོལ་ལོ་བཤགས། །བདག་ནི་འགྲོ་བ་ཀུན་དོན་དུ། །ལུས་དང་སྲོག་ལ་ལྟོས་མེད་པར། །བླ་མེད་བྱང་ཆུབ་དོན་གཉེར་ཕྱིར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །གང་ལ་གང་འདུལ་ཆོས་སྟོན་པ། །སྤྱན་རས་གཟིགས་ཀྱི་གཡོག་པོར་ཤོག །ཕཊ། །ད་ནི་ཁོ་བོས་གཅོད་གཅིག་བྱེད། །སྣང་བ་ཐམས་ཅད་སེམས་སུ་གཅོད། །སེམས་ཉིད་སྐྱེ་བ་མེད་པར་གཅོད། །བདེ་སྡུག་སྣ་ཚོགས་སྣང་བ་འདི། །ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །ཐམས་ཅད་རོ་གཅིག་ངང་དུ་གཅོད། །སྟོང་པའི་ངང་ལས་རིག་པའི་རྩལ། །ཡེ་ཤེས་བྱ་ཁྱུང་ག་རུ་ཌ། །མེ་འབར་གནམ་ལྕགས་མཆུ་སྡེར་ཅན། །ཉི་ཟླ་འབར་བའི་


CMR049_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་བསྒྲད་ཅིང་། །ཀྲང་ཀྲང་ཀྲིང་ཀྲིང་སྒྲ་སྒྲོགས་པོས། །ཆར་བདག་ཀླུ་གཉན་ས་བདག་ཀུན། །སྐྲག་ཅིང་དངངས་ནས་འོག་གི་ཕྱོགས། །རིམ་དགུ་ས་ཡི་འོག་ཏུ་སོང་། །ས་གཞི་ལྕགས་སྲེག་ས་གཞི་ལ། །རི་རབ་ལྕགས་སྲེག་སྡོང་པོ་སྟེ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི། །དབང་པོའི་སྒོ་ལྔ་ཐམས་ཅད་ནས། །བསྐལ་པའི་མེ་དཔུང་འུ་རུ་རུ། །མེ་སྟག་ཁྱུང་དམར་སྐར་ལྟར་འཁྲུགས། །རྣལ་འབྱོར་པ་ཡིས་བསྒོམས་པས་འགྲུབ། །སྣང་སྲིད་ཀུན་གྱི་བྱེད་པོ་ནི། །རང་སེམས་སྐྱེ་མེད་ཀུན་ཏུ་བཟང་། །དེ་ལས་དབང་བཙན་སུ་ཞིག་ཡོད། །ལྷ་ཡང་སེམས་ལ་འདྲེ་ཡང་སེམས། །སྣང་བ་ཐམས་ཅད་སེམས་ཀྱི་འོད། །དེ་ཕྱིར་རང་སེམས་ཧེ་རུ་ཀ །ང་རྒྱལ་གདེང་ཞིག་དེ་རིང་སྐྱེས། །ཕྲཊ། ཕྲཊ། ཕཊ། ༈ །ན་མོ་དྷཱ་ཀི་ནཱི། སྔགས་འཆང་རཱ་ག་ཨ་སྱ་བདག །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དབང་ལུང་ཁྲིད་སོགས་སྤེལ་བའི་ཕྱིར། །ཚ་བའི་ཡུལ་དུ་འགྲོ་བའི་ཚེ། །ཆོས་ཁྲི་མདོ་རུ་སླེབས་པའི་ནུབ། །བུད་མེད་མཛེས་སྡུག་རྒྱན་ཅན་འགའ། །ཉམས་རྨི་ལམ་མཚམས་སུ་མདུན་དུ་བྱུང་། །


CMR049_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མའི་བསུ་བ་ཡིན་ནམ་སེམས། །ཚ་བའི་ཡུལ་དུ་སླེབས་པའི་དུས། །རབ་རིབ་འཁྲུལ་པའི་རྨི་ལམ་ན། །བུད་མེད་མཛེས་ཤིང་ཡིད་འོང་བ། །རིན་ཆེན་དུ་མས་བརྒྱན་པ་ཤུལ། །སྐུ་སྟོད་གཅེར་བུ་ཡོད་པ་ཅིག །ཆགས་པའི་སྣང་བ་མ་ཡིན་པར། །རང་དང་མཉམ་དུ་འདུག་པ་ལ། །ལུས་ལ་མཐུན་ཚུལ་ལག་གིས་ཕུར། །དེ་བཞིན་བུད་མེད་ཤ་རྒྱས་པ། །གཡུ་བོ་ཆེ་ཡི་རྒྱན་ཅན་ལ། །རང་དང་མཉམ་དུ་འདུག་པ་སྙམ། །དེ་ནས་མཆོག་ལ་གོང་དུ་ཕྱིན། །འབྲུག་སྒྲ་ཆར་དང་ན་བུན་འཇའ། །རྟེན་འབྲེལ་ལེགས་སམ་སྙམ་པ་བྱུང་། །ཞག་གཉིས་ནུབ་པར་ཉམས་དང་ནི། །རྨི་ལམ་འདྲེས་པའི་སྐབས་ཉིད་དུ། །བརྟན་མའི་ཤེལ་གུར་ཐད་དེ་ནས། །ཁྲི་ནི་མཐོན་པོ་གཅིག་འདུག་པ། མང་པོ་འགའ་ཡིས་བར་སྣང་ལ། །བཏེག་ནས་བདག་གི་མདུན་དེ་ཡི། །བར་སྣང་ཁམས་སུ་ཁྱེར་ཏེ་བྱུང་། །ཁྲི་དེའི་སྟེང་ན་བུད་མེད་ནི། །བཅུ་དྲུག་ལོན་པའི་ན་ཚོད་ཙམ། །མཛེས་ཤིང་ལྟ་བས་མི་ངོམས་པ། །དགེ་སློང་མ་ཡི་ཆ་ལུགས་ཅན། །སྟོད་འགགས་ཤམ་ཐབས་བེར་ལ་སོགས། །བླ་ཆེན་སྐུ་སྐྱེ་འདྲ་བར་སྣང་། །བརྟན་མ་དངོས་དེ་ཡིན་པར་གོ་


CMR049_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཐག་ཏུ་འཇའ་ལྟར་ཡལ། །དེ་ནས་བདག་གི་བསམ་པ་ལ། །གཙོ་མོ་དེ་ནི་ཡེ་ཤེས་པ། །ཕལ་པས་མཇལ་རྒྱུ་མེད་པར་གོ །ཆོ་འཕྲུལ་སྣ་ཚོགས་སྟོན་པ་ནི། །འཁོར་གྱི་སྨན་མོ་འབུམ་ཕྲག་རྣམས། །མགུར་དང་མཐོང་བ་འདོན་མཁན་ནི། །ཕོ་ཞིག་བསྒྱུར་ཞེས་འཁོར་གཅིག་སྟེ། །སྐྱེ་བོ་ཕལ་པའི་རྨི་ལམ་ན། །ཆགས་པ་སྤྱོད་པར་རྨི་བ་སོགས། །ཀུན་དགའ་མ་ཞེས་བྱ་བ་གཅིག །རྟོགས་ལྡན་ལ་སོགས་ཆོས་པ་ལ། །ཆགས་པ་སྤྱོད་རྨིས་མགོན་པ་ནི། །རྣལ་འབྱོར་གྲོགས་ཞེས་འཁོར་གཅིག་སྟེ། །ལྕགས་ཁའི་བདག་མོ་ལྕགས་བདག་མ། །གནོད་འཚེ་བྱེད་པ་གྲོ་ཁེ་མ། །ནག་མོ་མ་དང་སྤྱང་གདོང་མ། །དེ་སོགས་འཁོར་ཚོགས་ཆོ་འཕྲུལ་མ། །གཙོ་མོ་ཉིད་ནི་ཡེ་ཤེས་པ། །སྤྱན་རས་གཟིགས་ཀྱི་ལྕམ་གཅིག་ཅེས། །གྲུབ་ཆེན་རྣམས་ཀྱིས་བསྟོད་ལྟར་ལགས། །དེ་ཕྱིར་གསས་མཁར་ལྷ་ཐོ་བརྩིགས། །བོད་ཁམས་བདེ་བའི་སྨོན་ལམ་བཏབ། །གཉིད་པ་མ་ཡིན་ཉམས་སྣང་ལ། ཕྱིར་ནངས་འོང་རྒྱུའི་འབུལ་བ་རྣམས། །མིག་གི་མཐོང་སྟེ་མཚར་བ་བྱུང་། །ཕྱོགས་རིས་ཆེ་བར་གྲགས་པས་ཀྱང་། །གུས་


CMR049_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འདུད་འབུལ་བ་ལ་སོགས་བྱས། །དེ་ནས་གངས་ཆེན་འབུལ་ཕྱུག་ཞོལ། །དབང་ཁྲིད་བདུན་གསུམ་ཙམ་དུ་བཙུགས། །འབྲང་རྗེ་རྒྱལ་པོ་བཙུན་མོ་དང་། །སྲས་དང་བློན་འབངས་བཅས་པ་དང་། །རི་སྒྲིས་ཁག་གསུམ་བླ་མ་རྣམས། །སེར་མོ་བ་ཡང་མང་པོ་ལ། །དབང་ལུང་ཁྲིད་སོགས་ཤིན་ཏུ་འཕེལ། །རབ་བྱུང་བསྙེན་རྫོགས་གསུམ་དང་བཅས། །དགེ་ཚུལ་དགེ་སློང་བསྒྲུབ་མཁན་ཡང་། །སུམ་ཅུ་སོ་དགུ་ཙམ་ཞིག་བྱུང་། །སེམས་ངོ་གསར་དུ་མཐོང་བ་དང་། །བོགས་འདོན་པ་ཡང་མང་ཞིག་བྱུང་། །གྲུབ་མཐའི་ཕྱོགས་རིས་ཆེ་ན་དང་། །སྟོབས་ལྡན་མི་སྣ་བཙུན་པ་དང་། །སོག་པོ་ཨ་ཙ་ར་ལ་སོགས། །མི་རིགས་མང་པོས་གུས་འདུད་དང་། །བདུད་འདུལ་རྡོ་རྗེའི་སྐུ་ཚབ་པ། །རྡོ་རྗེ་གྲོ་ལོད་གནས་སྒོ་ནི། །ཕྱེ་རུ་བཏང་བའི་བླ་མ་དེས། །གུས་འདུད་དབང་འབྲེལ་ལ་སོགས་ཞུས། །ཟླ་བ་གཅིག་གི་འགྲོ་དོན་ལ། །ད་ལམ་ཆེའམ་བསམ་པ་བྱུང་། །རྨི་ལམ་སྒྲུབ་ཆེན་དཀྱིལ་འཁོར་དྲུང་། །དུང་དཀར་གཅིག་ནི་འབུད་འདུག་པ། །སྐད་ནི་ཕྲ་ཞིང་སྙན་ལ་རིང་། །མཁའ་ལ་ཉི་མའི་དཀྱིལ་འཁོར་ཤར། །བཙུན་པ་གཅིག་དང་སྐྱ་


CMR049_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སེར་འགའ། །གུས་འདུད་ཕྱག་ཀྱང་འཚལ་བ་རྨིས། །དེ་ནས་ཡར་འོང་སྐ་ལྷའི་དྲུང་། །བཙུན་གཟུགས་ལུས་ཚད་རྩག་གསུམ་ཙམ། །ལུས་པོ་ཧ་ཅང་མི་གསལ་ལ། །སྐེད་པར་ཨོ་རྒྱན་གཏེར་ཕུར་ནི། །རིང་ཐུང་འདོམ་པ་གསུམ་གསུམ་ཙམ། །ཤིན་ཏུ་གསལ་ཞིང་ལེགས་པ་བཅུག །དེ་འདྲ་ཞིག་ནི་མཐོང་སྙམ་པ། །ཨོ་རྒྱན་ཆེན་པོའི་བཀའ་སྡོད་པ། །སྐུ་ལྷ་ངང་ཡག་ཡིན་ནམ་སྙམ། །དེ་ནས་གད་གཉིས་བར་དུ་ཕྱིན། །སྒར་པ་ཕོག་ཚེ་ཅུང་ཟད་འཐུམ། །བུད་མེད་ལ་སོགས་མང་པོ་འགའ། །གུས་ཤིང་འདུད་པས་མདུན་དུ་འཁོད། །ཤེལ་དཀར་གཅིག་གིས་དབང་བསྐུར་བྱས། །སེམས་ཀྱི་ངོ་སྤྲོད་བྱས་པ་རྨིས། །ཕྱོགས་དེའི་གཞི་བདག་ཡིན་ནམ་སྙམ། །བདག་ལ་ནུས་པ་མ་མཆིས་ཀྱང་། །ཨོ་རྒྱན་ཆེན་པོའི་བཀའ་དྲིན་ཡིན། །དེ་སྐད་དེ་མ་ཐག་ཏུ་བྲིས།། ༈ །།ན་མོ་གུ་རུ་སིདྡྷི་ཧཱུྃ། རང་སེམས་བླ་མ་པདྨ་འབྱུང་། །བཅོས་བསླད་མེད་པ་ཆོས་ཀྱི་སྐུ། །བལྟ་བྱ་ལྟ་བྱེད་བྲལ་བ་ལ། །རང་གར་བཞག་པས་ཆོག་པ་འདི། །དབུལ་པོའི་ཁྱིམ་ནས་གཏེར་རྙེད་ལྟར། །བླ་མའི་བཀའ་དྲིན་ངོ་མཚར་


CMR049_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །ཞན་པའི་སྡུག་ཡུས་མ་ཡིན་པར། །ཤུགས་འབྱུང་དད་པ་འཕེལ་བར་བྱུང་། །ཧོམ་གཉིས་བར་དུ་བསྡད་པའི་ནུབ། །རྨི་ལམ་འོད་གསལ་འདྲེས་པའི་སྐབས། །ངོ་མཚར་ལྟད་མོ་ཅི་ཡང་མཐོང་། །བརྟན་མའི་ཕོ་བྲང་ཤེལ་གུར་དེ། །དྲུང་ན་ཡོད་ལྟར་མཐོང་སྙམ་བྱེད། །སྐུ་གཟུགས་གསལ་པོ་མ་མཐོང་ཡང་། །བརྟན་མ་དྲུང་དེར་ཡོད་སྙམ་བྱེད། །དེ་ཚེ་བདག་གིས་འདི་སྐད་སྨྲས། །ཨོ་རྒྱན་པདྨ་འབྱུང་གནས་དེ། །ཚེས་བཅུར་རྒྱུན་དུ་འབྱོན་པ་དེ། །ངེད་ཅག་མི་ཡིས་མི་མཇལ་ཡང་། །ཁྱེད་ཅག་ལྷ་འདྲེས་ཨེ་མཇལ་སྨྲས། །དེ་ཚེ་བརྟན་མས་ཚིག་འདི་ཟེར། །དོ་གལ་ཆེ་བའི་དུས་རྣམས་སུ། །རྩེ་གཅིག་གསོལ་བ་བཏབ་པ་ན། །ནམ་མཁའ་ལ་ནི་འཇའ་ཤར་ལྟར། །པད་འབྱུང་ནམ་འདོད་མཇལ་རྒྱུ་ཡོད། །གསོལ་བ་ལ་སོགས་མ་བཏབ་ཅིང་། །མཇལ་དགོས་གལ་ཆེན་མེད་དུས་ནི། །ཚེས་བཅུ་ལ་ཡང་མི་མཇལ་ཟེར། །དེ་ཚེ་ནམ་མཁའི་དབྱིངས་སུ་ནི། །འཇའ་ཚོན་ཤར་བ་ལྟ་བུ་ཡི། །ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན། །བདག་གིས་ཡུད་ཙམ་མཇལ་སྙམ་བྱེད། །དེ་ནས་མོས་གུས་ཕྱག་ཆེན་གྱི། །དཔེ་ཆ་བདག་གི་ལག་


CMR049_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན། །རང་གིས་རང་ལ་ཁྲིད་བཙུགས་སྙམ། །དམིགས་པ་འགའ་རེ་བསྒོམས་པ་རྨིས། །དེ་ནས་བདག་གིས་པཎ་ཞྭ་གྱོན། །ལུས་ལ་ཐུལ་པ་གཅིག་གྱོན་ནས། །འོག་ཏུ་རྟ་བཟང་གཅིག་ཞོན་ནས། །ལག་ཏུ་དུང་དཀར་ཆེན་པོ་གཅིག །འབུད་ཅིང་འབུད་ཅིང་སོང་བ་སོགས། །རེས་འགའ་རྨི་ལམ་རེས་འགའ་ནི། །འོད་གསལ་ཟིན་པ་བསྲེ་མར་བྱུང་། །ཉམས་མཚར་ཕྱིར་ནངས་ཡི་གེར་བྲིས།། །།ན་མོ་གུ་རུ་བྷེ་ཥ་ཛུ་ཡེ། བླ་མ་བཅོམ་ལྡན་སྨན་གྱི་བླ། །མཆེད་བརྒྱད་རྣམས་ལ་གསོལ་བ་འདེབས། །བདེ་བར་གཤེགས་པ་སྨན་བླ་ཡི། །སྔོན་ཚེ་བྱང་ཆུབ་སེམས་དཔའི་ཚེ། །གང་གིས་མཚན་ཐོས་བརྗོད་པ་ཡི། །ནད་ཀུན་ཞི་བར་གྱུར་ཅིག་ཅེས། །སྨོན་ལམ་བཏབ་ཅིང་མཐར་སོན་པའི། །བདེན་པས་བདག་ཅག་འཁོར་བཅས་ཀྱི། །ནད་ཀུན་མྱུར་དུ་ཞི་གྱུར་ཅིག །བཅོམ་ལྡན་འཕགས་མ་སྒྲོལ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ནད་སོགས་འཇིགས་པ་ཐམས་ཅད་ལ། །སྐྱོབ་པར་ཁྱེད་ཀྱིས་དམ་བཅས་པའི། །བདེན་པས་བདག་ཅག་འཁོར་བཅས་ཀྱི། །ནད་ཀུན་ད་ལྟ་ཉིད་


CMR049_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོལ། །འཕགས་མ་ལོ་མ་གྱོན་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཁྱེད་ཀྱི་མཚན་ཙམ་བརྗོད་པས་ཀྱང་། །མི་ནད་ཐམས་ཅད་ཞི་བ་ཡི། །བདེན་པ་དེ་ཡིས་བདག་ཅག་རྣམས། །ནད་ཡམས་གནོད་པ་ཞི་གྱུར་ཅིག །མ་གཅིག་དུད་སོལ་ལྷ་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཁྱེད་ཀྱི་མཚན་ཙམ་ཤེས་པས་ཀྱང་། །མི་ནད་ཐམས་ཅད་ཞི་གསུངས་པའི། །བདེན་པས་བདག་ཅག་འཁོར་བཅས་ཀྱི། །མི་ནད་ཐམས་ཅད་རྒྱུན་ཆོད་ཅིག །རང་སེམས་སྐྱེ་མེད་རྒྱལ་བའི་ཡུམ། །འདི་ལ་མཉམ་པར་བཞག་པ་ན། །འཇིགས་དང་གནོད་པ་ཐམས་ཅད་ཀུན། །རང་སར་ཞི་བར་ཐུབ་དབང་གསུངས། །དེ་ཡི་བདེན་པས་ནད་དང་གདོན། །ཐམས་ཅད་དབྱིངས་སུ་ཞི་གྱུར་ཅིག །དེ་སྐད་རང་གི་གྲྭ་འཁོར་རྣམས། །གློ་བུར་རིམས་ནད་མཆེད་པའི་དུས། །རཱ་ག་ཨ་སྱས་བདེན་ཚིག་བརྗོད། །བརྡ་ཐིམ།། །།ན་མོ་རཏྣ་ཏྲ་ཡཱ་ཡ། ད་ལོ་ཚ་བའི་སྒང་ངོས་ཕྱིན། །རླུང་འཚུབ་ཆེ་ཞིང་ཆོན་ཐག་རྒྱུག །ཆུ་རྔུར་རི་བྱ་ཁྱིམ་དུ་འཛུལ། །སྐབས་སུ་རྨི་ལམ་རྩུབ་ཆ་ཆེ། །ཨེ་མ་ཐམས་ཅད་སེམས་ཀྱི་


CMR049_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ། །བགེགས་དང་འདྲེ་ཀུན་རང་གི་སེམས། །བདུད་དང་བར་ཆད་རང་གི་སེམས། །ཆོ་འཕྲུལ་རྣམ་རྟོག་རང་གི་སེམས། །རང་སེམས་ཡེ་ནས་ཆོས་ཀྱི་སྐུ། །སྟོང་པ་ཉིད་ལ་ཅི་ཡང་འཆར། །རང་ངོ་རང་གིས་མ་ཤེས་ན། །འདྲེ་དང་གདོན་ལ་ཟད་པ་མེད། །ལྟས་ངན་བརྒྱད་ཅུ་རྩ་གཅིག་དེ། །དུས་གཅིག་སྤྲིན་ལྟར་གཏིབས་ན་ཡང་། །རང་སེམས་འཁྲུལ་པའི་རང་གཟུགས་ལས། །གཞན་ནས་བཏང་དང་འོང་བ་མེད། །སེམས་ལས་ཤར་ཞིང་སེམས་སུ་གྲོལ། །དཔེར་ན་ཆུ་དང་ཆུ་རླབས་འདྲ། །ལྟ་བ་ལྷ་མེད་འདྲེ་མེད་ཡིན། །སྒོམ་པ་སེམས་འཛིན་བྲལ་བ་ཡིན། །སྤྱོད་པ་བླང་དོར་བྲལ་བ་ཡིན། །འབྲས་བུ་རེ་དོགས་བྲལ་བ་ཡིན། །གཞན་དོན་སེམས་བསྐྱེད་རང་དོན་ཡིན། །གང་བྱུང་འདོད་པ་གཅོད་ཡུལ་ཡིན། །སྐྱིད་ན་དཀོན་མཆོག་ཐུགས་རྗེ་ཡིན། །བསྟན་འགྲོར་གང་ཕན་བྱེད་པ་ཡིན། །སྡུག་ན་སྒྲིབ་པ་ཟད་པ་ཡིན། །འགྲོ་བའི་སྡུག་བསྔལ་ཁུར་བ་ཡིན། །ཕྱུག་ན་ཚོགས་སོགས་གང་འགྲུབ་བྱེད། །སྦྱིན་བདག་ཚོགས་གཉིས་རྫོགས་པ་ཡིན། །དབུལ་ན་སྒྲུབ་པ་རྩེ་གཅིག་བྱེད། །དཀོར་སྒྲིབ་ཆུང་བས་དགའ་


CMR049_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །དེ་སྐད་རཱ་ག་ཨ་སྱས་སྨྲས། །རྣལ་འབྱོར་རཱ་ག་ཨ་སྱ་ང་། །དེ་རིང་ཉམས་ཀྱི་སྣང་བ་ལ། །གང་བྱས་སྐྱིད་པའི་ཉམས་ཤིག་ཤར། །ནད་མེད་སྐུ་ཚེ་རིང་ན་སྐྱིད། །རང་གཞན་དོན་གཉིས་འཕེལ་བས་སྐྱིད། །མྱུར་དུ་ཤི་ན་དེ་བས་སྐྱིད། །འདུ་བྱེད་སྡུག་བསྔལ་བྲལ་བས་སྐྱིད། །བདེ་ཆེན་ཞིང་དུ་འགྲོ་བས་སྐྱིད། །འོད་དཔག་མེད་དང་མཇལ་བས་སྐྱིད། །གདུལ་བྱ་ལོངས་སྤྱོད་ཆེ་ན་སྐྱིད། །དཀོན་མཆོག་མཆོད་པ་བྱེད་པས་སྐྱིད། །རང་གཞན་ཚོགས་གཉིས་རྫོགས་པས་སྐྱིད། །དབུལ་ཕོངས་གདུལ་བྱ་མེད་ན་སྐྱིད། །དཀའ་ཐུབ་སྒྲུབ་པ་བྱེད་པས་སྐྱིད། །དཀོར་སྒྲིབ་ཁུར་རུ་ཆུང་བས་སྐྱིད། །བསྐྱེད་རྫོགས་ཡེངས་མེད་བསྒོམས་ན་སྐྱིད། །ཉམས་ལེན་གོང་དུ་འཕེལ་བས་སྐྱིད། །ཡེངས་ཤིང་འཁྲུལ་པར་འབྱམས་ན་སྐྱིད། །ངོ་བོ་འགྱུར་མེད་རྟོགས་པས་སྐྱིད། །ཡེངས་དང་མ་ཡེངས་མེད་པས་སྐྱིད། །འཁྲུལ་དང་མ་འཁྲུལ་མེད་པས་སྐྱིད། །ནད་མེད་ལུས་ཉམས་བཟང་ན་སྐྱིད། །དབང་ལུང་ཁྲིད་སོགས་འཕེལ་བས་སྐྱིད། །ན་ཞིང་ཡུན་རིང་མནར་ན་སྐྱིད། །སྒྲིབ་པ་བྱང་བར་འགྱུར་བས་སྐྱིད། །བཏང་ལེན་བློ་སྦྱོང་བསྒོམས་པས་


CMR049_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད། །ཉམས་རྒོད་ཤར་བའི་གླུ་རྒོད་འདི། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །སྨྱོ་གཏམ་འདྲ་ཡང་གནད་གཅིག་ཡོད། །ཧེ་ཧེ་ཧེ།། ༈ །།ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། ཀྱེ་མ་འགྲོ་དྲུག་སེམས་ཅན་རྣམས། །ཐར་མེད་འཁོར་བའི་རྒྱ་མཚོར་བྱིངས། །ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། །དེ་དག་སྡུག་བསྔལ་དཔག་མེད་དེ། །ད་ལྟ་ཉིད་དུ་བདག་ཉིད་ལ། །ཐིམ་ནས་དེ་ཀུན་བདེ་གྱུར་ཅིག །ཡི་དྭགས་རིགས་ལ་སུམ་ཅུ་གཉིས། །བཀྲེས་སྐོམ་སྡུག་བསྔལ་དཔག་མེད་རྣམས། །དེ་ཀུན་བདག་ལ་སྨིན་གྱུར་ནས། །དེ་རྣམས་བདེ་སྐྱིད་ལྡན་གྱུར་ཅིག །དུད་འགྲོ་གླེན་ལྐུག་བཀོལ་སྤྱད་སོགས། །སོ་སོའི་སྡུག་བསྔལ་གྲངས་མེད་པ། །དེ་ཀུན་བདག་ལ་སྨིན་གྱུར་ནས། །དེ་རྣམས་བདེ་སྐྱིད་ལྡན་གྱུར་ཅིག །ལྷ་མིན་འཐབ་རྩོད་སྨས་འགྲམ་གྱི། །ན་ཚ་སྡུག་བསྔལ་དཔག་མེད་དེ། །བདག་གི་ན་ས་འདིར་ཐིམ་ནས། །དེ་རྣམས་བདེ་དང་ལྡན་གྱུར་ཅིག །མི་ཡི་སྐྱེ་རྒ་ན་འཆི་དང་། །ལྷ་ཡི་ཕམ་ལྟུང་སྡུག་བསྔལ་རྣམས། །བདག་གི་ནད་འདིས་གོ་ཆོད་ཤོག །སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །


CMR049_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རིགས་ལན་ཆགས་ཐམས་ཅད་ཀུན། །བདག་ལུས་འབྱུང་བཞིའི་ཕུང་པོ་འདི། །ནམ་ཡང་མི་བཞག་འདོར་བ་ལ། །སུས་དགོས་ཁྱེར་ལ་ཅི་དགའ་རོལ། །བདག་སེམས་ཆོས་སྐུ་རྒྱལ་བའི་ཡུམ། །ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས། །དབྱེར་མེད་སྤྲོས་བྲལ་འདུས་མ་བྱས། །ལྷས་ཀྱང་བཟང་དུ་བཏང་རྒྱུ་མེད། །འདྲེས་ཀྱང་ངན་དུ་བཏང་རྒྱུ་མེད། །གཞོམ་གཞིག་བྲལ་བ་གཉུག་མའི་གཤིས། །འདི་ལ་ནད་གདོན་བགེགས་ཀྱང་མེད། །ལྷ་མེད་འདྲེ་མེད་སྟོང་རྗེན་ནེ། །བདག་མེད་བདག་འདྲ་དེ་ལ་གནས། །ཞེས་པ་འཛི་ཆུའི་དོལ་ཁུག་ན། །སྐེ་འཛི་འདུས་པའི་གཉན་ས་ན། །གླ་བ་ཤིང་གི་ནགས་ཁྲོད་ན། །རོ་སྙོམས་དགོང་འདྲིལ་གདམས་ངག་བྲིས། །རྟོགས་ལྡན་ཞིག་ལ་ལུང་བྱས་པས། །སློང་དང་ཆོ་འཕྲུལ་ཡ་མའི་ནད། །སྙིལ་སྐྲང་ཟུག་ཟེར་ཆེ་བའི་དུས། །ཡིད་ལ་ཅི་ལྟར་བསྒོམ་ཚུལ་ཡིན། །དེ་ལྟར་བསྒོམ་ཞིང་གཉིད་པ་དང་། །སྐབས་སུ་ཕཊ་སྒྲ་སྒྲོག་པའི་སྐབས། །མི་འགས་ཇ་དར་འབུལ་དུ་བྱུང་། །དེ་དགོང་དངོས་སུ་འབུལ་བ་རྣམས། །རྨི་ལམ་བྱུང་ལྟར་མི་ཡིས་ཕུལ། །བཙན་དང་རྒྱལ་པོའི་ཆོ་


CMR049_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དང་། །དེ་དག་རྣམ་ལ་དབང་བསྐུར་སོགས། །ཞག་གཅིག་རྨི་ལམ་དངོས་ཉམས་ཀྱི། །ཚར་སློང་འགྲིགས་པའི་ཡ་མཚན་བྱུང་། །ཕྱིར་ཉིན་ཡི་གེར་བྲིས་པའོ།། ༈ །།ན་མོ་པྲ་ཝ་ཀ་ར་ཡེ། ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སུ། །ཆོས་སྐུ་སྣང་བ་མཐའ་ཡས་ལ། །གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །སྔར་ཡང་ཐུགས་རྗེ་ངོ་མཚར་ཆེ། །ད་ཡང་ཐུགས་རྗེས་བྱིན་གྱིས་རློབས། །མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །ཟབ་གཏེར་གཏེར་སྒོ་ཕྱེད་པ་དང་། །འགྲོ་དོན་འཕེལ་བར་མཛད་དུ་གསོལ། །པོ་ཊ་ལ་ཡི་གནས་མཆོག་ན། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ། །གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །སྔར་ཡང་ཐུགས་རྗེ་ངོ་མཚར་ཆེ། །ད་ཡང་ཐུགས་རྗེས་བྱིན་གྱིས་རློབས། །མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །ཟབ་གཏེར་གཏེར་སྒོ་ཕྱེད་པ་དང་། །འགྲོ་དོན་འཕེལ་བར་མཛད་དུ་གསོལ། །པདྨ་འོད་ཀྱི་གཞལ་ཡས་ན། །སྤྲུལ་སྐུ་པདྨ་འབྱུང་གནས་ལ། །གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །སྔར་ཡང་ཐུགས་རྗེ་ངོ་མཚར་ཆེ། །ད་ཡང་ཐུགས་རྗེས་བྱིན་གྱིས་


CMR049_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །ཟབ་གཏེར་གཏེར་སྒོ་ཕྱེད་པ་དང་། །འགྲོ་དོན་འཕེལ་བར་མཛད་དུ་གསོལ། །གངས་ཅན་བོད་ཀྱི་ཞིང་ཁམས་ན། །གྲུབ་ཆེན་རྗེ་འབངས་ཉེར་ལྔ་ལ། །གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །སྔར་ཡང་ཐུགས་རྗེ་ངོ་མཚར་ཆེ། །ད་ཡང་ཐུགས་རྗེས་བྱིན་གྱིས་རློབས། །མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །ཟབ་གཏེར་གཏེར་སྒོ་ཕྱེད་པ་དང་། །འགྲོ་དོན་འཕེལ་བར་མཛད་དུ་གསོལ། །ཆོས་དབྱིངས་བདེ་བ་ཆེན་པོ་ན། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ། །གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །སྔར་ཡང་ཐུགས་རྗེ་ངོ་མཚར་ཆེ། །ད་ཡང་ཐུགས་རྗེས་བྱིན་གྱིས་རློབས། །མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །ཟབ་གཏེར་གཏེར་སྒོ་ཕྱེད་པ་དང་། །འགྲོ་དོན་འཕེལ་བར་མཛད་དུ་གསོལ། །ཡུལ་ཆེན་ཉི་ཤུ་རྩ་བཞི་ན། །མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ། །གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །སྔར་ཡང་ཐུགས་རྗེ་ངོ་མཚར་ཆེ། །ད་ཡང་ཐུགས་རྗེས་བྱིན་གྱིས་རློབས། །མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །ཟབ་གཏེར་གཏེར་སྒོ་ཕྱེད་པ་དང་། །འགྲོ་དོན་


CMR049_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བར་མཛད་དུ་གསོལ། །དུར་ཁྲོད་ཆེན་པོའི་ཚལ་བརྒྱད་ན། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ། །གསོལ་འདེབས་གསོལ་བ་ཡང་ཡང་འདེབས། ༈ སྔར་ཡང་ཐུགས་རྗེ་ངོ་མཚར་ཆེ། །ད་ཡང་ཐུགས་རྗེས་བྱིན་གྱིས་རློབས། །མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །ཟབ་གཏེར་གཏེར་སྒོ་ཕྱེད་པ་དང་། །འགྲོ་དོན་འཕེལ་བར་མཛད་དུ་གསོལ། །རྩ་བ་གསུམ་གྱི་ཐུགས་རྗེ་དང་། །བདེན་གཉིས་ཟུང་འཇུག་བདེན་པ་དང་། །བདེན་ལྡན་ཇི་སྙེད་བདེན་པའི་མཐུས། །པད་འབྱུང་རྒྱལ་ཚབ་སྤྲུལ་པའི་སྐུ། །མི་འགྱུར་རྡོ་རྗེའི་སྐུ་ཚེ་དང་། །འགྲོ་དོན་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་པ་ཀཐོག་ཨ་སྐྱོ་བས། །སྤྲུལ་སྐུ་སྐུ་ཁམས་བཟང་བ་དང་། །ཕྲིན་ལས་རྒྱས་པའི་གཏམ་སྙན་བཤད། །ས་ཐོབ་ལྟ་བུར་ཡིད་དགའ་ནས། །ཐ་སྐར་ཟླ་བའི་ཡར་ཚེས་དྲུག །ནགས་ཚལ་འཐུག་པོའི་ཁྲོད་དུ་སྨྲས།། ༈ །།རྣལ་འབྱོར་རཱ་ག་ཨ་སྱས་འཕྲལ་དུ་རྟགས་ཡིག་ཉམས་མགུར་དུམ་གཅིག་ཡོད། ན་མོ་ལོ་ཀེ་ཤྭ་ར་ཡེ། རྣལ་འབྱོར་རཱ་ག་ཨ་སྱའི་བདག །རང་ལོ་ང་དྲུག་འབྲུག་གི་ལོ། །འབྲུག་གི་ཟླ་བ་ནས་བཟུང་སྟེ། །བསམ་གཏན་ཁང་བུ་བསྒྲུབས་པ་དང་། །


CMR049_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་སློབ་མཚམས་པ་འགའ་ཟུང་ལ། །ཕན་ཕྱིར་ཆུ་སྐོར་འཛུགས་པ་སོགས། །ས་རྡོ་རི་བྲག་རྐོ་རློག་མང་། །དེ་ལ་ཕོག་ཐུག་མི་འབྱུང་ཕྱིར། །སྔགས་བདག་རྒྱུད་དང་ཞིང་སྐྱོང་གི །ལས་ཚོགས་ཀླུ་ཁང་བཅས་པའི་ཚེ། །འབྲུག་སྒྲ་ཁ་བ་འབེབས་པ་དང་། །རྨི་ལམ་ཁྱེའུ་མཛེས་པ་ནི། །བཞི་བཅུ་ཙམ་ཞིག་གུས་འདུད་བཅས། །བདག་ལ་བསྐོར་ནས་འདུག་པ་རྨིས། །ཡེ་ཤེས་དང་ནི་འཇིག་རྟེན་གྱི། །ཀླུ་དང་ས་བདག་མ་ལུས་པ། །ཟག་བཅས་མངོན་པར་ཤེས་པ་ཡིས། །རྣལ་འབྱོར་བདག་གི་ཚིག་འདི་གསོན། །བསླུ་བ་མེད་པའི་དཀོན་མཆོག་གསུམ། །བླ་མ་ཡི་དམ་ཌཀིའི་ཚོགས། །ཁྱད་པར་སྤྲིན་ཆེན་མདོ་སྡེ་ལས། །གསུངས་པའི་བདེ་གཤེགས་ཐམས་ཅད་དང་། །ཀླུ་དབང་རྒྱལ་པོ་བཅོམ་ལྡན་འདས། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་ཡི་རྒྱལ་པོ་གཡོག་མཐའ་ཡས། །ལ་སོགས་ཀླུ་ཡི་སེམས་དཔའ་རྣམས། །ཐམས་ཅད་བདེན་ལྡན་བདེན་འགྲུབ་པའི། །བདེན་པ་ཆེན་པོ་དེ་ཡིས་མཐུས། །སྔགས་བདག་མི་མགོན་དཀར་པོ་དང་། །སྨྱོ་ཁ་མཁར་ནག་ལ་སོགས་པའི། །ཀླུ་ཡི་དགེ་བསྙེན་དཀར་ཕྱོགས་རྣམས། །ཀླུ་ཁང་


CMR049_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གནས་གྱུར་ཅིག །གནས་ནས་ས་ཕྱོགས་ཡུལ་ཕྱོགས་འདིར། །ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས། །འཁྲུག་རྩོད་ཡམས་ནད་རྒྱུན་ཆད་ཅིང་། །ཡུལ་ཕྱོགས་བདེ་ལེགས་བསྒྲུབ་པར་མཛོད། །ཀླུ་ཡི་རྒྱལ་པོ་དེ་རྣམས་ལ། །མཐུ་དབང་གཟི་བརྗིད་དཔག་མེད་པའི། །བདེན་པ་དེ་ཡིས་ས་ཕྱོགས་འདིར། །མྱུར་དུ་ཆར་གྱི་རྒྱུན་ཆེན་ཕོབ། །རྩྭ་ཁ་ལོ་ཐོག་ལེགས་པ་དང་། །སད་སེར་མུ་གེ་མེད་པ་ཡི། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །མི་འཁྲུགས་རྒྱལ་བ་རྡོ་རྗེ་སེམས། །བཅོམ་ལྡན་སྨན་བླའི་བདེན་པ་ཡིས། །ཀླུ་དང་ས་བདག་ཐམས་ཅད་ཀྱི། །ནད་དང་གནོད་པ་རྒྱུན་ཆད་ནས། །གཟི་བརྗིད་སྟོབས་ནུས་འཕེལ་གྱུར་ཅིག །འཕེལ་ནས་གནས་འདིར་གནས་པ་ཡི། །སྔགས་འཆང་རྡོ་རྗེ་འཛིན་རྣམས་ཀྱི། །གཡོག་དང་ཁོལ་པོ་ཡང་གཡོག་མཛོད། །གསང་བདག་དང་ནི་ཤཱཀ་ཐུབ་ཀྱི། །སྤྱན་སྔར་དྲིལ་བུའི་སྒྲ་ཙམ་པ། །ལེགས་པར་ཉན་ཅིང་བཀའ་བསྒྲུབ་སྟེ། །གལ་ཏེ་དམ་ལས་འདས་གྱུར་ན། །ལུས་སྙིང་རུལ་མྱལ་མནར་མེད་དུ། །སྐྱེ་བའི་དམོད་བོར་དམ་བཅས་པའི། །དམ་ལས་མ་འདའ་ས་མ་ཡཱ། །


CMR049_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་འཁོར་དང་བཅས་པ་ལ། །དུག་རླངས་ཀླུ་ནད་མ་བཏང་ལ། །ཀླུ་གཡང་དངོས་གྲུབ་ཆར་ལྟར་ཕོབས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལྟོ་བ་ཕུ་རུ་དེ་རྗེས་ཕྱིན། །གླང་སྒའི་ཆུ་མིག་ཀླུ་དེ་ནི། །ཁྱེའུ་མཛེས་པ་གཅིག་ཏུ་སྤྲུལ། །རང་གི་མདུན་དུ་གུས་པས་འདུག །ཁ་ནི་བཙུམས་ཏེ་བསྡམས་ན་ཡང་། །ཚིག་ནི་གསལ་པོར་སྨྲ་ཤེས་པས། །ང་ལ་ཁ་རླངས་དུག་ཡོད་པས། །ཁྱེད་ལ་ཁ་རླངས་ཕོག་དོགས་ཟེར། །ང་ལ་སྲོག་སྙིང་ཕུལ་གཅིག་སྨྲས། །སྲོག་སྙིང་ཕུལ་བའི་རྨི་ལམ་བྱུང་། །ཕྱིར་ནངས་བསང་ཡིག་བྲིས་ཏེ་སྤེལ། །ཞག་ལྔ་དབང་ཁྲིད་འགྲོ་དོན་འཕེལ། །ཟང་ཟིང་ལོངས་སྤྱོད་ཆར་ལྟར་བབ། །བདག་ལ་ནུས་པ་མ་མཆིས་ཀྱང་། །ཨོ་རྒྱན་རྗེ་ཡི་བཀའ་དྲིན་ཡིན། ༈ །ན་མོ་གུ་རུ་དེ་ཝ་ཌཱཀི་ནཱི་ཧཱུྃ། བླ་མ་ཡི་དམ་དབྱེར་མེད་པའི། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྒྱལ་བ་རྒྱལ་སྲས་རྒྱ་མཚོའི་ཚོགས། །པད་འབྱུང་གྲུབ་ཐོབ་རྒྱ་མཚོའི་ཚོགས། །ཡེ་ཤེས་སྤྱན་དང་རྡོ་རྗེའི་སྙན། །མངོན་ཤེས་དྲུག་ལྡན་ཐམས་ཅད་ཀུན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་གིས་དུས་


CMR049_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དགེ་བསགས་དང་། །ཁྱེད་རྣམས་ཐུགས་རྗེ་ཚད་མེད་མཐུས། །ཟླ་བ་ཕྱེད་དང་བདུན་འདི་ལ། །འགྲོ་དོན་དཔག་མེད་འགྲུབ་གྱུར་ཅིག །བསམ་བཞིན་འགྲུབ་པར་བྱིན་གྱིས་རློབས། །བར་ཆད་མེད་པར་ཐུགས་རྗེས་ཟུངས། །མཐོང་ཐོས་འབྲེལ་ཐོགས་འགྲོ་བ་ཀུན། །བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །འབྲེལ་ཚད་དོན་དང་ལྡན་པ་ཅིག །རེ་ས་གཞན་མེད་ཁྱེད་རང་ཤེས། །དེ་སྐད་སྒྲ་ཆེན་འབྲུག་གི་ལོ། །ཤུགས་འཆང་རྟ་ཡི་ཟླ་བ་ཡི། །རྣམ་གསུམ་འཛོམ་པའི་དུས་ཆེན་ཉིན། །ཟུར་མང་མཇལ་དུ་འགྲོ་བ་ཡི། །དོས་བཅས་བྱས་པའི་སྐབས་སུ་བྲིས། །བྲིས་པ་དོན་དང་ལྡན་པར་ཤོག། ༈ །།ན་མོ་ཨརྱ་པ་ལོ་ཡེ། སྤྱན་རས་གཟིགས་ལ་ཕྱག་༔ འཚལ་ལོ། །བདག་ནི་མཐོང་དང་ཐོས་པ་དང་། །མོས་དང་གུས་འདུད་འབྲེལ་ཐོགས་དང་། །དྲན་དང་དབང་ལུང་ཆོས་ཐོབ་པའི། །སེམས་ཅན་གཅིག་ཀྱང་མ་ལུས་པ། །ཚེ་འདིར་བར་ཆད་རྐྱེན་ངན་ཞི། །ནད་མེད་བདེ་བའི་ལངས་ཚོ་རྒྱས། །ཡུན་རིང་བསགས་པའི་སྒྲིབ་ཀུན་བྱང་། །ནམ་ཞིག་ཚེ་ཡི་དུས་བྱེད་ཚེ། །རྩལ་ཆེན་སྐྱེས་བུས་མདའ་


CMR049_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ལྟར། །ནུབ་ཕྱོགས་བདེ་ཆེན་ཞིང་དུ་འཕོས། །རིན་ཆེན་པདྨའི་སྙིང་པོ་ལ། །མཚན་དཔེའི་རྒྱན་ལྡན་ལུས་སུ་སྐྱེས། །ས་བཅུ་མངོན་དུ་བྱེད་པར་ཤོག །བདག་ལས་དབང་ལུང་འཕེལ་བ་རྣམས། །དུས་ཀྱི་འཁོར་ལོ་ལས་གསུངས་པའི། །སྔགས་བསྟན་གནས་ཚད་མ་རྫོགས་བར། །ནམ་ཡང་ནུབ་པར་མ་གྱུར་ཅིག །དེ་སྲིད་ངེས་ཙམ་ཆོས་རྣམས་དར། །འགྲོ་ཕན་དཔག་མེད་འབྱུང་གྱུར་ཅིག །བདག་གིས་བཤད་པའི་ཁྲིད་རིམ་རྒྱུན། །ཉམས་དང་རྟོགས་པའི་བརྒྱུད་པ་ཡང་། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན། །མ་རྫོགས་བར་དུ་མི་ནུབ་པ། །མཐའ་ཡས་འགྲོ་བ་གྲོལ་གྱུར་ཅིག །བདག་ལས་བརྒྱུད་པའི་སྡོམ་པའི་རྒྱུན། །འདུལ་བསྟན་ཅི་གནས་བར་དུ་དར། །ཀུན་ཀྱང་ཚུལ་ཁྲིམས་རྣམ་དག་ཤོག །བདག་གི་བརྒྱུད་པ་འཛིན་པ་ཀུན། །བདག་གིས་བསྟེན་པའི་ཆོས་སྐྱོང་ཀུན། །ལུས་དང་གྲིབ་བཞིན་རྗེས་འབྲངས་ནས། །ཆོས་མཐུན་བསམ་པ་ཀུན་འགྲུབ་ཤོག །བདག་ཀྱང་ལུས་རྟེན་འདི་ཉིད་ལ། །དོན་གཉིས་མཐའ་རུ་མ་ཕྱིན་བར། །བར་ཆད་དབང་དུ་མི་འགྲོ་བར། །བསམ་པ་ལྷུན་གྱིས་གྲུབ་པར་ཤོག །ར་ག་


CMR049_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཞེས་བྱ་བ་རུ། །ཞག་གསུམ་རྫོགས་ཆེན་མགྱོགས་ཁྲིད་དང་། །དབང་ལུང་ཕྲན་བུ་འཕེལ་བའི་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །སྐྱེས་ཕྲན་བཞི་ཡིས་ཕྱག་འཚལ་ཞིང་། །བུ་ཆུང་ལྟག་ཕུད་ཡོད་པ་གསུམ། །བདག་ལ་དགའ་ཞིང་མཇལ་དུ་བྱུང་། །བུད་མེད་ཤས་ཆེའི་ཁྲོམ་ཚོགས་ནི། །སྟོང་ཕྲག་ཙམ་རེ་ཡང་ཡང་དུ། གུས་པས་མདུན་དུ་ཐལ་མོ་སྦྱར། །ད་ལོ་བདག་ལ་འོང་རྒྱུ་ཡི། །འབུལ་ནོར་རྣམས་ཀྱང་ཡད་ཡུད་མཐོང་། །དེ་ཕྱིར་ཉམས་མཚར་བྲིས་པའོ།། ༈ །ན་མོ་གུ་རུ་ཀྲོ་དྷ་ཡེ། སྔོན་ཚེ་པདྨ་ཐོད་ཕྲེང་རྩལ། །བསམ་ཡས་ཡར་ལུང་ཤེལ་བྲག་དང་། །མཆིམས་ཕུའི་སྒྲུབ་གནས་ཀེའུ་ཚང་དང་། །དམར་ནག་མེ་ཕྲེང་སྐུར་བཞེངས་ནས། །དམ་ལ་བཏགས་པའི་ལྷ་འདྲེ་ཀུན། །ཡིད་ཀྱི་མངོན་ཤེས་ལྡན་པ་ཡིས། །རྣལ་འབྱོར་བདག་གི་ཚིག་འདི་ཉོན། །སློབ་དཔོན་ཆེན་པོའི་སྤྱན་སྔ་རུ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །དབང་བསྐུར་གསང་བའི་དམ་ལ་བཞག །ངག་ཏུ་དམ་ཚིག་བདུད་རྩི་བྱིན། །དེ་ཚེ་ཁྱེད་ཅག་ཐམས་ཅད་ཀྱིས། །མ་འོངས་སློབ་དཔོན་པདྨ་ཡི། །མཚན་


CMR049_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་འཛིན་པར་བྱེད་པ་ཡང་། །སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི། །གཙུག་ཏུ་བཞག་སྟེ་བསྐུར་བར་བྱ། །དེ་ཡི་དགོས་པ་གང་དང་གང་། །ཐམས་ཅད་ཡིད་བཞིན་བསྒྲུབ་པ་དང་། །དེ་ལ་གནོད་བྱེད་དགྲ་ཡི་ཚོགས། །ཐམས་ཅད་རྡུལ་དུ་བརླག་པར་བྱ། །གལ་ཏེ་བཀའ་བཞིན་མ་བྱས་ན། །ལྷ་འདྲེ་དེ་དག་ལུས་སྲོག་སྙིང་། །རུལ་དམྱག་ཚིག་ནས་དམྱལ་ཁམས་ནི། །བཅོ་བརྒྱད་བརྒྱུད་པར་གྱུར་ཅིག་ཅེས། །དམ་ཚིག་རྡོ་རྗེའི་མནའ་བོར་བའི། །དམ་ཚིག་རྗེས་སུ་དྲན་པར་གྱིས། །བདག་ནི་སོ་དཀར་ཙམ་ནས་བཟུང་། །ད་ལྟ་སྐུ་དཀར་སྐྱེས་ཀྱི་བར། །པདྨ་འབྱུང་གནས་བསྒོམས་ཤིང་བསྒྲུབས། །དེང་སང་ཁྲེགས་ཆོད་ལྟ་བ་རྟོགས། །བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་གསལ། །དམ་ཚིག་གསུམ་ལྡན་རྡོ་རྗེ་འཛིན། །དེང་སང་པད་འབྱུང་བསྟན་པ་སྤེལ། །འདི་ལ་མ་འཁུ་མ་ལྡོག་ལ། །མ་འདའ་ཀུ་རེ་རེ་འདོད་སྤོངས། །སྡོང་གྲོགས་བསྟན་པ་སྤེལ་རོགས་རེམ། །ང་ཡི་འཁོར་དུ་གཏོགས་པ་ཡི། །གྲྭ་སློབ་རྟ་དྲེལ་ནོར་ཕྱུགས་ལ། །དགྲ་ཇག་ཆོམ་རྐུན་ཧོར་སོགས་དང་། །གོད་ཁ་གཅན་གཟན་གནོད་པ་ཟློག །ང་ཡི་དབང་ཁྲིད་གདམས་


CMR049_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས། །ཕྱོགས་བཅུར་ཁྱབ་ཅིང་འཕེལ་བ་དང་། །དེ་ལ་བར་ཆད་རྐྱེན་མེད་ཅིང་། །བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །གལ་ཏེ་དེ་ལྟར་མ་བྱས་ན། །ཁྱེད་ཅག་དམ་ཚིག་ཉམས་མི་ཉམས། །ཡིད་ཀྱི་མངོན་ཤེས་ལྡན་པས་ལྟོས། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །ཡེ་ཤེས་སྤྱན་གྱིས་གཟིགས་སུ་གསོལ། །དེ་སྐད་ཀ་མདར་ཞག་པའི་ནུབ། །རྒྱལ་འགོང་གཅིག་གི་རེ་འདོད་ཀྱིས། །ཆོ་འཕྲུལ་བག་ཙམ་བྱུང་བས་བྲིས།། ༈ །།ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སྲས་དང་བཅས། །ཉན་རང་དགྲ་བཅོམ་རྒྱུད་སྡེའི་དཀྱིལ་འཁོར་ལྷ། །དྷཱ་ཀི་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས། །ཡེ་ཤེས་སྤྱན་དང་མངོན་པར་ཤེས་པ་དྲུག །ཟག་བཅས་ཟག་མེད་མངོན་ཤེས་ལྡན་རྣམས་གསོན། །རྡོ་རྗེའི་སྤྱན་དང་སྙན་ལྡན་ཡེ་ཤེས་ལྷ། །གཟུགས་སྒྲ་ཀུན་གྱི་རྗེས་འགྲོ་མཁྱེན་ལྡན་གསོན། །དམ་ཅན་བཀའ་སྲུང་ལྷ་སྲིན་དམ་ཚིག་ཅན། །འཇིག་རྟེན་ལེགས་ཉེས་ཤན་འབྱེད་བྱ་ར་བ། །ཟག་བཅས་མངོན་ཤེས་ཅེ་རེ་ལྟ་བ་དང་། །ཀྲོག་གེ་ཉན་པ་ཀུན་ཀྱང་འདིར་དགོངས་ཤིག །


CMR049_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་སློབ་དཔོན་གཞི་བྱེས་ཐམས་ཅད་ཀྱི། །མི་རྟ་ནོར་ཕྱུགས་གཡོག་དང་བཅས་པ་ཀུན། །བསླུ་མེད་སྐྱབས་མཆོག་དཀོན་མཆོག་གསུམ་རྣམས་ལ། །ཁ་ཙམ་མིན་པར་སྙིང་ནས་སྐྱབས་ཞུ་བ། །གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །འཚེ་བ་ཀུན་ལས་སྐྱོབ་པའི་གླེང་གཞི་བཅས། །མདོ་དང་མདོ་སྡེ་རྒྱན་ལས་གསུངས་པ་ནི། །བདེན་ན་བདེན་པ་དེ་ཡིས་བདག་ཅག་དང་། །བསྲུང་བྱ་ནད་རིམས་ཐ་མི་ཆོམ་རྐུན་གྱི། །འཇིགས་པ་སྐྱོབ་པར་མཛོད་ཅིག་དཀོན་མཆོག་གསུམ། །རྒྱལ་བ་མི་འཁྲུགས་པ་ཡི་མཚན་བརྗོད་ན། །འཇིགས་སྐྲག་ཡམས་ནད་ལ་སོགས་འཚེ་བ་ཀུན། །ཞི་བར་དཀོན་མཆོག་བརྩེགས་པ་ལས་གསུངས་ན། །བདག་གིས་ཁྱེད་མཚན་བརྗོད་ཅིང་ཁྱེད་སྔགས་བཟླས། །བདག་དང་བསྲུང་བྱ་འཚེ་བ་ཀུན་ལས་སྐྱོབས། །བདེ་གཤེགས་སྨན་བླའི་མཚན་ནས་རྗོད་བྱེད་ན། །ནད་ཀུན་ཞི་བར་མདོ་སྡེ་གཉིས་ནས་ནི། །གསུངས་པ་བདེན་ན་བདག་གིས་ཁྱེད་མཚན་བརྗོད། །བདག་དང་བསྲུང་བྱའི་ནད་ཀུན་མེད་པར་མཛོད། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་གི །མཚན་ནས་བོས་ན་དགྲ་རྐུན་


CMR049_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཅན་ལས། །ཐར་གསུངས་བདེན་ན་བདག་གིས་དུས་རྟག་ཏུ། །ཁྱེད་ལ་འབོད་དོ་འཇིགས་ཀུན་ཞི་བར་མཛོད། །སློབ་དཔོན་པདྨ་སྙིགས་དུས་ཐུགས་རྗེ་མྱུར། །ཐེ་ཚོམ་ཡིད་གཉིས་མེད་པར་གསོལ་བཏབ་ན། །བར་ཆད་ཀུན་སེལ་བསམ་པ་ལྷུན་གྲུབ་པར། །ཞལ་བཞེས་བདེན་ན་བདག་ལ་ཡིད་གཉིས་མེད། །རྟག་ཏུ་ཁྱེད་ལ་གསོལ་འདེབས་བློ་གཏད་ན། །བར་ཆད་ཀུན་སོལ་བསམ་པ་ལྷུན་གྲུབ་མཛོད། །རྗེ་བཙུན་སྒྲོལ་མ་དཀར་ལྗང་སྣ་ཚོགས་ཡུམ། །རྣལ་འབྱོར་མ་རྣམས་ཡིད་ལ་དྲན་པས་ཀྱང་། །འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཞི་གསུངས་པ། །བདེན་ན་བདག་གིས་ཁྱེད་སྒོམ་རིག་སྔགས་བརྗོད། །རྒྱལ་པོ་ཆོམ་རྐུན་ཐ་མི་རིམས་དང་ཡམས། །ཆུ་དང་གཅན་གཟན་འཇིགས་དང་གནོད་པ་སོལ། །མྱུར་མགྱོགས་གློག་ལྟར་བསྲུང་བྱ་ཕྱག་གིས་ཟུངས། །གུ་ཎའི་སྔགས་དང་རུ་ཏྲའི་སྔགས་ལ་སོགས། །མ་མགོན་ལྕམ་དྲལ་གང་ཞིག་བསྙེན་སྒྲུབ་པ། །རྒྱལ་པོ་ཆོམ་རྐུན་ཆུ་དང་གཅན་སྤྱང་སོགས། །གནོད་དང་འཇིགས་ལས་ཐར་འགྱུར་གསེར་འོད་དང་། །མདོ་རྒྱུད་མང་པོ་ལས་གསུངས་དེ་བདེན་ན། །བདེན་པ་དེ་ཡིས་


CMR049_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བསྲུང་བྱ་ཡི། །མ་མགོན་བསྟན་གྱི་འཇིགས་དང་གནོད་ཀུན་སོལ། །མགོན་ཆེན་ཞེ་ལྔ་སྤྲུལ་པའི་ལྷ་མོ་སྟོང་། །ཆོས་སྐྱོང་རྟ་མགྲིན་ཡ་མཱནྟ་ཀ་དང་། །གསང་བདག་སྤྱན་སྔར་དམ་ལྡན་སྔགས་འཆང་རྣམས། །སྲུང་ཞིང་སྐྱོང་བའི་གཡར་དམ་དེ་བདེན་ན། །བདག་ཅག་འཁོར་བཅས་སྔགས་འཆང་དམ་ལྡན་ཏེ། །གཡར་དམ་དྲན་མཛོད་སྲུང་སྐྱོབ་སྡོང་གྲོགས་རེམ། །དྲེགས་པ་སྡེ་བརྒྱད་བརྟན་མ་མགུར་ལྷ་སོགས། །བོད་ཁམས་དྲེགས་པ་ལྷ་སྲིན་ཐམས་ཅད་ཀྱིས། །མ་འོངས་སློབ་དཔོན་པདྨའི་རྒྱུད་འཛིན་རྣམས། །སྤྱི་བོར་བསྐུར་ཞིང་དགོངས་པ་བསྒྲུབ་བོ་ཞེས། །ཁས་བླངས་དམ་བཅས་ཐ་ཚིག་མི་འདོར་ན། །བདག་ཅག་འཁོར་བཅས་སློབ་དཔོན་བརྒྱུད་འཛིན་ངེས། །སྐྱེལ་བསུ་རོགས་ལྡན་སྡོང་གྲོགས་མེལ་ཚེ་རིམ། །བྱམས་སེམས་ལྡན་པ་དུག་མཚོན་དགྲས་མི་ཚུགས། །གོ་ཆ་བསྲུང་བ་ཀུན་ལས་མཆོག་གསུངས་པ། །བདེན་ན་བདག་གིས་བྱམས་པའི་ཏིང་འཛིན་བསྒོམ་། །བདག་ཅག་འཁོར་བཅས་འཇིགས་པ་ཀུན་ཞི་ཤོག །གང་གི་ཤེས་རབ་ཕ་རོལ་ཕྱིན་བསྒོམ་དོན། །དེ་ལ་འཇིགས་དང་གནོད་པའི་དགྲ་དང་བདུད། །ཐམས་ཅད་གང་


CMR049_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱུང་བ་དེར་ནུབ་པར། །འབུམ་དང་ཉི་ཤུ་ལྔ་པ་ལས་གསུངས་པ། །བདེན་ན་བདག་གིས་ཡུམ་དོན་རྟོགས་ཤིང་བསྒོམ། །བདག་ཅག་འཁོར་བཅས་ལ་གནོད་བདུད་དང་དགྲ། །འཇིགས་དང་གནོད་པ་རང་ཞི་རྗེས་མེད་ཤོག །ཁྱད་པར་རི་ཁྲོད་མ་དང་དུད་སོལ་མའི། །མཚན་ཤེས་མཚན་ནས་བརྗོད་པ་གང་ཡིན་པའི། །ཡམས་དང་རིམས་ཀུན་ཞི་བར་གསུངས་བདེན་ན། །བདག་ཅག་འཁོར་བཅས་ཁྱོད་མཆོད་ཁྱོད་སྔགས་བཟླས། །མི་ཕྱུགས་ཡམས་དང་རིམས་ནད་འཚེ་བ་ཀུན། །སྲུང་དང་ཟློག་དང་ཞི་བའི་ལས་མཛོད་ཅིག །སྲུང་སྐྱོབ་བརྒྱ་བས་བདག་འཛིན་གཅོད་པ་ཡིས། །ཟོ་ཁྱེར་གཅིག་དགའ་ཡེ་ཤེས་མཁའ་འགྲོ་ཡི། །གསུངས་པ་བདེན་ན་བདག་གིས་ཀུ་ས་ལིའི། །་ཚོགས་སོགས་རྒྱུན་ཁྱེར་བགྱིད་ཀྱི་བར་ཆད་ཆོད། །གལ་ཏེ་ལས་དབང་གཅོད་ཅེས་སྙད་འདོགས་ན། །ཡེ་ཤེས་ལྷ་ཁྱོད་སྟོབས་བཅུ་དབང་བཅུ་ལྡན། །ལས་དབང་ངན་པ་ཕྱི་རུ་བཟློག་མཛོད་ལ། །དགེ་བསོད་ལས་འབྲས་གང་མཆིས་འདིར་སྩོལ་ཅིག །དེ་ལྟའི་ནུས་པ་ཁྱེད་ལ་མེད་ན་ནི། །ལས་ལ་དབང་བའི་སྟོབས་དེས་ཅི་ལ་ཕན། །སྔོན་གྱི་སྨོན་ལམ་


CMR049_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་སུ་ལ་ཕན། །མཚན་དང་རིག་སྔགས་ནུས་པས་ཅི་ཞིག་བྱ། །མདོ་རྒྱུད་གསུང་རབ་རྫུན་དུ་ཅིས་མི་འགྱུར། །རང་རང་ཐུགས་དམ་དམ་བཅས་མི་ཉམས་སམ། །དེ་བས་ཡལ་ཡོལ་ལེ་ལོ་བཏང་སྙོམས་སྤོངས། །སྤྱན་གྱིས་ད་གཟིགས་ཕྱག་གིས་ད་ལྟ་སྐྱོབས། །ཞེས་པ་ཟངས་རི་འབར་བ་རྩེ་དགུའི་དྲུང་། །ཞག་ནུབ་རྨི་ལམ་འཁྲུལ་པའི་སྣང་བ་ལ། །ཁྲོམ་འཚོགས་འགའ་རེ་འདུ་ཞིང་གུས་ན་ཡང་། །གྲྭ་པ་འགའ་རེར་རྐྱེན་ཆགས་ཡོད་པ་ཡི། །རྨི་ལྟས་བྱུང་ཞིང་ཕྱི་ནང་ཟུར་མང་དུ། །ད་དུང་ནད་མུ་མ་ཆད་གཏམ་ཐོས་པས། །ཐུགས་དམ་བདེན་ཚིག་གནད་ནས་བསྐུལ་བའོ།། ༈ །།ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། གནས་འོག་མིན་བདེ་བ་ཆེན་པོ་ན། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། །བདག་གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །ཏེ་ལོ་ནཱ་རོ་མར་མི་དྭགས་པོ་རྗེ། །དུས་མཁྱེན་རས་ཆེན་སྤོམ་བྲག་ཀརྨ་པ། །བདག་གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །ཨོ་རྒྱན་རང་བྱུང་གཡུང་སྟོན་རོལ་པའི་མཚན། །མཁའ་སྤྱོད་དེ་བཞིན་གཤེགས་པ་རྨ་སེའི་ཞབས། །བདག་གསོལ་འདེབས་གསོལ་བ་ཡང་ཡང་


CMR049_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །གསང་ཡེ་ཆོས་སྐུ་འོད་མཚན་བློ་གྲོས་གྲགས། །བློ་གྲོས་རྒྱ་མཚོ་དོན་གྲུབ་ལེགས་བཤད་པ། །བདག་གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །ཀུན་དགའ་རྣམ་རྒྱལ་འགྱུར་མེད་སྙིང་པོའི་ཞབས། །དྲིན་ཆེན་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ལ། །བདག་གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །འཁོར་ལོ་སྡོམ་པ་རྡོ་རྗེ་རྣལ་འབྱོར་མ། །རྣལ་འབྱོར་མ་བཞི་སྒོ་མཚམས་ལྷ་མོ་བརྒྱད། །བདག་གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །བྱ་རོག་མཚན་ཅན་དུད་སོལ་སྔགས་སྲུང་མ། །ཤ་ཟ་ཌཱཀི་བདུན་དང་སྲོག་སྒྲུབ་མ། །བདག་གསོལ་འདེབས་གསོལ་བ་ཡང་ཡང་འདེབས། །མི་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཕ་བཀའ་བརྒྱུད་ཐུགས་དང་རང་གི་སེམས། །དོན་ཆོས་ཉིད་ངང་དུ་དབྱེར་མེད་ནས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །ལྷ་བདེ་མཆོག་ཡབ་ཡུམ་སྐུ་རྡོ་རྗེ། །མི་བདག་ལུས་རྩ་ཐིག་རླུང་དང་གསུམ། །དོན་ཆོས་ཉིད་ངང་དུ་དབྱེར་མེད་ནས། །ལུས་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །ལྷ་མ་མགོན་ལྕམ་དྲལ་སྔགས་སྲུང་གསུམ། །མི་བདག་གིས་སྨྲ་བརྗོད་


CMR049_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་ཚིག །དོན་ཆོས་ཉིད་ངང་དུ་དབྱེར་མེད་ནས། །ངག་ནུས་པ་འབར་བར་བྱིན་གྱིས་རློབས། །ཚིག་ཉུང་ལ་དོན་ཟབ་སྙན་བརྒྱུད་འདིས། །བདག་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དཔལ་འཁོར་ལོ་སྡོམ་པ་གསུང་གི་གནས། །ཡུམ་ཕག་མོའི་དཀྱིལ་འཁོར་རང་བྱུང་བས། །དཔལ་ཟུར་མང་མཇལ་འགྲོའི་ཐང་བཅད་དུས། །ཉམས་རྨི་ལམ་འདྲེས་པའི་སྣང་བ་ལ། །དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི། །ཚེ་སྔར་ནས་སྔགས་རྒྱུན་མ་ཆད་ཟེར། །ལྷ་བདེ་མཆོག་རྣལ་འབྱོར་གྲངས་མེད་ཕྱིར། །དཔལ་ཡེ་ཤེས་མགོན་པོ་དངོས་བཞུགས་རྟགས། །རྟ་ནག་པོ་གཟི་བརྗིད་འོད་དུ་འབར། །ལུས་ཆེ་ཆུང་འབྲོང་ལས་ཆེ་བ་གཅིག །དར་གོས་ཆེན་སྟན་དང་སྒ་སྲབ་བརྒྱན། །མི་ཁོ་བོ་བསུ་ཕྱིར་བྱང་ཕྱོགས་ནས། །གནས་བར་སྣང་ལམ་དུ་འདུར་ཞིང་བྱུང་། །མི་ཁོ་བོའི་ཐད་ཀྱི་བར་སྣང་ལ། །དེར་འདུར་སྣ་བསྐྱིལ་སྟེང་ང་ལ་བལྟ། །མགོ་མཐོ་དང་ཡད་ཡད་མཚེར་བ་མཐོང་། །ལམ་ཉེ་ཞོ་མེད་པར་ཟུར་མང་ཕྱིན། །རྗེ་སྤྲུལ་སྐུ་རྣམ་བཞི་ཞལ་འཛོམས་དང་། །མི་ཁོ་བོ་དུས་བྱས་བཞིན་དུ་འཛོམས། །དེ་རྟེན་འབྲེལ་ལེགས་སྙམ་སྤྲོ་བ་སྐྱེས། །


CMR049_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རང་དམ་ཚིག་གཙང་རྟགས་ཡིན་ནམ་སེམས། །ཐུགས་དགྱེས་ཚུལ་ལུགས་གཉིས་བདག་རྐྱེན་གནང་། །ཉམས་རྨི་ལམ་འཁྲུལ་པའི་སྣང་བ་ལ། །གྲོགས་དགེ་བཤེས་འགས་གུས་ཚུལ་དབང་ཞུ་རྨིས། །དེའི་ཕྱིར་ནངས་ནས་རི་གླིང་ཕལ་ཆེར་གྱིས། །དབང་ཆོས་ཀྱི་འབྲེལ་པ་ཞུ་བྱུང་བས། །ལྷ་ཡི་དམ་རབ་འབྱམས་དབང་ལུང་སོགས། །ཞག་དགུ་རུ་དབང་ལུང་རྒྱ་ཆེར་འཕེལ། །དེ་ནས་དགའ་ལྡན་དུ་བཀྱག་ཁ་ནུབ། །དཔལ་གསང་འདུས་ཀྱི་དབང་བསྐུར་བྱས་པ་རྨིས། །དེར་དགའ་ལྡན་དུ་ཕྱིན་པས་ནང་སོ་ཁག་སོགས། །དཔོན་སློབ་ཀུན་ཞལ་བཞི་དབང་ལུང་འཕེལ། །ཚེས་བཅུ་གཉིས་ཡར་ལ་བཀྱག་པའི་ཉིན། །ཁ་བ་ཡང་མེ་ཏོག་གི་དབྱིབས་ཅན་བབ། །དེ་ནས་ས་གཉན་ཆུ་མིག་དྲུང་། །ཞག་ནུབ་ལ་ཉམས་ཀྱི་སྣང་བ་ལ། །བུད་མེད་སྦྲུལ་མགོ་མང་པོ་ཡི། །གདེངས་ཀ་ཅན་བདག་ལ་སྐྲག་ཅིང་བལྟ། །དེ་ནས་ཨོ་རྒྱན་མཁའ་འགྲོའི་གླིང་། །གཉིས་པ་རུ་གྲགས་པའི་བདུད་རྩི་དེའུ། །མཇལ་ཕྱིར་འོང་བས་ས་ཐག་རིང་། །རྩྭ་ཤིང་དང་ཆུ་སོགས་དཀོན་པ་ཡིས། །ངལ་དུབ་ཀྱི་སྣང་བ་ཆེན་པོ་བྱུང་། །རྗེ་ནཱ་རོས་ཏེ་ལོ་བཙལ་བའི་


CMR049_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །ངལ་དུབ་ཀྱི་འོ་རྒྱལ་ཐོས་པ་དྲན། །ཐག་དེ་ཙམ་རིང་བ་མི་འདུག་སྟེ། །མི་བདག་གིས་སྙན་བརྒྱུད་ཐོབ་འདོད་པའི། །རྟེན་འབྲེལ་གྱི་ཆེ་བ་ཡིན་པར་གོ། །གཉེན་པོ་ཨ་བོ་གེར་མཛོ་དང་། །ཐག་ཧ་ཅང་མི་རིང་ས་རུ་ཞག །དེར་དམིགས་པ་གཏད་པས་དཀར་གཏོར་ཕུལ། །མི་བཙུན་གཟུགས་ཤིན་ཏུ་ཆས་བཟང་ཞིག །མི་བདག་ལ་ཕྲུག་དམར་གདིང་བ་དང་། །དར་དམར་པོ་ཁ་གང་མཇལ་དར་ཕུལ། །ཉམས་རྨི་ལམ་བདེན་པ་མ་མཆིས་ཀྱང་། །སྔར་བོན་ལུགས་ཀྱི་བསང་ཡིག་མཐོང་བ་ལ། །འདི་བོན་སྐྱོང་བན་གྱི་གཤེད་ཡིན་པའི། །བསྟོད་བསྐུལ་གསལ་པོ་འདུག་ན་ཡང་། །འདི་བན་ལ་ཡང་དད་པ་གཅིག་ཡིན་ནམ་སྙམ། །དེ་ནས་འབྲུག་ལོ་སྨོན་གྱི་ཟླ། །སྔ་རྩིས་ཡར་ཚེས་བཅུ་གསུམ་ལ། །བདུད་རྩི་དེའུ་གདན་ས་མཇལ། །སྐྱབས་གནས་དམ་པས་དབང་ལུང་མཛད། །ས་ཚིག་འོང་སྐབས་ཡིན་ན་ཡང་། །གདན་ས་དེ་རུ་བསླེབས་མ་ཐག །འབྲུག་གྲག་ཆར་པ་ཅུང་ཟད་བབ། །རྟེན་འབྲེལ་ཤིན་ཏུ་ལེགས་པར་བསམ། །དཔོན་སློབ་རྣམས་ལ་མགོན་པོ་ཡི། །གདམས་ངག་འགའ་རེ་སྤེལ་བར་བྱས། །ཉམས་དགའ་རིག་པ་


CMR049_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་བ་དང་། །འཇའ་སྤྲིན་འཇའ་འོད་ཟུག་པའང་བྱུང་། །འདོད་ཆོས་དབང་ལུང་དཔེ་ཆ་ཆོད། །རེ་ཞིག་བསམ་པ་འགྲུབ་པར་བྱུང་། །དབོན་པོ་གཉིས་ལའང་བསྐོ་ཇ་གནང་། །རྒྱལ་བ་རྒྱ་མཚོའི་སྒྲུབ་སྐོར་གྱི། །གླེགས་བམ་བཞེངས་པར་བྱས་པའི་ཚེ། །རྨི་ལམ་དྲུང་སྐྱིད་རིན་པོ་ཆེས། །རྒྱལ་བ་རྒྱ་མཚོའི་གླེགས་བམ་འདི། །གཉན་པས་གཞན་ལ་སྟོན་པ་དང་། །སྤེལ་མི་རུང་ཞེས་བཀའ་རྒྱ་དང་། །ཞལ་གདམས་མང་པོ་གསུངས་ན་ཡང་། །ཐམས་ཅད་ཡིད་ལ་མ་ཟིན་ནོ། །དངོས་སུ་པོ་ཏིའི་དབང་གནང་ངོ་།། ༈ །།ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། དེ་ནས་དཔལ་ལྡན་ས་སྐྱ་པའི། །གདན་ས་བར་ཚང་ཡིན་ཞེས་པའི། །གླེ་མདའ་དགོན་པའི་དྲུང་ཉིད་དུ། །སྒར་ཕབ་ཞག་པོ་གསུམ་ཙམ་བསྡད། །དགེ་འདུན་རྣམས་ལ་ལྷ་མོ་དང་། །ཞལ་གྱི་དབང་ལུང་འབྲེལ་པ་ཕུལ། །ཐན་པ་ཆེན་པོས་ས་ཚིག་ནས། །མུ་གེ་འོང་དོགས་འབྲོག་ཡུལ་གྱི། །མི་ཀུན་མྱ་ངན་ཟུག་རྔུ་ལྡང་། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །རང་གིས་དྲན་ནམ་གཞན་གྱི་སྨྲས། །གང་ཡིན་མི་འབྱེད་ལུང་བསྟན་ཚིག །ད་


CMR049_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡལོ་ལོ་ཉེས་འབྲུ་བཟང་འབྱུང་། །ཁྱེད་རང་ཚང་ལ་མུ་གེ་མེད། །ད་ལམ་མགོ་ཐོན་ལེགས་པོ་འོང་། །ཞེས་པའི་ཚིག་འགའ་ཐོས་སྙམ་བྱེད། །དཔོན་གྱིས་ཆར་ཞུས་བྱས་བྱུང་བས་། །གློ་བུར་ཆར་འབེབས་གདམས་པ་དང་། །མཚོ་དང་ཆུ་མིག་འགའ་ལ་ཕྱིན། །ཉམས་དང་རྨི་ལམ་གནས་སྐབས་སུ། །ཆུ་བོ་འབྲུག་དང་མཚོ་ཆེན་དང་། །ཀླུ་བདུད་དགེ་བསྙེན་ཆེན་པོ་དེ། །བླ་རྟ་སྔོན་པོ་ཞོན་པ་ལ། །མགོ་ལ་གསེར་ཞྭའི་ཅོད་པན་ཅན། །དཔོན་གཡོག་གཉིས་བཅས་བྱུང་བ་དང་། །མཚོ་འགྲམ་དགེ་བསྙེན་ཆེན་པོ་ནི། །ཚོགོས་ཆེན་སེར་པོའི་བེར་གྱོན་པ། །ལངས་ཏེ་མཚོ་འགྲམས་གདའ་བ་མཐོང་། །ཞག་པོ་གཅིག་ལ་ཆར་ཆེན་བབ། །དེ་ནས་དབའ་སྡ་མཚོ་ནག་ཅེས། །རྒྱམ་གྱི་མཚོ་ནག་རྔ་མ་ནི། །ཡིན་ཟེར་མཚོ་ཁར་སྒར་པ་བརྒྱབ། །མཚོ་དེར་ཆུ་མིག་ཆར་འབོད་བྱས། །འབྲུག་སྒྲོག་སེར་ཕྲན་ཆར་ཆེན་བབ། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །དང་པོ་རྣ་བས་ཐོས་པ་ལ། །དེ་ནས་མིག་གིས་མཐོང་སྙམ་པའི། །ལོ་རྒྱུས་མཐོང་སྣང་འདི་ལྟར་རོ། །ཟུར་མང་སྐུ་སྐྱེ་འདི་རྣམས་ནི། །སངས་རྒྱས་འོད་དཔག་མེད་པའི་དྲུང་། །


CMR049_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །སྐྱེ་བ་བདུན་རེ་ལེན་པ་ཡི། །ཁས་ལེན་མཛད་ནས་བྱོན་པ་ཡིན། །ཟེར་བའི་སྒྲ་ཞིག་རྣ་བས་ཐོས། །ཡང་ནི་ལོ་རྒྱུས་འདི་འདྲ་ཐོས། །ཤིན་ཏུ་སྡིག་ཆེན་མི་གཉིས་ནི། །མནར་མེད་དམྱལ་བར་སྐྱེས་པ་དེ། །འདྲེན་ཕྱིར་བྱང་ཆུབ་སེམས་དཔའ་གཅིག །དམྱལ་བའི་ཡུལ་དུ་བྱོན་པ་ལ། །དམྱལ་བ་གཉའ་མ་ཐམས་ཅད་ལ། །མི་དེ་གར་ཡོད་དྲིས་ཤིང་བྱོན། །ད་རུང་འོག་ཏུ་ཡོད་དོ་ཟེར། །མ་ཟད་དམྱལ་བ་མནར་མེད་དེར། །འབྱོན་པར་དགོངས་ཡང་ལམ་མ་རྙེད། །སྡིག་ཆེན་མི་དེ་འདྲེན་པའི་ཕྱིར། །ཇི་ལྟར་བྱས་ན་ལམ་ཐོད་སྨྲས། །དེ་ཚེ་དམྱལ་སྲུང་ལས་མཁན་གྱིས། །དམྱལ་བའི་ཡུལ་གྱི་ས་འདི་ན། །སུ་དང་གང་གིས་ལུང་མི་འགྲོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །དེ་ཡི་ལུང་དང་ལག་རྟགས་ཤིག །ཡོད་ན་ལམ་ཐོད་ལུང་འགྲོ་ཟེར། །དེ་ནས་བྱང་ཆུབ་སེམས་དཔའ་དེ། །ཡར་འོང་སངས་རྒྱས་ལ་ཞུས་ནས། །ལུང་དང་ལག་རྟགས་ཞུ་བསམ་སྐད། །དེ་ནས་རཱ་ག་ཨ་སྱ་བདག །ལུང་པའི་ཕུ་ལ་ཡར་བལྟས་པས། །བཅོམ་ལྡན་ཤཱཀྱ་ཐུབ་པ་དེ། །སྐུ་མདོག་འཛམ་བུ་ཆུ་


CMR049_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་མདོག །སྐུ་ཚད་འདོམ་པ་བརྒྱད་ཅུ་ཙམ། །མཚུར་ཕུའི་ལྷ་ཆེན་ལས་ཆེ་བ། །སྐུ་གཟུགས་མ་ཡིན་ཐུབ་པ་དངོས། །དངོས་སུ་བཞུགས་ནས་གདའ་བ་ལ། །འཁོར་དུ་ཉན་ཐོས་དགེ་སློང་ནི། །ཐོ་རེ་ལོ་ངེ་བ་ཞིག་འདུག །དེ་འདྲ་མཐོང་བའི་སྣང་བ་བྱུང་། །ཉམས་དང་རྨི་ལམ་འདྲེས་མཚམས་ཏེ། །ཉིན་མོ་གཉིད་ཡུར་སྐབས་ཡིན་པས། །ཉེ་གནས་ཀྱིས་ནི་གཉིད་སྐྱོག་པས། །དེ་དག་རྣམས་ཀྱི་ཚིག་དོན་མཇུག །མི་གསལ་རྡུམ་རྡུམ་བྱུང་བ་དེ་ཡི་ལེན། །མཚོ་ཁའི་བྲག་ལ་རང་བྱོན་གྱི། །དགའ་འཁྱིལ་ལ་སོགས་།རྟགས་འདུག་པས། །ཨོ་རྒྱན་ཆེན་པོས་སྦས་པ་ཡི། །གཏེར་ཕྲན་གཅིག་ཀྱང་ཡོད་དོ་སེམས། །རྨི་ལམ་ཉམས་སོགས་འཕྲུལ་སྣང་ལ། །མཆོག་འཛིན་རློམ་སེམས་མ་མཆིས་ཀྱང་། །ཉམས་མཚར་ཡི་གེར་བྲིས་པའོ།། ༈ །།ན་མོ་ཨཱརྱ་ཏཱ་ར་ཡེ། ཐུབ་ཆེན་དེ་བཞིན་གཤེགས་པ་ཡི། །ཕྱག་བྲིས་ཡི་གེ་དྲུག་པ་དང་། །རང་བྱོན་སྒྲོལ་མ་བཞུགས་པའི་གནས། །རུ་པ་དབང་ཕྱུག་རྡོ་རྗེ་སོགས། །བཀའ་བརྒྱུད་སྐྱེས་ཆེན་མང་པོ་ཡིས། །བྱིན་རླབས་ཞབས་ཀྱིས་བཅགས་པའི་ས། །སིབ་ཅེས་བྱ་བའི་ལུང་པ་


CMR049_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ན། །འབྲོང་པའི་དཔོན་གྱིས་སྤྱན་དྲངས་སླེབས། །ཉམས་དང་རྨི་ལམ་མཚམས་ཤེད་ན། །རྟ་ནི་དཀར་པོ་སྒ་བཅས་ཅན། །གཉིས་ནི་གུར་གྱི་དྲུང་དུ་བྱུང་། །དེ་མ་ཐག་ཏུ་བཙུན་པ་ནི། །རྒྱ་བོ་ཆས་བཟང་འཇིགས་པ་གཅིག །བདག་ལ་མཇལ་ཕྱིར་གུར་སྒོར་བྱུང་། །འབྲོང་པ་བན་ཐུང་ཞེས་བྱ་བའི། །འབྲོང་པའི་ལྷ་དེ་ཡིན་ནམ་སྙམ། །དེ་ཡི་གསོལ་ཁ་ཉུང་བསྡུས་བྲིས། །སྔོན་དུ་དབའ་ནག་མཚོ་ཞེས་པ། །རྒྱམ་གྱི་མཚོ་ནག་རྔ་མ་དང་། །མཚོ་དང་ཆུ་དེ་འགའ་རེ་ལ། ཆར་པ་དྲག་འབོད་རྫས་བཞག་པས། །ཡོན་བདག་རྣམས་ལ་ལོང་སྨྲས་ཀྱང་། །མ་བླངས་ཆུ་ལ་ཤོར་ཟིན་པས། །འབྲུག་སྒྲ་གློག་འོད་དྲག་ཆར་དང་། །ཐོག་འོང་འདྲ་བའི་དངོས་རྟགས་མང་། །དེ་ཕྱིར་རྡོ་ཏི་གངས་དཀར་ལ། །དམ་བརྡར་གསོལ་ཁ་ཉུང་ངུ་བྲིས། །དེ་ནས་མི་གཞོན་རལ་པ་ཅན། །ཆས་བཟང་དཔོན་རིགས་ཆེན་པོའི་གཟུགས། །བདག་ལ་ཕྱག་འཚལ་མདུན་དུ་བྱུང་། །དབང་རྫ་ས་སྣ་གཅིག་མགོར་བཞག་པས། །དབང་ནི་ཡོངས་རྫོགས་ཐོབ་གྱུར་པས། ཁོ་དགའ་གར་འཆམས་བྱེད་ཅིང་ནི། །རླུང་ལྟར་སྐད་ཅིག་ཡུད་ཀྱིས་


CMR049_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། །ཆས་བཟང་བུད་མེད་རྒྱན་ཅན་གཉིས། །བདག་ལ་སྐོར་བ་བྱེད་པ་ཡང་། །ཉམས་དང་རྨི་ལམ་མཚམས་སུ་མཐོང་། །དཔལ་ལྡན་ས་སྐྱའི་གདན་ས་བར། །གླེ་མདའ་དགོན་པའི་དགེ་འདུན་སོགས། །སྐྱ་སེར་ཁྲོམ་ཚོགས་ཇེ་ཆེར་རྒྱས། །ཞག་དགུར་དབང་ལུང་ཁྲིད་སོགས་འཕེལ། །བན་བོན་སྐྱ་སེར་ཐམས་ཅད་ཀྱིས། །གུས་འདུད་ཆེ་ཞིང་འགྲོ་དོན་འགྲུབ། །དགེ་བ་བསྔོ་སྨོན་རྒྱས་འདེབས་བྱས། །དེ་ནས་སྔོན་ཙམ་ཉམས་སྣང་ལ། །ད་ལོ་བདག་ལ་འོང་རྒྱུ་ཡི། །འབུལ་ནོར་རྣམས་ཀྱང་མཐོང་སྙམ་བྱེད། །ཉམས་མཚར་བརྗེད་ཐོ་བྲིས་པའོ།། །།དེ་རིང་སྒྲ་སྐད་འབྲུག་གི་ལོ། །དུས་ཆེན་སྤྲེའུ་ཟླའི་ཚེས་བཅུ་ལ། །ཐོས་པས་གྲོལ་བའི་ཆོས་ར་ན། །དགོང་མོ་དབང་གི་དུས་ཚོད་ལ། །སྔགས་འཆང་རཱ་ག་ཨ་སྱ་ངས། །འོ་དོད་ཆེན་པོས་ཕྱོགས་བཅུར་འབོད། །གསོན་ཅིག་དགོངས་ཤིག་དཀོན་མཆོག་གསུམ། །གསོན་ཅིག་དགོངས་ཤིག་རྩ་བ་གསུམ། །གསོན་ཅིག་དགོངས་ཤིག་སྲུང་མའི་ཚོགས། །གསོན་ཅིག་དགོངས་ཤིག་དམ་ཚིག་ཅན། །གསོན་ཅིག་དགོངས་ཤིག་


CMR049_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་ཚོགས། །གསོན་ཅིག་དགོངས་ཤིག་གཏེར་སྲུང་ཚོགས། །ད་དུས་སྙིགས་མའི་ཡང་མཐའ་འདིར། །སངས་རྒྱས་བསྟན་པ་ནུབ་ལ་ཁད། །གསང་སྔགས་བསྟན་པ་གཟུགས་བརྙན་ཙམ། །གཏེར་རྙིང་ཐམས་ཅད་ཉམས་པའི་དུས། །དམ་ཆོས་ཀུན་གྱི་ངད་པ་ཡལ། །ནད་མུག་མཚོན་གསུམ་མེ་ལྟར་འབར། །བདུད་དང་བར་ཆད་རླུང་ལྟར་འཚུབ། །གློ་བུར་བར་ཆད་ཐོག་ལྟར་འབེབས། །འདི་ལ་ཐུགས་རྗེའི་ཕྱག་བརྐྱང་འཚལ། །ཉིན་མཚན་དུས་དྲུག་ཡེ་ཤེས་སྤྱན། །འགྲོ་ཀུན་གཟིགས་རྣམས་སྤྱན་ལམ་ཡེངས། །རྡོ་རྗེའི་སྙན་གྱིས་སྒྲ་སྐད་ཀུན། །མ་འདྲེས་གསན་རྣམས་བདག་ལ་གསོན། །འདི་འདྲའི་དུས་ལ་བབ་པའི་ཚེ། །སངས་རྒྱས་བསྟན་མཇུག་ཟབ་གཏེར་གྱིས། །བསྐྱང་བར་ཞལ་བཞེས་དུས་ལ་བབ། །ཟབ་གཏེར་སྟོན་པ་སྣང་མཐའ་ཡས། །བདེ་བ་ཅན་ནས་ཕྱག་བརྐྱངས་ལ། །ཕྱག་མཚན་འཆི་མེད་བུམ་པ་བཟང་། །མི་འགྱུར་རྡོ་རྗེའི་གཙུག་ཏུ་ཞོག །རིག་འཛིན་ཆེན་པོ་པདྨ་འབྱུང་། །དུས་ཆེན་སྤྲེའུ་ཟླའི་ཚེས་བཅུ་ལ། །མཁའ་འགྲོ་སྡེ་བཞིའི་འཁོར་དང་བཅས། །བོད་ཁམས་ཁྱབ་པར་འབྱོན་ལགས་ན། །


CMR049_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་མི་འགྱུར་རྡོ་རྗེ་ལ། །ལུང་བསྟན་ཁ་བྱང་ད་ལྟ་གནོང་། །དཔལ་མགོན་ནག་པོ་ཆོས་སྐྱོང་རྗེ། །ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ཡི། །གཏེར་སྲུང་གཙོ་བོ་ཁྱོད་ལགས་ན། །ས་གཏེར་མི་འགྱུར་རྡོ་རྗེ་ལ། །ད་ལྟ་ཉིད་དུ་སྤྲད་པར་ཞུ། །སྡེ་དཔོན་སུམ་ཅུ་དྲེགས་བཅོ་བརྒྱད། །བརྟན་མ་དགེ་བསྙེན་དམ་ཚིག་ཅན། །ཨོ་རྒྱན་བཀའ་ལས་མི་འདའ་ན། །གཉེར་དུ་གཏད་པའི་གཏེར་ཁ་རྣམས། །མི་འགྱུར་རྡོ་རྗེའི་ཕྱག་ཏུ་སྤྱོད། །ཕ་ནོར་བུ་ལ་མ་གཏད་ན། །དེ་ལས་དམ་འགལ་ཅི་ཞིག་ཡོད། །རྗེ་འབངས་ཉེར་ལྔ་མཚོ་རྒྱལ་མ། །སྨོན་ལམ་དམ་བཅས་དུས་ལ་བབ། །རྡོ་རྗེ་སྤུན་གྱུར་ཤུད་བུ་ཡི། །སྐྱེ་མཐའ་མི་འགྱུར་རྡོ་རྗེ་ལ། །དྲན་ནས་བྱིན་གྱིས་མི་བརླབས་ན། །རྡོ་རྗེ་སྤུན་གྱི་དམ་ཚིག་སྟེ། །མི་བསྲུང་དམ་ལས་མི་འགལ་ལམ། །ཆོས་ཉིད་ཆོས་ཅན་འགོག་དང་ལམ། །རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་དང་། །རྩ་གསུམ་ལྷ་ཡི་ཐུགས་རྗེ་དང་། །དམ་ཅན་རྒྱ་མཚོའི་ནུས་མཐུ་ཡིས། །མི་འགྱུར་རྡོ་རྗེའི་སྐུ་ཚེ་བརྟན། །ཕྱི་ནང་གསང་བའི་བར་ཆད་ཞི། །ས་གཏེར་མྱུར་དུ་ཐོན་ནས་ཀྱང་། །ཨོ་རྒྱན་བསྟན་པ་གསལ་གྱུར་ཅིག །ཨ་ཏིའི་བསྟན་པ་


CMR049_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྒྱས་ནས། །འགྲོ་ཀུན་ཚེ་གཅིག་ལུས་གཅིག་ལ། །ཆོས་ཉིད་ཟད་སར་འཁྱོལ་ནས་ཀྱང་། །སངས་རྒྱས་གཞོན་ནུ་བུམ་སྐུ་ཡི། །ཀློང་དུ་མངོན་པར་བྱང་ཆུབ་ཤོག། །།ན་མོ་རཏྣ་ཏྲ་ཡཱ་ཡ། དུས་ཆེན་སྤྲེའུ་ཟླའི་ཚེས་བཅུ་ལ། །བདག་གི་གཞན་ཕན་སྨོན་ལམ་འདི། །གེགས་མེད་འགྲུབ་པར་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོས་བྱིན་གྱིས་རློབས། །ད་ནི་ཟླ་བ་ཕྱེད་དང་དྲུག །འདི་ལ་ལུས་འདིས་གཞན་ཕན་ནས། །བསམ་མི་ཁྱབ་པ་འགྲུབ་པར་ཤོག །མཐོང་ཐོས་འབྲེལ་ཐོགས་སྐྱེ་འགྲོ་ཀུན། །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །སྡོམ་རྒྱུན་འཕེལ་བ་ཐམས་ཅད་ནི། །འདི་ནས་བྱང་ཆུབ་སྙིང་པོའི་བར། །ཚུལ་ཁྲིམས་ཉམས་པ་མེད་པར་ཤོག །དབང་ལུང་གདམས་པ་འཕེལ་ཚད་ཀུན། །བསྐྱེད་རྫོགས་བརྟན་པ་ཐོབ་པར་ཤོག །ཨ་ཏིའི་དོན་ཁྲིད་ཐོབ་པ་ཀུན། །སྣང་བཞི་མཐའ་རུ་ཕྱིན་པར་ཤོག །ཁྲེགས་ཆོད་འབྲེལ་པ་ཐོབ་པ་ཀུན། །རང་སེམས་ཆོས་སྐུ་མངོན་གྱུར་ཤོག །བསྔོ་སྨོན་བྱང་བུ་ཐོབ་པ་ཀུན། །རིགས་དྲུག་སྐྱེ་སྒོ་ཆོད་ནས་ཀྱང་། །བདེ་ཆེན་ཞིང་ཁམས་བསྒྲོད་པར་


CMR049_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །རྐྱེན་ཟློག་འབྲེལ་པ་ཐོབ་པ་ཀུན། །དུས་དང་དུས་མིན་འཆི་བ་ཟློག །བྱང་ཆུབ་ཐོབ་པའི་རྒྱུ་རུ་ཤོག །མཐོང་ཐོས་མི་མིན་འབྱུང་པོ་ཀུན། །བྱང་ཆུབ་སེམས་དང་ལྡན་པར་ཤོག །འབུ་སྲིན་དུད་འགྲོ་མཐོང་ཐོས་ཀུན། །མ་འོངས་བདག་གི་གདུལ་བྱར་གྱུར། །སྤྲུལ་པས་བྱང་ཆུབ་ལམ་འགོད་ཤོག །ཤ་ཁྲག་འོ་ཞོ་མར་ལ་སོགས། །ཁ་རུ་མྱངས་བའི་དུད་འགྲོ་ཀུན། །བདེ་ཆེན་ཞིང་དུ་ཁྲིད་པར་ཤོག །འོག་རྟ་གྲ་ཁལ་སྒོ་ནོར་ཀུན། །དུད་འགྲོར་སྐྱེ་བའི་སྒོ་ཆོད་ནས། །དག་པའི་ཞིང་དུ་སྐྱེ་བར་ཤོག །ཟླ་བ་དྲུག་གི་དུས་ཚང་ནས། །སྒྲུབ་ལ་བར་ཆད་མེད་པར་ཤོག །རྗེས་སུ་འཇུག་པའི་སློབ་མ་ཀུན། །ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །རང་གཞན་དོན་གཉིས་མཐར་ཕྱིན་ཤོག །དེང་ནས་བརྩམས་ཏེ་དུས་མཐའི་བར། །བདག་དང་བདག་གི་རྗེས་འཇུག་རྣམས། །འཇིགས་པ་བཅུ་དྲུག་མེད་པར་ཤོག །བདུད་ཀྱི་བར་ཆད་མི་འབྱུང་ཞིང་། །མ་ནོར་བྱང་ཆུབ་ལམ་བསྒྲོད་ཤོག །དེ་ལྟར་འཕྲལ་དྲན་སྨོན་ལམ་དེ། །རྩ་གསུམ་ཐུགས་རྗེས་འགྲུབ་པར་ཤོག །བདེན་གཉིས་བདེན་པས་འགྲུབ་པར་ཤོག། །།


previousཤོག་ལྷེབ་ ༡༠༥ ནས་ ༡༧༤ བར།next