Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
ཤོག་ལྷེབ་ ༡༧༥ ནས་ ༢༠༠ བར།
   
   
   
  expand section
   
   


 
previousཤོག་ལྷེབ་ ༡༧༥ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༧༥ ནས་ ༢༠༠ བར།


CMR049_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་ལོ་ཀེ་ཤྭ་ར་ཡེ། དེ་ནས་རྫག་གི་ལུང་པ་ན། །རིན་འོད་དཔོན་གྱིས་གདན་དྲངས་སླེབས། །སྒར་ཕབ་ཡུད་ཙམ་འཐུམ་པའི་ཚེ། །བུ་ཆུང་གཞོན་ནུ་མཛེས་པ་ནི། །མགོ་ཡི་སྐྲ་བཞར་བཙུན་པའི་མགོ །ལུས་ལ་གོས་དཀར་གྱོན་པ་ནི། །བཞི་བཅུ་ཙམ་ཞིག་བདག་གི་མདུན། །གུས་འདུད་ཐལ་མོ་སྦྱར་ཏེ་འདུག །ལྷ་ཐོག་ཡེ་བརྫུ་ཡིན་ནམ་སེམས། །དེ་ཡི་གསོལ་ཁ་རྒྱས་བསྡུས་གཉིས། །བྲིས་ནས་དཔོན་རིས་འགའ་ལ་བྱིན། །ཡང་ནི་ཉམས་དང་རྨི་ལམ་མཚམས། །གཟུགས་ནི་གསལ་པོ་མི་སྟོན་པའི། །ཟང་ཟིང་ཤིན་ཏུ་མང་ན་ཡང་། །སྐྱབས་གསུམ་འཛིན་པའི་སྡོམ་པ་ཕོག །ལུང་པ་ཤར་རྒྱུ་རྫག་ནང་དེའི། །གཞི་བདག་དཀར་ཕྱོགས་མང་བར་གོ །ནད་མུག་འཇིགས་པ་ཆེར་སྣང་ཡང་། །ཁྲོམ་འཚོགས་རང་འཁོར་བདེ་བར་བྱུང་། །དཔོན་གྱི་སྐུ་རིམ་འགའ་བྱས་པས། །དམ་ཅན་སྐྱེས་བུའི་གསུང་ཡིན་སྙམ། །སྔོན་ཆད་ང་ཡིས་།གནོད་བྱས་ཀྱང་། །ད་ཕྱིས་མི་བྱེད་ཟེར་བ་བྱུང་། །དེ་ཕྱིར་དྲག་ལས་མ་བྱས་སོ། །བོད་སོག་སྐྱ་སེར་ཁྲོམ་ཆེན་འདུས། །ཟང་ཟིང་གདུལ་བྱ་འུར་བ་དང་། །བཅུ་གསུམ་ཞག་


CMR049_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ལུང་དང་། །ཁྲིད་སོགས་འགྲོ་དོན་ཆེ་བར་བྱུང་། །རྡོ་རྗེ་སྤུན་གྱུར་བཛྲ་མཚན། །གཉིས་དང་མཇལ་ཞིང་དག་སྣང་འཕེལ། །དབང་ལུང་འདོད་པ་མ་རྫོགས་ཀྱང་། །ད་ནི་འགྲོ་ཤོམ་གྱིས་ཟེར་བའི། །ལུང་བསྟན་བྱུང་ཕྱིར་མྱུར་བར་བཀྱག །དེ་ནས་གྲགས་སེང་དཔོན་ཚང་གིས། །སྤྱན་དྲངས་དེ་ཡི་སྡེ་དཀྱིལ་གཅིག་ཏུ་ཕྱིན། །ན་ཐང་ཆུ་མིག་མང་པོ་ཅན། །སྒར་མཐའ་ཆབ་ཀྱིས་བསྐོར་བར་གདའ། །དེ་མ་ཐག་ཏུ་ཉམས་སྣང་ལ། །མི་གཞོན་ཆེ་བཟང་མཛེས་པ་སོགས། །ཉི་ཤུ་ཙམ་ཞིག་རང་མདུན་བྱུང་། །ཐལ་མོ་སྦྱར་སྟེ་འདུག་པ་ལ། །བུམ་པའི་དབང་བསྐུར་ལན་འགའ་བྱས། །དེ་ཡང་ཡེ་བརྫུའི་རྟགས་སུ་སེམས། །བུ་ཆུང་གཞོན་ནུ་གོས་སྔོན་ཅན། །འཁོར་གསུམ་བཏགས་པ་གཅིག་གིས་ནི། །བདག་གི་རྟ་ཁ་ཁྲིད་སྙམ་བྱེད། །སྐྱེས་བུས་ཕྲིན་ལས་བསྒྲུབ་བམ་སེམས། །ས་དེ་གཉན་ཆ་ཆེ་འདུག་པས། །ས་འབྲུག་འདིར་དང་ཆུ་བསྡུར་དང་། །གློག་འོད་འབྲུག་སྒྲ་ཆེ་སོགས་བྱུང་། །དཔོན་ཚང་བོན་པོའི་སྐུ་རིམ་ནི། །བཅའ་བ་དེ་ཡི་རྟགས་མཚན་དང་། །ནད་པ་ལུས་ཉམས་ཞན་པ་ཡང་། །རྣ་བའི་ཡུལ་དུ་ཐོས་པ་བྱུང་། །


CMR049_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དེའི་གཞི་བདག་གདུག་རྩུབ་ཆེ། །སྨར་ཁམས་སྟོད་སྨད་ཐམས་ཅད་དུ། །གང་དུ་སེར་བ་བརྒྱབ་ན་ཡང་། །རྫ་གསེང་སྙི་ཚལ་ལོ་མ་ཕྱིན། །ས་ཕྱོགས་དེ་རུ་བླ་མ་རྣམས། །ཕེབས་ཚེ་ཐོག་འབྲུག་སེར་བ་རྒྱོབ། །ས་སྐྱོན་སྡང་སོགས་ཆོ་འཕྲུལ་ཆེ། །ཟེར་བའི་གྲགས་ཆེན་འདུག་ནའང་། །དཀར་གཏོར་ཕུལ་ཞིང་ཨོ་རྒྱན་གྱི། །སྔོན་གྱི་དམ་ཚིག་དམ་བརྡར་བྱས། །རྩུབ་ཆགས་མེད་ཅིང་བདེ་བར་བྱུང་། །གཞི་བདག་དེ་རྣམས་ཨོ་རྒྱན་གྱི། །དམ་གནས་སྐྱེས་བུ་ཆེན་པོ་ཡི། །བཀའ་ཡི་འཁོར་ཚོགས་ཡིན་ནམ་སེམས། །འོད་ཀྱི་མགར་བ་མཆེད་བརྒྱད་སོགས། །ཤིན་ཏུ་འཇིགས་པ་ཡིན་ནོ་སྐད། །ཞག་བཅུར་དབང་ལུང་ཁྲིད་སོགས་འཕེལ། །ཟང་ཟིང་ལོངས་སྤྱོད་ཆར་ལྟར་བབ། །དེ་ནས་འཛི་རྒྱལ་སྒ་བྲོ་ཞེས། །བེ་རི་རྒྱལ་པོའི་བླ་རི་ནི། །མཐོང་བའི་ས་རུ་ཕྱིན་པ་དང་། །གནམ་རྩུབ་གློ་བུར་སེར་ཕྲན་བྱུང་། །བན་བོན་ལྷ་རུ་ཡིན་པར་ག། །དེ་ནས་བྲག་དཀར་མདོ་རུ་སླེབས། །ཡོན་བདག་འགའ་ལ་དབང་བསྐུར་བྱས། །བུམ་ཆུ་ལེགས་པོར་འཕེལ་བ་དང་། །རྨི་ལྟས་བཟང་བ་འགའ་རེ་བྱུང་། །ནམ་ཕྱེད་འབྲུག་སྒྲ་


CMR049_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གློག་འོད་དང་། །ཁ་བ་ཆར་པ་ཆེན་པོ་བབ། །ཚེས་གཅིག་ནམ་ལངས་ཉམས་སྣང་ལ། །མི་དམར་ཁ་ཤོ་རྟ་དམར་ཅན། །མི་སྔོན་གོས་སྔོན་རྟ་སྔོན་ཅན། །མི་ནག་རྟ་ནག་མི་གསལ་ཞིང་། །སྒར་གྱི་ནང་དུ་བྱུང་ཙམ་གྱིས། །སྤུ་གྲི་མཆེད་གསུམ་ཡིན་པར་ཤེས། །འདི་གསུམ་ཅི་ལ་ཡིན་སྙམ་པས། །འདི་གསུམ་སྔར་ནས་ཡོད་པ་ཡིན། །ཟེར་བའི་སྒྲ་ཞིག་གྲག་བྱུང་བས། །དེ་དུས་གཏེར་སྟོན་སྤྲུལ་སྐུ་ཡི། །དགོངས་པ་གཏད་པ་ཡིན་འདུག་པས། །ཚེས་གསུམ་ཉིན་པར་བཀའ་ཤོག་དང་། །གནོད་སྦྱིན་གྱ་ནོམ་བཅས་པ་སླེབས། །ལམ་དུ་ཚུགསགཉིས་བྱས་སོ་སྐད། །རྣམ་ཐར་ཐོས་པས་ཡིད་རབ་ཚིམས། །གནས་སྒོ་ཕྱེས་ཚེ་མེ་ཏོག་ཆར། །སྣ་ཚོགས་འཇའ་ཡིས་ནམ་མཁའ་གང་། །རྡོ་ལ་ཕྱག་མཛུབ་གསུམ་རྗེས་དང་། །གནས་སྒོ་མང་དུ་ཕྱེས་པ་ལ། །ཐམས་ཅད་ཡིད་ཆེས་དད་པ་ཐོབ། །དགུན་སྒང་གཏུམ་མོའི་ཁྲིད་མཛད་པས། །དཔོན་སློབ་ཐམས་ཅད་རས་རྐྱང་དང་། །འཕོ་ལུང་ཞག་རེ་སྦྱངས་པ་ཡི། །སྤྱི་བོ་སྐྱང་ཞིང་ཁྲག་འབབ་དང་། །རྡོ་རྗེའི་བཅུད་ལེན་གནང་བ་ཡིས། །ལྟོ་ཡི་ཞེན་ཁྲིས་ཆོད་པ་སོགས། །གྲུབ་པའི་མཚན་མ་


CMR049_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚར་བ། །བུམ་སྒྲུབ་བུམ་པར་འབྲུག་སྒྲ་འདྲའི། །སྒྲ་གྲག་ནམ་མཁརཞག་གཉིས་བར། །ཁ་དོག་སྣ་ལྔའི་འཇའ་སྤྲིན་གོང་། །བུམ་ཁང་འཇའ་ཡི་ཀ་བ་ཟུག །གསང་སྔགས་རྙིང་མའི་དགེ་འདུན་ལ། །བརྒྱ་སྟོང་ཙམ་དང་ཁྱད་པར་དུ། །ཀཿཐོག་དྲུང་པ་ལ་སོགས་པའི། །མཁས་གྲུབ་ཀུན་གྱིས་སྤྱི་བོར་བཀུར། །སྡེ་ཆེན་ཀུན་གྱིས་གུས་པས་བཏུད། །དེ་འདྲའི་གཏམ་སྙན་ཐོས་པ་ཡིས། །མི་རྒན་བློ་སེམས་ཚིམ་པར་གྱུར། །ཨོ་རྒྱན་ཆེན་པོའི་བཀའ་དྲིན་ཡིན། །སླར་ཡང་ཨོ་རྒྱན་ཆེན་པོ་མཁྱེན། །ང་དང་བུ་ན་གཏེར་སྟོན་པ། །སྐྱིད་སྡུག་ཅི་མཛད་ཁྱེད་རང་ཤེས། །དེ་སྐད་གོ་ཡི་ལུང་པར་བྲིས། །དེ་ནས་གོ་ཡི་ལུང་པ་དེར། །སྐྱབས་བདུད་ལྷ་འབྲང་འདྲེས་པ་ལ། །དབང་ཁྲིད་གདམས་ངག་རྒྱ་ཆེར་འཕེལ། །དེ་ནས་ཁོ་ཆེན་ཞེས་བྱ་རུ། །སྐྱབས་ཅེ་བླ་མས་གདན་དྲངས་ཏེ། །སྐུ་རིམ་དྲག་པོའི་སྦྱིན་སྲེག་དང་། །ལྷ་མོ་བརྒྱ་རྩ་བྱས་པའི་ནུབ། །བླ་མ་ཚང་ལ་གནོད་བྱེད་པའི། །དམ་སྲི་ངུར་འཛིན་བྱ་བ་དེས། །ཉམས་རྨི་མཚམས་སུ་རང་གཟུགས་བསྟན། །ཕྱི་སློང་ཁྲོམ་རྣམས་འཁྲུག་པ་ཤོམ། །ནང་སློང་རང་


CMR049_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལུས་མ་བདེ། །གསང་སློང་སེམས་རྒྱུད་རབ་ཏུ་འཁྲུགས། །དེ་ནས་ཏིང་འཛིན་དགོངས་པ་བསྐྱེད། །རྩུབ་འཁྲུག་ཐམས་ཅད་རབ་ཏུ་ཞི། །སྐྱབས་བདུད་ས་དཀར་བ་ལ་སོགས། །བླ་མ་བཅུ་གསུམ་ཙམ་དང་ནི། །དགེ་འདུན་དྲུག་ཅུ་ཙམ་དང་ནི། །ཁྲོམ་འཚོགས་ཤིན་ཏུ་མང་པོ་ལ། །དབང་ལུང་ཁྲིད་སོགས་འགྲོ་དོན་འགྲུབ། །དང་པོ་དེ་རུ་སླེབ་མ་ཐག །ཡུད་ཙམ་འཐུམ་པའི་ཉམས་སྣང་ལ། །ལྷ་འདྲེ་ཡིན་ནམ་ཁྲོམ་ཚོགས་ལ། །སྐད་ཅིག་དབང་བསྐུར་བྱས་པ་སྙམ། །དེ་ནས་སྨར་ཁམས་སྒང་སྟོད་དེར། །ཤིན་ཏུ་གཉན་ཆགས་ཆེ་བའི་རི། །ཟླ་བདག་གཡུ་དྲུང་ལྷ་རྩེ་ཞེས། །བྲག་རི་དཀར་པོ་མཆོད་རྟེན་དབྱིབས། །སྔོན་དུས་དེ་ལ་རི་དྭགས་པས། །རི་དྭགས་བཤོར་བས་གངས་རུད་བརྒྱབ། །མི་ནི་གསུམ་ཙམ་བསད་པ་དང་། །སོག་པོས་གོ་བཏང་རི་དྭགས་བཤོར། །དེ་ཚེ་མ་སོད་སེར་བས་བྲབ། །དེ་ནས་སོག་པོའི་རྒྱལ་པོ་ཡིས། །མེ་མདའི་ཁྲལ་བརྒྱབ་རི་ལ་བརྒྱབ། །དེ་མ་ཐག་ཏུ་ཐོག་བརྒྱབ་ནས། །མི་རྟ་ལྔ་ཙམ་བསད་ཟེར་བའི། །རི་ཡི་རྩ་རུ་ཞག་པའི་ནུབ། །བྲག་རི་དེ་ཡི་རྩེ་མོ་ནས། །སྐྱེས་ཕྲན་དར་མ་ཆས་བཟང་


CMR049_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བ། །རལ་པས་སོག་འདབ་ཁེབས་པ་ལ། །ཁོག་སྨད་བྲག་རིའི་ནང་དུ་ནུབ། །ཁོག་སྟོད་བདག་ལ་དགའ་ཞིང་གུས། །ང་ནི་བོན་པོ་ཡིན་ལགས་ཟེར། །ཐོ་རས་ནས་ནི་སྔོ་ལྷུག་ལྷུག །སྒོ་བ་གང་ནི་ཕུལ་བྱུང་བ། །ཉམས་རྨི་འདྲེས་པའི་འཁྲུལ་སྣང་ལ། །བྱུང་ཕྱིར་ཕྱིར་ནངསཀ་བསྟོད་གཅིག །དེ་ངོས་མི་ལ་ཕན་ཕྱིར་བྲིས། །སྐུ་མཐུ་ཆེ་བ་མ་ལགས་ཏེ། །ཨོ་རྒྱན་རྗེ་ཡི་བཀའ་དྲིན་ཡིན། །དེ་ནས་སིབ་ཀྱི་ལུང་པར་ཕྱིན། །ཅུང་ཟད་འཐུམ་པའི་རྨི་ལམ་མཚམས། །སྐྱ་མི་ཆས་བཟང་འཁོར་གསུམ་ཅན། །ཆེ་ཆུང་དེའུ་མགོ་ཆེ་ཤོས་ཙམ། །ལུང་པ་དེ་ཡི་ཕུ་སོ་ནས། །བདག་གི་དྲུང་དུ་བྱུང་སྙམ་བྱེད། །ཕུ་ཡི་གཞི་བདག་ཡིན་པ་འདྲ། །དེ་མ་ཐག་ཏུ་འབྲོང་པ་དཔོན། །བཀྲ་ཤིས་དབང་དྲག་དེར་བྱུང་ནས། །སང་ཉིན་འབྱོན་ཞོར་ཕུ་འདི་ན། །ང་རང་རེ་གཅིག་ཡོད་པ་ལ། །བསང་མཆོད་བྱེད་རོགས་ཐུགས་ཐོགས་ཟེར། །དེ་ཡི་དོན་དེ་ཡིན་པར་སེམས། །ལྷ་འདྲེ་ཡིད་ཀྱི་མངོན་ཤེས་ཅན། །མི་དང་ལྷ་འདྲེ་ཟུང་འཇུག་སྟེ། །ཕྱི་ནང་དབྱེར་མེད་རྟེན་འབྲེལ་མཚར།། །།།ན་མོ་མ་ཧཱ་མུ་དྲ་ཡེ། ཕྱི་ནང་


CMR049_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གརྟེན་འབྲེལ་གཅིག་པའི་གནད། །ད་ནི་ཁོ་བོ་ངེས་ཤེས་སྐྱེས། །ད་ལོ་མངོན་སུམ་གཏན་ལ་ཕེབས། །ནང་དུ་འདོད་པ་ཡོད་པའི་ཚེ། །གདུལ་བྱ་འོང་བར་དཀའ་འོ་ཞེས། །བཀའ་བརྒྱུད་བླ་མས་གསུངས་པ་དེ། །ད་ལོ་མངོན་སུམ་ཉམས་སུ་མྱོང་། །ནང་དུ་འདོད་པ་མེད་པའི་ཚེ། །གདུལ་བྱ་ཆར་ལྟར་བབ་པ་དེ། །ད་ལོ་མངོན་སུམ་ཉམས་སུ་མྱོང་། ངོ་སྲུང་གང་འོས་བྱས་པ་ཡི། །མི་ངོ་སྲུང་བར་དཀའ་བ་མཐོང་། །རང་བབ་ཅི་བྱུང་ཤོག་སྙམ་པའི། །ཞེ་འདོད་འཛིན་པ་མེད་པའི་ཚེ། །ཀུན་གྱིས་ཐུགས་ལ་འདོགས་པ་མཐོང་། །རང་རྒྱུད་རྩུབ་འཁྲུག་ཆེ་བའི་ཚེ། །ཁྲོམ་ཚོགས་འཛིང་རྩོད་བྱེད་པ་མཐོང་། །བྱམས་སེམས་སྙིང་རྗེ་བསྐྱེད་པའི་ཚེ། །ཐམས་ཅད་འཇམ་ཞིང་དུལ་བ་མཐོང་། །སྟོང་ཉིད་ཏིང་འཛིན་བརྟན་པ་ན། །ལྷ་འདྲེས་སྡོང་གྲོགས་བྱེད་པ་མཐོང་། །བསྟན་དང་སེམས་ཅན་དོན་བསམ་ན། །བཀའ་སྲུང་གཉན་པོ་ཐམས་ཅད་ཀྱིས། །བཀའ་གཏད་དབང་ལུང་ཅི་བྱས་ཀྱང་། །རྒྱུད་འཇམ་འཁུ་ལྡོག་མེད་པ་མཐོང་། །མདོར་ན་ལྷ་འདྲེ་སྣོད་བཅུད་རྣམས། །རང་སེམས་ཁོ་ནའི་ཆོ་འཕྲུལ་དུ། །ད་ནི་ངེས་ཤེས་གཏིང་ནས་


CMR049_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། །བཀའ་བརྒྱུད་བླ་མའི་གསུངས་རྣམས་ལ། །རིམ་གྱིས་ངེས་ཤེས་དད་པ་འཕེལ། །དེ་སྐད་རཱ་ག་ཨ་སྱ་ཡིས། །སིབ་ཀྱི་ལུང་པ་ཞེས་བྱ་བ། །གྲུབ་ཆེན་པཀིས་བྱིན་བརླབས་པའི། །དགོན་གཉིས་འགྲམ་དུ་བྲིས་པའོ།། །།ན་མོ་གུ་རུ་དྷེ་ཝ་དྷཀི་ནཱི། ཡིད་ལས་སྤྲུལ་པའི་མཆོད་པའི་སྤྲིན། །བཟང་པོ་སྤྱོད་པའི་སྨོན་ལམ་བཞིན། །སྐུ་གསུམ་ཞིང་ཁམས་ཀུན་བཀང་སྟེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་འབུལ། །མཆོད་པའི་ལྷ་མོ་བཅུ་དྲུག་སོགས། །ཟག་མེད་མཆོད་སྤྲིན་རྒྱ་མཚོའི་ཚོགས། །མངོན་དགའི་ཞིང་གི་རྒྱན་ལྟ་བུ། །སྐྱབས་གནས་རྩ་བ་གསུམ་ལ་འབུལ། །ལྷ་ཀླུ་མི་ཡི་མཆོད་པའི་སྤྲིན། །འཁོར་ལོས་སྒྱུར་བའི་ལོངས་སྤྱོད་བཞིན། །བཀའ་སྲུང་ཆོས་སྐྱོང་རྣམས་ལ་འབུལ། །བདག་ལུས་ལོངས་སྤྱོད་དགེ་རྩར་བཅས། །སྐྱབས་གནས་རྣམས་ལ་གུས་པས་འབུལ། །ལྷག་བསམ་དག་པས་ཕུལ་བ་འདི། །ཐུགས་བརྩེར་དགོངས་ཏེ་བཞེས་སུ་གསོལ། །དེ་སྔོན་བསམ་པ་ཕལ་ཆེར་འགྲུབ། །བགེགས་དང་བར་ཆད་རང་སར་ཞི། །དེ་ཡང་དཀོན་མཆོག་ཐུགས་རྗེར་གོ །གྲུབ་ཆེན་


CMR049_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པཀྴིའི་གདུང་རྒྱུད་དང་། །སྐྱབས་བདུད་ལ་སོགས་དཔོན་གྱི་རིགས། །བླ་མགོ་བཅུ་གསུམ་གཙོར་བྱས་པའི། །དགེ་འདུན་དྲུག་ཅུ་ཙམ་ཞིག་ལ། །དབང་ལུང་ཁྲིད་སོགས་རྒྱ་ཆེར་འཕེལ། །ཟང་ཟིང་ལོངས་སྤྱོད་ཆར་ལྟར་བབ། །སྔར་ཡངདཀོན་མཆོག་ཐུགས་རྗེས་བསྲུངས། །དེ་ཡང་རེ་ས་གཞན་ན་མེད། །དགྲ་བགེགས་ནད་གདོན་བར་ཆད་ནི། །མང་དུ་འདུག་ཀྱང་ཞི་བར་གྱུར། །མཆེད་གྲོགས་རྡོ་རྗེ་སྤུན་རྣམས་ཀྱང་། །ཤི་གསོན་འཕྲད་པ་བཞིན་དུ་མཇལ། །ཕན་ཚུན་དག་སྣང་བརྩེ་གདུང་འཕེལ། །དབང་ལུང་ཁྲིད་ཀྱིས་མཉེས་པར་བྱས། །དམ་ཚིག་ལྡན་པའི་རྣལ་འབྱོར་ལ། །རྟེན་འབྲེལ་རང་འགྲིགས་འོང་ངོ་ཞེས། །གྲི་གུག་བརྩེགས་རྒྱུད་ལས་གསུངས་པ། །མངོན་དུ་གྱུར་པ་ཡིན་ནམ་སེམས་། །ཞེས་པ་བར་ཆད་མ་བྱུང་ཞིང་། །ཟུར་མང་མཇལ་སོགས་དོན་འགྲུབ་པས། །ཏིལ་ཐོག་གཞུང་དུ་སླེབ་དུས་བྲིས།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། ཐུབ་པས་གཞན་དོན་མཛད་པ་ཡིས། །མངོན་པར་རྫོགས་པར་སངས་རྒྱས་སོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས། །རང་དོན་བྱས་པས་འཁོར་བར་འཁྱམས། །བདེ་བའི་


CMR049_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྐྱིད་བསྒྲུབ་འདོད་པས། །སྡིག་སྡུག་མི་དགེ་སྣ་ཚོགས་བྱེད། །དེ་ཡིས་འདི་ཕྱི་གཉིས་ཀ་སྡུག །ཕྱི་མ་ཐར་པ་བྱང་ཆུབ་འདོད། །དེ་ཕྱིར་ཚེ་འདིར་དཀའ་སྤྱད་པས། །འདི་དང་ཕྱི་མ་གཉིས་ཀ་སྐྱིད། །ཟང་ཟིང་ལོངས་སྤྱོད་འདོད་པའི་ཕྱིར། །དཀའ་བ་སྣ་ཚོགས་སྤྱད་བྱས་ཀྱང་། །ཟང་ཟིང་ལོངས་སྤྱོད་མི་འབྱུང་ཞིང་། །གལ་ཏེ་བྱུང་ཡང་ངན་སོང་རྒྱུ། །ཟང་ཟིང་འདོད་པ་མེད་བཞིན་དུ། །འགྲོ་བ་སྨིན་ཅིང་གྲོལ་བའི་ཕྱིར། །དབང་ལུང་ཁྲིད་ཀྱི་ཆར་ཕབ་པས། །རྟ་བརྒྱ་ནོར་སྟོང་དཔག་མེད་བྱུང་། །དེ་ཡང་ཆོས་ཀྱི་བྱིན་རླབས་ཉིད། །དབང་བསྐུར་རེ་རེའི་ཡོན་དུ་ནི། །རྟ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །རིན་ཆེན་གསེར་ནི་རང་ལུས་ཙམ། །གུས་པས་བླ་མ་ལ་ཕུལ་གསུངས། །སྤང་དག་ལན་གསུམ་བྱས་པའི་རྗེས། །སྒྱུ་ལུས་བླ་མའི་བྲན་དུ་འབུལ། །ཟས་ནོར་ལོངས་སྤྱོད་ཅི་ཡོད་པ། །དྲུག་ཆ་བླ་མ་ལ་ཕུལ་ནས། །གཅིག་ཆ་རང་ལ་བཞག་པར་གསུངས། །ཕུལ་བ་བླ་མས་བླངས་པ་ལ། །དཀོར་སྒྲིབ་ཡོད་པར་མ་གསུངས་སོ། །མཁས་གྲུབ་ཁྱུང་པོས་མེ་ཏྲི་པར། །ཕྱག་དྲུག་


CMR049_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་དབང་ཡོན་དུ། །གསེར་སྲང་ལྔ་བརྒྱ་ཕུལ་བར་གསུངས། །འབྲོག་མི་ལོ་ཙཱས་བདག་མེད་མའི། །རྗེས་གནང་རེ་རེའི་ཡོན་དུ་ནི། །འབྲི་ནི་སུམ་ཅུ་རེ་བླངས་སྐད། །མར་པ་ལོ་ཙཱས་རྔོག་པ་ལ། །སྙན་བརྒྱུད་དབང་གི་ཡོན་དུ་ནི། །འབྲི་ནི་ལྔ་བརྒྱས་གཙོར་བྱས་པའི། །སྤོང་དག་ལན་གསུམ་མ་ཆོག་པར། །འབྲི་རྒན་ཆག་ཅིང་ཉིན་ལམ་ནས། །གསུམ་བཞིའི་སོ་ནས་ཁུར་དགོས་བྱུང་། །ཆོས་ལ་ཆེ་བ་མེད་ན་ནི། །ཆོས་ནི་ཤི་བའི་རོ་དང་འདྲ། །ང་ལ་འབྲི་རྒན་དགོས་མེད་ཀྱང་། །ཆོས་ཀྱི་ཆེ་བ་ཡིན་ནོ་གསུངས། །རྫ་ཆུ་ལ་ནི་ཐེག་དཀའ་བའི། །རྟ་ཁྱུ་ནོར་ཁྱུ་མང་པོ་འདི། །ཆེད་དུ་ཞེ་འདོད་མ་བྱས་ཀྱང་། །རང་བཞིན་ཤུགས་ལས་བྱུང་བ་འདིས། །དབང་ལུང་ཁྲིད་ཀྱི་ཆེ་བ་ཐོན། །ང་ལ་སྒྲིབ་པ་ཡོད་སྙམ་མེད། །དེ་ཡང་ཆོས་ཀྱི་ཕྱོགས་སུ་འགྲོ། །སླར་ཡང་མང་དུ་བྱུང་བ་ཚོ། །ཆེ་ཁོག་དཀོན་མཆོག་ཕྱོགས་སུ་སོང་། །མི་དགེའི་རྩ་བར་སོང་བ་མེད། །འགྲོ་དོན་མིན་ལ་འགྲོ་དོན་ཞེས། །སྨྲས་ན་མི་ཆོས་བླ་མའི་རྫུན། །ཚུལ་ཁྲིམས་རྩད་ནས་འཇིག་པ་ཡིན། །འགྲོ་དོན་ཡིན་ལ་འགྲོ་དོན་དུ། །མིང་བཏགས་ཉེས་པར་


CMR049_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་མེད། །རང་དོན་གཞན་དོན་གཉིས་པོ་དེ། །བསམ་པའི་སྒྱུར་ལུགས་མ་ཤེས་ན། །གཞན་དོན་རང་དོན་གཉིས་ཀ་མེད། །སེམས་བསྐྱེད་བཟང་པོའི་རྩིས་ཟིན་ན། །གཞན་དོན་བྱས་པས་རང་དོན་འགྲུབ། །ངེས་པའི་དོན་ལ་རང་དང་གཞན། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་གཅིག །སེམས་ཉིད་གཅིག་པོའི་ཆོ་འཕྲུལ་ལས། བདག་གཞན་སོ་སོར་གྲུབ་པ་མེད། །མེད་བཞིན་སྣང་བའི་འགྲོ་བ་ལ། །རྩོལ་མེད་སྙིང་རྗེ་ཤུགས་ལ་འཆར། །འདོད་སྲེད་མེད་བཞིན་བྱུང་བའི་ནོར། །ཞེན་མེད་དགེ་བའི་ཕྱོགས་སུ་གཏོང་། །བསྔོ་མི་བསྔོ་རྒྱུ་བསྔོ་བ་གསུམ། །དངོས་འཛིན་དམིགས་པ་མེད་བཞིན་དུ། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བདག་གིས་ལོ་བདུན་འགྲོ་དོན་ཚེ། །མགོ་བོ་སྦ་ཕུང་ལྟར་དཀར་ཞིང་། །ལུས་ནི་རྔ་ལྕག་ལྟར་གྱུར་པའི། །ཡུལ་ཕྱོགས་སོ་སོའི་མི་རྒན་རྣམས། །དབང་ཁྲིད་ཟབ་མོ་འདི་འདྲ་བ། །སྔོན་ཆད་མཐོང་ཐོས་ལྕེམེད་དམ་ཟེར། །རྒྱ་དབུས་ལྷོ་བྱང་ཀུན་བསྐོར་ཞིང་། །གྲྭ་ས་བཟང་དགུ་འགྲིམས་པ་ཡི། །དགེ་བཤེས་དབུ་ལོ་དཀར་བ་འགས། །དཀྱིལ་འཁོར་རྣམས་དང་ཆོས་སྐྱོང་གི །


CMR049_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་དབང་དང་མན་ངག་རྣམས། །དེ་སྔོན་འདི་འདྲ་མ་ཐོབ་ཟེར། །ལྕང་ལོ་དཀར་བའི་སྔགས་རྒན་རྣམས། །ཟབ་ཅིང་གཉན་པའི་དབང་དང་ལུང་། །མན་ངག་ཞལ་ཁྲིད་དང་བཅས་པ། །སྔོན་ཆད་འདི་བཞིན་མ་ཐོབ་སྐད། །ཁྲིད་མང་ཞུས་ཤིང་མི་ཚེ་ལ། ཉམས་ལེན་བསྐྱངས་པའི་སྒོམ་ཆེན་འགའ། །གནད་ཀྱི་ངོ་སྤྲོད་བོགས་འདོན་རྣམས། །འདི་འདྲ་གནང་མཁན་མ་བྱུང་ཟེར། །མགོན་པོ་རྟགས་ཐོན་རྣལ་འབྱོར་པས། །མགོན་པོའི་དབང་ལུང་མན་ངག་རྣམས། །སྟོན་པའི་བླ་མ་མཚན་ལྡན་དང་། །མཇལ་བར་དཔལ་ལྡན་མགོན་པོ་ལ། །གསོལ་བཏབ་དངོས་རྟགས་འབྲས་བུ་དེ། །ད་རེས་འགྲུབ་ཟེར་སྤྲོ་དགའ་བྱས། །ཕྱག་ཆེན་རྟོགས་པའི་བོགས་ཐོན་ཅིང་། །རྫོགས་ཆེན་ལྷ་ཞལ་མཐོང་མཁན་མང་། །གཏུམ་མོར་རས་ཐུབ་འགའ་ཟུང་སྟེ། །འཕོ་བར་རྟགས་ཐོན་མང་ཞིག་བྱུང་། །ཚངས་སྤྱོད་དགེ་བསྙེན་དགེ་ཚུལ་སློང་། །ཞུ་མཁན་བརྒྱ་ཙམ་ལས་མང་སོགས། །རྒན་གོག་ཚངས་སྤྱོད་དགེ་བསྙེན་དང་། །དགེ་བསྙེན་མ་ནི་དཔག་ཏུ་མེད། །སྐྱབས་སྡོམ་བསྙེན་གནས་སྨྱུང་གནས་དང་། །སེམས་བསྐྱེད་སྡོམ་པ་བྱེད་པ་ནི། །


CMR049_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ལས་འདས་པ་ཡོད་དམ་སེམས། །མྱོང་གྲོལ་རིལ་བུ་ཕྱོགས་མཐར་ཁྱབ། །དགེ་བ་ཁས་ལེན་བསམ་ལས་འདས། །འདི་དག་འགྲོ་དོན་ཡིན་ནམ་མིན། །བདག་གི་སེམས་རྒྱུད་མཁྱེན་པ་ཡི། །ཨོ་རྒྱན་རྗེ་སོགས་རྒྱལ་བས་མཁྱེན། །གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ། །དེ་སྐད་ལྷ་ཐོག་བླ་མ་ཡིས། །སྐུ་རྩེད་ཉམས་དགའི་གསུངས་འགའ་ཞིག །མགྲོན་གཉེར་ལ་ནི་གསུངས་འདུག་ཕྱིར། །རཱ་ག་ཨ་སྱས་སྨྲས་པའོ།། ༈ །།ན་མོ་གུ་རུ་དྷེ་ཝ་དྷཱཀྐི་ནཱི་ཧཱུཾ། མངོན་པར་དགའ་བའི་ཞིང་ཁམས་ན། །བཅོམ་ལྡན་རྒྱལ་བ་མི་འཁྲུགས་པར། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སྔོན་ཚེ་ཁྱེད་ཀྱིས་ས་དང་ལམ། །བགྲོད་ཚེ་དཀའ་སྤྱད་སྨོན་ལམ་གྱི། །བདེན་པ་ཆེན་པོ་གང་མཆིས་མཐུས། །བདག་དང་མི་འགྱུར་རྡོ་རྗེ་ཡི། །གཞི་བྱེས་དཔོན་སློབ་མི་ཕྱུགས་ཀུན། །འཇིགས་པ་ཀུན་ལས་ཐར་མཛད་གསོལ། །འཇིགས་པ་ཀུན་ལ་མི་འཇིག་པ། །སྦྱིན་མཛད་འཕགས་པ་འཇིག་རྟེན་དབང་། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་དང་མི་འགྱུར་རྡོ་རྗེ་ཡི། །དཔོན་སློབ་མི་ཕྱུགས་


CMR049_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀུན། །གཡོན་ཅན་ཆོམ་རྐུན་དགྲ་དང་ཆུ། །འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །འཇིག་རྟེན་དབང་ཕྱུག་སྤྱན་ཆབ་ལས། །བྱུང་བའི་མེ་ཏོག་པདྨ་ལས། །འཁྲུངས་མ་ཐག་ཏུ་འཇིགས་པ་ཀུན། །སྐྱོབ་པར་ཞལ་བཞེས་རྗེ་བཙུན་མ། །སྒྲོལ་མ་དཀར་དང་སྔོན་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་དང་མི་འགྱུར་རྡོ་རྗེ་ནི། །མི་ཕྱུགས་ཀ་ཆ་བཅས་པ་ལ། །རྒྱལ་པོ་དགྲ་དང་ཆོམ་རྐུན་ཆུ། །འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །སྙིགས་དུས་ཐུགས་རྗེའི་རྩལ་ཆེ་བ། །པདྨ་འབྱུང་གནས་སྤྱི་བོས་མཆོད། །བདག་དང་མི་འགྱུར་རྡོ་རྗེ་ཡི། །རེ་ས་གཞན་ན་མ་མཆིས་པས། །བདག་དང་མི་འགྱུར་རྡོ་རྗེ་ཡི། །མི་ཕྱུགས་འཁོར་དང་བཅས་པ་རྣམས། །རྒྱལ་པོ་དགྲ་དང་ཆོམ་རྐུན་ཆུ། །ནད་དང་བགེགས་སོགས་བར་ཆད་ལས། །ད་ནི་སྐྱོབ་པའི་དུས་ལ་བབ། །མ་མགོན་ལྕམ་དྲལ་རིགས་རྣམས་ཀུན། །མེ་དང་རྒྱལ་པོ་ཆུ་དང་དུག །འཇིགས་པ་སྐྱབས་པར་རྒྱུད་རྣམས་ནས། །གསུངས་ནས་རྒྱུད་གཞུང་མི་བསླུ་བར། །བདག་དང་མི་འགྱུར་རྡོ་རྗེ་ཡི། །འཁོར་དང་སློབ་མ་ལོངས་སྤྱོད་བཅས། །ད་ནི་


CMR049_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ཞིང་སྐྱབས་པར་མཛོད། །བརྟན་མ་དགེ་བསྙེན་གཏེར་སྲུང་ཚོགས། །སློབ་དཔོན་པདྨའི་རྗེས་འཇུག་རྣམས། །གཞི་བྱེས་ལམ་གསུམ་གང་དུ་ཡང་། །སྐྱེལ་བསུ་རོགས་ལྡན་བསྲུང་དང་སྐྱོབས། །ཁ་འཛིན་སྡོང་གྲོགས་བྱེད་པ་ཡི། །ཁས་བླངས་དམ་བཅས་དུས་ལ་བབས། །བདག་དང་མི་འགྱུར་རྡོ་རྗེ་ཡི། །དཔོན་སློབ་རྟ་ཕྱུགས་ཀ་ཆ་བཅས། །བར་ཆད་མེད་ཅིང་མགོ་ཐོན་པར། །སྣང་སྲིད་ལྷ་འདྲེས་གྲོགས་མཛོད་དང་། །དམ་བཅས་དམ་ལས་མ་འདའ་ཞིག །སྣང་བ་སེམས་སུ་ཆོད་པའི་མི། །བར་ཆད་བདུད་བགེགས་འབྱུང་བཞི་ཡི། །གནོད་པ་སྟོང་ཉིད་རྒྱལ་ཡུམ་གྱིས། །ཟིལ་གྱིས་གནོན་པར་འགྱུར་གསུངས་ན། །བདག་གིས་དེ་དོན་རྟོགས་ངེས་ན། །བདེན་པས་་མི་འགྱུར་རྡོ་རྗེ་དང་། །བདག་ཅག་འཁོར་དང་ལོངས་སྤྱོད་བཅས། །ཆུ་དང་རྒྱལ་པོ་དགྲ་ཆོམ་རྐུན། །འཇིགས་པ་རང་སར་ཞི་གྱུར་ན། །དེ་སྐད་འར་འུར་ཡན་ཡུན་སྐད། །ཐོས་ཤིང་ཆུ་ཆེན་གནོད་པ་ཡི། །བླ་ཆེན་གཅིག་གིས་ཀ་ཆ་རྣམས། །ཁྱེར་བས་ཐུགས་ཁྲོས་ཆུ་བོ་ལ། །གཏོར་མ་མདོ་སྒྲུབ་བརྒྱབ་པ་ཐོས། །རང་ཡང་ཆུ་ཆེན་དེ་ཉིད་ལ། །


CMR049_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་སྒང་བསྒྲོད་པར་ཉེ་ཚེ་བྲིས། །དེ་ནས་ཆུ་དེར་ཉེས་མེད་དུ། །ཐར་ཁ་དེ་ནུབ་རྨི་ལམ་དུ། །ཁྱིམ་དེ་ཆེན་པོ་གཅིག་གི་ནང་། །མཆེད་གྲོགས་བཙུན་པ་མང་པོ་འཚོགས། དགའ་བའི་རྣམ་འགྱུར་མང་པོ་བསྟན། །ཁྱིམ་དེའི་ཕྱེད་ཙམ་མཚོ་རུ་སྣང་། །མཁར་ནག་འཁོར་དུ་གཏོགས་པར་གོ །ཕྱིར་ནངས་ཉེས་མེད་བདེ་བར་ཐར། །དེ་ནས་གནས་མདོའི་ལྷ་ཁང་དུ། །ཞག་དྲུག་མགོན་པོའི་བསྐང་མདོས་བྱས། །ཉི་མའི་དཀྱིལ་འཁོར་གསལ་པོ་ནི། །ལན་གསུམ་ཤར་གྱི་ཕྱོགས་ནས་ཤར། །ཟླ་བའི་དཀྱིལ་འཁོར་ལྷོ་ནས་ཤར་། །ཉམས་རྨི་ལམ་མཚམས་སུ་དེ་ལྟར་བྱུང་། །དེ་ནས་རི་བོ་ཆེ་ཕྱོགས་སུ། །བཀྱག་པ་རང་གི་ཉམས་རྨི་རུ། །བྱ་རོག་མང་པོས་མདུན་ཁེངས་རྨིས། །མགོན་པོ་དགྱེས་པའི་རྟགས་སུ་གོ །ལམ་དུ་ཞག་ནུབ་རྨི་ལམ་དུ། །རྒྱལ་བའི་དབང་པོ་མཇལ་བའི་ཕྱིར། །སོང་བ་རྨིས་ཕྱིར་སོ་སོ་ཡང་། །ཆོས་སྐུ་གཅིག་པ་ཡིན་པར་སེམས། །ཞབས་དྲུང་ཉིད་ལ་བརྒྱ་འབུལ་སོགས། །ཁུ་དབོན་མཇལ་ཞིང་འབུལ་བ་བྱས། །གང་ཞུས་དབང་ལུང་གདམས་པ་གནང་། །དེ་ནས་རྟོགས་པ་ཕུལ་བ་ནི། །ན་ཉིན་ཕན་ཆད་ཁོ་བོ་ལ། །


CMR049_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་སྐབས་བརྗེད་སྐབས་འགའ་རེ་བྱུང་། །དེ་ལ་འགྱོད་པའི་སེམས་ཤིག་བྱུང་། །ད་ནི་བརྗེད་སྐབས་ཡོད་མོད་ཀྱང་། །དེ་ལ་འགྱོད་པའི་སེམས་ཤིག་བྱུང་། །གཞི་ཡི་ཕྱག་རྒྱ་ཆེན་པོ་ཡི། །གོ་བ་སྐམ་པོ་སྔར་ནས་ཡོད། །དེ་ཡིས་ཕན་པ་མེད་མོད་ཀྱང་། །གོ་བ་མིན་པར་གདེང་ཕབ་ནས། །ཡེངས་དང་མ་ཡེངས་ཁྱད་མེད་ཅིང་། །འཁྲུལ་དང་མ་འཁྲུལ་ངོ་བོ་གཅིག །གཉིད་དང་མ་གཉིད་ངོ་བོ་གཅིག །གཉུག་མ་རྒྱུན་ཆད་མེད་པའི་དོན། །ཡེ་ནས་ལྷུན་གྲུབ་རང་བཞིན་ལ། །ངེས་ཤེས་གཏིང་ནས་སྐྱེ་བ་བྱུང་། །འདི་ཉིད་རྟོགས་པ་ཡིན་ལགས་སམ། །ཡང་ན་ཧམ་པ་ཆེས་པ་ལགས། །ཉམས་ལེན་སྟེང་དུ་བཞག་ཙམ་ན། །གཟུགས་སྒྲ་ལ་སོགས་སྣང་བ་ལ། །ཡིན་མིན་བཟང་ངན་འཛིན་པ་མེད། །གཟུགས་རྣམས་སྣང་སྟོང་སྒྲ་གྲག་སྟོང་། །ཚོགས་བརྒྱད་རྟོག་པ་མ་འགགས་པར། །ཉམས་ལེན་སྟེང་དུ་མ་ཡེངས་པ། །གང་ཟག་བདག་མེད་ཡིན་ནམ་སེམས། །ཕྱི་རོལ་སྣང་བ་སྣ་ཚོགས་འདི། །རྒྱ་མཚོའི་ནང་དུ་གཟའ་སྐར་བཞིན། །རྣམ་པ་སོ་སོར་གསལ་བ་ལ། །ངོ་བོ་སྟོང་པ་ཉིད་དུ་མཐོང་། །ཆོས་ཀྱི་བདག་


CMR049_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡིན་ནམ་སེམས། །དེ་དག་དོན་དང་ལྡན་ལགས་སམ། །རྒྱལ་བའི་ཐུགས་དང་རང་གི་སེམས། །འགྲོ་བ་ཀུན་གྱི་སེམས་རྒྱུད་གསུམ། །རྣམ་པ་སོ་སོར་ཡོད་མོད་ཀྱང་། །ངོ་བོ་དབྱེར་མེད་གཅིག་པར་སེམས། །དེ་ཡང་དོན་དང་ལྡན་ལགས་སམ། །བླ་མ་གཞན་ལ་ཞུས་ལགས་ཀྱང། །མཛེས་ཆོས་ལེགས་པོ་གསུངས་པ་ལས། །གེགས་སེལ་བོགས་འདོན་གནང་མཁན་དཀོན། །དིང་སང་དག་བརྒྱུད་བསྟན་པའི་བདག །རྗེ་ཉིད་ལགས་པས་བཀའ་སྩལ་ཞུས། །སྐྱོན་ལ་ཕྱག་མཛུབ་མ་བཙུགས་ན། །ཡོན་ཏན་སྐྱེ་ཐབས་མི་གདའ་ན། །ང་ཡི་དེ་རྣམས་རྟོགས་པ་དང་། །ཧམ་པ་གང་རེད་དབྱེ་བར་ཞུ། །དེ་དག་ལེགས་པར་ཞིབ་རྒྱས་ཞུས། །དེ་ཚེ་ཞལ་ནས་བཀའ་སྩལ་པ། །རྒྱུ་ལས་མ་བྱུང་འབྲས་བུ་དཀའ། །གཞན་གྱིས་དེ་འདྲ་ཟེར་བྱུང་ཡང་། །ངེད་ཀྱིས་བདེན་པར་འཛིན་མི་བྱེད། །འོན་ཀྱང་ཁྱེད་རང་ཡུན་རིང་པོར། །བསྒྲུབ་པ་ཐེམ་ཕྱིར་བདེན་པར་འཛིན། །དེ་དག་དོན་དང་ངེས་པར་ལྡན། །དྭགས་པོ་རྣལ་འབྱོར་ཆོས་དབྱུང་གཉིས། །ཞུས་ལེན་མཛད་པའི་སྐབས་དེར་གསལ། །ངེད་ཀྱང་དེ་ལྟར་ཆགས་འཇོག་ཡིན། །


CMR049_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་གང་ཟག་བདག་མེད་གཉིས། །མཚན་ཉིད་པ་ཡི་ལུགས་ལྟར་ན། །དིང་སང་རྟོགས་པའི་རེ་བ་ཅི། །གང་ཟག་བདག་མེད་རྐྱང་པ་ཙམ། །རྟོགས་ནའང་དགྲ་བཅོམ་ཡིན་ཕྱིར་རོ། །འོན་ཀྱང་ངེད་རང་སྒོམ་ཆེན་པས། །གང་ལ་ཆེད་དུ་འཛིན་པ་མེད། །གཡས་ཆུང་འདྲ་བར་གྲོལ་བ་ན། །དེ་ནི་གང་ཟག་བདག་མེད་དོ། །ཐམས་ཅད་སྒྱུ་མ་རྨི་ལམ་ལྟར། །རྟོགས་པ་ཆོས་ཀྱི་བདག་མེད་དོ། །ཞེས་གསུངས་སླར་ཡང་ཞུས་པ་ནི། །ཡེངས་དང་མ་ཡེངས་མེད་པ་འདི། །ཧམ་པ་ཡིན་ནམ་དོན་དང་ལྡན། །ཞུས་པས་བཀའ་སྩལ་གནང་བ་ནི། །དེ་ཉིད་དོན་དང་ངེས་པར་ལྡན། །ངེད་ཀྱང་དེ་ལ་ཆགས་བཞག་ཡིན། །འོན་ཀྱང་ཁྱད་པར་མེད་སྙམ་ནས། །ཉལ་ནས་བསྡད་པས་ག་ལ་འོངས། །ཐུགས་དམ་དགེ་སྦྱོར་འབད་དགོས་གསུངས། །འོ་ན་དེ་ཉིད་དོན་ལྡན་ན། །ཁོ་བོ་འཚིང་ནས་འདུག་ལགས་ཞུས། །དེ་དག་དོན་གྱི་རྩ་བ་སྟེ། །རྒྱས་པར་གསུང་འཕྲོས་གསུང་གླེང་ནི། །ཇ་ཐུག་གཅིག་ཙམ་རྒྱུག་ཡུན་ཐོགས། །བློ་ཁ་ཚིམ་ཞིང་ལུགས་གཉིས་ཀྱི། །བྱ་བ་གྲུབ་ཅིང་ལེགས་པར་བྱུང་། །དེ་ནས་འོང་ལམ་རྡུལ་ཐང་


CMR049_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །རྒྱབ་ནས་ལྷས་བྱིན་འོང་གིན་ཡོད། །ཟེར་བའི་སྒྲ་ཞིག་གྲག་པ་དང་། །དེ་ནུབ་བུད་མེད་སྨྱོན་མ་གཅིག །འདུག་པ་བདག་གིས་རྟ་མགྲིན་གྱི། །བསྐྱེད་རིམ་དྲག་སྔགས་ཀྱིས་གཟིར་རྨིས། །ཕར་ལམ་གནས་སྤྲུའི་ཐང་མཇུག་ཏུ། །འདྲེ་མོ་གནས་པའི་བྲག་ཕུག་ཏུ། །ཞག་པའི་རྗེས་བསྙག་ཡིན་ནམ་སེམས། །རྟ་གཅིག་ན་བ་བྱིན་རླབས་ཕན་། །དེ་ནས་དགོས་པ་ཅང་མེད་པར། །རྟ་གཅིག་མཆོད་ཆ་དཔེ་ཆར་བཅས། །གཡང་ལ་འགྲིལ་ནས་ཆུ་ཆེན་ཁྱེར། །འཕོངས་སེམས་འགྱོད་སེམས་མ་བྱུང་བར། །རང་སེམས་ངོ་བོའི་སྟེང་དུ་བཞག །འོན་ཀྱང་རྗེས་སུ་བརྒྱུགས་པ་ཚོ། །ཆུ་ཡིས་ཁྱེར་དོགས་པད་འབྱུང་དང་། །སྤྱན་གཟིགས་སྒྲོལ་མའི་སྔགས་དམིགས་བྱས། །མཆོད་ཆ་དཔེ་ཆར་བཅས་པ་ལོན། །དཔེ་ཆ་ཐང་ཀ་མ་སྐྱོན་པས། །ཆུ་སྡུགས་བྱས་ཀྱང་རུང་ངམ་ཟེར། །ཡི་དམ་ཐུགས་རྗེ་མྱུར་བར་གོ །དབང་ཆས་ཆུ་ལ་ནུབ་པ་དེ། །འགྲོ་དོན་ཚོད་གྱིས་ཟེར་བར་གོ །འཕྲལ་དུ་བརྗེད་ཐོར་མདོར་བསྡུས་སོ། །དེ་ནས་གྲྭ་མང་རྣམས་ལ་ཡང་། །རྡོ་རྗེ་ཕྲེང་བ་རྔོག་དཀྱིལ་བདུན། །དབང་བསྐུར་མངོན་རྟོགས་ལུང་བྱས་སྐབས། །བླ་


CMR049_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཚན་ཉིད་ལྡན་པ་ཡིས། །བཀའ་འགྱུར་ཡོངས་སུ་རྫོགས་པ་ཡི། །པོ་ཏིའི་ལུང་དབང་གནང་བ་རྨིས། །རྡོ་རྗེ་གདན་བཞི་བཀའ་གཉན་པས། །སོ་ན་རྐན་སྐྲངས་ཟུག་གཟེར་ཆེ། །ཡ་མའི་ནད་འདི་ཕོག་ནས་ནི། །ལོ་གྲངས་བཅུ་གསུམ་སོང་ན་ཡང་། །གཞི་མེད་ཕན་རྒྱུ་མ་བྱུང་ཞིང་། །རེས་འགའ་བདེ་ཡང་རེས་འགའ་ཐུ།ཁྱད་པར་དུས་དེར་སློང་དུ་གོ །ལུས་སྦྱིན་བྱས་ནས་ཉམས་ལེན་སྐྱོང་། །སྔོན་ཚེ་བསྐལ་པ་འདིའི་སྔོན་ལ། །ཁོ་བོ་བུ་ཆུང་གཅིག་གྱུར་ཚེ། །རི་བོང་གཅིག་གི་འགྲམ་པ་ལ། །རྡོ་བརྒྱབ་རི་བོང་ཡུན་རིང་ན། །དེ་ཡིས་རྐྱེན་བྱས་རི་བོང་གུམ། །དེ་ཡི་ལས་འབྲས་ཡིན་པ་ནི། །རྨི་ལམ་རྨི་ཞིང་གསལ་བ་ནི། །རྡོ་ཡི་བརྒྱབ་ལུགས་ལ་སོགས་པ། །རྨི་ལམ་ཡུལ་དུ་གསལ་བར་དྲན། །དེ་ཕྱིར་ལྷག་པར་ལས་འབྲས་ལ། །ཡིད་ཆེས་ཆེན་པོ་སྐྱེས་པ་བྱུང་། །བསང་བཏང་ལྷ་མོའི་དགའ་སྤྲོ་སོགས། །རྨིས་དང་མཚུངས་པར་རི་ཁྲོད་དུ། །ལྷོ་པ་ཕེབས་ཤིང་མཇལ་སྤྱད་དང་། །ཕུན་ཚོགས་འདོད་ཆོས་ཕུལ་ཞིང་ཞུས། །མཚར་འདོད་བརྗེད་ཐོ་ཙམ་དུ་བྲིས། །འདི་སྐབས་རྡོར་ཕྲེང་དབང་གི་དུས། །མར་མེ་


CMR049_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལན་མང་འཛིན་ན་ཡང་། །རྟེན་གྱི་དོན་ནམ་དབང་གི་དོན། །གང་ཡིན་དབྱེ་གསལ་མེད་པའོ། །དྷ་ཐིམ།། ༈ ན་མོ་གུ་རུ་དྷེ་ཝ་དྷཱཀྐི་ནི་ཧཱུཾ། སྐྱབས་གནས་བསླུ་མེད། །དཀོན་མཆོག་ཀུན་འདུས། །རྩ་གསུམ་ཀུན་འདུས། །སྙིགས་དུས་སྐྱབས་གཅིག །པདྨ་འབྱུང་གནས། །རེ་ས་གཞན་མེད། །སྙིང་ཁུང་རུས་པའི། །གཏིང་ནས་གསོལ་བ། །འདེབས་སོ་འདེབས་སོ། །དེ་རིང་ཚེས་བཅུའི། །ཉི་ཤར་འདི་ལ། །ཁྱེད་ཉིད་དངོས་སུ། །འབྱོན་དུས་ཡིན་པས། །ཐུགས་རྗེས་གཟིགས་ཤིག །ང་ཡི་བུ་གཅིག །མི་འགྱུར་རྡོ་རྗེའི། །བར་ཆད་སོལ་ཅིག །ས་གཏེར་དངོས་གྲུབ། །ད་ནི་སྩོལ་ཅིག །དགྲ་བགེགས་དམ་སྲིའི། །བར་ཆད་བཟློག་ཅིག །སྐུ་བསོད་ཕྲིན་ལས། །རྒྱ་ཆེར་སྤེལ་ཅིག །སློབ་དཔོན་པད་མའི། །བཀའ་དང་དམ་ལ། །གནས་ཀྱི་གཏེར་སྲུང་། །ཐམས་ཅད་ཐམས་ཅད། །ཐུགས་དམ་དུས་ལ། །ད་ནི་ད་ནི། །ས་གཏེར་སྤྱོད་ཅིག །བླ་མ་ཡི་དམ། །མཁའ་འགྲོ་ཆོས་སྐྱོང་། །ཁྱད་པར་མ་གཅིག །ཡེ་ཤེས་མཚོ་རྒྱལ། །ཐུགས་རྗེས་ད་གཟིགས། །སྐུ་གསུང་ཐུགས་


CMR049_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡོན་ཏན་ཕྲིན་ལས། །ད་ནི་མ་གཡེལ། །མཁྱེན་ནོ་མཁྱེན་ནོ། །འབྲུག་ལོ་སྨིན་དྲུག །ཟླ་བའི་ཚེས་བཅུར། །སྔགས་འཆང་རཱ་ག །ཨ་སྱས་སྨྲས་སོ།། ༈ །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་པཱ་ཎི་ཡེ། བདེན་ལྡན་བདེན་འགྲུབ་དཀོན་མཆོག་རིན་ཆེན་གསུམ། །རྩ་བ་གསུམ་དང་བདེན་ལྡན་ཇི་སྙེད་མཐུས། །བདག་གིས་སྨོན་ལམ་འདི་བཏབ་འགྲུབ་གྱུར་ཅིག །བདག་གིས་དུས་གསུམ་དགེ་བ་ཅི་བསགས་མཐུས། །རྒྱལ་ཟླའི་བར་དུ་འགྲོ་དོན་རྒྱ་ཆེན་འགྲུབ། །དེ་ལ་བར་ཆད་གང་ཡང་མི་འབྱུང་ཞིང་། །མཐུན་རྐྱེན་ཐམས་ཅད་འབད་མེད་འགྲུབ་གྱུར་ཅིག །བདག་གིས་མཐོང་ཐོས་དྲན་པའི་འགྲོ་བ་རྣམས། །བླ་མེད་བྱང་ཆུབ་ས་བོན་ཐེབ་པ་དང་། །འཁོར་བ་ངན་སོང་སྐྱེ་བའི་སྒོ་ཆོད་ནས། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་ཁམས་སུ། །པདྨ་མཆོག་ལ་རྫུས་ཏེ་སྐྱེ་གྱུར་ཅིག །བདག་ལས་འཕེལ་བའི་དབང་ལུང་མན་ངག་རྣམས། །རྒྱ་ཆེར་ནུབ་མེད་ཡུན་དུ་འཕེལ་རྒྱས་ཤིང་། །རྒྱལ་བའི་བསྟན་ལ་ཕན་པ་རྒྱ་ཆེར་ཤོག །རྒྱལ་ཟླ་ནས་བཟུང་ཇི་སྲིད་འཚོ་ཡི་བར། །གཞན་དོན་སྨོན་ལམ་སེམས་


CMR049_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མི་འདོར་ཡང་། །དངོས་སུ་རང་དོན་རྩེ་གཅིག་ཉམས་ལེན་ལ། །བར་ཆད་མེད་ཅིང་ཚེ་དང་སྒྲུབ་པ་མཉམ། །སྒྲུབ་བརྒྱུད་བསྟན་པའི་སྤྱན་སྲོལ་ལ་ཕན་ཤོག །གལ་ཏེ་ཁོ་བོ་ལུང་ཟིན་ཆོས་ཀྱི་བདག །ཡིན་ཞེས་ས་གཏེར་གནམ་ཆོས་ནས་གསུངས་པ། །བདེན་ན་བདེན་པ་དེ་ཡི་བདེན་སྟོབས་ཀྱིས། །བདག་གིས་སྨོན་ལམ་དེ་བཏབ་འགྲུབ་གྱུར་ཅིག །ཅེས་ར་ག་མདོར་བྲིས་སོ། །ཡང་ནི་མ་ནི་ཤར་གྱི་ནི། །རི་བོའི་ཁྲོད་དུ་ཞག་གསུམ་ཚེ། །སྐུ་གསུམ་ངོ་སྤྲོད་ཁྲིད་ཆེན་ལ། །དཔེ་ལྟས་སྤྲོ་བ་འཕེལ་བའི་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །མཉམ་མེད་ཐུབ་པའི་དབང་པོ་དེ། །མི་གསལ་ཡད་ཡུད་ཙམ་ཞིག་མཇལ། །ཁྲིད་དཔེ་བྱིན་རླབས་ཆེ་བར་གོ །དེ་ནས་གིག་ཐུང་ཐང་དུ་ཕྱིན། །ཐོས་གྲོལ་དབང་ཁྲིད་འཛུགས་པའི་ཚེ། །བར་ཆད་རྟགས་མཚན་འགའ་རེ་མཐོང་། །ལུས་ཚོགས་དམིགས་པ་བརྒྱ་རྩ་བྱས། །ཐོ་རངས་རྒྱལ་འགོང་ཞྭ་ཐེབ་ཅན། །དཔོན་གཡོག་རྐྱ་པ་བརྒྱ་ཙམ་ཞིག །བུད་ནི་སོང་བ་གསལ་བ་ནི། །ཉམས་ཀྱི་སྐབས་ལ་མཐོང་བ་ཡིས། །སྒྱུ་ལུས་ན་བ་འཕྲལ་དུ་བདེ། །མ་མགོན་དབང་གཏོར་འཛིན་པའང་བྱུང་།། །།


previousཤོག་ལྷེབ་ ༡༧༥ ནས་ ༢༠༠ བར།next