Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
ཤོག་ལྷེབ་ ༣༠༥ ནས་ ༣༥༠ བར།
   
  expand section
   
   


 
previousཤོག་ལྷེབ་ ༣༠༥ ནས་ ༣༥༠ བར།next

ཤོག་ལྷེབ་ ༣༠༥ ནས་ ༣༥༠ བར།


CMR049_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་གུ་རུ། ཆོས་མངོན་པའི་སྡེ་སྣོད་ལས་གསུངས་པའི། །ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་སྟེ། །དུས་ད་རེས་བསྐལ་པ་མེ་ཡིས་འཇིག །དེ་བསམ་གཏན་དང་པོ་མན་ཆད་དེ། །དེ་ཚིག་པའི་ཐལ་བ་ཙམ་མི་ལུས། །དཔེ་མར་ཁུ་མེ་ཡིས་ཚིག་པ་བཞིན། །ལན་བདུན་དུ་བསྐལ་ཆེན་མེ་ཡིས་འཇིག །དུས་དེ་རྗེས་ཆུ་ཡིས་འཇིག་པ་ནི། །ཡར་ལྷ་གནས་གཉིས་པ་མན་ཆད་འཇིག །དཔེ་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ཞིག་པའི་སྙིགས་མ་ཙམ་མི་ལུས། །དེ་ལྟར་དུ་ཆུ་ཡིས་ལན་བདུན་ཏེ། །དེ་རྗེས་ནས་རླུང་གིས་འཇིག་པ་ཡང་། །མཐོ་ལྷ་གནས་བསམ་གཏན་གསུམ་པ་མན། །དཔེ་ཐལ་བ་རླུང་གིས་ཁྱེར་བ་བཞིན། །དེ་ཞིག་པའི་ལྷག་མ་ཙམ་མི་ལུས། །དེ་ཕྱི་ཡི་བསྐལ་ཆེན་མི་རྟག་ཚུལ། །ཆོས་མདོ་རྒྱུད་ཀུན་ནས་གསུངས་པ་ཡིན། །དོན་ཁྱད་པར་རྫོགས་ཆེན་རྒྱུད་སྡེ་ལས། །མེ་དང་ཆུ་དང་རླུང་གསུམ་གྱིས། །བསྐལ་པ་འཇིག་ཅིང་ཁྱད་པར་དུ། །ཤཱཀ་ཐུབ་བསྟན་པ་རྫོགས་ནས་ནི། །བྱམས་པའི་བསྟན་པ་མ་བྱོན་བར། །མེ་ཆུ་རླུང་


CMR049_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཇིག་གྱུར་ནས། །ལོ་བརྒྱའི་བར་དུ་སྟོང་པར་གནས། །ལྔ་བརྒྱའི་བར་དུ་ཆགས་གསུངས་པ། །དེ་ནི་བསྐལ་ཕྲན་འཇིག་ཚུལ་ཏེ། །ཚེ་ལོ་བཅུ་པའི་མཐར་ཐུག་ནས། །མེ་ཡིས་རྩི་ཤིང་ལོ་ཐོག་བསྲེགས། །རླུང་གིས་གཏོར་ཞིང་ཆུ་ཡིས་ཇམ། །ལོ་བརྒྱའི་བར་དུ་སྲོག་ཆགས་དང་། །སྣོད་བཅུད་བདེ་ལེགས་ཀུན་གྱིས་སྟོངས། །དེ་ནས་སྣོད་ཀྱི་བདེ་ལེགས་དང་། །བཅུད་ཀྱི་སེམས་ཅན་ཡར་འཕེལ་ཏེ། །ས་གཞིའི་རྩི་བཅུད་ལོ་ཐོག་སོགས། །དག་པའི་ཞིང་ཁམས་ལྟ་བུ་ཡི། །ལོ་གྲངས་དཔག་མེད་ཐུབ་པ་ནས། །མར་འགྲིབ་ཚེ་ལོ་བརྒྱད་ཁྲིའི་དུས། །བྱམས་པ་འབྱོན་པར་གསུངས་པའོ། །མདོ་རྒྱུད་དགོངས་པ་མི་འགལ་ཚུལ། །བསམ་འགྲུབ་རྒྱལ་མོ་ཁྲི་སྐོར་གྱི། །སྡེ་ཆེན་ཞིག་པའི་ཡུལ་མཐོང་བས། །སྣོད་བཅུད་མི་རྟག་འགྱུར་བའི་ཚུལ། །ངེས་ཤེས་གོ་བ་བརྟན་པོ་སྐྱེས། །སྙིང་པོ་མེད་པའི་གནད་མཚང་རིག །མི་རྟག་འཆི་བ་ཏུང་ཏུང་དྲན། །སྐྱོ་ཤས་ངེས་འབྱུང་ལྷང་ལྷང་སྐྱེས། །མི་རྟག་འཆི་བ་བསྒོམ་པའི་ས། །འདི་འདྲར་བསྒོམས་ན་སྐྱེ་མྱུར་ཞེས། །གསུངས་པའི་དོན་ལ་ངེས་པ་རྙེད། །དེ་སྐད་འཕྲལ་དུ་བཀོད་


CMR049_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། ༈ །།ན་མོ་གུ་རུ་སིདྡྷི་ཧཱུྃ། ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་ཆེན་སོགས། །རྒྱལ་བ་དགོངས་བརྒྱུད་རྣམས་ལ་གསོལ་བ་འདེབས། །དགའ་རབ་ཤྲཱི་སེང་རྒྱ་གར་རིག་འཛིན་བརྒྱད། །རིག་འཛིན་བརྡ་བརྒྱུད་རྣམས་ལ་གསོལ་བ་འདེབས། །པད་འབྱུང་རྗེ་འབངས་ཉི་ཤུ་རྩ་ལྔ་སོགས། །གང་ཟག་སྙན་བརྒྱུད་རྣམས་ལ་གསོལ་བ་འདེབས། །བཀའ་དགོངས་ཕུར་གསུམ་ཞི་ཁྲོ་རབ་འབྱམས་སོགས། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །མ་ནིང་སྡེ་ལྔ་ལྷ་མོ་དཔོན་གཡོག་སོགས། །བཀའ་སྲུང་དམ་ཅན་རྣམས་ལ་གསོལ་བ་འདེབས། །ཁྱེད་རྣམས་ཡེ་ཤེས་སྤྱན་གྱིས་དུས་འདིར་གཟིགས། །མི་འགྱུར་རྡོ་རྗེའི་སྐུ་ཚེ་བརྟན་པ་དང་། །གོ་བར་ཆད་མེད་ཅིང་ས་གཏེར་ཐོན་པ་ཡི། །བྱིན་རླབས་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། །དེ་སྐད་སྒྲ་སྐད་རྒྱལ་པོ་འབྲུག་གི་ལོ། །རྒྱལ་ཟླའི་ཟླ་མགོ་འགྲུབ་སྦྱོར་སྔ་དྲོ་ལ། །བྲིས་པས་རྟེན་འབྲེལ་ལེགས་ཚོགས་འགྲིག་གྱུར་ཅིག། ༈ །།ན་མོ་གུ་རུ་བཛྲ་ཁྲོ་ལོད་ཡེ། འཇིག་རྟེན་འདི་ནི་སྟོབས་ཤུགས་རྫུ་འཕྲུལ་ཅན། །སྡེ་དཔོན་སུམ་


CMR049_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་དྲེགས་པ་བཅོ་བརྒྱད་དང་། །མགུར་ལྷ་བརྟན་མ་དགེ་བསྙེན་ཐམས་ཅད་ཀུན། །ཡིད་ཀྱི་མངོན་ཤེས་ལྡན་པ་བདག་ལ་གསོན། །ཁྱེད་ཅག་སྔོན་ཚེ་རྡོ་རྗེ་གྲོ་ལོད་དྲུང་། །མ་འོངས་པད་འབྱུང་མཚན་ཙམ་འཛིན་པ་ཡང་། །ཁ་ཞེ་མེད་པར་སྤྱི་བོས་བཀུར་བ་དང་། །དེ་ཡི་དགོས་པ་བསྒྲུབ་པའི་དམ་བཅའ་བྱ། །དེ་ལས་འགལ་ན་ཁྱེད་ཅག་མགོ་ལུས་སྙིང་། རུལ་མྱག་རྡོ་རྗེ་དམྱལ་བར་ལྟུང་བ་ཡི། །དམ་བཅའ་ཐ་ཚིག་དེང་འདིར་དུས་ལ་བབ། །བདག་ནི་པདྨ་འབྱུང་གནས་རྗེས་འཇུག་ཅིང་། །གསང་སྔགས་བསྟན་པ་སྤེལ་བར་དམ་བཅས་ཏེ། །ཟླ་གྲངས་བཅུ་ལ་འགྲོ་དོན་བྱེད་སྐབས་འདིར། །བསྟན་འགྲོའི་དོན་ཆེན་འགྲུབ་པའི་ཕྲིན་ལས་མཛོད། །མྱུར་མགྱོགས་སྟོབས་ཤུགས་ཕྱུང་བའི་དུས་ལ་བབ། །དེ་སྐད་བསམ་འགྲུབ་གཞུང་དུ་ཚེས་གཅིག་ནུབ། །རྨི་ལམ་ཡེ་བརྫུ་བཙུན་ཆུང་མཛེས་པར་སྤྲུལ། །དྲུང་དུ་བྱུང་ནས་དགའ་ཚུལ་འཛུམ་མདངས་བསྟན། །དེ་བཞིན་ཕ་ཀིར་བུ་ཆུང་ཕྲུག་དཀར་ཅན། །དགའ་ཞིང་རྒྱང་ནས་བདག་ལ་བལྟ་བ་ནི། །ཀླུ་རྒྱལ་མི་མགོན་དཀར་པོ་ཡིན་ནམ་སེམས། །དེ་ཕྱིར་ཕྱིར་ནངས་འགྲུབ་སྦྱོར་སྔ་དྲོ་བྲིས།།


CMR049_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་རཏྣ་ཏྲ་ཡཱ་ཡ། བདག་འདྲ་རཱ་ག་ཨ་སྱ་བདག །པད་འབྱུང་ལུང་གིས་ཟིན་པ་ན། །སྐལ་ལྡན་ལས་ཅན་ཡིན་པ་ན། །ས་ཆོས་གནམ་ཆོས་མང་པོ་ཡི། །བཀའ་བབས་ཆོས་བདག་ཡིན་པ་ལ། །སྟོང་ཉིད་ལྟ་བ་རྟོགས་པ་ན། །རོ་གཅིག་སེམས་སུ་རྟོགས་པ་ན། །སྨོན་ལམ་ལས་འཕྲོ་ལྡན་པ་ན། །གཞན་ཕན་སེམས་བསྐྱེད་རྒྱ་ཆེ་ན། །ཁྲིམས་ལྡན་དགེ་སློང་ཡིན་པ་ན། །དམ་ལྡན་སྔགས་འཆང་ཡིན་པ་ན། །རྟོགས་ལྡན་རྣལ་འབྱོར་ཡིན་པ་ན། །དེ་དག་ཀུན་གྱི་བདེན་པའི་སྟོབས། །ད་ལྟ་ཉིད་དུ་འདིར་གསལ་ནས། །འགྲོ་དོན་དཔག་མེད་མྱུར་འགྲུབ་ཤོག །སྐྱེ་འགྲོ་སྨིན་ཅིང་གྲོལ་བར་ཤོག །འབྲེལ་ཚད་དོན་དང་ལྡན་པར་ཤོག །བསྟན་པ་མེ་ལྟར་འབར་བར་ཤོག །སྐལ་ལྡན་སྤྲིན་ལྟར་འདུ་བར་ཤོག །བདེ་སྐྱིད་ཆར་ལྟར་འབབ་པར་ཤོག །དད་པའི་སྣང་བ་འགྱུར་བར་ཤོག །ཉམས་རྟོགས་འཕེལ་ཞིང་རྒྱས་པར་ཤོག །ཆོས་རྒྱུད་ཆུ་བས་རིང་བར་ཤོག །བར་ཆད་རྐྱེན་ངན་མེད་པར་ཤོག །སེང་གེ་ཁྱུང་གི་ཕྲུ་གུ་བཞིན། །ཕ་བས་བུ་བཟང་ཚར་བར་ཤོག །འབྲེལ་ཚད་བདེ་ཆེན་ཞིང་


CMR049_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་ཤོག །འགྲུབ་སྦྱོར་ཉིན་པར་སྨྲས་པས་དགེ། །།ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ། གཏེར་མའི་སྟོན་པ་བཅོམ་ལྡན་འདས། །སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །གཏེར་སྟོན་མི་འགྱུར་རྡོ་རྗེ་ལ། །ལུགས་གཉིས་བྱ་བ་ལུང་སྟོན་ལ། །བར་ཆད་མེད་པར་བྱིན་གྱིས་རློབས། །གཏེར་མ་ཡི་དམ་ཐུགས་རྗེ་ཅན། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །གཏེར་སྟོན་མི་འགྱུར་རྡོ་རྗེ་ལ། །ལུགས་གཉིས་བྱ་བ་ལུང་སྟོན་ལ། །བར་ཆད་མེད་པར་བྱིན་གྱིས་རློབས། །གཏེར་རྣམས་སྦས་མཛད་རིག་འཛིན་མཆོག །ཨོ་རྒྱན་རྗེ་ལ་གསོལ་བ་འདེབས། །གཏེར་སྟོན་མི་འགྱུར་རྡོ་རྗེ་ལ། །ལུགས་གཉིས་བྱ་བ་ལུང་སྟོན་ལ། །བར་ཆད་མེད་པར་བྱིན་གྱིས་རློབས། །གཏེར་མའི་ཡི་དམ་བཀའ་དགོངས་ཕུར། །ཞི་ཁྲོའི་ལྷ་ལ་གསོལ་བ་འདེབས། །གཏེར་སྟོན་མི་འགྱུར་རྡོ་རྗེ་ལ། །ལུགས་གཉིས་བྱ་བ་ལུང་སྟོན་ལ། །བར་ཆད་མེད་པར་བྱིན་གྱིས་རློབས་། །མ་ནིང་ཤན་པ་རྡོར་ལེགས་སོགས། །གཏེར་སྲུང་རྣམས་ལ་གསོལ་བ་འདེབས། །གཏེར་སྟོན་མི་འགྱུར་རྡོ་རྗེ་ལ། །ལུགས་གཉིས་བྱ་བ་ལུང་སྟོན་ལ། །བར་ཆད་


CMR049_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱིན་གྱིས་རློབས། །པད་འབྱུང་རྩ་གསུམ་བདེན་པ་དང་། །དམ་ཅན་རྒྱ་མཚོའི་མཐུ་སྟོབས་དང་། །སྨོན་ལམ་ལས་འཕྲོ་བདེན་པའི་མཐུས། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་འདི། །བར་ཆད་དབང་དུ་མི་འགྲོ་བར། །གེགས་མེད་ས་ཡི་གཏེར་ཐོན་ནས། །སྐུ་ཚེ་ཕྲིན་ལས་འཕེལ་གྱུར་ཅིག །དེ་སྐད་སྒྲ་རྒྱལ་འབྲུག་གི་ལོ། །རྒྱལ་གྱི་ཟླ་བའི་ཚེས་བཅུ་ལ། །རཱ་ག་ཨ་སྱས་བྲིས་པ་དགེ།་་་༈་།ན་མོ་རཏྣ་ཏྲ་ཡཱ་ཡ། བསླུ་བ་མེད་པའི་དཀོན་མཆོག་གསུམ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །ཆོས་སྐྱོང་སྲུང་མའི་ཐུགས་རྗེ་དང་། །བདག་གིས་དུས་གསུམ་དགེ་བསགས་མཐུས། །བར་ཆད་རྐྱེན་ངན་ཞི་བ་དང་། །བསྟན་འགྲོའི་དོན་ཆེན་འགྲུབ་པ་དང་། །འབྲེལ་ཚད་དོན་དང་ལྡན་པ་དང་། །ཚེ་མཇུག་སྒྲུབ་པ་མཐར་ཕྱིན་ནས། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་། །རྫུས་སྐྱེས་སྤྲུལ་པའི་སྐུ་ཐོབ་ནས། །ལུས་རྟེན་དེ་ལ་སངས་རྒྱས་ཤིང་། །སྤྲུལ་པས་འགྲོ་བ་འདྲེན་པ་ལ། །སྤྱན་རས་གཟིགས་དང་དབྱེར་མེད་པར། །འགྲོ་བའི་ཉེར་འཚོའི་གཞིར་གྱུར་ཅིག །བདག་གི་འདོད་དོན་སྨོན་ལམ་འདི། །


CMR049_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་པད་འབྱུང་ཁྱེད་རང་མཁྱེན། །དེ་རིང་སྙན་གྲགས་འབྲུག་གི་ལོ། །རྒྱལ་གྱི་ཟླ་བའི་ཚེས་པ་བཅུ། །སྔ་དྲོ་ཨོ་རྒྱན་ཉིད་བྱོན་སྐབས། །བདག་གིས་ཁྱེད་ལ་གསོལ་འདེབས་འདི། །རྡོ་རྗེའི་སྙན་གྱིས་གསན་ནས་ཀྱང་། །ཡེ་ཤེས་སྤྱན་གྱིས་བདག་ལ་གཟིགས། །དབང་བཅུའི་དབང་དང་སྟོབས་བཅུའི་སྟོབས། །རྫུ་འཕྲུལ་རྐང་པ་ཁྱད་འཕགས་པས། །ད་ལྟ་ཉིད་དུ་བདག་བྱིན་རློབས། །མ་ནིང་གྲི་གུག་ཕྱག་བཞི་དྲུག །ལྷ་མོ་དཔོན་གཡོག་ལ་སོགས་པ། །ཡེ་ཤེས་ཆོས་སྐྱོང་ཐམས་ཅད་ལ། །གསོལ་བ་འདེབས་སོ་བར་ཆད་སོལ། །འདོད་དོན་དེ་འགྲུབ་ཕྲིན་ལས་མཛོད། །རྣམ་སྲས་ཛམ་ལྷ་རེ་མན་ཏ། །ཨ་པར་ཚོགས་བདག་ལ་སོགས་པའི། །ཡེ་ཤེས་སྤྲུལ་པའི་གཏེར་བདག་ག་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །བསམ་པ་དེ་འགྲུབ་མཐུན་རྐྱེན་སྒྲུབས། །སྡེ་དཔོན་སུམ་ཅུ་དྲེགས་བཅོ་བརྒྱད། །བརྟན་མ་མགུར་ལྷ་དགེ་བསྙེན་ཚོགས། །སྔོན་གྱི་དམ་བཅས་མ་བསྙེལ་བར། །པད་འབྱུང་བསྟན་པ་འཛིན་སྐྱོང་སྤེལ། །བསྲུང་བའི་སྡོང་གྲོགས་དུས་ལ་བབ། །དམ་ལས་མ་འདའ་ས་མ་ཡ། །སྔགས་འཆང་བདག་གི་


CMR049_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཚིག་འདི། །འབྲས་བུ་དངོས་སུ་གསལ་བར་ཤོག། ༈ །།ན་མོ་གུ་རུ་ནཱ་ག་རྫུ་ན་ཡེ། མདངས་གསུམ་གཉིད་པའི་རྨི་ལམ་ལ། །ཀླུ་སྒྲུབ་སྙིང་པོས་བྱིན་བརླབས་ཤིང་། །རྒྱལ་བའི་རིང་བསྲེལ་ཕུང་པོའི་གཏེར། །བལ་ཡུལ་འཕགས་པ་ཤིང་ཀུན་མཇལ། །ཕྱི་ནི་མཆོད་རྟེན་ཆེན་པོ་ལ། །ནང་ནི་གཙུག་ལག་ཁང་ཆེན་པོ། །ཐུབ་དབང་སྐུ་མཆོག་ངོ་མཚར་བ། །མཚུར་ཕུའི་ལྷ་ཆེན་ཚད་ཙམ་ལ། །གསེར་མདོག་འོད་དུ་འབར་བ་མཇལ། །དེ་དྲུང་བཙུན་པའི་གཟུགས་ཅན་འགའ། །བདག་ལ་སྡོམ་པ་ཞུ་འདོད་ཟེར། །རྨི་ལམ་འཁྲུལ་པ་ངེས་མེད་དེ། །ཆོས་ཀུན་རྨི་ལམ་ཉིད་དང་མཚུངས། །ཀུན་རྫོབ་རྟེན་འབྲེལ་བསླུ་མེད་ཕྱིར། །བསྟན་ལ་ཅུང་ཟད་ཕན་ནམ་སྙམ། །སྟོན་པ་ཤཱཀྱའི་རྒྱལ་པོ་དང་། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལུང་བསྟན་འདི་ཡིས་ཐུབ་དབང་གི །བསྟན་ལ་།ཕན་ཐོགས་ནུས་པར་ཤོག །ཀླུ་གནས་འཕགས་པ་ཤིང་ཀུན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མི་མགོན་དཀར་པོ་ལ་སོགས་པ། །ཡེ་ཤེས་ཀླུ་རིགས་ཐམས་


CMR049_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ། །གསོལ་བ་འདེབས་སོ་དངོས་གྲུབ་བྱིན། །ཡང་ནི་རྨི་ལམ་མཆོད་རྟེན་དེ། །བྱ་རུང་ཁ་ཤོར་ཡིན་སྙམ་བགྱི། །བྱ་རྫི་མ་ཡི་བུ་གསུམ་གྱི། །སྐྱེ་བ་མཁན་སློབ་ཁྲི་སྲོང་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལྷ་མོ་ཆེན་པོ་གྷསྨ་རཱི། །གསོལ་བ་འདེབས་སོ་བར་ཆད་སོལ། །རང་གཞན་དོན་གཉིས་འགྲུབ་པར་མཛོད། །དེ་སྐད་ཚེས་བཅུའི་སྔ་དྲོར་བྲིས།། །༈ །།ན་མོ་གུ་རུ་ཨཱརྱ་ཏཱ་ར་ཡེ། པདྨ་དཀར་པོའི་མདོ་སྡེ་ལས། །ཚོང་པ་ནོར་མང་ལྡན་པ་དག །གཡོན་ཅན་ཆོམ་རྐུན་དགྲ་ཡི་གསེབ། །གལ་ཏེ་སྐྱབས་མེད་འགྲོ་བའི་ཚེ། །སྤྱན་རས་གཟིགས་ལ་བོས་ན་ནི། །དེ་དག་གིས་ཀྱང་ལྟར་མི་ནུས། །གསུངས་ན་རྒྱུན་དུ་ཁྱེད་འབོད་ན། །བདག་ཅག་སྒར་་གཞིས་རྟ་ཕྱུགས་ལ། །དགྲ་རྐུན་ཇག་པ་མཐའ་མི་ཡི། །འཚེ་བ་ཀུན་ལས་བསྐྱབ་ཏུ་གསོལ། །རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད། །འཇིག་རྟེན་དབང་པོའི་སྤྱན་ཆབ་ལས། །འཁྲུངས་མ་ཐག་ཏུ་འཇིག་རྟེན་ན། །གང་དག་འཇིགས་པས་སུ་སྐྲག་པ། །དེ་དག་སྐྱོབ་ཅེས་ཞལ་བཞེས་ན། །བདག་གིས་ཁྱེད་ལ་སྐྱབས་གསོལ་ན། །དགྲ་ཇག་རྐུན་པོ་མཐའ་


CMR049_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡི། །འཇིགས་ལས་སྐྱོབས་ཤིག་རྗེ་བཙུན་མ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཡབ་ཡུམ་སྔོན་ཚེ་བདེ་མཆོག་དྲུང་། །མ་འོངས་རང་ནོར་མི་དབང་དུས། །སྐྱོབ་ཅིང་བསྲུང་བར་དམ་བཅས་ན། །བདག་གིས་ཁྱོད་མཆོད་ཁྱོད་བསྟེན་ན། །མཐའ་མི་ཆོམ་རྐུན་དགྲ་ཇག་གི །འཚེ་བ་འདི་ལས་བསྲུང་དུ་གསོལ། །དེ་ཝི་འོད་ཟེར་ཅན་མ་ཡི། །མཚན་ཙམ་སུ་ཡིས་འཛིན་པ་ཡང་། །དགྲ་ཡི་དབང་དུ་མི་འགྲོ་བར། །གསུངས་ན་ཁྱེད་སྔགས་བདག་གིས་འཆང་། །མཐའ་མི་མི་རྒོད་དགྲ་ཇག་གི །འཇིགས་པ་འདི་ལས་བསྐྱབ་ཏུ་གསོལ། །བསྟན་སྲུང་རྡོ་རྗེ་ངེ་ནེ་མ། །དཀོར་ནོར་སྲུང་བར་ཁྱོད་བསྔགས་ན། །རྟ་ཕྱུགས་དགྲ་ལ་མ་ཤོར་ཅིག །འདོད་པའི་དབང་ཕྱུག་ལྷ་ཆེན་པོ། །ཁྱོད་སྔགས་འཆང་བ་སྲུང་ཞེས་པ། །ཐུབ་པའི་དྲུང་དུ་དམ་བཅས་ན། །སྔགས་འཆང་བདག་གི་རྟ་ཕྱུགས་ལ། །མཐའ་མིའི་འཚེ་བ་སྐྱོབ་པར་གྱིས། །སྟོབས་ནུས་ཅི་གདའ་ད་ལྟའོ། །དེ་སྐད་རྨི་ལྟས་དགྲ་ངོ་ཆེ། །ཕྱིར་ནངས་མཐའ་མིའི་འགྲིམ་འཇིགས་བྱུང་། །དེ་ཕྱིར་འཕྲལ་དུ་རྟེན་འབྲེལ་བྲིས།། ༈ །།ན་མོ་མ་ཧཱ་


CMR049_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏྲ་ཡེ། གནས་འོག་མིན་ཆོས་དབྱིངས་ཀྱི་ཞིང་ཁམས་བྱ་བ་ཡང་དེ་ན། །ཆོས་སྐུ་ཀུན་ཏུ་བཟང་པོ་བྱ་བ་དེ་བཞུགས་སོ། །རང་ལུས་ཙིཏྟ་སྙིང་གི་ཡང་དཀྱིལ་ན། །རང་སེམས་ངོ་བོ་ཆོས་སྐུ་རྗེན་པ་དེ་བཞུགས་གདའ། །དེ་གཉིས་དབྱེར་མེད་དུ་རྟོགས་པ་འདི་དགའ་ཡང་ནི་དགའོ། །ཆོས་སྐུ་སེམས་ལ་རྙེད་པ་འདི་སྐྱིད་ཀྱང་ནི་སྐྱིད་དོ། །དབང་མེད་འཁྲབ་སྙིང་འདོད་པ་འདི་མཚར་ཡང་ནི་མཚར་རོ། །གནས་འོག་མིན་འཐུག་པོ་བཀོད་པ་བྱ་བ་ཡང་དེ་ན། །ལོངས་སྐུ་རྣམ་པར་སྣང་མཛད་བྱ་བ་དེ་བཞུགས་སོ། །རང་སེམས་རང་བཞིན་རྣམ་དག་གསལ་དྭངས་ནི་འདི་ལ། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་དེ་བཞུགས་གདའ། །དེ་གཉིས་དབྱེར་མེད་དུ་རྟོགས་པ་འདི་དགའ་ཡང་ནི་དགའོ། །ལོངས་སྐུ་སེམས་ལ་རྙེད་པ་འདི་སྐྱིད་ཀྱང་ནི་སྐྱིད་དོ། །དབང་མེད་འཁྲབ་སྙིང་འདོད་པ་འདི་མཚར་ཡང་ནི་མཚར་རོ། །མི་མཇེད་སྟོང་གསུམ་འཇིག་རྟེན་གྱི་ཞིང་ན། །སྤྲུལ་སྐུ་སངས་རྒྱས་སྟོང་རྩ་ནི་བཞུགས་སོ། །རང་སེམས་རིག་རྩལ་སྣ་ཚོགས་ཀྱི་ཀློང་ན། །སྣ་ཚོགས་སྤྲུལ་སྐུ་གྲངས་མེད་ནི་བཞུགས་གདའ། །དེ་གཉིས་དབྱེར་མེད་དུ་རྟོགས་པ་འདི་དགའ་ཡང་ནི་


CMR049_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དགའོ། །སྤྲུལ་སྐུ་སེམས་ལ་རྙེད་པ་འདི་སྐྱིད་ཀྱང་ནི་སྐྱིད་དོ། །དབང་མེད་འཁྲབ་སྙིང་འདོད་པ་འདི་མཚར་ཡང་ནི་མཚར་རོ། །ཚུར་ལ་རང་སེམས་ངོ་བོ་ལ་བལྟས་པས། །བལྟ་བྱ་ལྟ་བྱེད་ནི་མི་སྣང་སྟོང་གསལ་དུ་རྗེན་ནེ། །གང་ཟག་བདག་མེད་དེ་འདི་ག་རང་མིན་ནམ། །ཕར་ལ་ཕྱི་རོལ་ཡུལ་སྣང་ལ་བལྟས་པས། །སྟོང་གསལ་རྒྱ་མཚོའི་ཟླ་སྐར་ལྟར་ལམ་མེ། །ཆོས་ཀྱི་བདག་མེད་འདི་ག་རང་མིན་ནམ། །དེ་གཉིས་ཟུང་འཇུག་ཏུ་རྟོགས་པ་འདི་དགའ་ནི་དགའོ། །བདག་མེད་རྣམ་གཉིས་སེམས་ལ་རྙེད་པ་འདི་སྐྱིད་ཀྱང་ནི་སྐྱིད་དོ། །དབང་མེད་འཁྲབ་སྙིང་འདོད་པ་འདི་མཚར་ཡང་ནི་མཚར་རོ། །འགྲོ་དྲུག་སེམས་ཅན་རང་བཞིན་མེད་པར་ནི་མཐོང་ཡང་། །མ་གཏོགས་འགྲོ་ལ་ཤུགས་འབྱུང་གི་སྙིང་རྗེ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་འདི་དགའ་ཡང་དགའོ། །མ་བསྒོམ་རང་ཤར་འདི་སྐྱིད་ཀྱང་ནི་སྐྱིད་དོ། །དབང་མེད་འཁྲབ་སྙིང་འདོད་པ་འདི་མཚར་ཡང་ནི་མཚར་རོ། །འགྲོ་དྲུག་སེམས་ཅན་རང་བཞིན་མེད་པ་ནི་མཐོང་ཡང་། །མ་རྟོགས་འགྲོ་ལ་ཤུགས་འབྱུང་གིས་སྙིང་རྗེ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་འདི་དགའ་ཡང་ནི་


CMR049_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་འོ། །མ་བསྒོམས་རང་ཤར་འདི་སྐྱིད་ཀྱང་ནི་སྐྱིད་དོ། །དབང་མེད་འཁྲབ་སྙིང་འདོད་པ་འདི་མཚར་ཡང་ནི་མཚར་རོ། །བསམ་འགྲུབ་གཞུང་དུ་གསང་བ་ནི་འདུས་པའི། །དབང་སྒྲུབ་བཙུགས་ཉིན་ཐུན་བར་ནི་ཞིག་ཏུ། །རོགས་མེད་གུར་ནང་གཅིག་པུར་ནི་ཡོད་ཛ། །ཉམས་འབར་དབང་མེད་གདན་ཁ་རུ་བྲོ་འཁྲབ། །མི་རྒན་གཅོད་པ་རང་མིན་ནམ་དགོད་བྲོ། །དེ་ནས་འཕྲལ་དེར་ཡི་གེ་རུ་བྲིས་སོ།། ༈ །།ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། ནུབ་བདེ་བ་ཅན་གྱི་ཞིང་ཁམས་ན། །མི་བདག་གི་བླ་མ་བཞུགས་པ་དེ། །མཚན་ཚེ་དཔག་མེད་པ་མི་ཟེར་རམ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །གནས་འོག་མིན་མཁའ་སྤྱོད་ཞིང་ཁམས་ན། །མི་བདག་གི་བླ་མ་བཞུགས་པ་དེ། །མཚན་གར་དབང་རྡོ་རྗེ་འཆང་ཆེན་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །གནས་རྒྱ་གར་ཡུལ་ན་བཞུགས་ཙམ་ན། །མཚན་གྲུབ་ཆེན་ཉི་མ་སྦས་པ་ཟེར། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བོད་མཁན་པོའི་ཡུལ་ན་བཞུགས་ཙམ་ན། །མཚན་གླང་རི་ཐང་པ་ཞེས་སུ་གྲགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མི་ཁོ་བོའི་སྤྱི་


CMR049_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་རྒྱན་བཞུགས་པ། །མཚན་ཆོས་ཀྱི་དབང་ཕྱུག་བསྟན་པའི་བདག །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །གནས་རི་བོ་བྱ་རྐང་ཉེ་བའི་སར། །མི་བདག་གི་བླ་མ་བཞུགས་པ་དེ། །མཚན་ཡེ་ཤེས་སྙིང་པོ་གྲགས་སོ་སྐད། །ཁྱེད་བསྐལ་བརྒྱར་ཞབས་པད་བརྟན་པར་གསོལ། །ལོ་སྒྲ་སྐད་རྒྱལ་པོ་གཡུ་འབྲུག་ལོ། །དུས་ལོ་མགོ་རྒྱལ་ཟླའི་ཡར་ཚེས་ལ། །ས་བསམ་འགྲུབ་གཞུང་ཞེས་བྱ་བ་ན། །ཆོས་དབང་ཁྲིད་སྦྲེལ་མ་བཙུགས་པའི་དུས། །ཉམས་རྨི་ལམ་འཁྲུལ་པའི་སྣང་བ་ལ། །རྗེ་དྲིན་ཆེན་ཆོས་ཀྱི་དབང་ཕྱུག་དེ། །སྐུ་མངོན་སུམ་གསལ་བར་བཞུགས་པའི་དྲུང་། །མི་བདག་གི་བྱང་བུ་བཞུ་རྒྱུ་འགའ། །ཡིད་ཏིང་འཛིན་བྱང་བུ་རྣམ་ཤེས་སྤར། །གཉིད་སད་ཀྱང་ཉམས་དགའ་དད་གུས་འཕེལ། །དུས་དེ་ནས་ཞག་པོ་འགའ་ཙམ་ནས། །གྲོགས་རྡོ་རྗེ་སྤུན་གྱུར་གཅིག་དང་མཇལ། །རྗེ་བླ་མའི་བཀའ་ཤོག་བྲིས་མ་དང་།ལྷ་མ་མགོན་ཞལ་ཐང་ཕྱག་ནས་མ། །དེ་བདག་ལ་ཕུལ་ཞིང་དད་གུས་བྱས། །རང་ཡིད་ཚིམ་དད་པའི་གསལ་འདེབས་གྱུར། །དོན་དེ་ཕྱིར་གསོལ་བ་བཏབ་པའོ།།


CMR049_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་ཤཱཀྱ་མུ་ནེ་ཡེ། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །བདེན་གསུང་བདེན་པ་གྲུབ་པ་སོགས། །ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །ཙི་རོང་ཡུལ་གྱི་དཔོན་རྒན་ཞིག །བསམ་འགྲུབ་གཞུང་གི་ས་ཆ་ན། །རས་ཆུང་ཀརྨ་པར་གྲགས་ཕེབས། །གདུལ་བྱ་འགྲོ་དོན་མ་བྱུང་དུས། །གྲུབ་རྟགས་བཞག་པས་གདུལ་བྱ་རྒྱས་། །དེ་བཞིན་གནས་མདོ་བླ་མས་ཀྱང་། །ལྟ་རྒྱུ་སྟོན་རྒྱུ་ཡོད་པ་ཡི། །གྲུབ་རྟགས་བཞག་དགོས་ཟེར་སྐད་དོ། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་དང་། །བོད་ཀྱི་རྗེ་འབངས་ཉི་ཤུ་ལྔ། །བཀའ་བརྒྱུད་གོང་མའི་རྣམ་ཐར་ལྟར། །དེང་སང་འོང་བར་དཀའ་བ་སྟེ། །དུས་ངན་སྙིགས་མར་སོང་དང་གཅིག །གདུལ་བྱའི་མི་རྣམས་ཐམས་ཅད་ཀྱང་། །ཧ་ཅང་སྒྲིབ་པ་ཆེ་དང་གཉིས། །ཐུབ་བསྟན་མར་འགྲིབ་བབ་དང་གསུམ། །བསྟན་པ་རྟགས་ཙམ་འཛིན་དུས་བཞི། །དེ་བཞིའི་དབང་གིས་མི་འོང་སྟེ། །བླ་མ་ཞན་དུ་སོང་བ་མིན། །ཀརྨ་པཀི་བཅུ་པ་བ། །ན་རིམ་འབྲུག་པ་ཐམས་ཅད་མཁྱེན། །ཐམས་ཅད་མཁྱེན་པ་རྒྱལ་བ་འབྲོམ། །གྲགས་པ་རྒྱལ་མཚན་ཨ་མི་ལགས། །ཨོ་རྒྱན་མགོན་པོའི་


CMR049_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་གཉིས། །དེ་རྣམས་གཅིག་པར་ངེས་ན་ཡང་། །གྲུབ་རྟགས་སྔར་དུས་ལྟ་བུ་མེད། །དེ་ཕྱིར་རྣལ་འབྱོར་ང་ལ་ཡང་། །མཆོག་གི་གྲུབ་རྟགས་མངོན་ཤེས་མེད། །ཟག་བཅས་མངོན་ཤེས་གྲུབ་པའི་རྟགས། །བདུད་སྤྲུལ་ནག་ཕྱོགས་ལྷ་འདྲེ་ཆེ། །འཕྲལ་དུ་ལེགས་ཉེས་གང་བྱུང་བའི། །མངོན་ཤེས་ཁ་ཏ་ཕོ་རོག་ནོ། །ལྷ་འདྲེ་ཚེ་འདས་རྣམ་ཤེས་སོགས། །འདྲེ་ཟུག་བྱེད་པའི་ཁྱི་ཡིས་མཐོང་། །རྡོ་བཅངས་ལྕགས་མདུད་རྐང་ལག་རྗེས། །ཐེའུ་རང་བབ་པ་རྣམས་ཀྱིས་བྱེད། །ཆུ་ཆེན་རྣམས་ལ་མི་ཐོགས་པ། །ཀླུ་བདུད་བབས་པས་བྱེད་པ་ཐོས། །གང་ཟེར་ཐིག་པའི་མངོན་ཤེས་ནི། །ལྷ་འདྲེ་གཞི་བདག་བབ་ན་འབྱུང་། །ཟང་ཟིང་ལོངས་སྤྱོད་འདུ་བ་ནི། །ལྷ་བུའི་ཆ་བདུད་རིགས་ཞུགས་ན་འབྱུང་། །འཁོར་སློབ་གྲྭ་རིས་དར་རྒྱས་ནི། །དམ་སྲི་འགོང་པོས་མགོན་ན་འབྱུང་། །ཆོས་ལ་ཁ་བཏགས་སྡིག་སྟོབས་ནི། །དགའ་རབ་དབང་ཕྱུག་ཞུགས་ན་འོང་། །དཀའ་ཐུབ་ལུས་པོ་སྐམ་བཅུག་པ། །མུ་སྟེགས་དྲང་སྲོང་རྣམས་ལ་ཡོད། །དེ་ལྟ་བུ་ཡི་གྲུབ་རྟགས་ནི། །བདག་དང་བརྒྱུད་པར་བཅས་པ་ལ། །མི་འོང་བ་


CMR049_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྨོན་ལམ་འདེབས། །དལ་འབྱོར་ཆོས་སྒོར་ཞུགས་པ་འདི། །བསོད་ནམས་བསགས་པའི་གྲུབ་རྟགས་ཡིན། །གྲུབ་མཐའ་ངན་པར་མ་ཞུགས་པ། །སྨོན་ལམ་དག་པའི་གྲུབ་རྟགས་ཡིན། །ཕྱག་རྫོགས་གདམས་པ་ཐོབ་པ་ནི། །ལས་འཕྲོ་བཟང་བའི་གྲུབ་རྟགས་ཡིན། །བན་རྒན་སྡོམ་པ་གཙང་བ་འདི། །དེང་སང་གྲུབ་རྟགས་ཆེ་ཤོས་ཡིན། །གཞན་ལ་ཕན་སེམས་ཆེ་བ་འདི། །བློ་སྦྱོང་བསྒོམས་པའི་གྲུབ་རྟགས་ཡིན། །བླ་མ་རིགས་བདག་དབྱེར་མེད་རྟོགས། །མོས་གུས་བསྒོམས་པའི་གྲུབ་རྟགས་ཡིན། །རང་ལུས་ལྷ་ཡི་དཀྱིལ་འཁོར་གསལ། །བསྐྱེད་རིམ་བསྒོམས་པའི་གྲུབ་རྟགས་ཡིན། །རང་སེམས་ངོ་བོ་རྗེན་པར་མཐོང་། །ཕྱག་ཆེན་བསྒོམས་པའི་གྲུབ་རྟགས་ཡིན། །ལྟ་བ་འཁོར་འདས་དབྱེར་མེད་རྟོགས། །ཉམས་ལེན་བྱས་པའི་གྲུབ་རྟགས་ཡིན། །སྒོམ་པ་བསྐྱེད་རྫོགས་ཟུང་དུ་འཇུག །གསང་སྔགས་བསྒྲུབས་པའི་གྲུབ་རྟགས་ཡིན། །ཕུག་བསྲིས་སྙིང་ནོར་འཆང་བ་མེད། །ཞེན་ལོག་བསྒོམས་པའི་གྲུབ་རྟགས་ཡིན། །འཁོར་གསུམ་ཡོངས་དག་བསྔོ་བ་ཤེས། །ཡོན་བདག་མི་བསླུའི་གྲུབ་རྟགས་ཡིན། །དགེ་རྩ་འགྲོ་བ་སྤྱི་ལ་


CMR049_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ། །ཐེག་ཆེན་བསྒོམས་པའི་གྲུབ་རྟགས་ཡིན། །དབང་ལུང་ཁྲིད་ཀྱི་ཆར་པ་ཕབ། །འགྲོ་དོན་འགྲུབ་པའི་གྲུབ་རྟགས་ཡིན། །སློབ་མ་སྐྱེས་ཆེན་འགའ་རེ་བཞུགས། །བསྟན་ལ་ཕན་པའི་གྲུབ་རྟགས་ཡིན། །གཞན་ཡང་སློབ་བུ་བླ་མ་མང་། །ཕན་ཐོགས་བྱུང་བའི་གྲུབ་རྟགས་ཡིན། །ཤི་ནས་གར་འགྲོ་བསམ་མི་དགོས། །དམ་ཆོས་འགྲུབ་པའི་གྲུབ་རྟགས་ཡིན། །ཁ་ཚོ་མ་ཡིན་ངེས་པ་ལགས། །དེ་སྐད་རྭ་ཨ་སྱས་སྨྲས།། ༈ །།ན་མོ་མ་ཏི་ཏིཥྛཡེ། ཡོ་ག་རྣམ་གསུམ་ཆོས་ཚུ་རྣམས་ལ། །སྦྱངས་པ་མཐར་ཕྱིན་ཐམས་ཅད་མཁྱེན། །མཁས་པ་བློ་ལྡན་མཆོག་སྲེད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །གསང་སྔགས་རྒྱུད་སྡེ་ཐམས་ཅད་ནས། །བླ་མ་སངས་རྒྱས་ཀུན་དང་མཉམ། །གསུངས་པ་བདེན་ན་བདེན་པ་དེས། །བདག་གི་སྨོན་ལམ་འགྲུབ་པར་ཤོག །བུ་གཅིག་མི་འགྱུར་རྡོ་རྗེ་བ། །སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས། །ཀཐོག་རྡོ་རྗེའི་གདན་སྟེང་དུ། །ཡོ་ག་རྣམ་གསུམ་ཆོས་རྣམས་ལ། །གསན་བསམ་མཁས་མཐར་ཕྱིན་གྱུར་ཅིག །ཁ་བྱང་ས་གཏེར་མྱུར་ཐོན་ནས། །


CMR049_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཁམས་བདེ་ལ་འགོད་གྱུར་ཅིག །བདུད་རིགས་དམ་སྲི་མི་ངན་གྱིས། །ཉེར་འཚེ་བར་ཆད་མེད་གྱུར་ཅིག །རྔམ་ཆེན་ཞེས་བྱར་ཕྱིན་པའི་ནུབ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཡིས། །གནས་སྒོ་གསར་དུ་ཕྱེས་འདུག་པར། །རང་བྱོན་ངོ་མཚར་གཅིག་འདུག་པར། །གྲུབ་མཐའ་གཅིག་པའི་བླ་དགེ་རྣམས། །གུས་འདུད་ཚོགས་ཚུལ་རང་བྱོན་སྣང་། །སོ་ལྔའི་བར་དུ་གནས་འདི་ཡི། །ཕྲིན་ལས་འགྲོ་དོན་ཆེན་པོ་འབྱུང་། །དེ་ནས་གནས་འདིའི་འགྲོ་དོན་རྫོགས། །དེ་སྐད་སྤྲུལ་སྐུས་གསུངས་པ་རྨིས། །དེ་ལ་གོ་བ་འགའ་རེ་ཤར། །དེ་ཕྱིར་ཡི་གེར་བྲིས་པ་དགེ། ༈ །།ན་མོ་གུ་རུ། རྒྱལ་བའི་གསུང་རབ་རྒྱ་མཚོ་ནས། །འཁོར་བ་སྙིང་པོ་མེད་པའི་ཚུལ། །རྒྱ་ཆེར་གསུངས་ཀྱང་གོ་མཁན་དཀོན། །ད་རུང་ཚེ་འདི་དོན་དུ་གཉེར། །དམ་ཆོས་བྱ་བ་མང་ལགས་ཀྱང་། །ལྷ་མིའི་བདེ་འབྱོར་ཐོབ་པར་འདོད། །འཁོར་བའི་བདེ་འབྱོར་ཐོབ་པ་ལ། །སྙིང་པོ་འདུག་གམ་འདི་ལ་ལྟོས། །ཚེ་འདིའི་སྟོབས་འབྱོར་སྒྲུབ་པ་ལ། །སྙིང་པོ་ཨེ་འདུག་འདི་ལ་ལྟོས། །གཏམ་དང་སྙན་གྲགས་ཁེ་གྲགས་ལ། །སྙིང་པོ་ཨེ་འདུག་འདི་ལ་


CMR049_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས། །བུ་རྒྱལ་བེ་རི་དོན་ཡོད་དེས། །ཆུ་དྲུག་སྒང་ལྔ་དབང་དུ་བསྡུས། །ག་དང་བརྒྱ་ནས་གསར་དུ་བཙུགས། །ཇ་པ་ལ་པར་ཇ་ཁྲལ་བསྡུས། །དེ་ཀུན་། དགྲ་ཡིས་ཁྱེར་ཏེ་ཟོས། །ཟས་ནོར་བསགས་པའི་མཐའ་ལ་ལྟོས། །དམག་སྡེ་ཁྲི་ཕྲག་ཁྲབ་ཆེན་ཡོད། །དགྲ་སྡེ་མང་པོ་ཆམ་ལ་ཕབ། །སྟོང་ཕྲག་མང་པོའི་མི་སྲོག་བཅད། །བརྒྱ་ཕྲག་ལོང་བའི་ཁུ་ཕང་བྱས། །ས་བཙན་རྣམས་སུ་རྫོང་ཆེན་བརྩིགས། །ཐ་མ་བཙོན་དོང་ནང་དུ་ཤི། །ཆུས་དང་ཁེ་གྲགས་མཐའ་ལ་ལྟོས། །དྲིན་ཆེན་བླ་མར་དམ་ཚིག་འགལ། །མཚན་ལྡན་བླ་མ་མང་པོ་བཀྲོངས། །དགེ་འདུན་སྡེ་བཤིགས་གཙུག་ལག་བཅོམ། །བན་ལ་ནུས་མཐུ་མེད་ཅེས་ཟེར། །ཆོས་སྐྱོང་བཀའ་སྲུང་ཁྱད་དུ་བསད། །རྗེས་འཇུག་ཐལ་བ་རླུང་ཁྱེར་འདྲ། །ཆོས་སྐྱོང་ཨེ་གདའ་དེ་ལ་ལྟོས། །ལས་ངན་མི་དགེ་སྤྱད་སྤྱད་པས། །རྣམ་ཤེས་དམྱལ་ཁམས་བཅོ་བརྒྱད་འགྲིམ། །བླ་ཡིད་རི་སྟོང་བྲག་ལ་འཁོར། །སྙིང་རེ་རྗེ་ལ་ཨ་ཙ་མ། །འོན་ཀྱང་དུང་ཡོན་མང་པོ་དང་། །ཚེ་སྟོད་བཤེས་གཉེན་དུ་མ་ལ། །འབུལ་བ་བསྙེན་བཀུར་བྱས་པ་དེས། །ཇོ་བོ་ཐུགས་རྗེ་ཆེན་པོ་


CMR049_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སྡིག་ཅན་འདི་ལ་ཐུགས་རྗེས་གཟིགས། །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུཾ། རྔམ་གྱི་བྲག་དཀར་མཚལ་རྩེའི་དྲུང་། །རྔམ་ཆེན་གཞུང་དུ་ཞག་པའི་ནུབ། །རྨི་ལམ་འཁྲུལ་པའི་སྣང་བ་ལ། །བེ་རི་རྒྱལ་པོ་དོན་ཡོད་རྒྱལ། །ཁོ་བོའི་དྲུང་དུ་བྱུང་ནས་ཀྱང་། །བྲག་འདི་གསས་མཁར་བསྟོད་རོགས་གྱིས། །ཟེར་བས་ཁོ་བོའི་བླ་དེ་ནི། །བྲག་དཀར་དེ་ལ་འཁོར་རམ་སྙམ། །གསས་མཁར་བསྟོད་པ་མ་གྲུབ་པས། །ཕྱིར་ཉིན་ཁལ་མ་གཉིས་ཙམ་གོད། །བདུད་སྤྲུལ་གདུག་པའི་རྒྱལ་པོ་ཁྱོད། །ད་ནི་གདུག་སེམས་རབ་ཞི་ནས། །བྱང་ཆུབ་སེམས་དང་ལྡན་པར་ཤོག། ༈ །།ན་མོ་སཏཱ་རཏྣ་ཕ་ལ་ཧཱུྃ། བེ་འདི་ནས་བྱང་གི་ཕྱོགས་རོལ་ན། །རི་རབ་རི་ཡི་ཕ་རོལ་ན། །སྒྲ་མི་སྙན་གྱི་ཚུ་རོལ་ན། །རོལ་པའི་མཚོ་བདུན་ཀྱི་ལི་ལི། །གསེར་གྱི་རི་བདུན་ལྡེམས་སེ་ལྡེམ། །གཉའ་ཤིང་འཛིན་གྱི་རྩེ་མོ་ན། །ཉི་མ་དང་ཟླ་བ་སྐར་མའི་ཚོགས། །ཀུན་ཀྱང་བསྐོར་བ་ཀྱི་ལི་ལི། །རིན་ཆེན་རི་བདུན་སྤུངས་སེ་སྤུང་། །དཔག་བསམ་ལྗོན་ཤིང་ལྡེམས་སེ་ལྡེམ། །ཏ་ལའི་ཕྲེང་བ་ཐིབས་སེ་ཐིབ། །གསེར་ཕྱེའི་


CMR049_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་མ་ལྡེམས་སེ་ལྡེམ། །རིན་ཆེན་གྲམ་པ་ཉི་ལི་ལི། །བདུད་རྩིའི་ཆུ་མིག་ཤ་ར་ར། །ལྕགས་རི་རིམ་བདུན་ཟོམས་སེ་ཟོམ། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །རིན་ཆེན་ཁང་པ་བདུན་བརྩེགས་ལ། །འཁོར་ས་རིམ་པ་གསུམ་ལྡན་དབུས། །སེང་ཁྲི་པདྨ་ཉི་ཟླའི་གདན། །ལོངས་སྤྱོད་སྣ་ཚོགས་བསམ་མི་ཁྱབ། །དེ་འདྲའི་གནས་མཆོག་ཕོ་བྲང་ནས། །རྣམ་པར་སྣང་མཛད་ཐུགས་སྤྲུལ་པ། །འདས་པའི་སངས་རྒྱས་རིན་ཆེན་མང་། །མ་འོངས་བདེ་གཤེགས་རིན་ཆེན་གདུགས། །ད་ལྟར་སེམས་དཔའ་རིན་ཆེན་མང་། །བསྐལ་མང་གོང་ནས་སངས་རྒྱས་ཀྱང་། །ལྷ་མིའི་དབུལ་ཕོངས་སེལ་བའི་ཕྱིར། །གནོད་སྦྱིན་ནོར་ལྷའི་རྒྱལ་པོ་མཛད། །སྣང་སྲིད་དབང་གི་ལས་མཛད་ཕྱིར། །མཚལ་མདོག་གོ་ཁྲབ་རྨོག་ཞུ་གསོལ། །ཕྱག་གཡས་མདུང་དར་རྒྱལ་མཚན་ཕྱར། །གཡོན་པས་ནེའུ་ལེ་ལྕགས་ཀྱུ་བསྣམས། །སེང་གེའི་སྟེང་དུ་བརྗིད་བག་མཛད། །ཡུམ་ནི་ཀླུ་མོ་ནོར་སྐྱོང་མ། །མ་ཏྲག་བཞི་དང་གནོད་སྦྱིན་བརྒྱད། །ཀླུ་བརྒྱད་ལ་སོགས་མང་པོས་བསྐོར། །དད་པས་བདག་གིས་སྤྱན་འདྲེན་གྱིས། །ཐུགས་རྗེས་


CMR049_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་འདིར་བྱོན་ལ། །མི་འབྲལ་ལུས་དང་གྲིབ་མ་བཞིན། །རྟག་ཏུ་བརྟན་པར་བཞུགས་སུ་གསོལ། །ཧཱུྃ། རྣམ་སྲས་དམར་པོ་མདུང་དམར་ཅན། །ཁྱེད་ལ་མཐུན་རྫས་འབུལ་བ་ནི། །འཇིག་རྟེན་ཁམས་ན་དཀོན་པའི་ནོར། །བརྗིད་ལྡན་ལྷ་གཡག་ཞོལ་ཆེན་འདི། །པདྨ་རཱ་གའི་རི་བོ་འདྲ། །དབང་གི་ལས་རྣམས་གྲུབ་པའི་རྟགས། །རུ་ཅོ་།ཐབས་དང་ཤེས་རབ་འདྲ། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། །མིག་གཉིས་སྤུ་མཚན་མཐིང་ནག་མཚན། །བདག་མེད་གཉིས་པོ་རྟོགས་པའི་བརྡ། །རྔ་མ་བདུད་རྩིའི་སྤྲིན་ཕུང་འདྲ། །དགོས་འདོད་ཆར་པ་འབེབས་པའི་བརྡ། །ལུས་ལ་སྤུ་རིས་ནག་པོ་བཞི། །གངྒཱ་ལ་སོགས་ཆུ་བཞི་འདྲ། །ཆུས་སྲིད་ཆུ་རྒྱུན་ཆད་མེད་བརྡ། །སུག་བཞི་རྫུ་འཕྲུལ་རྐང་པ་འདྲ། །དག་པའི་ཞིང་ཁམས་བགྲོད་པའི་བརྡ། །ཉལ་ན་བྱི་རུའི་གླང་ཆེན་འདྲ། །སྟོབས་བཅུའི་སྟོབས་དང་ལྡན་པའི་བརྡ། །འགྲོ་ན་མཚལ་གྱི་རྟ་མཆོག་འདྲ། །མྱུར་མགྱོགས་ཕྲིན་ལས་འགྲུབ་པའི་བརྡ། །འཇིག་རྟེན་ཁམས་ན་དཀོན་པའི་ནོར། །ལྷ་གཡག་དམར་པོ་བརྗིད་ལྡན་འདི། །རྣམ་སྲས་མདུང་དམར་ཅན་ལ་འབུལ། །ཁྱེད་ཀྱི་


CMR049_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐངས་གྱུར་ནས། །ལྷ་གཡག་འདི་ལ་རྟེན་ཆོས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དཔལ་འབྱོར་མངའ་ཐང་སྤེལ་བར་མཛོད། །ཀླུ་མོ་ནོར་སྐྱོང་མ་ལ་འབུལ། །ཀླུ་ནོར་འདི་ལ་རྟེན་ཆོས་ལ། །ཀླུ་གཡང་དངོས་གྲུབ་ཆར་ལྟར་ཕོབ། །གནོད་སྦྱིན་དམར་པོ་བརྒྱད་ལ་འབུལ། །ལྷ་གཡག་དམར་པོར་རྟེན་ཆོས་ལ། །དཔལ་འབྱོར་ཕུན་སུམ་ཚོགས་པར་མཛོད། །དམར་སེར་ཀླུ་ཆེན་བརྒྱད་ལ་འབུལ། །ཀླུ་ནོར་གཡག་དམར་རྟེན་ཆོས་ལ། །ཡུལ་ཁམས་གྲོང་རྡལ་དབང་འདུས་མཛོད། །ལྷ་གཡག་དམར་པོ་ཞོལ་ཆེན་འདིས། །རྣམ་སྲས་མདུང་དམར་ཐུགས་དམ་བསྐང་། །མ་ཏྲག་བཞི་ཡི་ཐུགས་དམ་བསྐང་། །ཀླུ་མོ་ནོར་སྐྱོང་ཐུགས་དམ་བསྐང་། །ནོར་ལྷ་མཆེད་བརྒྱད་ཐུགས་དམ་བསྐང་། །བཀའ་བློན་ཀླུ་བརྒྱད་ཐུགས་དམ་བསྐང་། །གནོད་སྦྱིན་བྱེ་བའི་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཡིད་ལ་གང་འདོད་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཅེས་ལྷ་གཡག་ལི་ཁྲིའི་མདོག་ཅན་གཅིག་འབུལ་མི་བྱུང་བ་རྩེན་དུས་བྲིས་སོ།།


CMR049_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་རེ་མནྟ་ཡེ། ཤར་ཕྱོགས་སྐྱོང་མཛད་མགོན་པོ་དཔལ་རབ་འཆང་། །ཉི་མའི་སྲས་པོ་ལམ་ལྷའི་རྒྱལ་པོ་མཆོག །འཇིག་རྟེན་ལས་འདས་འཕགས་པའི་སར་གནས་ཀྱང་། །འགྲོ་བ་བཞོན་པས་ཕོངས་པ་སྐྱོབ་པའི་ཕྱིར། །འཇིག་རྟེན་སྐྱོང་ཞེས་རྟ་ལྷའི་ཚུལ་བཟུང་བ། །རྔོག་ཆགས་བདག་པོ་འཕགས་པ་རེ་མནྟ། །དད་ཅིང་གདུང་བས་བདག་གིས་འབོད་ལགས་ན། །ཐུགས་རྗེ་ཐུགས་དམ་དབང་གིས་གནས་འདིར་བྱོན། །བདག་གི་ཆིབས་སོགས་རྔོག་ཆགས་བསྲུང་བའི་ཕྱིར། །མི་འབྲལ་ལུས་དང་གྲིབ་བཞིན་བརྟན་པར་བཞུགས། །ཁྱེད་ལ་མཐུན་པའི་རྟེན་རྫས་འབུལ་བ་ནི། །གླིང་བཞི་སྟོང་གསུམ་ཀུན་ལ་དཀོན་པའི་ནོར། །ལྷ་གཡག་རྔོག་བརྗིད་རྟ་ཡི་རྔོག་མ་ཅན་། །སྤུ་ཞོལ་རྔམ་བརྗིད་སྤྲིན་ནག་འཁྲུགས་པ་འདྲ། །སྤུ་ཞོལ་ལང་ལིང་གཡང་མོ་ལུག་དང་འདྲ། །གནམ་ལྕགས་རྭ་ལ་ཁྲོ་ཆུའི་རྨིག་པ་ཅན། །ཉི་ཟླའི་སྤྱན་དང་རྒྱུ་སྐར་ཕྲེང་འདྲའི་ཚེམས། །གློག་དམར་ལྗགས་འཁྱུག་ངར་སྐད་གཡུ་འབྲུག་འདྲ། །འདི་འདྲ་གཡང་རྫས་ལྷ་གཡག་རྔོག་མ་ཅན། །རྔོག་ཆགས་བདག་པོ་རེ་མན་ལ་འབུལ། །འཁོར་དང་


CMR049_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཐུགས་དམ་བསྐངས་གྱུར་ནས། །ལྷ་གཡག་རྔོག་མ་ཅན་ལ་རྟེན་ཆོས་ལ། །བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་ལ། །བསྲུང་ཞིང་སྐྱབས་དང་སྤེལ་བའི་ཕྲིན་ལས་མཛོད། །ལོ་དགྲ་ཇག་རྐུན་རྟ་ནད་རྟ་གདོན་ཟློག །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཞེས་གྲུ་གུའི་གཞུང་དུ་འབུམ་འགྱུར་ཟླ་བའི་ཚེས་བཞི་གཟའ་སྐར་བཟང་པོ་ལ་བྲིས་སོ།། ༈ །།ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། འཆི་མེད་འོད་ལུས་གུ་རུ་པདྨ་འབྱུང་། །རྒྱ་གར་གྲུབ་ཆེན་གཙོ་བོ་ས་ར་ཧ། །གངས་ཆེན་འདྲེན་མཆོག་ཞྭ་ནག་ཅོད་པན་ཅན། །གང་འདུལ་དེར་སྟོན་དཔལ་ལྡན་ནག་པོ་ཆེ། །བླ་མ་མགོན་པོ་དབྱེར་མེད་གཤེགས་སུ་གསོལ། །ཧ་ཡ་གྲི་ཝ་ཁྲོ་རྒྱལ་ནག་པོ་ཆེ། །དཀྱིལ་འཁོར་གཙོ་མཆོག་པདྨ་ཧེ་རུ་ཀ །ཡི་དམ་མགོན་པོ་འཕགས་པ་སྤྱན་རས་གཟིགས། །ཚད་མེད་ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ། །བསིལ་ཚལ་པོ་ཊ་ལ་དང་རྡོ་རྗེ་གདན། །ཙནྡན་རྐང་གཅིག་ཤིང་ཆེན་ནགས་ཚལ་ནས། །བྱིན་རླབས་མྱུར་མཛད་མགོན་པོ་གཤེགས་སུ་གསོལ། །མུ་ལེ་མཐིང་དང་


CMR049_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འདུའི་ཤིང་ཆེན་ནས། །མ་གཅིག་དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །ཙཱ་རི་ཏྲ་དང་ཡུལ་ཆེན་ཉེར་བཞི་ནས། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོ་མུན་པ་མི་བཟད་ནས། །ཛི་ན་མི་ཏྲ་ཊཀྐི་རཱ་ཛ་སྟེ། །དབང་ཕྱུག་གཤིན་རྗེའི་སྲས་པོ་གཤེགས་སུ་གསོལ། །ཨུ་ཙ་ལ་ཡི་དུར་ཁྲོད་ཐོད་མཁར་ནས། །བདུད་མགོན་ཏྲག་ཤད་ནག་པོ་གཤེགས་སུ་གསོལ། །པད་ཉི་ཚོགས་བདག་དགྲ་བགེགས་གདན་ལ་བཞུགས། །ཧཱུྃ། མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་ལ། །མཆོད་ཅིང་བསྐང་བའི་དམ་རྫས་འབུལ་བ་ནི། །གནམ་ལྕགས་ལས་གྲུབ་པདྨ་རཱ་གའི་མདངས། །རྡོ་རྗེའི་ཁྲབ་ཀྱིས་ཐུགས་དམ་བསྐང་གྱུར་ཅིག །སྣ་ཚོགས་མདོག་ཅན་རྔོག་མའི་སྤྲིན་དཔུང་གཏིབས། །གངྒའི་རྒྱུན་བཞིན་རྔ་མའི་ཆུ་རིས་འཁྱུགས། །མཛེས་སྡུག་སྤུ་རིས་ཡིད་ཀྱིས་བྲིས་པ་བཞིན། །སྲིད་པའི་རླུང་བཞིན་ཐོགས་མེད་རྩལ་ལྡན་པའི། །ཅང་ཤེས་རྟ་མཆོག་ཁྱུ་ཡིས་ཐུགས་དམ་བསྐང་། །ས་ལ་རབ་གནས་ལྟ་བུའི་སྟོབས་ཤུགས་ཅན། །རྫུ་འཕྲུལ་རྐང་པས་མཁོ་བའི་ཡོ་བྱད་རྣམས། །གར་འདོད་གནས་སུ་སྐྱེལ་བའི་ཡིད་བཞིན་


CMR049_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ནོར། །ཁྱུང་དཀར་མཛོ་ཡི་ཁྱུ་འདིས་ཐུགས་དམ་བསྐང་། །སེར་སྤྲིན་འཁྲིགས་འདྲའི་སྤུ་ཞོལ་བརྗིད་ཅིང་རྔམ། །གནམ་ལྕགས་རྭ་དང་ཁྲོ་ཆུའི་རྨིག་བཞི་འཁྲབ། །འབྲུག་གི་སྒྲ་འབྱིན་རྔུ་མའི་སྤྲིན་དཔུང་གཡོབ། །གཡག་གི་ཁྱུ་འདིས་མགོན་པོའི་ཐུགས་དམ་བསྐང་། །འདོད་འཇོའི་བ་ཡིས་འགྲན་པར་མི་བཟོད་ཅིང་། །འོ་མའི་རྒྱུན་འབེབས་འགྲོ་བའི་ཉེར་འཚེ་ཞི། །མཛོ་མོའི་ཁྱུ་འདིས་ལྷ་མོའི་ཐུགས་དམ་བསྐང་། །རྐང་བཞི་ཕྱུགས་རྣམས་མི་ཟད་འབྱུང་བའི་གཏེར། །སྤུ་ཞོལ་ཤམ་ཤམ་རྔ་ཡབ་མཛེས་པས་སྤྲས། །ཟ་ལེ་འབྲི་ཡི་ཁྱུ་ཆེན་ལྡན་པ་འདི། །མ་གཅིག་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །གཞན་ཡང་མ་ཧཱ་ཙི་ནིའི་རྐང་ཐུང་འདབ། །རིན་ཆེན་སྣོད་སྤྱད་འཇམ་རྩུབ་གོས་ཀྱི་ཚོགས། །དཀར་གསུམ་རོ་མཆོག་རིན་ཆེན་བྱེ་བྲག་སོགས། །དངོས་འབྱོར་མཆོད་པ་བརྒྱ་ཕྲག་ཕྱེད་དང་གསུམ། །ཡིད་སྤྲུལ་ཟད་མེད་ཀུན་བཟང་མཆོད་སྤྲིན་སྤྲུལ། །མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་ལ། །འབུལ་ལོ་ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །དཀའ་བ་དང་བླངས་ལྕི་བའི་ཁུར་ཁྱེར་ནས། །འབད་པས་


CMR049_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པའི་མཆོད་རྫས་བསྐང་རྫས་འདིས། །བླ་མ་མགོན་པོ་དབྱེར་མེད་ཐུགས་དམ་བསྐང་། །མགོན་དཀར་ཡིད་བཞིན་ནོར་བུའི་ཐུགས་དམ་བསྐང་། །ཇོ་བོ་གཟི་ལྡན་མགོན་པོའི་ཐུགས་དམ་བསྐང་། །མ་གཅིག་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །ལྷ་མོ་ཕྱག་བཞི་མ་ཡི་ཐུགས་དམ་བསྐང་། །ལྷ་མོ་ཕྱག་གཉིས་མ་ཡི་ཐུགས་དམ་བསྐང་། གནོད་སྦྱིན་ཀྵེ་ཏྲ་པཱ་ལའི་ཐུགས་དམ་བསྐང་། །དབང་ཕྱུག་ཛི་ན་མི་ཏྲའི་ཐུགས་དམ་བསྐང་། །གཤིན་རྗེ་ཊཀཱི་རཱ་ཛའི་ཐུགས་དམ་བསྐང་། །བདུད་མགོན་ཏྲག་ཤད་ནག་པོའི་ཐུགས་དམ་བསྐང་། །གཙང་རིས་དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐང་། །དྲེགས་པ་ཕོ་མོ་ལྔ་སྟོང་ཐུགས་དམ་བསྐང་། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་དང་། །མཐུན་རྐྱེན་སྦྱོར་བའི་ཡོན་བདག་ཐམས་ཅད་ཀྱི། །ཉེས་ལྟུང་འགལ་འཁྲུལ་ཉམས་ཆགས་དག་གྱུར་ཅིག །བསྐང་རྫས་གྱུར་པའི་རྟ་ཕྱུགས་འདི་དག་ཀྱང་། །གནས་སྐབས་ཡམས་ནད་འཚེ་བ་ཞི་བ་དང་། །དུད་འགྲོའི་སྐྱེ་སྒོ་ཆོད་ནས་འཕོས་


CMR049_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག །བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་འཚེ་བ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །རྐྱེན་ངན་ཉི་ཁྲི་ཆིག་སྟོང་གནོད་པ་ཟློག །འཇིགས་པ་བརྒྱད་དང་བཅུ་དྲུག་ཞི་བར་མཛོད། །ཡམས་ནད་རིམས་ནད་མི་ནད་ཕྱུགས་ནད་ཟློག །འཁྲུག་རྩོད་ཇག་རྐུན་གནོད་པ་ཞི་བར་མཛོད། །མི་ནོར་ཟས་གསུམ་གདུལ་བྱ་མངའ་ཐང་སྤེལ། །ལྷ་འདྲེ་མི་གསུམ་སྐྱེ་འགྲོ་དབང་དུ་སྡུས། །བྱད་མ་གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་དང་། །དེ་ལ་འབྲེལ་ཐོགས་འགྲོ་བ་ཐམས་ཅད་ཀུན། །ནམ་ཞིག་འཕོས་ཚེ་མྱུར་མཛད་མགོན་པོ་ཡིས། །བར་དོའི་འཇིགས་སྐྱོབས་རིགས་དྲུག་སྐྱེ་སྒོ་ཁོག །བདེ་ཆེན་དག་པའི་ཞིང་དུ་སྐྱེལ་བར་ཤོག །ཅེས་འབྲུག་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་ལྔ་གཟའ་སྐར་བཟང་པོ་ལ་རཱ་ག་ཨ་སྱས། །ན་མོ་དྷི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཡེ། དཔལ་ལྡན་ཇོ་བོ་ཡབ་སྲས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་དང་སློབ་མ་བརྒྱུད་པར་


CMR049_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །ཚུལ་ཁྲིམས་ལྡན་ཞིང་བྱང་སེམས་འབྱོང་། །བསྟན་པ་དར་ཞིང་དོན་གཉིས་འགྲུབ། །ཐུབ་བསྟན་མཛེས་པའི་རྒྱན་དུ་ཤོག །འབྲུག་ལོ་ཆོ་འཕྲུལ་ཆེན་པོ་ཡི། ཚེས་དགུ་ཆོས་གྲྭ་ཆེན་པོར་སླེབས། །སྤྱན་རས་གཟིགས་སྤྲུལ་ཕག་གྲུ་ཡི། །སྐྱེ་བརྒྱུད་གྲགས་པའི་སྤྲུལ་སྐུ་ལ། །བརྒྱ་ཕྲག་གསུམ་གྱི་མཆོད་སྤྲིན་སྤྲོས། །ལུགས་གཉིས་ཐུགས་འདོགས་དཔེ་མེད་གནང་། གཏེར་ཤོག་ཇོ་བོའི་ཐུགས་སོགས་མཇལ། །ཉམས་ཀྱི་སྣང་བར་དགོན་དེ་ནས། །ཀརྨ་ཆགས་མེད་ཀྱིས་ཐུགས་རྗེས་ཟུངས། །ཟེར་མཁན་གྲག་པ་རྣ་བས་ཐོས། །དེ་མཐུན་དེ་ཡི་དཔོན་རིས་འགས། །གུས་འདུད་འབུལ་ཞབས་དབང་ཞུ་བ། །ཉམས་དང་རྨི་ལམ་འདྲེས་མཚམས་སུ། །རང་གི་སྒྲུབ་གནས་རི་ཁྲོད་ལ། །ཉི་མ་ཤར་དེར་འདུག་པ་མཐོང་། །གནས་སྐབས་བདེ་ལེགས་འབྱུང་ངམ་སེམས། །དེ་ནས་ཀླུ་བདུད་ཕོ་བྲང་ཆེ། །དགེ་བསྙེན་དགོག་རའི་མཚོ་ཁར་ཞག །བཙུན་ཆུང་ཆས་བཟང་མཛེས་པ་གཅིག །གུས་ཚུལ་དགའ་ཞིང་དྲུང་འོང་དང་། །རྒྱན་ལྡན་བུད་མེད་མང་པོ་ཡིས། །ཕྱག་འཚལ་རྩྭ་སྔོ་འབུལ་བ་རྨིས། །ཕྱིར་ནངས་མཚོ་འབུལ་མཚོན་ཙམ་བྱས། །


CMR049_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆོ་འཕྲུལ་ཆེན་པོ་ཡི། །ཉ་དང་གཟས་འཛིན་འཛོམ་པའི་ནུབ། །གོ་བོ་ཁྱུང་ཕུག་གནས་འདབས་སུ། །ཕྱག་དང་མཎྜལ་བསྐང་བ་རྣམས། །བརྒྱ་རྩ་རེ་དང་ཚོགས་ཆེན་བཤམས། །འཕྲལ་ཕུགས་རྟེན་འབྲེལ་འགྲིགས་པ་དང་། །བསྙེན་པ་རྣམས་ཀྱིས་ཁ་གསོ་བྱས། །བུད་མེད་སྣུམ་བག་ལྡན་པ་ལ། །རལ་པ་ཐོར་ཅོག་བྱས་པ་ཡི། །ཉི་ཤུ་ཙམ་གྱིས་ཕྱག་འཚལ་ཞིང་། །གུས་འདུད་ཕྱག་དབང་ཞུ་བ་རྨིས། །ཕྱིར་ནངས་ལ་འཇམ་སྤྲིན་འཇའ་འཁྲིགས། །འདྲབ་རྒྱལ་གནས་མདུན་གཤིན་རྗེ་ཡི། །ཕོ་དོང་ཐང་དུ་སྒར་པ་ཞག །ཅུང་ཟད་འཐུམ་ཙམ་ཉམས་སྣང་ལ། །བཙུན་པ་གཞོན་ནུ་ཆས་བཟང་ནི། །མགོ་ལ་སྤུ་ཤུན་ཞྭ་དཀར་གྱོན། །མདའ་གཞུ་འཁོར་གསུམ་སྐྱེད་ལ་བསྐོར་། །རྟ་ནི་རྐྱང་སྨུག་ཞོན་པ་ཞིག །དྲུང་དུ་བྱུང་ནས་གུས་ཚུལ་བསྟན། །གཤེ་བནེ་མ་དེ་ཡིན་ནམ་སེམས། །དེ་ནས་རྨོ་སྨད་ཞག་པའི་ནུབ། །རི་བོ་ཆེ་རུ་འགྲོ་བ་ཡི། །སྟབ་ཀ་འགྲིག་གམ་མི་འགྲིགས་སོགས། །རྣམ་རྟོག་ཕྲེང་རྗེས་གཉིད་པ་ཡི། །རྨི་ལམ་སྟག་ལུང་ཞབས་དྲུང་དེ། །རང་གིས་རྒྱབ་གཞུང་དུ་ཁུར་ནས། །གྱོན་རིང་འགའ་ལ་སོང་


CMR049_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྨིས། །དེ་ལ་གོ་བ་འགའ་རེ་བྱུང་། །དེ་ནས་ཉེ་ཞོ་མེད་པ་རུ། །རང་ཁྱིམ་བདེ་བར་སླེབས་པ་དང་། །རང་གཞན་དོན་འགའ་འགྲུབ་པ་ཡི། །འགྲོ་བའི་རྨི་ལམ་བརྟག་པ་ལ། །ཉི་ཟླ་ཟུང་འབྲེལ་ཟེར་བ་དེ། །ཕྱོགས་འགྲོ་ཐོག་ཏུ་བབ་ཅེས་གླེང་། །དེ་སྐད་རཱ་ག་ཨ་སྱ་ཡིས། །འཕྲལ་དུ་ལག་རྩེད་ཡི་གེར་བཀོད།། ༈ ན་མོ་གུ་རུ་དྷེ་ཝ་ཌཱཀི་ནི་ཨཱ་ཡུ་སིདྡྷི་ཧཱུྃ། བདེ་བ་ཆེན་པོའི་ཞིང་ཁམས་ནས། །གཏེར་ཆོས་སྟོན་པ་ཚེ་དཔག་མེད། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སྙིགས་དུས་ཁྱེད་ཀྱི་བསྟན་འཛིན་པ། །མི་འགྱུར་རྡོ་རྗེའི་སྐུ་ཚེ་སྲིངས། །རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །པོ་ཊ་ལ་ཡི་གནས་མཆོག་ན། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སྙིགས་དུས་ཁྱེད་ཀྱི་ཕྲིན་ལས་པ། །མི་འགྱུར་རྡོ་རྗེའི་སྐུ་ཚེ་སྲིངས། །འགྱུར་མེད་རྡོ་རྗེར་བྱིན་གྱིས་རློབས། །རྔ་ཡབ་དཔལ་རིའི་རྩེ་མོ་ན། །འཆི་མེད་འཇའ་ལུས་ཨོ་རྒྱན་རྗེ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སྙིགས་དུས་ཁྱེད་ཀྱི་བསྟན་པའི་བདག །མི་འགྱུར་རྡོ་རྗེའི་སྐུ་ཚེ་སྲིངས། །བར་ཆད་


CMR049_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྲུང་སྐྱོབ་ཞུ། །མཁའ་སྤྱོད་དག་པའི་ཞིང་ཁམས་ན། །མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ། གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ལུང་ཟིན་མི་འགྱུར་རྡོ་རྗེ་ལ། །བར་ཆད་མེད་པར་ས་གཏེར་གྱི། །དངོས་གྲུབ་སྩོལ་བའི་དུས་ལ་བབས། །ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ན། །ཡི་དམ་དབང་ཆེན་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སྐལ་ལྡན་མི་འགྱུར་རྡོ་རྗེ་ཡི། །སྒོ་གསུམ་རྡོ་རྗེ་རྣམ་གསུམ་དུ། །བྱིན་བརླབས་དབང་བསྐུར་དངོས་གྲུབ་གནོང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མ་ནིང་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་དམ་བསྐུལ། །སྔོན་གྱི་དམ་བཅས་ད་མ་གཡེལ། །སྔགས་བདག་མི་འགྱུར་རྡོ་རྗེ་ཡིས། །གང་བཅོལ་ཕྲིན་ལས་མྱུར་འགྲུབ་མཛོད། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །ཡེ་ཤེས་སྤྱན་དང་རྡོ་རྗེའི་སྙན། །མངོན་ཤེས་དྲུག་ལྡན་ཐུགས་མངའ་བས། །དུས་འདིར་བདག་ལ་གསན་ཅིང་དགོངས། །གྲངས་མེད་བསྐལ་པའི་སྔོན་རོལ་ན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཐུགས་བསྐྱེད་སྨོན་ལམ་མ་མཛད་དམ། །འགྲོ་བ་སེམས་


CMR049_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ། །བུ་གཅིག་མ་ལྟར་མི་བརྩེ་འམ། །གསང་སྔགས་བསྟན་པ་འདི་འཛིན་མི། །སྙིང་དང་སྲོག་ལྟར་མི་གཅེས་སམ། །འོ་ན་གསང་སྔགས་བསྟན་འཛིན་མཆོག །གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས། །ལུང་བསྟན་དུ་མར་མ་གསུངས་སམ། །འདི་ལ་བར་ཆད་རྐྱེན་མང་ཞིང་། །ལུང་བསྟན་ཐོག་ཏུ་མ་ཁེལ་ན། །འགྱུར་མེད་ཨོ་རྒྱན་རྡོ་རྗེའི་གསུངས། །དེ་ཡང་རྫུན་པར་མི་འགྱུར་རམ། །ཨ་ཏིའི་བསྟན་པ་མི་ནུབ་བམ། །འགྲོ་ཀུན་མུན་པར་མི་འཁྱམས་སམ། །ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ཀྱང་། །དམ་བཅའ་དམ་ལས་མི་ཉམས་སམ། །མཚོ་རྒྱལ་དྷཱ་ཀིའི་ཚོགས་རྣམས་ཀྱང་། །ཐུགས་དམ་ཉམས་པར་མི་འགྱུར་རམ། །དེང་སང་གསང་སྔགས་སྣོད་གྱུར་ཀུན། །ཡི་མུག་ག་ཡང་མི་ཆད་དམ། །ཕྱིས་འབྱུང་གསང་སྔགས་གཏེར་ཆོས་ཀུན། །སུན་ཡང་ཕྱུང་བར་མི་འགྱུར་རམ། །དེ་བས་རྩ་གསུམ་ཐུགས་མ་གཡེལ། །མི་འགྱུར་རྡོ་རྗེའི་བར་ཆད་སོལ། །ས་གཏེར་གེགས་མེད་ཐོན་པ་དང་། །སྐུ་ཚེ་འགྲོ་དོན་རྒྱས་པར་མཛོད། །གུ་རུ་དྷེ་ཝ་དྷཀི་ནཱི་དྷརྨ་པཱ་ལ་ས་མ་ཡཱ་ས་མ་ཡཱ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་སྤྲུལ་སྐུས་གྱ་ཚོམ་དུ་གཏེར་


CMR049_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བཏོན་པ་ཐོས་སྣང་དང་དེའི་ཕྱིར་ནུབ་བསྙུང་ནས་དྲན་མེད་དུ་གཟིམས་པ་འདྲ་གཅིག་འདུག་པས་རབ་ཏུ་སྐྱག་པ་གཅིག་རྨིས་པས་བློ་མ་བདེ་ནས་རྩ་བ་གསུམ་ལ་བོས་པའོ།། མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་པཱ་ཎི་ཡེ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཁྱེད་ཅག་རྣམས་ལ་ཐུགས་རྗེ་དང་། །བྱིན་རླབས་མཐུ་སྟོབས་དཔག་མེད་པས། །བདག་གི་བསམ་པ་འགྲུབ་པ་དང་། །བར་ཆད་མེད་པར་བྱིན་གྱིས་རློབས། །བདག་གིས་དུས་གསུམ་དགེ་བསགས་མཐུས། །བདག་གི་བསམ་པ་འགྲུབ་པ་དང་། །དེ་ལ་བར་ཆད་མེད་གྱུར་ཅིག །མི་འཁྲུགས་པ་དང་སྨན་གྱི་བླ། །ཆོས་གྲགས་རྒྱ་མཚོའི་དབྱངས་དང་ནི། །མྱ་ངན་མེད་མཆོག་མཚན་བརྗོད་པས། །བར་ཆད་མེད་གསུངས་དེ་བདེན་ན། །བདེན་པ་དེ་ཡིས་བདག་གི་ནི། །བསམ་པའི་དོན་འདི་འགྲུབ་པ་དང་། །དེ་ལ་བར་ཆད་མེད་གྱུར་ཅིག །ཕྱོགས་བཅུའི་མུན་སེལ་སངས་རྒྱས་བཅུ། །སྒྲོལ་མ་འོད་ཟེར་ཅན་མ་དང་། །ལོ་མ་ཅན་མའི་སྔགས་དང་མཚན། །བརྗོད་པས་བར་ཆད་ཞི་གསུངས་


CMR049_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པ། །བདེན་ན་བདེན་པས་བར་ཆད་ཞི། །བདག་གི་བསམ་པ་འགྲུབ་གྱུར་ཅིག །གཤིན་རྗེ་གཤེད་སོགས་ཁྲོ་བོའི་ཚོགས། །མགོན་པོ་ཕྱག་གཉིས་ཕྱག་བཞི་པ། །ལྷ་མོ་དཔོན་གཡོག་སྔགས་ཀྱི་མཐུས། །བར་ཆད་མེད་གསུངས་དེ་བདེན་ན། །བདེན་པས་བར་ཆད་ཞི་བ་དང་། །བདག་གི་བསམ་པ་འགྲུབ་གྱུར་ཅིག །མ་གཟའ་དམ་གསུམ་སྡེ་བརྒྱད་དང་། །བཀའ་སྲུང་གཏེར་སྲུང་ཐམས་ཅད་ཀྱིས། །སྙིགས་དུས་རྣལ་འབྱོར་སྐྱོང་ངོ་ཞེས། །ཁས་བླངས་དམ་བཅས་དེ་བདེན་ན། །བདེན་པས་བདག་གི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །འཇིང་ཡོན་སད་ན་ལེགས་ཞེས་པ། །ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཡི། །སྤྲུལ་པའི་ཆ་ཤས་བདག་ཡིན་ཞེས། །གནམ་ཆོས་ལུང་བསྟན་དེ་བདེན་ན། །བདེན་པས་བར་ཆད་ཐམས་ཅད་ཞི། །བདག་གི་བསམ་པ་འགྲུབ་གྱུར་ཅིག །ལྕོག་རོ་ཀླུ་ཡི་རྒྱལ་མཚན་གྱི། །སྤྲུལ་པའི་ཆ་ཤས་བདག་ཡིན་པར། །ས་གཏེར་རྣམས་ནས་གསུངས་བདེན་ན། །བདེན་པས་བར་ཆད་ཐམས་ཅད་ཞི། །བདག་གི་བསམ་པ་འགྲུབ་གྱུར་ཅིག །དེང་སང་སྙིགས་མ་ལྔ་ཡི་དུས། །སུམ་


CMR049_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དགེ་སློང་རྡོ་རྗེ་འཛིན། །ཁོ་བོ་ཡིན་སྙམ་དེ་བདེན་ན། །བདེན་པས་བར་ཆད་ཞི་བ་དང་། །བདག་གི་བསམ་པ་འགྲུབ་གྱུར་ཅིག །མཉམ་མེད་དྭགས་བརྒྱུད་བཞེད་པའི་དོན། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དེ། །བདག་གིས་རྟོགས་པ་འདི་ཡིན་ན། །བདེན་པ་དེ་ཡིས་བར་ཆད་ཞི། །བདག་གི་བསམ་པ་འགྲུབ་གྱུར་ཅིག །རྡོ་རྗེ་འཆང་གི་གསུང་པའི་དོན། །རིམ་གཉིས་མཉམ་བཞག་ཟུང་འཇུག་པ། །བདག་གིས་བསྒོམས་པ་འདི་ཡིན་ན། །བདེན་པས་བར་ཆད་ཐམས་ཅད་ཞི། །བདག་གི་བསམ་པ་འགྲུབ་གྱུར་ཅིག །རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་དོན། །ཆོས་ཉིད་མངོན་སུམ་སྣང་བ་དེ། །བདག་གིས་མཐོང་བ་འདི་ཡིན་ན། །བདེན་པ་དེ་ཡི་བར་ཆད་ཞི། །བདག་གི་བསམ་པ་འགྲུབ་གྱུར་ཅིག །གྲངས་མེད་བསྐལ་པའི་སྔོན་རོལ་ན། །བདག་གིས་བྱང་ཆུབ་སེམས་བསྐྱེད་ཞུས། །ཚོགས་གཉིས་བསགས་པ་འདི་བདེན་ན། །བདེན་པས་དེང་འདིར་བར་ཆད་ཞི། །བདག་གི་བསམ་པ་འགྲུབ་གྱུར་ཅིག །ཁྱད་པར་སྐྱེ་བ་འདི་ལ་ཡང་། །ཅི་ནུས་ཚོགས་གཉིས་བསགས་པ་དང་། །བསྙེན་སྒྲུབ་མཆོད་གཏོར་གང་བྱས་


CMR049_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བདེན་པའི་མཐུ་དང་བྱིན་རླབས་ཀྱིས། །བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པའི་དོན་འདི་འགྲུབ་གྱུར་ཅིག །འགོ་ཞིང་སྡོང་གྲོགས་བྱེད་པ་ཡི། །ལྷ་དང་སྲུང་ཤུམ་ཐམས་ཅད་ཀྱིས། །བར་ཆད་ཐམས་ཅད་སེལ་བ་དང་། །བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད། །དེ་ལྟའི་བསམ་པ་གང་ཡིན་ན། །འབྲུག་ལོ་འདི་ལ་བླ་མ་མཇལ། །དབང་ལུང་འབྲེལ་ཞུ་གདན་ས་མཇལ། །དབང་ལུང་ཁྲིད་སོགས་རྒྱ་ཆེར་སྤེལ། །སྦྲུལ་ལོ་ཚེས་ནས་མ་ཤིའི་བར། །རྩེ་གཅིག་སྒྲུབ་པ་བྱེད་བསམས་ཀྱང་། །འདི་ལ་བར་ཆད་བློའགག་པ་མང་། །དེ་ཕྱིར་བདེན་ཚིག་གནད་འབེབས་ཀྱི། །གསོལ་འདེབས་སྨོན་ལམ་བཅས་པ་འདི། །འབྲུག་ལོ་ནག་ཟླའི་བཅུ་དྲུག་བྲིས།། ༈ །།ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། སྨར་ཁམས་སྒང་དུ་འགྲོ་བའི་ཚེ། །ཏྲག་ཤད་སྤུ་གྲི་གཅིག་ཤུར་ལ། །ཕྲེང་སྐོར་གཉིས་གསུམ་ཆག་མེད་དང་། །གཏོར་བསྔོས་མ་ཆས་གཏོར་འབུལ་སོགས། །དགུན་ཟླ་ཐ་ཆུང་ཉེར་ལྔ་ནས། །ཟླ་གཅིག་ཙམ་ལ་རྒྱུན་བསྙེན་བྱས། །དགེ་བཤེས་རབ་འབྱམས་མཁས་པའི་མཆོག །མདོག་སྔོ་གཟུགས་ཐུང་ཁྲོ་བོའི་


CMR049_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས། །སྐྱེ་བོའི་ཆས་བྱས་མདའ་གཞུ་བཏགས། །བདག་གི་མདུན་དུ་བྱུང་བ་ལ། །འདི་ལས་ཁྲོ་གཏུམ་ཆེ་བ་ནི། །སུ་ཡང་མེད་སྙམ་བྱེད་པ་དང་། །རྡོ་རྗེ་སློབ་དཔོན་བཙུན་ཆེན་སོགས། །རྨི་ལྟས་ཕྱོགས་ཙམ་ཐོན་པར་བྱས། །དེ་ནས་འབྲུག་ལོ་ཆོ་འཕྲུལ་ཟླའི། །ཉེར་བཞི་ནས་བཟུང་མི་མདའ་བཅུས། །མ་མགོན་སྤྱི་ཡི་མདོས་ཆེན་དང་། །བསྐང་གསོ་ལ་སོགས་རྒྱས་པར་བྱས། །ཉམས་དང་རྨི་ལམ་འདྲེས་མཚམས་སུ། །ཤར་ལྷོའི་ནམ་མཁར་ཉི་མ་ཤར། །བུད་མེད་དཀར་མཛེས་རྒྱན་གྱིས་བཀླུབས། །འཛུམ་ཞིང་དགའ་ཚུལ་སྟོན་པ་ནི། །ལན་གཉིས་བར་དུ་མངོན་སུམ་བཞིན། །གཞན་ཡང་རྒྱན་ཅན་བུད་མེད་ནི། །མང་པོ་ཁྲོམ་ལྟར་ཚོགས་པ་དང་། །བདག་གི་རྟ་སྒའི་སྔ་རུ་དང་། །ཕྱི་རུ་གཉིས་སུ་བྱ་རོག་ནི། །གཟི་བརྗིད་ལྡན་གཉིས་ཡོད་སྙམ་དང་། །རང་ཉིད་རལ་པ་ལུས་དང་མཉམ། །བཤད་ཅིང་རིང་སྣང་མཛེས་སྣང་བྱེད། །དེ་ལྟར་རྨི་ལྟས་ཕྱོགས་མཐུན་དང་། །དངོས་སུ་མ་མགོན་གསང་སྔགས་ཀྱིས། །གནད་གསང་རྒྱུད་དང་གྲུབ་ཆེན་གསུངས། །ཤིན་ཏུ་ཟབ་ལ་རྒྱ་ཆེའི་དོན། །སྔོན་ཆད་མི་ཤེས་


CMR049_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡིན་ཡང་། །མ་རྟོགས་པ་ཡི་དོན་གཅིག་རྟོགས། །ངེས་ཤེས་དད་པ་རབ་ཏུ་འཕེལ། །རྒྱུན་ཁྱེར་ཐུགས་དམ་ཆག་མེད་པའི། །དམ་བཅའ་དག་ཀྱང་དབང་མེད་ཤོར།། ༈་།།ན་མོ་གུ་རུ་བྷེ་ཥ་ཛུ་ཡེ། བཻཌཱུརྱ་སྣང་ཞིང་ཁམས་ནས། །བཅོམ་ལྡན་བདེ་གཤེགས་སྨན་བླ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མི་ནད་ཕྱུགས་ནད་ཞི་མཛད་གསོལ། །པོ་ཊ་ལ་ཡི་གནས་མཆོག་ན། །སྒྲོལ་མ་བརྒྱ་དང་རྩ་བརྒྱད་ལ། །གསོལ་བ་འདེབས་སོ་སྤྱན་གྱིས་གཟིགས། །གློག་ལྟར་མྱུར་བའི་ཕྱག་བརྐྱང་ལ། །མི་ནད་ཕྱུགས་ནད་འཇིགས་ལས་སྐྱོབས། །རྒྱ་གར་རི་ཁྲོད་མདངས་དགའ་ན། །འཕགས་མ་ལོ་མ་ཅན་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །མི་ནད་ཕྱུགས་ནད་རྒྱུན་ཆད་མཛོད། །དགའ་བ་ཚལ་གྱི་དུར་ཁྲོད་ནས། །བདུད་རྩི་སྨན་གྱི་རྒྱལ་མོ་ལ། །གསོལ་བ་འདེབས་སོ་ཐུགས་དམ་བསྐུལ། །ཞལ་ནས་བདུད་རྩི་ཆར་ལྟར་ཕོབ། །མི་ནད་ཕྱུགས་ནད་དག་མཛད་གསོལ། །མུ་ལེ་མཐིང་གི་རྒྱ་མཚོ་ནས། །ཐུགས་རྗེ་བྱམས་ལྡན་ལྷ་མོ་ལ། །གསོལ་བ་འདེབས་སོ་ཐུགས་དམ་བསྐུལ། །མི་ནད་ཕྱུགས་ནད་ཞི་


CMR049_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །སྨན་གྱི་ལྷ་དང་ཏཱ་རེ་མ། །པི་ཤ་ཙི་དང་དུང་སྐྱོང་མ། །ཁྱེད་རྣམས་སྔོན་གྱི་སྨོན་ལམ་དང་། །དམ་བཅས་བདེན་པའི་བདེན་སྟོབས་དང་། །འགྲོ་བ་སྤྱི་དང་ཁྱད་པར་དུ། །བདག་ཅག་དཔོན་སློབ་བསྲུང་བྱར་བཅས། །མི་ནད་ཕྱུགས་ནད་འཇིགས་པ་འདི། །ཞི་ཞིང་བདེ་དང་ལྡན་གྱུར་ཅིག །ཅེས་པ་མི་ནད་ཕྱུགས་ནད་ཀྱིས་འགྲོ་བ་སྡུག་བསྔལ་གཟས་འཛིན་འབྲས་བུ་ཡང་ངན་ཞེས་ས་རིས་པ་རྣམས་ཀྱིས་སྒོ་ཡིག་སྦྱར་ཞེས་ཐོས་དུས་བྲིས་སོ།། ༈ །།ན་མོ་ཨཱརྱ་ཏཱ་རེ་ཡེ། འཇིགས་པ་ཀུན་སྐྱོབ་རྒྱལ་བའི་ཡུམ། །སྒྲོལ་མ་དཀར་སྔོན་སྣ་ཚོགས་ཡུམ། །ལྷ་མོ་རྡོ་རྗེ་ལྕགས་སྒྲོག་མར། །གསོལ་བ་འདེབས་སོ་ཐུགས་རྗེས་སྐྱོབས། །གཅན་གཟན་འཇིགས་པ་ཞི་མཛད་གསོལ། །དུར་ཁྲོད་བདག་པོ་ཡབ་ཡུམ་གྱི། །ཐུགས་དམ་རྒྱུད་བསྐུལ་དམ་བཅས་དགོངས། །གཅན་གཟན་གནོད་པ་སྐྱོད་པར་མཛོད། །ནག་ཕྱོགས་བདུད་རིགས་ཐམས་ཅད་ཀྱང་། །རང་གི་ལུས་ལ་དཔེ་ལོང་ལ། །འགྲོ་བ་སེམས་ཅན་ཕ་མ་སྟེ། །གསོན་པོར་ཟ་བའི་ལས་བྱས་ན། །དམྱལ་ཁམས་བཅོ་བརྒྱད་ཁ་བརྒྱུད་ནས། །ཐར་དུས་མེད་ལ་ཡ་ང་སོམས། །


CMR049_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་བྱམས་པའི་སེམས་སུ་གྱིས། །གཅན་གཟན་གནོད་པ་མ་བཏང་ཞིག །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་ལྡན་ཇི་སྙེད་བདེན་སྟོབས་ཀྱིས། །བསྲུང་བྱའི་དུད་འགྲོ་འདི་རྣམས་ལ། །གཅན་གཟན་འཚེ་བ་མེད་པར་ཤོག །ཅེས་པ་སྤྱང་ཀིས་རྟ་ཕྱུགས་བརྒྱད་དགུ་བསད་འདུག་པས་བྲིས་སོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཚོགས། །རྡོ་རྗེའི་སྤྱན་དང་སྙན་མངའ་བས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་གིས་བྱང་ཆུབ་སེམས་བསྐྱེད་ནས། །འགྲོ་བ་སེམས་ཅན་མ་ལུས་པ། །ལུས་ངག་ཡིད་གསུམ་དབང་བསྡུས་ནས། །བྱང་ཆུབ་ལམ་དུ་མྱུར་བཀོད་ནས། །རྣམ་མཁྱེན་སངས་རྒྱས་སར་འགོད་ཕྱིར། །བདག་གིས་སྦ་ལྕག་སྒྲུབ་ཆེན་བྱ། །ཁྱེད་ཀྱི་བཞེད་དང་ང་ཡི་འདོད། །མཐུན་ཕྱིར་དམ་ཚིག་གཅིག་ལགས་པས། །མྱུར་དུ་བྱིན་བརླབས་དངོས་གྲུབ་གནོང་། །རྟགས་དང་མཚན་མ་བསྟན་དུ་གསོལ། །ཞེས་སྒྲུབ་པ་ཞག་བཞི་སོང་ཡང་རྟགས་ཅི་ཡང་མ་མཐོང་ནས། ཐུགས་དམ་གནད་ནས་བསྐུལ་ཕྱིར་བྲིས་སོ། །མི་མདའ་ཉི་ཤུ་རྩ་བརྒྱད་ཀྱིས། །ཞག་བདུན་རྒྱལ་


CMR049_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱ་མཚོ་ཡི། །སྒྲུབ་པ་བྱས་ཚེ་རྨི་ལམ་དང་། །ཉམས་ཀྱི་སྐབས་ལ་དཀྱིལ་འཁོར་དྲུང་། །བུད་མེད་དཀར་མཛེས་རིན་ཆེན་གྱི། །རྒྱན་ཆས་བཀླུབས་པ་ལན་མང་དང་། །ལྷོ་ཕྱོགས་ཉི་མའི་དཀྱིལ་འཁོར་ཤར། །བུད་མེད་དཀར་མཛེས་དབང་ཞུ་དང་། །ཙནྡན་དམར་པོའི་ཕྲེང་བ་ནི། །མང་པོ་བདག་ལ་ཕུལ་བྱུང་བས། །ཁུར་པོ་ཆེ་ཞིང་ཐེག་དཀའ་བྱུང་། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི། །སྐུ་ཡི་རྣམ་པ་ཧ་ལམ་གསལ། །ཞལ་གདམས་ཡི་གེ་མིག་གིས་མཐོང་། །ནང་བཟང་བར་གྱིས། །བྱད་ཁ་འདི་ལ་བཟློག་པ་གྱིས། །དེ་བཞིན་དགྲ་ལ་དགྲ་ཟློག་མཛོད། །ལ་ཆེན་བསམ་པ་འགྲུབ་པ་ཀྱེ། །ཞེས་པ་གདའ་ཞིང་དེ་རྗེས་ལ། །དཔེ་གཅིག་ལག་ཏུ་གཏད་བྱུང་བས། །མཁའ་འགྲོ་སྙིང་ཐིག་དབང་ཆོས་འདིས། །འགྲོ་དོན་དཔག་ཏུ་མེད་པ་འབྱུང་། །འགྲོ་དོན་ཁམས་ཕྱོགས་ཁྱབ་ཅིང་རྒྱས། །ཟེར་བ་གདའ་སྣང་ཉམས་ལ་ཤར། །འདི་ལྟར་བསྒྲུབས་པའི་དགེ་བ་དེས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །སྣང་བ་དམ་པའི་ཆོས་ལ་འགྱུར། །ཐར་པའི་ལམ་དུ་འགོད་པར་ཤོག །བདག་དང་བདག་གི་བརྒྱུད་འཛིན་


CMR049_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །སྣང་སྲིད་ཐམས་ཅད་དབང་འདུས་ནས། །ཀུན་ཀྱང་བྱང་ཆུབ་ལམ་ལ་འགོད། །བདེ་ཆེན་ཞིང་དུ་ཁྲིད་པར་ཤོག །བདག་ནི་མཐོང་ཐོས་དྲན་རེག་ལ། །བརྒྱུད་འཛིན་ཆོས་ལུགས་འཆང་བ་ཀུན། །མཐོང་ཐོས་སྣང་བ་ཆོས་ལ་འགྱུར། །མོས་པ་བཞི་ཡིས་དབང་དུ་འདུ། །བསྡུ་བ་བཞི་ཡིས་དཔལ་འབྱོར་རྒྱས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR049_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མགུར་གྱི་བྱེ་བྲག་འགའ་ཟུང་ཞིག་གསར་དུ་བྲིས་པའི་སྐོར།


previousཤོག་ལྷེབ་ ༣༠༥ ནས་ ༣༥༠ བར།next