Nitartha Digital Library
Tibetan
 
previousཉམས་མགུར་གྱི་བྱེ་བྲག་འགའ་ཟུང་ཞིག་གསར་དུ་བྲིས་པའི་སྐོར་མཆིས་སོ། །ས་མ་ཡ་བརྡ་ཐིམ། next

ཉམས་མགུར་གྱི་བྱེ་བྲག་འགའ་ཟུང་ཞིག་གསར་དུ་བྲིས་པའི་སྐོར་མཆིས་སོ། །ས་མ་ཡ་བརྡ་ཐིམ།


CMR049_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཧ་རྡོ་རྗེའི་གླུའི་རྣམ་པར་དབྱེ་བ་ཤོ་མང་གི་སུལ་འབྱེད་ཅེས་བྱ་བའི་གླུ། ན་མོ་མ་ཧཱ་མུ་དྲ་ཡེ། སྐྱབས་བླ་མ་རྣམས་ལ་གསོལ་བ་འདེབས། །ཁྱེད་བསྒྲུབ་ལ་བརྩོན་པའི་ཡང་དག་གིས། །མི་བདག་ལ་གླུ་ལོང་ཡང་ཡང་ཟེར། །གླུ་འདི་ལ་རྣམ་པ་མང་དུ་མཆིས། །གནས་འཁོར་འདས་མཉམ་ཉིད་ཞིང་ཁམས་ནས། །དཔལ་དང་པོའི་སངས་རྒྱས་ཀུན་བཟང་དེས། །ཆོས་རྫོགས་པ་ཆེན་པོ་གླུ་རུ་བླངས། །དེ་དམ་ཆོས་ཀུན་གྱི་གྲོལ་ཕུགས་ཡིན། །མཚན་སྲས་གཅིག་ས་བོན་རྒྱུད་ཅེས་གྲགས། །གནས་འོག་མིན་དཔལ་གྱི་ཞིང་ཁམས་ན། །དཔལ་ཆོས་སྐུ་རྡོ་རྗེ་འཆང་


CMR049_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དེས། །ཆོས་བསྐྱེད་རྫོགས་དགོངས་པ་གླུ་རུ་བླངས། །དེ་ཟབ་ཆོས་ཀུན་གྱི་གྲོལ་ཕུགས་ཡིན། །མཚན་བླ་མེད་རྒྱུད་སྡེ་ཞེས་སུ་གྲགས། །གནས་འོག་མིན་འཐུག་པོ་བཀོད་པ་ན། །དཔལ་ལོངས་སྐུ་རྣམ་པར་སྣང་མཛད་དེས། །ཆོས་གསང་སྔགས་དགོངས་པ་གླུ་རུ་བླངས། །དེ་ཕྱག་རྒྱ་བཞི་ཡི་གྲོལ་ཕུགས་ཡིན། །མཚན་ཡོ་གའི་རྒྱུད་སྡེ་ཞེས་སུ་གྲགས། །གནས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །དཔལ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་དེས། །ཆོས་སྡེ་སྣོད་དགོངས་པ་གླུ་རུ་བླངས། །དེ་སངས་རྒྱས་བསྟན་པའི་གྲོལ་ཕུགས་ཡིན། །མཚན་དབྱངས་སུ་སྙན་


CMR049_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡེ་ཞེས་བྱ། །དཔལ་དཔལ་ལྡན་འབྲས་སྤུང་མཆོད་རྟེན་དེར། །དཔལ་ཤཱཀ་ཐུབ་མྱ་ངན་འདས་ཁའི་དུས། །ཆོས་དུས་འཁོར་དགོངས་པ་གླུ་རུ་བླངས། །དེ་སྦྱོར་དྲུག་ཆོས་ཀྱི་གྲོལ་ཕུགས་ཡིན། །མཚན་བསྟོད་པ་གླུ་བླངས་རྒྱུད་ཅེས་གྲགས། །གནས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ན། །དཔལ་ལོངས་སྐུ་རྡོ་རྗེ་འཆང་ཆེན་དེས། །ཆོས་བདེ་མཆོག་དགོངས་པ་གླུ་རུ་བླངས། །དེ་སྙན་བརྒྱུད་ཆོས་ཀྱི་གྲོལ་ཕུགས་ཡིན། །མཚན་རྡོ་རྗེ་ཚིགས་རྐང་ཞེས་སུ་གྲགས། །གནས་རྒྱ་གར་རྡོ་རྗེའི་གདན་སྟེང་ན། །དཔལ་བྲམ་ཟེ་ས་ར་ཧ་པ་དེས། །ཆོས་ཕྱག་ཆེན་རྟོགས་པ་གླུ་རུ་བླངས། །དེ་གྲུབ་ཆེན་བརྒྱད་ཅུའི་ཆོས་ཕུགས་ཡིན། །མཚན་དོ་ཧ་སྐོར་གསུམ་ཞེས་སུ་གྲགས། །གནས་དཔལ་གྱི་རི་སོགས་སོ་སོ་རུ། །དཔལ་ཤ་བ་རི་སོགས་གྲུབ་ཆེན་བརྒྱད། །ཆོས་ཕྱག་ཆེན་རྟོགས་པ་གླུ་རུ་བླངས། །དེ་ཟབ་ཆོས་མང་པོའི་གྲོལ་ཕུགས་ཡིན། །མཚན་དོ་ཧ་མཛོད་བརྒྱད་ཅེས་སུ་གྲགས། །གནས་རྒྱ་གར་སྒྲུབ་གནས་སོ་སོ་རུ། །དཔལ་བཀའ་བརྒྱུད་བླ་མ་ཐམས་ཅད་ཀྱིས། །རང་རང་གི་རྟོགས་པ་གླུ་རུ་བླངས། །དེ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཡིན། །མཚན་


CMR049_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་མགུར་འབུམ་ཞེས་སུ་གྲགས། །གླུ་དེ་རྣམས་བརྗོད་མེད་རྡོ་རྗེའི་གླུ། །གླུ་དེ་འདྲ་རྣ་བས་ཐོས་ན་ཡང་། །ངན་སོང་གི་སྐྱེ་སྒོ་དུ་མ་ཆོད། །འཁོར་བའི་རྒྱ་མཚོ་མཐའི་ཅན་བྱེད། །གླུ་དེ་འདྲ་སྐྱབས་ཡུལ་ཕྱག་གི་གནས། །ཁོང་རྟོགས་ལྡན་རབ་ཀྱི་གླུ་དབྱངས་དེ། །སྒོམ་རོ་གཅིག་གི་རྟོགས་པ་མངོན་དུ་གྱུར། །ཕྱི་སྣང་བ་དེ་ཀུན་དཔེ་ཆར་ཤར། །ནང་བསྒོམས་བྱུང་གི་རིག་པའི་ཤེས་རབ་འཆར། །དེ་འདྲའི་གླུ་དབྱངས་བདག་ལ་མེད། །ཁོང་རྟོགས་ལྡན་འབྲིང་གི་གླུ་དབྱངས་དེ། །ལུས་རྩ་རླུང་ཐིག་ལེ་ལས་སུ་རུང་། །བདེ་དྲོད་ཀྱི་ཡེ་ཤེས་མེ་ལྟར་འབར། །ངག་མགྲིན་པ་ལོངས་སྤྱོད་རྩ་ཁ་བྱེ། །དེ་འདྲའི་གླུ་དབྱངས་བདག་ལ་མེད། །ཁོང་ཚད་ལྡན་གྱི་གླུ་དབྱངས་ཅི་མཛད་ཀྱང་། །མདོ་རྒྱུད་ཀྱི་དོན་དང་འགལ་མི་སྲིད། །གང་ཐོས་ཀྱི་སྣང་བ་བསྒྱུར་བར་ནུས། །དེ་འདྲའི་གླུ་ལ་སྨོན་ལགས་ཀྱང་། །དེ་འདྲའི་གླུ་དབྱངས་བདག་ལ་མེད། །ཁོང་ཨ་རྟོགས་ལྡན་ཐ་མའི་གླུ་དབྱངས་དེ། །ལུས་བདེ་གསལ་གྱི་ཉམས་མྱོང་ཅུང་ཟད་རེ། །བྱུང་རྒྱལ་དུ་སྨྲས་ཀྱང་བཀའ་དང་འགལ། །མཁས་པ་རྣམས་གཟིགས་ན་ཁྲེལ་རྒོད་བྱེད། །


CMR049_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་གླུ་དབྱངས་དགོས་པ་མེད། །སྔོན་བཀའ་བརྒྱུད་ཀྱི་གསུངས་ལ་དཔེ་བླངས་ནས། །རྡུལ་བྱང་ལ་བཀོད་ཅིང་བྲིས་སྣོག་བྱེད། །དེ་ཉམས་མགུར་ཡིན་ཚུལ་ཇོ་བརྫུ་སྨྲ། །ཚིག་ལེགས་ལེགས་འདྲ་ཡང་བྱིན་རླབས་མེད། །དེ་འདྲའི་གླུ་དབྱངས་དགོས་པ་མེད། །ཡུལ་མདོ་ཁམས་ཡུལ་གྱི་སྐྱེས་ཕྲན་འགའ། །ལྷ་མ་སངས་རིགས་ཀྱི་གཞི་བདག་བབས། །ཆོས་འཇིག་རྟེན་བརྫུན་དང་གསུམ་བསྲེས་ཀྱིས། །གླུ་དབྱངས་ལ་ཟད་མེད་ཆུ་བོ་འདྲ། །དེ་འདྲའི་གླུ་དབྱངས་དགོས་པ་མེད། །དུས་སྙིགས་མའི་ན་ཆུང་གཞོན་ནུ་འགའ་། །ལྷ་སྨན་རིགས་ཀྱི་གཞི་བདག་རྩ་ལ་ཞུགས། །རྫུན་མཐོང་སྣང་རྨི་ལམ་སུམ་བསྲེས་ཀྱིས། །གླུ་མགུར་དང་ལུང་བསྟན་ཟད་པ་མེད། །དེ་འདྲའི་གླུ་དབྱངས་དགོས་པ་མེད་། །དུས་སྙིགས་མའི་སྤྲང་པོ་བྱ་བྲལ་འགའ། །ལུས་རྐང་མཐིལ་དམྱལ་བའི་རྩ་སྒོ་བྱེ། །གཤིན་བར་དོའི་ཟ་འདྲེ་མང་དུ་མཐོང་། །ཆ་ཕྲིན་གྱི་གླུ་དབྱངས་བདེན་བདེན་འདྲ་།དེ་འདྲའི་གླུ་དབྱངས་དགོས་པ་མེད། །དོན་དེ་ཕྱིར་གླུ་དབྱངས་ངས་མ་བླངས། །གླུ་ལེན་དགོས་ཀྱི་དོན་གྱིས་བླངས་པ་རྣམས། །དེ་བྲིས་པ་འདིར་མེད་སོ་སོར་


CMR049_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །དེ་ཕྱོགས་གཅིག་ཡོད་ན་པོད་ལོང་ཙམ། །དེ་བསོགས་ཀྱང་དགོས་པ་ཆེར་མེད་བསམ། །བདག་རྩོམ་འདོད་ཀྱི་རྟོགས་པ་མ་སྐྱེས་དུས། །དོན་བསམ་གཞིག་བྱས་ཀྱང་ལེགས་པ་དཀའ། །རང་བརྩམ་འདོད་ཆེན་པོ་ནམ་བྱུང་དུས། །དེ་བསམ་གཞིག་མི་དགོས་ཤར་གྱིས་འབྱུང། །དེ་མི་རིགས་ཀྱི་གཤིས་ཀ་ཞིག་ཡིན་ནམ་སེམས། །བཀའ་བརྒྱུད་ཀྱི་གསུང་ལ་མ་འགྲན་ཅིང་། །ཉམས་རྟོགས་ཀྱི་གླུ་དབྱངས་མ་མཆིས་ཀྱང་། །ན་ཆུང་དང་སྐྱེས་ཕྲན་འབྱམས་ལོང་རྣམས། ཁ་བཤད་ཀྱི་གླུ་དབྱངས་མང་བ་བཞིན། །གང་དྲན་གྱི་ཚིག་འགའ་བྲིས་པ་ཡང་། །ཡང་དག་གིས་ཡང་ཡང་བསྐུལ་ཕྱིར་ཡིན། །ཞེས་སྨྲས་སོ།། ༈ །།ཀ་མད་སུམ་ཅུའི་གླུ་མཚར་བའི་རོལ་མོ། ཀ་ཡེ་གསོན་དང་ཀརྨ་ཡང་དག་དགོངས། །ཁ་ད་རང་གིས་རང་ལ་བྱས་ན་ལེགས། །ག་ནས་བསམས་ཀྱང་ཚེ་ལ་ལོང་མི་གདའ། །ང་ནི་ད་ནི་སྐྱོ་བ་སྙིང་ནས་སྐྱེས། །ཅ་ཅོའི་འཆལ་གཏམ་མ་མང་སྨྲ་བཅད་མཛོད། །ཆ་ལུགས་སྐྱ་ཆས་མ་བསྲེ་བཙུན་ཚུགས་ཟུངས། །ཇ་གསོལ་ཆང་ནི་བཙན་དུག་བཞིན་དུ་སྤོངས། །ཉ་མཚམས་བརྒྱད་ལ་བསྐང་བཤགས་མཆོད་


CMR049_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟོབ། །ཏ་ཐཱ་ག་ཏའི་རྟེན་ལ་ཕྱག་བསྐོར་མཛོད། །ཐ་ན་ཡི་དྭགས་ཡན་ལ་ཆུ་སྦྱིན་ཐོངས། །ད་ནི་ཚེ་ཡང་སུམ་གཉིས་ཙམ་ཞིག་ཟད། །ན་རྒས་འཆི་བ་བྱུང་ཚེ་འགྱོད་མེད་མཛོད། །པ་དེ་པུ་དེའི་མནའ་དང་འཛིང་རྩོད་སྤོངས། །ཕ་རོལ་ཕྱིན་པའི་མདོ་སྒྲུབ་ཆག་མེད་མཛོད། །བ་སོགས་བཤས་པའི་ཉིན་ཤ་བསྔོས་ཤ་སྤོངས། །མ་རྒན་འགྲོ་དྲུག་དོན་དུ་སེམས་བསྐྱེད་མཛོད། །རྩ་དང་རླུང་གི་རྣལ་འབྱོར་ཐུན་རེ་སྒོམས། །ཚ་ཚ་ཡན་ཆད་ཚོགས་བསགས་གང་འགྲུབ་མཛོད། །ཛ་རེ་ཛོ་རེའི་ལངས་འདུག་སྤྱོད་ལམ་དུས། །ཝ་ལེ་ཡེ་རེ་རང་སེམས་ངོ་བོ་ལྟོས། །ཞྭ་ལྟར་བླ་མ་སྤྱི་བོའི་གཙུག་ཏུ་སྒོམས། །ཟ་འཐུང་ཅི་བྱེད་ནང་གི་སྦྱིན་སྲེག་མཛོད། །འ་རེ་འུ་རེའི་འགྲེལ་འགྲིམ་རྣམ་གཡེང་དུས། །ཡ་ང་མེད་པ་བསྐྱེད་རིམ་བརྟན་པོ་སྒོམས། །ར་ལ་ཆིབས་པའི་རྡོ་རྗེ་ལེགས་པ་སོགས། །ལ་ཆེན་ཆོས་སྐྱོང་ཀུན་ལ་མཆོད་བསྟོད་རེམ། །ཤ་ས་ན་སོགས་བཟླས་བརྗོད་བསྙེན་པར་འབུངས། །ས་བདག་ཡུལ་ལྷ་རྣམས་ལ་དཀར་གཏོར་བྱིན། །ཧ་ཡ་གྷི་ཝ་ལ་སོགས་ཡི་དམ་སྒྲུབས། །ཨ་ཅང་ང་ནི་ཀུ་རེ་ཙམ་ཡང་མིན། །ཞེས་སྨྲས་སོ།། ༈


CMR049_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་བྱ་བར་བློ་བསྟུན་པའི་གླུ་ཚིག་སྙན་གསེར་གླིང་རྒྱལ་མོའི་རྔ་སྒྲ་ཞེས་བྱ་བ། ན་མོ་ཤཱཀྱ་མུ་ན་ཡེ། ཐུབ་དབང་ཐུགས་རྗེ་ཅན་ལ་འདུད་དོ། །བསམ་ཤེས་མི་རྣམས་ལེགས་པར་གསོན་དང་། །བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ། །ཕལ་ཆེར་མུན་པའི་བསྐལ་བ་ཡིན་པའི། །སངས་རྒྱས་ཆོས་ཀྱི་སྒྲ་ཡང་མི་གྲག །ད་རེས་བསྐལ་པ་བཟང་པོ་འདིར་སྐྱེས། །སྟོང་ཕྲག་འབྱོན་ཡང་བསྟན་པ་ཡུན་ཐུང་། །ད་རེས་ཐུགས་རྗེ་ཆེན་པོའི་ཞིང་ཁམས། །བོད་ཡུལ་དམ་ཆོས་དར་ས་འདིར་སྐྱེས། །དབང་པོ་མ་ཚང་གླེན་ལྐུག་འོན་ལོང་། །མི་ལུས་ཐོབ་ཀྱང་ཆོས་ངོ་མི་ཤེས། །ཚེ་སྔོན་ཚུལ་ཁྲིམས་བསྲུངས་བའི་འབྲས་བུས། །ད་རེས་དབང་པོ་རྣམ་ཤེས་བཀྲ་གདའ། །ཕྱི་རོལ་མུ་སྟེགས་བོན་རིགས་སྐྱེས་ན། །དབང་པོ་ཚང་ཡང་ཆོས་ལ་ལོག་ལྟ། །ད་རེས་དཀོན་མཆོག་གསུམ་ལ་དད་པའི། །ནང་པ་སངས་རྒྱས་རིགས་སུ་སྐྱེས་གདའ། །རྒྱ་བོད་བསྟན་པའི་བར་སྐབས་བྱུང་དུས། །ཆོས་དང་བླ་མ་ཤིན་ཏུ་རྙེད་དཀའ། །ད་ལྟ་ཆོས་ཀྱི་ཐང་མ་བརྡལ་ནས། །བླ་མ་མཚན་ལྡན་ས་སྟེང་གང་གདའ། །རྒྱལ་པོའི་བྲན་དང་ཤན་པའི་ཆུང་མ། །དམ་ཆོས་


CMR049_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཀྱང་རང་ལ་དབང་མེད། །ད་ལྟ་གཞན་གྱི་དབང་དུ་མ་སོང་། །རང་དབང་རང་ལ་ཡོད་པའི་དུས་འདིར། །ད་རེས་དམ་ཆོས་མི་སྒྲུབ་པ་ནི། །རིན་ཆེན་སྣ་བདུན་གླིང་དུ་ཕྱིན་ནས། །ལག་པ་སྟོང་པར་འོངས་པ་ལས་ཀྱང་། །ཆེས་ཆེར་བླུན་པ་མིན་ནམ་སོམས་དང་། །ད་རེས་ཕུམ་སུམ་ཚོགས་པའི་དུས་འདིར། །དམ་པའི་ཆོས་ཤིག་མི་བསྒྲུབས་ན་ནི། །དུས་ཚོད་ནམ་ཞིག་དམ་ཆོས་སྒྲུབ་ཅེས། །རང་གིས་རང་ལ་བསམ་གཞིག་ཐོང་ཞིག །ད་རེས་ཆོས་ཤིག་མ་འགྲུབ་ན་ནི། །ཚེ་སྔོན་དགེ་རྩ་ལུས་བཟང་འདི་ཟད། །རྒྱ་མཚོའི་དཀྱིལ་ན་གྲུ་ནི་ཞིག་ལྟར། །མཐའ་མེད་འཁོར་བའི་རྒྱ་མཚོར་ལྟུང་ངོ་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུག་ཅིང་། །ཉོན་མོངས་ཆུ་སྲིན་མཆེ་བས་བཟུང་ནས། །བཟོད་མེད་ངན་སོང་སྡུག་བསྔལ་དྲག་པོས། །འོ་དོད་སྨྲེ་སྔགས་འདོན་པར་འགྱུར་རོ། །དེ་བས་དལ་འབྱོར་གཙང་མའི་གྲུ་འདིས། །མཚན་ལྡན་བླ་མ་མཉེས་པར་བརྟེན་ནས། །ཉམས་ཁྲིད་གདམས་པ་ཟབ་མོའི་སྐྱ་བས། །འཁོར་བའི་རྒྱ་མཚོ་སྒྲོལ་བར་མཛོད་ཅིག །ཅེས་སྨྲས་སོ།། ༈ །།དམ་པའི་ཆོས་ལ་འཇུག་ཚུལ་བློ་མང་གིས་སུན་པའི་སྐྱོ་གླུ་རིང་མོ་


CMR049_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ། ན་མོ་སརྦ་ཛྙཱ་ན་ཡེ། དཔལ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །ཕ་མཚུངས་མེད་རྗེ་ལ་གསོལ་བ་འདེབས། །སྔོན་རྒྱ་བོད་པཎ་གྲུབ་སྐྱེས་མཆོག་རྣམས། །ཁོང་བསམ་བཞིན་འགྲོ་བའི་དོན་དུ་སྤྲུལ། །ཐུགས་ཀུན་མཁྱེན་ཡེ་ཤེས་ཉི་མ་ཤར། །སྤྱིར་རྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། །ཕྱི་རིག་གནས་བཞི་དང་བཅོ་བརྒྱད་དང་། །ནང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །དེ་ཐམས་ཅད་ཐུགས་སུ་ཆུད་པར་མཛད། །དོན་འཆད་རྩོད་རྩོམ་པའི་མཛད་པ་ཡིས། །རྗེ་ཐུབ་པའི་བསྟན་པ་ཉིན་མོར་མཛད་། །ཁོང་རྣམས་ལ་འགྲན་ཟླ་མ་མཆིས་ཀྱང་། །ས་མདོ་ཁམས་ཀྱི་བན་ཆུང་ཆགས་མེད་ང་། །ས་གར་སོང་དུ་ཤེས་རབ་ཆེ་ཞེས་སྨོན། །ཚོད་མ་ཟིན་གྱི་མི་ང་ཧམ་པ་ཆེ། །ཕྱི་ཐོས་པའི་སྒྲོ་འདོགས་གཅོད་དགོས་སྙམ། །འདི་མི་ཤེས་སྨྲ་བ་ངོ་རེ་ཚ། །རིག་པའི་གནས་ཀུན་བསླབ་དགོས་སྙམ། །བླུན་སྒོམ་གྱི་ཨུ་ཚུགས་གོལ་ས་ཆེ། །ཆོས་ཀུན་གྱི་རྩ་བ་གཅོད་དགོས་སྙམ། །ལོ་དྲུག་ནས་ཀློག་ཡིག་གཤར་གཟབ་བསླབ། །སྔགས་སྤུང་ཡིག་མང་པོ་ནན་གྱིས་སྦྱངས། །སྔགས་བཀླག་ཐབས་མང་པོ་ཡང་ཡང་


CMR049_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས། །མཁས་ཟེར་བ་ཀུན་ལ་རྩད་གཅོད་བྱས། །ཚིག་བརྗོད་པ་མི་གཙང་ཡུལ་སྐད་འདྲེས། །ཀློག་ཡི་གེ་ལ་སྦྱངས་པས་ང་རེ་སུན། །བྲིས་ཚག་འགྲིག་དང་ཧོར་སེར་གཟབ་མའི་བྲིས། །སྐར་ཡིག་དང་ལན་ཚ་གཏེར་ཡིག་བསླབས། །སྐྱབས་དྲུང་པས་མཛད་སོགས་ཀྱི་ཐོབ་ཆ་བཟུང་། །རྗེ་ཞ་ལུའི་དག་ཡིག་ཡང་ཡང་བལྟས། །དཔེ་ཆའི་གོ་བ་འབྱེད་ལགས་ཀྱང་། །བྲི་དུས་སུ་ཐོབ་ཆ་འཕྲོད་པ་དཀའ། །བྲིས་ཡི་གེ་ལ་སྦྱོང་བས་ང་རེ་སུན། །སྒྲོན་ཆུང་སོགས་རྩིས་ཡིག་རྣམ་མང་བཟུང་། །ཤི་གསོན་གྱི་རྩིས་ལ་མང་དུ་བསླབས། །མཐའ་ཟད་མེད་གྲམ་ཕུང་རྡོ་དང་འདྲ། །རྣམ་རྟོག་གི་དྲ་བས་སྣང་བ་སུན། །རྒྱ་ནག་རྩིས་ལ་བསླབས་པས་ང་རེ་སུན། །ལྔ་བསྡུས་ཀྱང་མི་འདྲ་གསུམ་ཙམ་བསླབས། །གཟའ་འཛིན་དང་ཆད་ལྷག་འབྱེད་ཙམ་དང་། །རྟེན་འབྲེལ་དང་རི་མོའི་ནག་རྩིས་སོགས། །གྲ་ཐུབ་ཙམ་ཤེས་ཏེ་ཐུགས་དམ་ཆག །ཕྱི་ནང་གི་དག་སྦྱོར་ཤེས་པར་དཀའ། །རྒྱ་དཀར་རྩིས་ལ་བསླབས་པས་ང་རེ་སུན། །ས་བྱེ་མ་ལག་ཁྲིད་ཕྱེད་གཉིས་བཟུང་། །རི་རྩིས་དང་སྟག་ཤམ་དོན་བདུན་སོགས། །ཕན་གནོད་ཀྱི་ས་དཔྱད་མང་དུ་


CMR049_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས། །དུར་གར་འདེབས་ཀྱི་བློ་ཕུག་སྣང་བ་སྤུན། །ཕྱི་ལུང་པའི་བཟང་ངན་དཔྱད་པར་དཀའ། །དུར་ས་དཔྱད་ལ་བསླབ་པས་ང་རེ་སུན། །ཡར་ལྷ་གསོལ་དང་གཡང་བླངས་ལྷ་ཐོ་བརྩེགས། །མར་འདྲེ་བཀར་གླུད་མདོས་སྲི་མནན་རིགས། །ཕྱོགས་འདི་རུ་དར་བ་ཕལ་ཆེར་བསླབས། །དུས་ད་རུང་མིང་དོན་མི་འཕྲོད་པའི། །ཡས་གླུད་མདོས་འགའ་མོ་རྩིས་གཞུང་ན་གདའ། །གླུད་ཡས་བོན་ལ་བསླབས་པས་ང་རེ་སུན། །ཡི་དམ་ཆོས་སྐྱོང་བསྐང་ཟློག་མདོས། །ཉི་ཤུ་ནི་རྩ་ལྷག་ཤེས་མོད་ཀྱི། །མདོས་ཆེན་དང་མདོས་ཕྲན་བརྒྱ་རྩ་སོགས། །ཐམས་ཅད་མཁྱེན་དམིགས་ཙམ་ག་ལ་ཤེས། །མདོས་ཟློག་ལ་ཟད་མེད་མཐའ་མི་ཆོད། །མདོས་ཟློག་པ་ལ་བསླབས་པས་ང་རེ་སུན། །ལོ་གསུམ་བཞི་ལ་བསྡུས་གྲ་རྫས་ལྡོག་སྦྱང་། །བསྡུས་པའི་སྡོམ་ཚིག་བྱང་བར་བཟུང་། །ཁྱབ་རྐང་ཡང་བརྒྱ་ཕྲག་གཅིག་གཉིས་བཟུང་། །དུས་རྒྱུན་དུ་བགྲོ་གླེང་བསྒྱུ་བརྩོན་པ་བྱས། །ཚོགས་ལ་ཡང་ལན་གྲངས་གཉིས་ཙམ་ལ། །ཕམ་ཁ་ཡང་མ་ཁུར་རྒྱལ་ཁ་ལོན། །དབུས་གཙང་གི་ཆོས་སྡེ་མང་པོ་ལ། །རི་ལུང་གི་འབྲེལ་པ་ཅུང་རེ་བཞག །


CMR049_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཉི་ཤུ་རྩ་ལྷག་བསླབ་པ་རྣམས། །ད་རུང་ཡང་བསྡུས་གྲྭ་བསླབས་ཤིང་གདའ། །ང་ལོ་ཤས་ཀྱི་མཐའ་ཆོད་ག་ལ་ཡོང་། །ཞེ་སྡང་ཡང་འཕེལ་ཞིང་གོས་ལག་ཟད། །བསྡུས་གྲ་ཡང་བསླབས་པས་ང་རེ་སུན། །རྣམ་འབྲེལ་གྱི་ཁྱབ་རྐང་འགའ་ཡང་བཟུང་། །རིག་པ་གཞུང་ལུགས་ཀྱི་རྒྱ་མཚོ་དང་། །དཔལ་འཇམ་དབྱངས་བཞེད་པའི་གླེགས་བམ་ལ། །ཟིན་ཐུན་དང་དཔེ་ལྟས་མང་དུ་བྱས། །ཚད་མའི་མཐའ་ཡང་ག་ལ་ཆོད། །ཚད་མ་ལ་བསླབ་འདོད་ང་རེ་སུན། །མཚམས་སྦྱོར་གྱི་གཞུང་ཚིག་བློ་ལ་བླངས། །རྐང་པ་ལྔ་བྲི་ཐུབ་ཙམ་ཞིག་བསླབས། །བོད་སྒྲ་ཡང་སུམ་རྟགས་བློ་ལ་བླངས། །དཔེར་བརྗོད་དང་སློབ་དཔོན་ངག་ཁྲིད་སྦྲགས། །འགྲེལ་པ་ཡང་རིགས་གཉིས་ཞིབ་ཏུ་བལྟས། །སྙན་ངག་གི་ཚིག་བརྒྱན་རྟོགས་དཔྱོད་བཞག །སྒྲ་སྙན་ངག་གི་མཐའ་ཡང་ངས་མ་ཆོད། །སྒྲ་སྙན་ངག་ལ་བསླབ་འདོད་ང་རེ་སུན། །མདོ་རྒྱན་དང་མངོན་རྟོགས་དབུ་འཇུག་བཟུང་། །དབུ་ཕར་ཕྱིན་གྱིས་ཁྱབ་པ་འགའ་ཡང་བསླབས། །ཊིཀ་ཆེ་ཆུང་ལྟ་རྟོགས་བྱས། །ཁོང་དགེ་བཤེས་མཁས་པ་འགའ་རེ་ལ། །དབུ་ཕར་ཕྱིན་གྱི་བགྲོ་གླེང་འབྲེལ་པ་བཞག །མཐའ་


CMR049_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བཞིན་དཔོག་པ་ག་ལ་ཞིག །ཆོས་དབུ་ཕར་ལ་བསླབ་ལོ་བྱས་པས་སུན། །ཆོས་འདུལ་མཛོད་གཞུང་དང་འགྲེལ་པ་བལྟས། །དོན་གོ་བའི་རྣམ་སྤྱོད་བག་རེ་ཤར། །དོན་དེ་དག་ལ་བགྲོ་གླེང་བག་ཆགས་བཞག །དོན་ཅི་བཞིན་ཤེས་པ་ག་ལ་ཞིག །ཆོས་འདུལ་མཛོད་ལ་བསླབ་ལོ་བྱས་པས་སུན། །ཆོས་ནང་དོན་དང་དགོངས་གཅིག་བློ་ལ་བཟུང་། །གཞུང་དེ་ཡི་འགྲེལ་ཆེན་མང་དུ་བལྟས། །ཆོས་གསང་སྔགས་དང་སྡོམ་གསུམ་དོན་རྣམས་ལ། །ཁོང་དགེ་གཤེས་འགའ་ལ་བགྲོ་གླེང་ཕུལ། །ཚིག་གོ་བའི་སྐྱ་རིས་སྐམ་པོ་ལ། །དོན་ཇི་བཞིན་རྟོགས་པ་ག་ལ་ཞིག །སྔགས་བཤད་པའི་སློབ་གཉེར་བྱས་པས་སུན། །ཆུང་ལོ་བརྒྱད་ལོན་ནས་བསྐྱེད་རིམ་བསྒོམ། །ལྷ་གསར་རྙིང་། ཡི་དམ་ཆོས་སྐྱོང་ཚོགས། །དེར་སྒྲུབ་པ་ཆེ་ཕྲ་བརྒྱ་ཕྲག་བྱས། །དུས་དང་པོ་རྨིས་ལྟས་སྤྲོ་བ་སྐྱེ། །ཕར་ནན་ཆེན་བསྒྲུབས་ན་འཇའ་བཞིན་ཡལ། །ལྷ་གཅིག་ཀྱང་དངོས་སུ་ཞལ་མ་མཐོང་། །ལྷ་སྒྲུབ་ཐབས་སྣ་ཁ་མང་བས་སུན། །ཕྱི་ཐོས་པའི་སྒྲོ་འདོགས་གཅོད་བསམ་ཛ། །རང་མི་ཤེས་དགུ་ཤེས་གྲལ་དུ་སླེབས། །ཡུལ་མཐའ་འཁོབ་ཏུ་འགྲོ་དགོས་


CMR049_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བྱུང་རེད། །ད་རི་ཁྲོད་གཅིག་འགྲིམས་ཀྱང་སྲུང་འཁོར་སོགས། །འདི་མི་དགོས་བསམ་པ་གཅིག་མི་གདའ། །བདག་ཡོན་ཏན་ལ་སྣ་ཁ་མང་བས་སུན། །ས་ཐོབ་ཀྱི་སྐྱེས་ཆེན་མ་གཏོགས་པ། །སོ་སྐྱེ་ཤེས་རབ་ཅི་ཆེ་ཡང་། །ཕྱི་ཐོས་པའི་སྒྲོ་འདོགས་མི་ཆོད་དེ། །དཔེ་ནམ་མཁའ་འདོམ་པས་འཇལ་བ་བཞིན། །དུས་སྙིགས་མའི་མི་ཚེ་ཡུད་ཙམ་འདི། །ཚིག་ཐ་སྙད་སྦྱིན་པས་མགོ་འཁོར་ནས། །དོན་ཆོས་མེད་ཐ་མལ་དུ་འཆི་ཉན་འགའ། །ཕྱི་ཐོས་པའི་སྒྲོ་འདོགས་མ་ཆོད་པའི། །དཔེ་བན་རྒན་ང་ལ་ལོང་མཛོད་ལ། །ནང་རིག་པའི་སེམས་ཉིད་གཏན་ལ་ཕོབ། །བདག་བསླབ་པའི་ཚེ་ན་མཐའ་མ་ཆོད། །ཚིག་བློ་ལ་ཡོད་ཀྱང་དོན་མ་གོ །ད་ཉམས་ལེན་ཅུང་ཙམ་བྱས་པའི་མཐུས། །བཀའ་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ལ། །གར་བལྟས་ཀྱང་ཕྱོགས་ཙམ་གོ་བ་ཤར། །སྔར་བློ་ལ་ཡོད་པའི་དོན་རྣམས་ཀུན། །འདི་དེ་དུས་ཅི་ཕྱིར་མ་གོ་སྙམ། །དཔལ་ཇོ་བོ་རྗེ་ཡི་ཞལ་གདམས་ལས། །ཚིག་བསླབས་པས་མང་པོ་མི་གོ་སྟེ། །དོན་བསྒོམས་ན་མང་པོ་གོ་གསུངས་པའི། །དོན་དེ་ལ་བདག་གིས་ངེས་པ་ཐེབས། །མཚན་ལྡན་གྱི་བླ་མ་དམ་པ་


CMR049_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བརྒྱུད་ལྡན་གྱི་གདམས་པ་ཐོབ་གྱུར་ན། །རྣམ་གཡེང་གི་འདུ་འཛི་རྒྱང་བསྲིངས་ནས། །གཅིག་ཏུ་ཕུར་ཚུགས་སྒྲུབ་ནུས་ན། །ཉམས་རྟོགས་དང་གོ་བ་གཉིས་ཀ་སྐྱེ། །གཅིག་ཤེས་ཀུན་གྲོལ་ཞིག་འོང་བར་མཆིས། །ཞེས་སྨྲས་སོ།། ༈ །།མི་རྟག་འཆི་བ་སྙིང་ལ་གཟིར་བའི་གླུ་དགེ་སྦྱོར་གྱི་ལྕགས་འདེབས་ཞེས་བྱ་བ། ན་མོ་གུ་རུ་སརྦ་ཡེ། རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཕྱི་འཇིག་རྟེན་རྒྱ་ཆེ་རྔམ་འཐུག་པ། །འདི་མི་རྟག་མེ་ཆུས་འཇིག་ཐོས་ནས། །ལུས་འདོམ་གང་ཙམ་འདི་ག་ལ་རྟག །ནང་བཅུད་ཀྱི་སེམས་ཅན་མ་ལུས་པ། །དེ་གཅིག་ཀྱང་མི་འཆི་མི་སྲིད་ན། །བདག་གཅིག་པུ་ཅི་ཕྱིར་ཚེ་ཐར་ལུས། །སྔར་སྲིད་པ་ཆགས་ནས་ད་ལྟའི་བར། །མི་མ་ཤི་ལུས་པ་གཅིག་མི་གདའ། །རང་འཆི་བ་མི་དྲན་ཅི་ཡིན་ཨང་། །སྔོན་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྐུ། །འདི་མི་རྟག་འདས་ཚུལ་བསྟན་དགོས་ན། །ལུས་མི་གཙང་སྒྱུ་རྐྱལ་པ་ག་ལ་རྟག །སྔོན་ཉན་རང་དགྲ་བཅོམ་རྫུ་འཕྲུལ་ཅན། །དེ་ཐམས་ཅད་མྱ་ངན་འདས་ཐོས་ན། །རང་འཁོར་བའི་སེམས་ཅན་སྨོས་ཅི་དགོས། །སྔོན་དྲང་སྲོང་མངོན་


CMR049_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྫུ་འཕྲུལ་ཅན། །འདི་རྣམས་ཀྱང་བྲོས་ས་མ་རྙེད་འདས། །ད་མི་འཆི་ས་རུ་བྲོས་ས་མེད། །དུས་ནམ་ཟླ་མི་སྡོད་འགྱུར་ཞིང་འགྲོ། །ལོ་ཟླ་བ་མི་སྡོད་ཡུད་ཡུད་ཟད། རང་འཆི་དང་ཉེ་བ་མ་ཚོར་རམ། །ཚེ་ཡུད་ཡུད་ཟད་པར་མ་ཤེས་པར། །དུས་ནམ་ཟླ་ཞིག་སོང་ན་དགའ་སྣང་བྱེད། །ཨ་བསམ་ཆུང་གི་སྙིང་མེད་སྙིང་རེ་རྗེ། །དཔེ་བཤའ་ལུག་ཤན་པས་བཟུང་བ་བཞིན། །ཁོང་འཆི་བདག་ལས་ཀྱི་ཤན་པ་དེས། །དུས་ནམ་ཞིག་བཟུང་ངེས་ཨ་ཙ་མ། །སྨན་རིམ་གྲོ་བྱས་ཀྱང་ཕྱི་ཕྱིར་ཐུ། །ཕན་རེ་བའི་སྨན་པས་ཝ་བྲོས་བྱེད། །ཐབས་སྡུག་པའི་དུས་ཤིག་ནམ་འོང་ན། །ནད་འདུ་བ་རྣམ་བཞི་ཁོང་ནས་འཁྲུགས། །གདོན་དྲི་ཟ་རྣམས་ཀྱིས་འཇབ་བུ་སྟོན། །སྡུག་ཐུག་པའི་དུས་ཤིག་ནམ་འོང་ན། །ཡར་མཆོད་པའི་ལྷ་ཡི་སྲུང་སྐྱོབ་ཡལ། །མར་བཀར་བའི་འདྲེ་གདོན་ཕྱིར་ལ་སྡང་། །སེམས་མྱོས་ཤིང་འཁྲུག་པ་ཞིག་ནམ་འོང་ན། །སྡུག་སྡིག་པས་སྒྲུབས་པའི་ཟས་ནོར་རྣམས། །སེམས་ཆགས་ཀྱང་ཡུད་ཙམ་ཁྱེར་དབང་མེད། །རང་ལག་སྟོང་དུ་འགྲོ་དུས་ཤིག་ནམ་འོང་ན། །གོས་གྲོ་འཇམ་བཀོན་ཀྱང་རི་བས་ལྗི། །ཟས་ཁ་ན་འགྲོ་བ་ཆུ་


CMR049_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས་གཅིག །གཏམ་ཁ་ཆེམས་འཇོག་དུས་ཞིག་ནམ་འོང་ན། །ཕྱི་སྐྱ་ལུས་བཟོད་མེད་ན་ཚས་མནར། །ནང་རྣམ་ཤེས་འཁྲུལ་སྣང་འཇིགས་སྐག་ཆེ།།གནམ་སྡིབ་པ་འདྲ་ཞིག་ནམ་འོང་ན། །ལུས་གཅེས་ཤིང་འཕོངས་པ་ཐག་པས་བཅིངས། །གོས་དྲོ་འཇམ་བྲག་ཕུག་སྟོང་པར་དོར། །མལ་ཕྱགས་མས་འཕྱགས་དུས་ཤིག་ནམ་འོང་ན། །ལུས་མེར་བསྲེགས་ཐལ་བ་རླུང་གིས་ཁྱེར། །དེ་ཡང་ན་བྱ་ཁྱི་གཅན་གྱིས་ཟ། །རྟེན་ཡུད་མེད་རེ་དུས་ཤིག་ནམ་འོང་ན། །གཉེན་བྱམས་པའི་མིག་ནས་མཆི་མ་འབྱིན་། །སྡང་དགྲ་བོ་རྣམས་ཀྱིས་ཁོག་དགོད་བྱེད། །མིང་ཙམ་ཡང་མེད་དུས་ཤིག་ནམ་འོང་ན། །ལས་དེ་འདྲ་ཞིག་ངེས་པར་འོང་རྒྱུ་ལ། །འཆི་གྲབ་ཀྱི་ཤོམ་ཞིག་མི་བྱེད་པར། །སྡོད་ཆིས་རང་བྱེད་པ་ཨ་ཙ་མ། །དེ་ནམ་འོང་ཡང་ཁྲིག་ཁྲིག་མི་གདའ་ན། །གློ་བུར་དུ་ཐོག་ལྟར་རྒྱབ་པ་ལ། །ལོང་ཡོད་རང་བསམ་པ་ཨ་ཙ་མ། །དམ་པའི་ཆོས་ཤིག་མ་གཏོགས་པ། །དེ་དུས་སུ་ཕན་པ་མི་གདའ་བས། །སྙིང་ནས་དམ་ཆོས་རང་མཛོད་ཅིག་ཨང་། །སྒྱུ་ལུས་འདི་ངེས་པར་སྐྱུར་དགོས་པས། །ལུས་འདི་ལ་ད་རེས་སྙིང་པོ་


CMR049_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས། །གཏན་གྱི་སོ་ནམ་ཞིག་ད་རེས་རེམ། །ཞེས་སྨྲས་སོ།། ༈ །།ལུས་ལ་སྙིང་པོ་ལེན་ལུགས་ཚུལ་ཁྲིམས་བསྔགས་པའི་གླུ་འཕགས་པའི་གཎྜི་ཞེས་བྱ་བ། ན་མོ་ཤཱཀྱ་མུ་ནེ་ཡེ། བསྟན་པའི་གཙོ་ལ་གསོལ་བ་འདེབས། །བསྟན་དང་མཐུན་པར་བྱིན་གྱིས་རློབས། །མི་མཇེད་འཛམ་གླིང་བྱེ་བ་བརྒྱར། །སྤྲུལ་སྐུ་སངས་རྒྱས་སྟོང་རྩ་གཉིས། །རབ་ཏུ་བྱུང་ནས་རྫོགས་སངས་རྒྱས། །ཁྱིམ་པའི་ཚུལ་དུ་སངས་མ་རྒྱས། །སྔོན་བྱོན་སྟོན་པའི་རྣམ་ཐར་དེ། །རྗེས་འཇུག་སློབ་མའི་ཉམས་ལེན་ཡིན། །པད་འབྱུང་ནཱ་རོ་ལ་སོགས་པས། །སྔགས་སྤྱོད་ཕྱག་རྒྱ་བསྟེན་པ་ཡིས། །བཀྱིག་བརྡུང་གསོན་བསྲེགས་བྱས་ཞེས་ཐོས། །ཕལ་པ་གཞན་དག་སྨོས་ཅི་འཚལ། །ཚུལ་ཁྲིམས་ཉམས་པའི་ཉེས་པ་ཡིས། །བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱར། །བདེ་འགྲོའི་སྒྲ་ཡང་མི་ཐོས་པར། །ངན་སོང་དུཉཁ་སྤྱོད་འགྱུར་ཞེས། །ཚུལ་ཁྲིམས་རབ་བསྔགས་མདོ་ལས་གསུངས། །དཔེར་ན་སྐྱེས་བུ་གླེན་པ་ཞིག །ཟས་བཟང་དུག་དང་འདྲེས་པ་དག །ཟས་ལ་སྲེད་ནས་ཟ་བ་ལྟར། །ཚེ་འདིའི་འདོད་པའི་ཡོན་ཏན་ལ། །སྲེད་ནས་བསླབ་པ་འདྲར་བྱེད་པ། །


CMR049_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་བླུན་པར་ཤེས་པར་བྱ། །བྱིས་པས་སྤུ་གྲི་ཡི་རྩེ་མོ་ལ། །སྦྲང་རྩི་འགོས་པར་ལྡགས་འདོད་ནས། །ལྕེ་ཉིད་སྡུག་བསྔལ་བྱེད་པ་ལྟར། །ཆགས་སོགས་སྡུག་བསྔལ་སྤྱོད་བྱས་ན། །ཉེས་པ་ཆེན་པོའི་རྩ་བར་འགྱུར། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །གཟིངས་དང་གྲུ་ཡིས་མི་སྒྲོལ་ཏེ། །ཚུལ་ཁྲིམས་གྲུ་ཡིས་སྒྲོལ་བར་བྱེད། །ཚུལ་ཁྲིམས་གཟིངས་ནི་གྲུ་ཡི་མཆོག །འཁོར་བའི་ཚ་གདུང་ཉམ་ང་བ། །ཁང་བཟང་གང་གིས་ཀྱང་མི་ཕན་ཏེ། །ཚུལ་ཁྲིམས་བསིལ་བའི་ཁང་པས་སེལ། །ཚུལ་ཁྲིམས་ཁང་བཟང་གནས་ཀྱི་མཆོག །དབང་མེད་བར་དོའི་སེམས་ཅན་ལ། །ལུས་བཟང་གྲོགས་གཞན་གྱིས་མི་སྟེར། །ཚུལ་ཁྲིམས་གྲོགས་ཀྱིས་ལུས་བཟང་སྟེར། །ཚུལ་ཁྲིམས་གྲོགས་ནི་གྲོགས་ཀྱི་མཆོག །འཕགས་མཆོག་རྣམས་ཀྱི་སྤྱན་ལམ་དུ། །རིན་ཆེན་རྒྱན་གྱིས་མི་མཛེས་ཏེ། །ཚུལ་ཁྲིམས་རྒྱན་ལྡན་སྤྱན་ལ་མཛེས། །ཚུལ་ཁྲིམས་རྒྱན་ནི་པ་རྒྱན་གྱི་མཆོག །དགྲ་འདུལ་གཉེན་སྐྱོང་ཕལ་ཆེར་ཡང་། །ཀུན་གྱིས་བསྟོད་པར་མི་འགྱུར་ཏེ། །ཚུལ་ཁྲིམས་ལྡན་པ་ལྷ་ཡིས་བསྟོད། །ཚུལ་ཁྲིམས་བྱ་བ་ཀུན་གྱི་མཆོག །


CMR049_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་ཐམས་ཅད་ཀུན་མཁས་ཀྱང་། །ཚུལ་ཁྲིམས་སྣོད་དང་མི་ལྡན་ན། །དེ་ཡིས་རང་གཞན་དོན་མི་འགྲུབ། །ཚུལ་ཁྲིམས་གཙང་ལྡན་ཚིག་གཅིག་ཤེས། །དེས་ཀྱང་རང་གཞན་ཕན་པར་ནུས། །ཆོས་ཀྱི་ཕུང་པོ་གཞན་དག་རྣམས། །བསྟན་པ་ཡིན་ཡང་སྟོན་པ་མིན། །ང་ནི་མྱ་ངན་འདས་གྱུར་ནས། །འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། །འདུལ་བ་སྟོན་པ་དངོས་དང་མཚུངས། །དེས་ན་ལུས་ཀྱི་ཀུན་སྤྱོད་རྣམས། །འདུལ་བ་བཞིན་དུ་མཛད་ན་ལེགས། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །དྭགས་བརྒྱུད་དགོངས་ཀྱང་དེ་ལྟར་ཡིན། །གསང་སྔགས་གཞུང་དང་པད་འབྱུང་གསུངས། །དེ་དག་ཀུན་དང་འགལ་བ་མེད། །ཅི་ཕྱིར་སོ་སོའི་སྐྱེ་བོ་ཡི། །རྣམ་པར་སྤྱོད་པ་མི་བྱ་གསུངས། །རྒྱལ་བ་ཐམས་ཅད་མཁྱེན་པ་དེའི། །གསུངས་ལ་ངེས་པ་ཅུང་ཟད་ཐོབ། །རང་གི་ཞེ་ཕུགས་འཆང་བའི་ནོར། །ད་ལྟ་འདི་རུ་དབྱངས་སུ་བླངས། །བདག་དང་འགའ་ལ་ཕན་པར་ཤོག །ཅེས་སྨྲས་སོ།། ༈ །།འཕགས་པའི་ནོར་བདུན་དང་རྒྱལ་སྲིད་བདུན་སྦྱར་བའི་གླུ་ཆོས་ཀྱི་རྒྱལ་སྲིད་ཀྱི་རྒྱལ་རྔ་ཞེས་བྱ་བ། ན་མོ་གུ་རུ་དྷརྨ་རཱ་ཛ་ཡེ། ཆོས་ཀྱི་རྒྱལ་


CMR049_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དྲིན་ཅན་ཆོས་རྗེ་ལ། །གསོལ་བ་འདེབས་སོ་བུ་ལ་བྱིན་གྱིས་རློབས། །བསོད་ནམས་དགེ་ཚོགས་རྒྱལ་སྲིད་འབྱུང་བའི་གཞི། །དད་པའི་ནོར་ནི་འཁོར་ལོ་རིན་པོ་ཆེ། །མོས་གུས་གསོལ་འདེབས་འཁོར་ལོ་བསྐོར་བྱས་ན། །བྱིན་རླབས་དངོས་གྲུབ་དཔལ་ལ་སྤྱོད་པར་ངེས། །ཚེ་རབས་ཀུན་ཏུ་དགོས་འདོད་ཀུན་འབྱུང་བའི། །གཏོང་བའི་ནོར་ནི་ནོར་བུ་རིན་པོ་ཆེ། །རྒྱུན་དུ་གཏོར་མ་ཆུ་སྦྱིན་བཏང་བྱས་ནས། །སྐྱེ་བ་གཏན་དུ་ལོངས་སྤྱོད་ཟད་པ་མེད། །ལྷ་དང་ལྷ་མིན་ཀུན་གྱི་སྤྱན་ལ་མཛེས། །ཚུལ་ཁྲིམས་ནོར་ནི་བཙུན་མོ་རིན་པོ་ཆེ། །མ་ཉམས་གཙང་མའི་རྒྱན་གྱིས་བརྒྱན་བྱས་ནས། །སྐྱེ་བ་གཏན་དུ་མཛེས་སོ་སྐལ་ལྡན་རྣམས། །འདི་ཕྱིའི་བྱ་བ་ཀུན་ལ་མི་རྨོངས་པའི། །ཐོས་པའི་ནོར་ནི་བློན་པོ་རིན་པོ་ཆེ། །རྒྱལ་བའི་གསུང་རབ་རྣམས་ལ་བློ་དྲིས་ནས། །འདི་ཕྱིའི་འདུན་མ་འཕྱུགས་མེད་ལེགས་པར་མཆིས། །བྱ་བ་གང་ཡང་མགོ་ཐོན་མཐར་་འཁྱོལ་བའི། །ཁྲེལ་ཡོད་ནོར་ནི་རྟ་མཆོག་རིན་པོ་ཆེ། །བག་ཡོད་ཤེས་བཞིན་སྒ་སྲབ་གཟབ་པ་ན། །ཆོས་མགོ་ཐོན་པའི་གནས་སུ་སླེབས་པར་ངེས། །ཚུལ་ཁྲིམས་འཆལ་


CMR049_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་དུ་མི་འཆོར་བའི། །ངོ་ཚ་ཤེས་པའི་ནོར་ནི་གླང་ཆེན་མཆོག །ཚུལ་ཁྲིམས་སྐྱེས་བུ་ངོ་ཚའི་གླང་པོར་བསྐྱོན། །འཁོར་བའི་ཆུ་བོ་ངེས་པར་དེ་ཡིས་སྒྲོལ། །མ་རིག་བདག་འཛིན་དགྲ་དཔུང་འཇོམས་མཛད་པ། །ཤེས་རབ་ནོར་ནི་དམག་དཔོན་རིན་པོ་ཆེ། །སོ་སོ་རང་རིག་རང་གི་གོ་མཚོན་གྱིས། །འཁོར་བའི་གཡུལ་བཟློག་ཐར་པའི་ཆོས་སྲིད་རྒྱས། །འཁོར་བའི་རྒྱལ་སྲིད་འཕྲལ་མེད་ཕུགས་སུ་རྡུགས། །ཆོས་ཀྱི་རྒྱལ་སྲིད་འདི་བདེ་ཕྱི་མ་སྐྱིད། །འཕགས་པའི་ནོར་བདུན་ལྡན་ན་ཕྱུག་པོ་མཆོག །རྒྱལ་སྲིད་བདུན་དང་ལྡན་པ་རྒྱལ་པོ་ཡིན། །སྤྲང་པོས་རྒྱལ་སྲིད་སྐྱོང་ཚུལ་སྨྲས་པ་འདི། །ཉམས་ལ་ཤར་གྱི་ཉམས་མཚར་སྨྲས་པ་ཡིན། །ཞེས་སྨྲས་སོ།་་་་ཚེ་འདིའི་བྱ་བ་སྙིང་པོ་མེད་པའི་གླུ་བཀའ་བརྒྱུད་བླ་མའི་གསུང་གི་རྗེས་བརྗོད་ནེ་ཙོས་མི་སྐད་སྨྲ་བ་ལྟ་བུ་ཞེས་བྱ་བ།་ན་མོ་གུ་རུ་བཛྲ་ཧ་ཕྱེ་ཡེ། རྗེ་མི་ལ་རས་ཆེན་སྤྲུལ་པའི་སྐུ། །ཕ་བྱ་བཏང་ཆོས་རྗེའི་ཞབས་ལ་འདུད། །ཕོ་རབ་རྣམས་གཏམ་འདི་བློས་མ་ཐེངས། །ཁོང་རྒྱལ་ལོ་ཕམ་མོ་ཟེར་བའི་སྒྲ། །ཚིག་ལ་ཚོགས་ནས་རྔམ་ཆེན་ལས། །མི་བརྒྱ་སྟོང་གསོད་ལ་ཡ་ང་


CMR049_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །རང་ཤི་བའི་དུས་ལ་བབ་པའི་ཚེ། །རྒྱལ་ཟེར་བའི་གཏམ་དེ་རྗེས་མི་འབྲང་། །ལས་དཀར་ནག་གང་སྤྱད་གྲིབ་བཞིན་འཁོར། །ཁོ་སྟག་ཤར་རྣམས་དཔའ་སྡར་གྱི་སྒྲ་ལ་ཆགས། །ཁོ་བྲོས་སོ་འཐབ་མོ་ཟེར་བའི་སྒྲ། །ཚིག་དེ་ལ་ཆགས་ནས་རང་སྲོག་སྐྱེལ། །ཁོས་འཐབ་བོ་ཟེར་བའི་སྒྲ་སྙན་དེ། །སང་བར་དོར་ཕན་མེད་གནོད་པ་ཆེ། །བཙུན་ཆོས་པས་ཀྱང་གཏམ་དེ་བློས་མ་ཐེངས། །ཁོང་བཙུན་ནོ་བཟང་ངོ་ཟེར་བའི་སྒྲ། །ཚིག་དེ་ལ་ཆགས་ནས་ཇོ་བརྫུ་བྱེད། །སྟབས་ཉེས་ན་མི་ཆོས་བླ་མའི་རྫུན། །རང་ཚུལ་ཁྲིམས་དོན་མེད་ཞོར་ལ་ཉམས། །བཟང་ཟེར་བའི་གཏམ་དེ་ཤུལ་དུ་ལུས། །རང་བཟང་ངན་གང་ཡིན་བར་དོར་གསལ། །གཏམ་བཟང་ངན་འདི་ལ་སྙིང་པོ་མེད། །སྔོན་ཤཱཀ་ཐུབ་མཆོག་ཟུང་པད་འབྱུང་སོགས། །འགྲན་དོ་མེད་རྣམས་ལ་སྐུར་འདེབས་བྱུང་། །སྔོན་དགེ་སློང་ལྷ་སྦྱིན་དཀར་རྒྱལ་སོགས། །བདུད་ལོག་འདྲེན་རྣམས་་ལ་དད་འདུན་མང་། །གཏམ་འདི་ལ་སྙིང་པོ་མི་གདའ་བས། །གཏམ་ངོ་བསྟོད་ལ་ཆགས་སེམས་མི་སྐྱེད་ཅིང་། །ཚིག་གཤེ་སྐུར་ལ་ཀོ་ལོང་མི་དམ་པར། །སྒྲ་གྲག་སྟོང་


CMR049_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་བསྒྱུར་ན་བསམ། །ཕོ་འབྲིང་གོས་འདི་བློས་མ་ཐེངས། །ཕྲུག་དར་རས་སྤུ་ཤུན་རིན་གྱིས་ཉོས། །དེ་ཁྱིམ་དུ་སྦས་ཤིང་མི་སྤུན་གྱོན། །ནང་རྒྱུ་ཡོད་ཚུལ་ནི་མིས་ཀྱང་ཤེས། །སང་བར་དོར་གོས་མེད་གཅེར་བུར་འགྲོ། །བཙུན་གསར་པ་རྣམས་ཀྱང་གོས་ལ་ཆགས། །ནང་འདུལ་ཁྲིམས་མི་གཟབ་ཕྱི་གོས་གཟབ། །ཚད་འདུལ་བ་ལས་བཀག་པའི་ཆ་རྩག་འདོད། །འདི་ལྷབ་ལྷུབ་གོས་ཀྱི་བླ་མ་ཟེར། །གོས་ཙམ་ལ་ངོ་ཕག་གཡར་དགོས་སྡུག །ཆོས་འདུལ་བ་ནས་གསུངས་པའི་ངུར་སྨྲིག་མདོག །ལྷགས་སྐྱོབས་ཀྱི་གོས་ནི་མ་གཏོགས་པ། །གོས་ལག་ལ་སྲེད་པ་རྒྱབ་ཏུ་སྐྱུར། །ཧྲུལ་པོའི་གོས་ལ་བརྟེན་ན་བསམ། །ཕོ་ཐ་མ་རྣམས་ཟས་འདི་བློས་མ་ཐེངས། །ཁ་འབུ་ཁུང་ཙམ་འདི་མ་སོས་ནས། །ལས་སྡིག་ལྟུང་མི་དགེ་སྣ་ཚོགས་བྱེད། །སང་འཆི་ཁ་བར་དུ་དེ་ཡི་ངང་། །དེ་འགྲོ་ས་ངན་སོང་གསུམ་ལས་མེད། །བཙུན་གྲྭ་ཐུབ་རྣམས་ཀྱང་ཟས་ལ་ཆགས། །བསྐྱེད་རྫོགས་སྒོམ་སྒྲུབ་ཡལ་བར་དོར། །ཟས་ཁ་སྣུམ་གྲོང་ཆོག་གི་མི་ཚེ་ཕུད། །ལས་བཟའ་བ་དུ་མས་བསྒྲུབ་པའི་ཟས། །དེ་ཙམ་ཞིག་ལེགས་པར་ཟོས་ན་ཡང་། །ཞག་


CMR049_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནས་མི་གཙང་ཕུང་པོར་འགྱུར། །ད་ཟས་ལ་སྙིང་པོ་ཅི་གདའ་ལྟོས། །ཟས་རིན་ཐང་ཆེ་བ་ཅི་ཟོས་ཀྱང་། །ཞག་གཉིས་གསུམ་ཙམ་གྱིས་བཀྲེས་མི་སེལ། །ཟས་འགང་ཆེན་ལ་སྙིང་པོ་ཅི་ཡོད་སེམས། །ཚེ་འདི་ལ་ཟས་སྐོམ་ཕུན་ཚོགས་ཀྱང་། །སང་བར་དོ་ཕན་ཆད་བཀྲེས་ཤིང་སྐོམ། །ཟས་འབྱོར་ཡོད་ནམ་ཕུགས་ཅི་ཡོད་སྙམ། །ཟས་ཤུགས་འབྱུང་དུ་བྱུང་ན་ལུས་ལྷ་མཆོད། །དེ་བག་ཆགས་མི་དགོས་པ་གསང་སྔགས་ལུགས། །ཟས་མ་རྙེད་དབུལ་ཞིང་ཕོངས་ན་ཡང་། །ཟས་ཕྱིར་དུ་སྒྲུབ་པ་མི་གི་བཤོལ་བར། །ཟས་དཀའ་ཐུབ་དང་བཅུད་ལེན་བྱེད་ནས་ནི། །ཚེ་འདི་ལ་ལྟོ་གོས་གཏམ་དང་གསུམ། །དེ་ལེགས་ན་དཀོན་མཆོག་ཐུགས་རྗེ་ཡིན། །ཤུགས་འབྱུང་ལ་ཆགས་ཞེན་མེད་པར་སྤྱད། །དེ་ཞེན་ན་སྔོན་གྱི་ལས་སྒྲིབ་དག །གང་བྱུང་དེས་ཆོག་ཅིག་མ་གཏོགས་པ། །ཚེ་འདི་ཡི་དོན་དུ་སྡིག་སྒྲིབ་མི་བསགས་བསམ། །ཕ་གྲུབ་ཐོབ་ཆོས་རྗེའི་སྒྱུ་ཐུགས་རྗེ་ཡིས། །བདག་བསམ་པ་འགྲུབ་པར་བྱིན་གྱིས་རློབས། །ཞེས་སོ། །༈་་།མཆོད་པ་རྣམ་ལྔ་ལ་སྦྱར་བའི་གླུ་དཔའ་བོའི་དགའ་སྟོན། ཨ་ལ་ལ་ཧོ། སྤང་ལྗོན་


CMR049_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་མཐིང་ལས་འཁྲུངས་པའི་འདབ་བརྒྱད་ཀྱི་པདྨ། །བཀྲག་མདངས་ཟིལ་དངར་ལྡན་དུས་དཀོན་མཆོག་ལ་མཆོད་དང་། །དུས་ཀྱི་བ་མོ་ཐེབས་དུས་རང་དབང་ནི་མེད་པས། །རྟེན་གསུམ་མཆོད་པའི་དྲུང་དུ་སྙོགས་མཛོད་དབྱར་སྐྱེས་ཀྱི་པུཎྜེ། །དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་ཆེན། །རྩ་རླུང་དར་ལ་བབ་དུས་དམ་ཆོས་ལ་འབུངས་དང་། །རྒན་རྒོན་ནད་ཀྱིས་མནར་དུས་རང་དབང་ནི་མེད་པས། །མཚན་ལྡན་བླ་མའི་དྲུང་དུ་སྙོགས་མཛོད་རིགས་ལྡན་གྱི་དྷ་པེ། །རི་རྒྱལ་མ་ལ་ཡར་སྐྱེས་པའི་ཙནྡན་གྱི་མྱུ་གུ། །དྲི་བསུང་ངད་དང་ལྡན་དུས་དཀོན་མཆོག་ལ་མཆོད་དང་། །མི་གཙང་དྲི་མའི་གསེབ་ན་རང་དབང་ནི་མེད་པས། །མཆོད་པའི་དུད་སྤྲིན་སྤྲོ་མཛོད་དྲི་ལྡན་གྱི་དྷུ་པོ། །ཐུབ་བསྟན་པད་ཚལ་དུ་འཁྲུངས་པའི་བཙུན་ཆུང་གི་གསར་པ། །ཚུལ་ཁྲིམས་དྲི་བསུང་བརྟེན་དུས་བག་ཡོད་རེ་བརྟེན་དང་། །ཚུལ་འཆལ་དྲི་མས་གོས་ན་རང་དབང་ནི་མེད་པས། །བག་ཡོད་ཤེས་བཞིན་རེ་བརྟེན་མཛོད་ཁྲིམས་ལྡན་གྱི་བནྡེ། །རིན་ཆེན་ཀོང་བུར་གཏམ་པའི་སྣང་གསལ་གྱི་མར་མེ། །གསལ་དང་མུན་པ་སེལ་དུས་དཀོན་མཆོག་ལ་མཆོད་པ། །སྣུམ་ཟད་


CMR049_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཚེག་སྒྲ་འབྱིན་དུས་རང་དབང་ནི་མེད་པས། །རྟེན་གསུམ་འོད་ཀྱིས་གསལ་བའི་སྣང་གསལ་གྱི་དྷི་པཾ། །ཉམས་ཁྲིད་ཟབ་མོ་ཐོབ་པའི་སྒོམ་ཕྲུག་ནི་གསར་པ། །བདེ་གསལ་ཉམས་རྟོགས་སྐྱེ་དུས་ཕུར་ཚུགས་སུ་བསྒོམ་མཛོད། །རྣམ་གཡེང་རླུང་གིས་ཁྱེར་ན་རང་དབང་ནི་མེད་པས། །རི་ཁྲོད་དབེན་པ་བརྟེན་མཛོད་བྱ་བྲལ་གྱི་སྒོམ་ཆེན། །ཏིང་བདུན་གཙང་མ་རུ་བཤམས་པའི་ཡོན་ཆབ་ཀྱི་གཙང་མ། །གཙང་ཞིང་ཡི་ག་རུ་འོང་དུས་དཀོན་མཆོག་ལ་མཆོད་དང་། །རླུང་འཚུབ་རྡུལ་གྱིས་ཁེངས་ན་རང་དབང་ནི་མེད་པས། །ལྷ་ཚོགས་དགྱེས་པ་བསྐྱེད་མཛོད་གཙང་མ་ཡི་གྷནྡྷེ། །སྒོ་གསུམ་ཆོས་ལ་འདུན་པའི་སྐལ་ལྡན་གྱི་སྐྱེས་བུ། །ལུས་སེམས་བདེ་དུས་ཚོགས་བསགས་སྒྲིབ་སྦྱང་ལ་འབད་དང་། །ནད་གདོན་འཆི་བས་གཏུག་ན་རང་དབང་ནི་མེད་པས། །རང་རྒྱུད་གཙང་མ་རུ་ཕྱུང་མཛོད་ཆོས་ལྡན་གྱི་སྐྱེས་བུ། །ལི་དཀར་གསེར་དངུལ་འདྲེས་པའི་སྒྲ་སྙན་གྱི་རོལ་ཊྛ་མོ། །སྐད་སྙན་གདངས་འཆད་བཟང་དུས་དཀོན་མཆོག་ལ་མཆོད་དང་། །ཆག་གྲུག་དྲི་མས་གོས་ན་རང་དབང་ནི་མེད་པས། །མཆོད་དབྱངས་རམ་བུ་རུ་ཐེགས་དང་སྒྲ་སྙན་གྱི་


CMR049_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ། །དབང་ཁྲིད་གདམས་ངག་མཁས་པའི་ཚད་ལྡན་གྱི་བཤེས་གཉེན། །ཁམས་བཟང་དུས་ལ་བབ་དུས་འགྲོ་དོན་རེ་མཛོད་དང་། །བགྲེས་རྒུད་འདས་ལ་ཐུག་ཚེ་རང་དབང་ནི་མེད་པས། །ཐར་པའི་ལམ་བཟང་རེ་སྟོན་མཛོད་བསྟན་པའི་གསལ་བྱེད། །བློ་གསལ་ལག་བདེས་བཞེངས་པའི་ལྷ་བཤོས་ནི་གཙང་མ། །རྒྱན་ལྡན་བཀྲག་མདངས་བཟང་ཚེ་དཀྱིལ་འཁོར་ལ་མཆོད་དང་། །འབག་བཙོག་དྲི་མས་གོས་ཚེ་རང་དབང་ནི་མེད་པ། །བསོད་ནམས་ཚོགས་ཆེན་རྫོགས་མཛོད་བཅུད་ལྡན་གྱི་ཞལ་ཟས། །ལོངས་སྤྱོད་འབྱོར་པ་རྒྱས་པའི་དད་ལྡན་གྱི་ཡོན་བདག །འབྱོར་པ་མངའ་ཐང་ཡོད་དུས་ཆོས་ཕྱོགས་ལ་ཐོངས་དང་། །དགྲ་ཇག་དམག་གིས་ཁྱེར་དུས་རང་དབང་ནི་མེད་པས། །འཛད་མེད་གཏེར་དུ་སྦས་མཛོད་འབྱོར་ལྡན་གྱི་ཕྱུག་པོ། །ཞེས་སྨྲས་སོ། །༈ །།དགྲ་གཉེན་གྱི་དབྱེ་བ་མེད་པའི་གླུ་བཟོད་པའི་རྒྱུན་མང་ཞེས་བྱ་བ། ན་མོ་གུ་རུ་ཨཱརྱ་མེ་ཏྲི་ཡེ༈ རྒྱལ་བ་བྱམས་ཆེན་སྤྲུལ་པའི་སྐུ། །མཚུངས་མེད་ཆོས་ཀྱི་རྗེ་ལ་འདུད། །བསྐལ་པ་གངྒའི་བྱེ་མ་སྙེད། །གྲངས་མེད་ཚད་མེད་དཔག་ཏུ་མེད། །འཁོར་བའི་རྒྱ་མཚོར་


CMR049_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས་པའི་ཚེ། །ལུས་ནི་མ་བླངས་བྱ་བ་མེད། །ལུས་ཀྱི་ཤ་ཁྲག་བསགས་ན་ཡང་། །སྟོང་གསུམ་འཇིག་རྟེན་བས་ཀྱང་ཆེ། །ཁྲག་ནི་རྒྱ་མཚོ་བས་ཀྱང་མང་། །གཉེན་རྣམས་ཤི་བའི་མྱ་ངན་གྱིས། །མཆི་མ་བསགས་ན་རོལ་མཚོ་ཙམ། །དགྲ་བསད་མགོ་བོ་བཅད་པ་དག །བསགས་ན་རི་བོའི་གཏོས་དང་མཉམ། །དེ་རྣམས་དོན་མེད་སྟོང་ལས་རེད། །ཕན་པ་མེད་ཅིང་གནོད་པ་ཆེ། །སྡིག་སྒྲིབ་རང་གི་སྟེང་ན་ཡོད། །སྲོག་བཅད་དགྲ་བོ་གང་ཡིན་པ། །ཕལ་ཆེར་ལན་ཆགས་བུ་ཚར་སྐྱེས། །སྙིང་སྡུག་བུ་དང་ཆུང་མ་ཡང་། །ཕལ་ཆེར་སྲོག་གཅོད་ཤན་པར་སྐྱེས། །དྲིན་ཆེན་ཕ་མ་རྒན་རྒོན་རྣམས། །ཕལ་ཆེར་སྒོ་ནོར་སྐྱེས་ནས་བཤལ། །འཁོར་བའི་གནས་ཚུལ་དེ་འདྲ་ལ། །སུ་ཞིག་དགྲ་ཡིན་སུ་ཞིག་གཉེན། །སྐྱེ་བ་འདི་ཉིད་ཁོ་ན་ལ། །ཚེ་སྟོད་དགྲ་ལ་ཚེ་སྨད་གཉེན། །ཚེ་སྟོད་གཉེན་ལ་ཚེ་སྨད་དགྲ།། །སྔར་ལོ་གཉན་ལ་ཕྱིར་ལོ་དགྲ། །སྔར་ལོ་དགྲ་ལ་ཕྱིར་ལོ་གཉེན། །དགྲ་དང་གཉེན་གཉིས་གང་ལ་ཡང་། །བློ་གཏད་ཡོད་པར་ངས་མ་མཐོང་། །བློ་སྙིང་གཏད་སའི་གྲོགས་པོ་འགས། །བསླུས་ནས་སྲོག་


CMR049_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་བྱེད་པ་མཐོང་། །མི་ཤ་ཐུག་པའི་དགྲ་བོ་ཡང་། །གཉེན་སྦྲེལ་བཟའ་ཚང་བསྡེབ་པ་མཐོང་། །འཁོར་བའི་ཆོས་ལ་སྙིང་པོ་མེད། །སྒྱུ་མ་རྨི་ལམ་ཡུལ་དང་མཚུངས། དགྲ་ལ་དགྲ་ཡིན་བསམ་པ་ཡིས། །མནར་སེམས་སྡང་སེམས་གདུག་རྩུབ་དང་། །གཉེན་ལ་གཉེན་ཡིན་བསམ་པ་ཡིས། །ཆགས་ཞེན་ཤི་སར་འཐམ་པ་འདི། །དོན་མ་གོ་བའི་རྟགས་སུ་གདའ། །སྡང་བའི་དགྲ་བོ་སུ་ལ་ཡང་། །ཉམ་ཐག་སྡུག་བསྔལ་བྱུང་ཐོས་ཀྱང་། །དེ་ལ་དགའ་བ་མི་བསྒོམ་ཞིང་། །རང་གི་ཐུབ་དུས་བྱུང་ན་ཡང་། །ཧ་ཅང་མནར་བ་མི་ཕབ་ལ། །རང་ལ་རེ་དགོས་བྱུང་ན་ཡང་། །ཕན་ཐོགས་གང་དགོས་བསྒྲུབ་པ་དང་། །ཚེ་འདིར་ཕན་པ་མ་བྱུང་ཡང་། །ཕྱི་མར་ཕན་པའི་སྨོན་ལམ་འདེབས། །ནམ་ཡང་བློ་ཡིས་མི་བཏང་སྟེ། །ནམ་ཞིག་རྣམ་མཁྱེན་རྫོགས་པ་ཡི། །བྱང་ཆུབ་ས་ལ་སྐྱེལ་བ་ཡི། །དམ་བཅའ་སེམས་བསྐྱེད་བདག་ལ་མཆིས། །གཞན་དག་ཀྱང་ནི་དེ་ལྟར་མཛོད། །གཉེན་ལ་གཉེན་ཡིན་བསམ་པ་ཡི། །ཧ་ཅང་ཆགས་ཞེན་མི་བྱ་སྟེ། །ཁྲེལ་ཡོད་བག་དང་ལྡན་པའི་ཕྱིར། །གཉེན་ལའང་དགྲ་རུ་མི་ལྟ་བར། །ཇི་ལྟར་འཚམས་


CMR049_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐྱང་བྱ་ཞིང་། །བསྐལ་པ་གང་འཚམས་ཆོས་ལ་བཀོད། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །མི་རྟག་འབྲལ་འགྱུར་ཡིད་ལ་བཞག །འབྲལ་མི་ཕོད་པའི་གདུང་སེམས་སྐྱུར། །སྙིང་དང་འདྲ་བ་ཤི་ན་ཡང་། །ཧ་ཅང་ངུ་འཇོ་མྱ་ངན་སྤོངས། །འཁོར་བའི་ཆོས་ཉིད་ཡིན་ཞེས་བྱ། །བདག་ཀྱང་སྤྱོད་ཚུལ་འདི་ལྟར་ཡིན། །གཞན་དག་དེ་ལྟར་མཛད་ན་ལེགས། །དགྲ་གཉེན་ཐམས་ཅད་ཁྱད་པར་མེད། །ཚེ་རབས་མང་པོའི་ཕ་མ་ཡིན། །བདག་ལ་གནོད་པར་བྱེད་པ་ཡང་། །སྨྱོན་པས་རང་རྒྱུད་གསོད་པ་བཞིན། །འཁོར་བའི་ཆུ་བོས་སེམས་མྱོས་ནས། །ཉོན་མོངས་གདོན་གྱིས་བརླམས་པས་ལན། །ཁོ་ལ་རང་དབང་ག་ལ་ཡོད། །བདག་གིས་བཟོད་པར་མ་བྱས་ན། །སྨྱོན་པས་སྨྱོ་ནས་བརྡེག་པའི་ལན། །ནད་གཡོག་རྣམས་ཀྱིས་བརྡེག་དང་མཚུངས། །དེས་ན་དགྲ་གཉེན་བར་མ་ཡི། །འགྲོ་བ་གཅིག་ཀྱང་མ་ལུས་པའི། །སྡིག་དང་ལྟ་སྡུག་བསྔལ་བདག་ལ་བསྟིམ། །བདེ་སྐྱིད་དགེ་རྩ་གཞན་ལ་བསྔོ། །འདི་འདྲའི་སེམས་བསྐྱེད་བཏང་ལེན་ལ། །ཐུན་རེ་རྒྱུན་དུ་ཆག་མེད་མཛོད། །བདག་ཀྱང་ཡི་དམ་དེ་ལྟར་


CMR049_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །ཁྱེད་ཀྱང་དེ་ལྟར་ཉམས་སུ་ལོངས། །ཞེས་སྨྲས་སོ།། ༈ །།གནས་འགྱུ་ངོ་སྤྲོད་ཀྱི་གླུ་ཁྲིད་ཕྲུག་གསར་པ་དགའ་བའི་པི་ཝཾ། ན་མོ་གུ་རུ་རཏྣ་ཡེ། སྐྱབས་གནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ནི་མང་ཡང་། །རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་རང་ཡིན་པར་འདུག་གོ །དམ་ཆོས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི་མང་ཡང་། །དམ་ཆོས་ཀུན་འདུས་ཡི་གེ་དྲུག་པ་འདི་ཡིན་པར་འདུག་གོ །ཚོགས་བསགས་སྒྲིབ་སྦྱང་བྱ་ཐབས་བརྒྱ་སྟོང་ཁྲི་འབུམ་ནི་ཡོད་ཀྱང་། །སྟབས་བདེ་ཕན་ཡོན་ཆེ་བ་ཕྱག་དང་བསྐོར་བ་འདི་ཡིན་པར་འདུག་གོ །གདམས་ངག་ཟབ་ཟབ་ཁུངས་བཙུན་སྐར་ཚོགས་དང་འདྲ་ཡང་། །མོས་གུས་གསོལ་བ་འདེབས་པ་འདི་ཟབ་ཆོས་སྙིང་པོ་རུ་འདུག་གོ ། ཕྱག་རྒྱ་ཆེན་པོ་ལ་བཤད་ཆོས་རྒྱ་མཚོའི་ཆུ་བས་མང་ཡང་། །དོན་རྩ་རང་གི་སེམས་ཉིད་རིག་རིག་ཏུར་ཏུར་འདི་ཡིན་པར་འདུག་གོ །ཉམས་ལེན་སྐྱོང་ཚུལ་གྱི་ཁྲིད་རིམ་ལོ་ཡག་གི་སྙེ་མ་དང་འདྲ་བར་གདའ་སྟེ། །མ་ཡེངས་རང་ངོ་རྒྱུན་དུ་སྐྱོང་བ་འདི་ཉམས་ལེན་གྱི་དངོས་གཞི་རང་ཡིན་པར་འདུག་གོ །གནས་པ་གནས་པ་ཟེར་ཡང་མི་དྲན་ཀྱི་ལེར་གནས་པ་


CMR049_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིན་པར་འདུག་གོ །སྟོང་ཉིད་སྟོང་ཉིད་ཟེར་ཡང་གཟུགས་དང་ཁ་དོག་མེད་པ་འདི་ཡིན་པར་འདུག་གོ །འགྱུ་བ་འགྱུ་བ་ཟེར་ཡང་མི་དྲན་དགུ་དྲན་མི་འཕྲོ་དགུ་འཕྲོ་འདི་ཡིན་པར་འདུག་གོ །མ་རིག་མ་རིག་པ་ཟེར་ཡང་རང་ངོ་རང་གིས་མ་རིག་པ་འདི་ཡིན་པར་འདུག་གོ །རིག་པ་རིག་པ་ཟེར་ཡང་རང་སེམས་རང་གིས་རིག་པ་འདི་ཡིན་པར་འདུག་གོ །སེམས་ངོ་མཐོང་སེམས་ངོ་མཐོང་ཟེར་བ་སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པར་མཐོང་བ་འདི་ཡིན་པར་འདུག་གོ །སྒོམ་ཆེན་སྒོམ་ཆེན་ཟེར་བ་ཡང་འདི་སྒོམ་གྱི་དམིགས་གཏད་མེད་པར་བསྒོམ་པ་འདི་ཡིན་པར་འདུག་གོ །ལྟ་བ་ལྟ་བ་ཟེར་ཡང་རང་སེམས་རང་གི་ལྟ་བ་འདི་ཡིན་པར་འདུག་གོ །སྒོམ་པ་སྒོམ་པ་ཟེར་ཡང་དེ་ལ་རྒྱུན་དུ་གོམས་འདྲིས་བྱེད་པ་འདི་ཡིན་པར་འདུག་གོ །སྤྱོད་པ་སྤྱོད་པ་ཟེར་ཡང་དགེ་བསྒྲུབ་སྡིག་སྤང་ལ་བརྩོན་པ་འདི་ཡིན་པར་འདུག་གོ །འབྲས་བུ་འབྲས་བུ་ཟེར་ཡང་རང་སེམས་ལ། །བརྟན་པ་ཐོབ་པ་ཞིག་ཡིན་སྐད་ཐོས་སོ། །ཞེས་སྨྲས་སོ། །དག་སྣང་སྦྱང་བའི་གླུ་སྣང་བ་རྒྱ་ཡན་གྱི་རོལ་མོ་ཞེས་བྱ་བ། ན་མོ་སརྦ་ཏ་ཐཱ་ག་ཏ་ཡེ།


CMR049_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་རྒྱལ་བ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སངས་རྒྱས་སེམས་ཅན་ཟེར་བ་དེ། །རང་སེམས་དག་དང་མ་དག་ལས། །དོན་གཞན་ལ་ཡོད་སྐད་ངས་མ་ཐོས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་རྒྱལ་བའི་ཐུགས་ཀྱིས་ཁྱབ། །ཐམས་ཅད་འོག་མིན་ཆོས་ཀྱི་དབྱིངས། །སེམས་ཅན་སངས་རྒྱས་མཉམ་པ་ཡིན། །ཐམས་ཅད་བདེ་གཤེགས་སྙིང་པོའི་འཕྲུལ། །བདུད་དང་ལྷ་ཡང་ཆོས་ཉིད་གཅིག །ཐམས་ཅད་ཀུན་བཟང་ཆོས་ཀྱི་དབྱིངས། །འདི་འདྲ་དངོས་སུ་རྟོགས་དཀའ་ཡང་། །གསང་སྔགས་ཟབ་མོའི་བྱིན་རླབས་ཀྱིས། །གོ་བའི་ངེས་ཤེས་གནད་གསང་རིག །ཨ་ལ་ལ་ཧོ་ངོ་མཚར་ཆེ། །ཨ་ལ་ལ་ཧོ་ངེས་པའི་དོན། །ཨ་ལ་ལ་ཧོ་གསང་སྔགས་ཆོས། །ཨ་ལ་ལ་ཧོ་ང་རེ་སྐྱིད། །ཀུན་རྫོབ་སྒྱུ་མའི་སྣང་བ་ཡང་། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཁམས། །རྣམ་སྣང་ཆེན་པོའི་ཕྱག་གིས་འཛིན། །ཞིང་འདི་ཐུགས་ཀའི་ཐད་དུ་ཡོད། །འཇིག་རྟེན་འདི་ཡང་བྱིན་རླབས་ཆེ། །ཁྱད་པར་ལྷོ་རྒྱལ་འཛམ་བུའི་གླིང་། །གླིང་བརྒྱད་ནང་ནས་མཆོག་ཏུ་བསྔགས། །སངས་རྒྱས་སྟོང་


CMR049_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་བྱིན་གྱིས་བརླབས། །བྱིན་རླབས་ཆེའོ་གླིང་རེ་བཟང་། །ཡང་སྒོས་བོད་ཡུལ་ཁ་བ་ཅན། །ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས། །གནས་ཆེན་གཙུག་ལག་དུ་མས་བརྒྱན། །སངས་རྒྱས་བསྟན་པའི་ཉི་མ་ཤར། །ཡུལ་གླིང་བཟང་པོ་བྱིན་རླབས་ཆེ། །སྔོན་ཚེ་རྒྱལ་བས་ལུང་བསྟན་པའི། །སངས་རྒྱས་སྤྲུལ་པ་མང་དུ་བཞུགས། །དུས་ཚོད་བཟང་ངོ་བསྐལ་བ་བཟང་། །རབ་ཏུ་བྱུང་བ་ཐམས་ཅད་ཀྱང་། །ཚུལ་ཁྲིམས་ལྡན་ནམ་འཆལ་ཡང་རུང་། །མོས་པའི་རྟེན་ལས་མི་འདའ་བར། །འབྲས་བུ་ཐོབ་པར་ཐུབ་པས་གསུངས། །ཐམས་ཅད་སྐྱབས་གནས་དགེ་འདུན་མཆོག །ངུར་སྨྲིག་ཚོས་ཀྱིས་བསྒྱུར་ཙམ་ཡང་། །ལྷ་དང་བཅས་པའི་འཇིག་རྟེན་གྱིས། །མཆོད་པའི་རྟེན་དང་ཚོགས་ཀྱི་ཞིང་། །སེར་གོས་མནབ་པ་ཐམས་ཅད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །དང་པོའི་ས་ཐོབ་ཡན་ཆད་ལ། །བདུད་དམག་བྱེ་བ་ཁྲག་ཁྲིག་སྒྱུ་གིས། །བ་སྤུའི་རྩེ་མོ་བསྒུལ་མི་ནུས། །བསྟན་དང་བསྟན་འཛིན་སྐྱེས་ཆེན་ལ། །ཚབས་ཆེན་གནོད་པ་བྱེ་བ་ཡང་། །རྨུ་རྒོད་སྐལ་མེད་སེམས་ཅན་རྣམས། །རྒྱལ་དང་རྒྱལ་


CMR049_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྟན་པ་ལ། །བཟང་ངན་འབྲེལ་པ་ཐོགས་ཕྱིར་ཡིན། །སངས་རྒྱས་ཉིད་ཀྱི་སྤྲུལ་པ་ལས། །གཞན་གྱིས་གནོད་པར་ག་ལ་ནུས། །གཤེ་དང་དད་དང་གླེང་མོ་སོགས། །ཅུང་ཟད་འབྲེལ་པ་གང་ཐོབ་པ། །ཐམས་ཅད་འཁོར་བ་མཐའ་ཅན་ཏེ། །རྒྱལ་བའི་མཛད་པ་ཨེ་མ་ཧོ། །དེང་སང་སྐྱ་སེར་ཕལ་ཆེར་ཞིག །ཤཱཀ་ཐུབ་བསྟན་པའི་བཀའ་དྲིན་གྱིས། །སེམས་བསྐྱེད་དབང་བསྐུར་མ་ཐོབ་མེད། །ཐམས་ཅད་འཁོར་བ་མཐའ་ཅན་ཏེ། །མ་འོངས་སངས་རྒྱས་ཨེ་མ་ཧོ། །འགྲོ་དྲུག་སེམས་ཅན་མ་ལུས་པ། །ཐམས་ཅད་བདེ་བཤེགས་སྙིང་པོས་ཁྱབ། །ཏིལ་མར་ཇི་བཞིན་སངས་རྒྱས་རིགས། །གཞི་དུས་སངས་རྒྱས་ཨེ་མ་ཧོ། །སྐྱོན་རྣམས་ཐམས་ཅད་རང་སྐྱོན་ཡིན། །གཞན་གྱི་དྲི་མ་ནག་བག་རྣམས། །མེ་ལོང་ནང་དུ་འཆར་དང་མཚུངས། །སེམས་ཅན་སུ་ལའང་སྐྱོན་མ་མཆིས། །མ་རུངས་མི་སྲུན་སེམས་ཅན་ཡང་། །བཟོད་པ་བསྒོམ་པའི་བཤེས་གཉེན་མཆོག །སེམས་ཅན་འདི་དག་ལ་བརྟེན་ནས། །སངས་རྒྱས་ཐམས་ཅད་རྫོགས་སངས་རྒྱས། །གཞན་གྱི་སྐྱོན་གྱིས་འཁོར་བ་རུ། །ལྟུང་བའི་སེམས་ཅན་གཅིག་ཀྱང་མེད། །བདག་ནི་


CMR049_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཉེས་པ་ཡིས། །ད་བར་འཁོར་བའི་རྒྱ་མཚོར་འཁོར། །དབུལ་ཕོངས་སེམས་ཅན་མེད་ན་ནི། །སྦྱིན་པའི་ཕར་ཕྱིན་ཇི་ལྟར་རྫོགས། །གཤེ་སྐུར་གནོད་སྐྱེལ་མཁན་མེད་ན། །བཟོད་པའི་ཕར་ཕྱིན་ཇི་ལྟར་རྫོགས། །བསླུ་བྲིད་སྨད་འཚོང་མེད་ན་ནི། །ཚུལ་ཁྲིམས་ཕར་ཕྱིན་ཅི་ལྟར་རྫོགས། །དཔེར་ན་འདི་དག་ཐམས་ཅད་ནི། །རང་རྒྱུད་དག་ནི་ཆོས་ཀྱི་གྲོགས། །དགེ་བའི་བཤེས་གཉེན་དམ་པ་ཡིན། །བདག་ནི་དེང་ནས་བྱང་ཆུབ་བར། །གཞན་སྐྱོན་བྱ་ར་མི་བྱ་བར། །རང་སྐྱོན་མཚང་ནས་འདོན་པར་ཤོག །གསུངས་སོ། །ཞེས་པ་གློ་བུར་དུ་དག་སྣང་གི་ཉམས་བཟང་པོ་བཅོས་མིན་ཞིག་སྐྱེས་ནས་སྨྲས་ཏེ་ཉམས་འདི་རྟག་ཐུབ་པར་དཀའོ་སེམས།།་་་།རང་ལ་ཉམས་མྱོང་ཅུང་ཟད་སྐྱེས་ཚུལ་གྱི་གླུ་ཤུལ་རིང་མགྲོན་པོའི་སྐྱོ་གླུ་རིང་མོ་ཞེས་བྱ་བ། ན་མོ་མ་ཧཱ་མུ་ཏྲ་ཡེ། སྐྱབས་བསླུ་མེད་དགོས་འདོད་འབྱུང་བའི་ནོར། །དོན་རང་སེམས་ཆོས་ཀྱི་སྐུ་ལ་འདུད། །དུས་དེང་སང་ཆོས་པར་ཙ་མིང་བཏགས་པའི། །མཚམས་འདག་ཆར་བྱེད་པའི་སྤྲང་པོ་བདག །ཚེ་སྔོན་གྱི་སྨོན་ལམ་འབྲེལ་བ་ཡིས། །ཆུང་བྱིས་པ་ལོ་ལྔའི་དུས་ཙམ་ན། །མཚན་ཡོངས་གྲགས་འབྲུག་


CMR049_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བསྟན་འཕེལ་བས། །ཆོས་ཕྱག་ཆེན་འཆད་པའི་ཆོས་རར་རྒྱུག །བསྒོམ་གནས་འགྱུའི་དོན་ལ་འཕྲིག་ཚུད་ཀྱང་། །ངོ་སྤྲོད་མཁན་མེད་པས་ཕྱི་ནར་ལུས། །ཆུང་ལོ་ངོ་དྲུག་ཙམ་ལོན་པའི་དུས། །རྗེ་མི་ལའི་མགུར་འབུམ་བཏོན་ཙམ་གྱིས། །བསྒོམ་རྟོག་མེད་ཞི་གནས་ཡུན་རིང་འབྱམས། །འདི་ཅི་ཡིན་དྲིས་ཀྱང་བཤད་མཁན་མེད། །ཆུང་ལོ་ངོ་བརྒྱད་དགུ་ཙམ་གྱི་དུས། །ཡབ་སློབ་དཔོན་སྦས་པའི་རྣལ་འབྱོར་པས། །བསྒོམ་གནས་འགྱུ་སྐྱོང་ཚུལ་ཁ་བསླབས་བྱས། །དུས་དེ་ནས་རྒྱུན་དུ་སྐྱོང་ལོ་བྱས། །སེམས་གནས་དགའ་འགྱུ་སྡུག་ཡར་སྐྱེད་མེད། བདག་ལོ་ངོ་བཅུ་བདུན་ལོན་པའི་དུས། །རྗེ་ཚེར་ལུང་དྲུང་པའི་ཉམས་ཁྲིད་ཐོབ། །རང་གོ་རྟོག་སྐྱེས་ཚུལ་མདུན་དུ་ཞུས། །བསྒོམ་གནས་འགྱུའི་ངོ་སྤྲོད་མཛུབ་ཚུགས་མཛད། །དེ་མ་སྐྱུར་གོམས་འདྲིས་བྱས་ན་ཡང་། །དུས་དང་པོ་འགྱུ་བ་ངོས་བཟུང་ནས། །དེ་རང་ངོ་ལྟ་ནས་རང་ཞིར་བཏང་། །དེ་ཞི་བའི་ངང་ལ་མ་ཡེངས་ལྟ། །དེ་རྣམ་རྟོག་ཕྲེང་བ་བསྒྲང་བ་འདྲ། །ཡུན་རིང་ན་སུན་སྣང་ཆེ་བར་བྱུང་། །བདག་ཕོ་ལོ་ཉི་ཤུ་ལོན་ཙ་ན། །རྗེ་མཆོག་གི་སྤྲུལ་སྐུས་ཁྲིད་ཆེན་ཐོབ། །ཚིག་


CMR049_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་ལ་བློ་རྩེ་གཏད་པ་དེས། །ཉམས་རྟོགས་པ་ལ་ཡར་སྐྱེད་མ་བྱུང་ཡང་། །བློ་བཟློག་མེད་ཀྱི་དད་པ་བསྟན་པོ་སྐྱེས། །ད་ཅི་མཛད་ཁྱེད་ཤེས་ཀྱི་བློ་སྙིང་གཏད། །བདག་རང་ལོ་ཉེར་གསུམ་ལོན་པའི་དུས། །རྗེ་བྱ་བཏང་དྲུང་ཡིག་ཆེན་པོ་དང་། །དཔལ་རྒྱལ་དབང་བཅུ་པས་ངོ་སྤྲོད་ཐོབ། །སེམས་གནས་ཉམས་རྒྱ་མཚོ་དྭངས་པ་བཞིན། །དེ་ཟླ་བ་དྲུག་ཙམ་འཕོ་འགྱུར་མེད། །ལུས་ནད་ཚ་འཁྱགས་ལྟོགས་ཀྱིས་ཟིལ་མི་ནོན། །བློ་ཆོས་བརྒྱད་ཀྱི་མགོ་བོ་སྙོམས་སྙམ་བྱེད། །དེ་སྐབས་སུ་དྭགས་པོའི་ཐར་རྒྱན་བཟུང་། །ལས་རྒྱུ་འབྲས་ལ་འཕྲིགས་ཤིག་དེ་ནས་ཚུད། །ལས་མི་དགེ་སྤྱོད་རེ་ཞེ་མནའ་ཤོར། །ལྷ་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་། །ལུས་སོར་མཛུབ་མཆོད་པའི་སྒྲོན་མེར་སྦར། །རྒྱུ་བྱང་ཆུབ་མཆོག་གི་སེམས་བསྐྱེད་ཞུས། །བློ་གཞན་ཕན་གྱི་བསམ་པ་དེ་ནས་སྐྱེས། །བདག་རང་ལོ་ཉེར་བཞིའི་ལོ་མཇུག་ལ། །རྗེ་དྲུང་པའི་འདྲ་སྐུ་མཇལ་བའི་དྲུང་། །ཚོགས་མཆོད་པ་ཕུལ་ཞིང་གསོལ་བ་བཏབ། །ལུས་བདེ་ཉམས་ལུས་སེམས་ཞུ་བ་འདྲ། །ཉིན་སྤྱོད་ལམ་རྣམ་བཞིར་ཁོར་མོ་ཡུག །དེ་ཉིན་ཞག་གཅིག་ལས་རྟག་


CMR049_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུབ། །བདག་རང་ལོ་ཉེར་ལྔ་ལོན་པའི་དུས། །མཚམས་རྡོག་མཚམས་ཆོས་དྲུག་དམིགས་རིམ་བསྒོམ། །རྗེ་རིགས་བདག་མཆོག་གི་སྤྲུལ་པའི་སྐུ། །སྐུའི་ལུས་དཀྱིལ་ནང་དུ་དབང་བསྐུར་ནས། །དོན་བདེ་སྟོང་ཡེ་ཤེས་ངོ་སྤྲོད་པར། །དེ་རྨི་ལམ་སྣང་བ་ཡིན་ན་ཡང་། །སེམས་བདེ་སྟོང་དབྱེར་མེད་ཉམས་བཟང་པོར། །ཞག་དྲུག་བདུན་བར་དུ་བརྟན་པར་བྱུང་། །བདག་རང་ལོ་ཉེར་བདུན་ལོན་ཙམ་ན། །དཔལ་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་མཇལ། །ཆོས་འཆི་མེད་རྣམ་གཉིས་དམིགས་ཐུན་གནང་། །ཆོས་བསྐྱེད་རྫོགས་ལ་གསལ་ཆ་དེ་ནས་ཐོན། །དེ་ཡན་ཆད་སྐབས་སུ་ཉམས་བཟང་ཡང་། །དུས་ཕལ་ཆེར་གནས་འགྱུ་སྐྱོང་དེད་རང་། །སྲུང་མི་བདེ་ཞེ་བ་སུན་པར་བྱུང་། །བདག་རང་ལོ་སོ་གཅིག་མཚམས་ཀྱི་དུས། །རྗེ་མཆོག་གི་སྤྲུལ་སྐུའི་བླ་སྒྲུབ་ལ། །ངག་གསོལ་འདེབས་རྒྱང་འབོད་ཐུན་བཞིར་བྱས། །ལུས་མཚམས་བསྡམས་སྒྲོལ་དཀར་བསྙེན་པ་བྱས། །སེམས་རྟོགས་པའི་བོགས་ཤིག་དེ་ནས་བྱུང་། །སེམས་འགྱུ་བ་རྣམ་རྟོག་ཅི་ཤར་ཡང་། །དཔེ་མཚོ་ལ་ཁ་བ་བབ་པ་བཞིན། །སེམས་རྣམ་རྟོག་བསྒོམ་དུ་དེ་ནས་ཤར། །


CMR049_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བསྒོམས་ཀྱང་མི་དཀའ་འཚེར་བག་མེད། །ཉམས་དེ་འདྲ་ཟླ་བ་བཞི་ལྔ་ཙམ། །ད་རྣམ་གཡེང་ཅིས་ཀྱང་མི་གནོད་སྙམ། །ལུས་རྣམ་གཡེང་ཆེ་བས་ཁད་ཀྱིས་འགྲིབ། །སེམས་དྲན་རྫི་ནམ་ཟིན་ཁྱད་མེད་ཀྱང་། །དུས་ཕལ་ཆེར་དྲན་རྗེས་མ་ཟིན་འཁྲུལ། །བདག་རང་ལོ་སོ་དྲུག་ལོན་པའི་དུས། །རྗེ་དྲུང་སྐྱིད་སྤྲུལ་པའི་སྐུ་དང་མཇལ། །སེམས་དག་སྣང་དགའ་བྲོད་དཔག་མེད་ཤར། །ལུས་བདེ་ཉམས་ལུས་སེམས་བདེ་བས་ཁྱབ། །སེམས་མི་གཡོ་རྒྱ་མཚོ་དྭངས་མ་བཞིན། །སེམས་རྣམ་རྟོག་འཕྲོ་འདུ་མང་ཉུང་ཡང་། །དཔེ་མཚོ་དང་རླབས་བཞིན་རང་སར་ཞི། །ཉིན་སྤྱོད་ལམ་ཕལ་ཆེར་འདུ་འབྲལ་མེད། །ཕྱི་རྣམ་གཡེང་ཅིས་ཀྱང་གནོད་མི་ནུས། །ལུས་ངལ་དུབ་མེད་ཅིང་སེམས་རྒྱུད་དུལ། །དེ་མ་འགྲིབས་ཟླ་བ་བརྒྱད་དགུར་གནས། །བདག་རང་ལོ་སོ་བདུན་ལོ་མཇུག་ལ། །སྲུ་གྲོང་ཆོག་སྤང་བར་དམ་བཅས་ནས། །ལོ་བཅུ་གསུམ་སྒྲུབ་ཨུཎྜ་པའི་དམ་བཅའ་བྱས། །མཚམས་འདག་ཆར་གཅིག་ཀྱང་ངོ་མ་གཏུག །ངག་སྨྲ་བཅད་ཐུན་མཚམས་ངག་མ་བཏང་། །དོན་བསྐྱེད་རྫོགས་བསྙེན་སྒྲུབ་བརྩོན་འགྲུས་བསྐྱེད། །


CMR049_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་རྨི་ལམ་གསལ་བའི་འོད་གསལ་ནི། །ཉམས་མཚར་མཚར་འདྲ་བ་ལན་གྲངས་མང་། །ལོ་གཉིས་ཙམ་སོང་བའི་དུས་ཙམ་ན། །ཕྱི་ནམ་མཁས་གར་ཁྱབ་འཁོར་འདས་ཀུན། །རང་སེམས་ཀྱིས་ཁྱབ་ནི་འདུག་སྙམ་བྱེད། །དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ། །རང་གོལ་བའི་ས་ཡང་ཡིན་གྱིས་དོགས། །དུས་རེས་འགའ་སྣང་སྲིད་འཁོར་འདས་ཀུན། །སེམས་རང་ལས་གཞན་དུ་མ་གྲུབ་པར། །དེ་མངོན་སུམ་རྟོགས་པའི་སྣང་བར་སྐྱེས། །དེ་གོ་བའི་སྐྱ་རིས་ཡིན་ཡང་དོགས། །ཡར་རྒྱལ་བའི་ཐུགས་དང་རང་གི་སེམས། །མར་འགྲོ་དྲུག་སེམས་ཅན་སེམས་རྒྱུད་རྣམས། །དོན་དབྱེར་མེད་གཅིག་ཏུ་འདྲེས་སྙམ་བྱེད། །དེ་ལྟ་བ་འཁོར་འདས་དབྱེར་མེད་པ། །ད་འདི་ཉིད་རེད་སྙམ་ངེས་ཤེས་སྐྱེད། །དེ་གོ་ཡུལ་ཙམ་ཡང་ཡིན་གྱིས་དོགས། །དུས་དེ་རྗེས་ལོ་གསུམ་ཙམ་གྱི་དུས། །རྗེ་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་པས། །ཆོས་ཕྱག་ཆེན་ངོ་སྤྲོད་གནང་བ་རྨིས། །དུས་དེ་ནས་སྔར་དང་མི་འདྲ་བའི། །ཉམས་རྟོགས་པ་ཤིན་ཏུ་མཚར་བ་སྐྱེས། །སྔར་བསྒོམ་པའི་ཉམས་རྟོགས་ལེགས་ལེགས་ཚོ། །བསྒོམ་བསམ་པའི་འཛིན་པས་བསླུས་ནས་གདའ། །ད་


CMR049_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྒོམ་གྱི་གཏད་སོ་ཅང་མེད་པས། །དོན་སྤྲོས་མེད་ཐ་མལ་རྗེན་ནེ་བ། །བློ་འཛིན་པའི་ཐུག་རེག་སྤུ་ཙམ་མེད། །དོན་དེ་འདྲའི་རྟོགས་པ་སྐྱེས་ཙམ་ན། སྐབས་སྐབས་སུ་ཐེ་ཚོམ་གྱི་རྣམ་རྟོག་ལྡང་། །སྔར་བསྒོམ་དང་ད་ལྟ་ཡེ་མ་ཅིག །སྔར་ངེས་ཤེས་དང་རྗེན་ནེ་ལྷང་ངེ་ཡོད། །ད་ངེས་ཤེས་ཀྱི་འཛིན་པ་ནང་ནས་ཞིག །སྔར་བལྟ་རྒྱུ་དང་ལྟ་མཁན་གཉིས་སུ་ཡོད། །ད་བལྟ་རྒྱུ་དང་ལྟ་མཁན་གཅིག་ཏུ་འདྲེས། །བདག་ཅི་ཡང་མེད་པའི་སྐྱེ་མཆེད་དུ། །རང་གོལ་གྱིས་དོགས་ཏེ་བློ་མ་བདེ། །ཕ་བཀའ་བརྒྱུད་བླ་མའི་གསུང་མགུར་བལྟས། །བསྒོམ་ངོ་བོ་མཐོང་བར་ད་གཟོད་རྟོགས། །དོན་ངོ་བོ་དེ་ཕྱིར་འགྱུར་མེད་ཀྱང་། །ཉམས་མཐོ་དམན་འཕར་སྡང་ད་རུང་མང་། །ལོ་ཆུ་སྦྲུལ་ཤིང་རྟའི་ལོ་མཚམས་ལ། །ཉམས་རྨི་ལམ་རྩུབ་འཁྲུགས་ཆོ་འཕྲུལ་ཆེ། །ལུས་མི་བདེ་ན་ཚ་དྲག་པོ་ལྡང་། །སླར་ཆོ་འཕྲུལ་ཅུང་ཙམ་འཇམ་པའི་མཚམས། །ཕ་མཉམ་མེད་དྭགས་པོ་ལྷ་རྗེ་དང་། །རྗེ་ཕག་གྲུ་དང་སྐྱོབ་པ་ཐང་པ་བཞི། །དེ་རྨི་ལམ་དུ་མཇལ་བས་འོད་གསལ་ཟིན། །གཉིད་སད་དུས་གཉིད་མཐའ་བསྒོམ་གྱིས་བསུས། །ཉམས་རྟོགས་


CMR049_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔར་དང་མི་འདྲ་སྐྱེས། །དུས་ཐ་མལ་གྱི་སེམས་ཉིད་རྗེན་པ་འདི། །བསྒོམ་ཕྱག་རྒྱ་ཆེན་པོར་ཧྲིག་གེ་རྟོགས། །སེམས་དྲན་རྫིས་ཟིན་དང་མ་ཟིན་མེད། །སེམས་ཡེངས་དང་མ་ཡེངས་ཁྱད་པར་མེད། །དོན་ཕྱག་རྒྱ་ཆེན་པོར་ཡེར་གྱིས་རྟོགས། །ཨ་མཚར་པོ་ཐ་མལ་གྱི་རྣམ་རྟོག་འདི། །བཟོ་བཅོས་དང་དགག་སྒྲུབ་མ་དགོས་པར་། །གཞི་གདོད་ནས་ཆོས་སྐུར་འདུག་པ་ལ། །ད་བར་དུ་ཧ་རེ་ལོང་བར་ལོང་། །ད་བར་དུ་མ་རྟོགས་ཅིས་ལེན་ཨང་། །དེ་བསམ་ཞིང་རང་ལ་ཁྲེལ་བགད་ཤོར། །ཉམས་དེ་འདྲ་ཞག་འགའི་བར་དུ་བྱུང་། །དེར་ངོ་བོར་འགྱུར་བ་མ་མཆིས་ཀྱང་། །ཉམས་མཐོ་དམན་གསལ་འགྲིབ་ད་རུང་གདལ། །གཞི་ནམ་མཁའ་འགྱུར་བ་མ་མཆིས་ཀྱང་། །རྐྱེན་ཉི་ཟླ་ལྷོ་སྤྲིན་གསལ་འགྲིབ་བཞིན། །དུས་རེས་འགའ་ཆོས་ཀུན་སྟོང་པར་རྟོགས། །ཕྱི་ས་རྡོ་རི་བྲག་ཡུལ་སྣང་ཀུན། །དེས་མཚོ་ལ་ཟླ་གཟུགས་བཀྲ་བ་བཞིན། །དབྱིབས་ཁ་དོག་བཀྲ་ཡང་ངོ་བོ་སྟོང་། །དེ་བཅོས་མིན་དངོས་སུ་རྟོགས་སྙམ་ཡང་། །དོན་དངོས་འཛིན་འཁྲུལ་པ་ཞིག་མ་ཐུབ། །ཕར་ལག་པས་རེག་ན་སྲ་མཁྲེགས་སྣང་། །དུས་རེས་འགའ་བསྐྱེད་རྫོགས་


CMR049_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་དུ་འཇུག །དབྱིབས་ལྷ་སྐུར་གསལ་ཡང་ངོ་བོ་སྟོང་། །དཔེ་ནམ་མཁར་ཤར་བའི་འཇའ་ཚོན་བཞིན། །དེ་འོན་ཀྱང་སྒྲིབ་པ་དག་མ་ཐུབ། །ལྷ་ཡི་དམ་དངོས་སུ་མཇལ་མ་མྱོང་། །དུས་རེས་འགའ་སྟོང་ཉིད་སྙིང་རྗེ་འབྲེལ། །དོན་སྟོང་པའི་རང་མདངས་སྙིང་རྗེར་ཤར། །ད་འོན་ཀྱང་བདག་གཞན་བརྗེ་མ་ཐུབ། །སྡང་དགྲ་བོས་བཅོམ་དོགས་བརྡུང་དོགས་གདའ། །དུས་རེས་འགའ་རྣམ་གཡེང་འཁྲུལ་པས་ཁྱེར། །ཉམས་སྟོར་ནས་སྐབས་འགར་འཁྲུལ་པར་ཤོར། །དོན་མཉམ་རྗེས་འདྲེས་པ་ད་རུང་མེད། །ཆོས་གསང་སྔགས་གསང་བར་བསྔགས་པའི་ཕྱིར། །ཉམས་རྟོགས་པ་གསང་ན་གསལ་མོད་ཀྱང་། །མི་གཞན་ལ་ཨེ་ཕན་བསམས་ནས་བརྗོད། །ངས་བྱས་ཀྱི་ངོ་སོ་མ་ལགས་ཀྱང་། །ངོམས་ཆོག་པའི་ཉམས་རྟོགས་བདག་ལ་མེད། །ཆུང་ལོ་བརྒྱད་ལོན་ནས་ད་ལྟའི་བར། །བསྒོམ་གནས་འགྱུ་མ་བསྒྱུར་བསྐྱངས་ལགས་ཀྱང་། །ཉམས་རྟོགས་པ་ཞན་བྱཱ་བོའི་འགྲོས་དང་འདྲ། །སེམས་ཕམ་པར་མཆིས་ཏེ་བྱ་ཐབས་བྲལ། །ལོ་བཅུ་བདུན་ལོན་ནས་ཉམས་ཁྲིད་ཐོབ། །ངས་བློ་མང་གི་སད་སུད་མ་མང་བར། །ཉམས་རྟོགས་པ་ལ་


CMR049_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་འབད་ལགས་ན། །དུས་ད་ཙམ་དོན་ཆེན་འགྲུབ་ཚོད་གདའ། །ཕྱི་ཐོས་པའི་སྒྲོ་འདོགས་གཅོད་སྙམ་ནས། །སྣ་མང་གི་ཡོན་ཏན་བསླབ་པས་ཕུང་། །དེ་བསམ་ཤིང་འགྱོད་པ་ཡང་ཡང་སྐྱེས། །ཕྱི་རབས་ཀྱི་སྒོམ་ཕྲུག་གསར་པ་རྣམས། །ང་བཞིན་དུ་བློ་སྣ་མ་མང་བར། །ཕུར་ཚུགས་སུ་ཉམས་ལེན་སྐྱོངས་ཤིག་ཨང་། །ཞེས་སྨྲས་སོ།། ༈ །།རང་སྐྱོན་ཐམས་ཅད་འཚངས་ནས་འདོན་པའི་གླུ་སྙིང་གྲོགས་ཀྱིས་ནང་བཙང་པ་ལྟ་བུ་ཞེས་བྱ་བ། ན་མོ་སརྦ་བིདྱ་ཡེ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཚོགས། །ཡེ་ཤེས་སྤྱན་གྱིས་ཉིན་མཚན་དུ། །འགྲོ་དྲུག་ལ་སོ་སོར་གཟིགས་མཛད་ཕྱིར། །རང་སྐྱོན་འདི་སྦས་པས་དག་མ་ཐུབ། །དེ་དག་ཀུན་ཐུགས་ཀྱིས་ཁྲེལ་ཏེ་མཆིས། །མཁའ་འགྲོ་དང་ཆོས་སྐྱོང་ཡུལ་གྱི་ལྷ། །ཟག་བཅས་དང་ཟག་མེད་མངོན་ཤེས་ཅན། །དེ་དག་ཀུན་མངོན་སུམ་དཔང་པོར་མཆིས། །ཆོས་པ་རུ་བརྫུ་བའི་གཡོ་ཟོལ་ཅན། །དཀོར་ཟན་གྱི་སྤྲང་པོ་ང་ཨ་ཙ་མ། །དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་སྙམ་ཡང་། །སྤར་སྐུ་སོགས་རླུང་རྙིང་ཐལ་བར་ནུབ། །དཔེ་རུལ་གྱི་ཆད་དུམ་རྡོག་པས་བརྫི། །བནྡེ་ཞིག་རྨིས་ན་


CMR049_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་འགོང་ཟེར། །སྐྱབས་འགྲོའི་བསླབ་པ་ཨ་ཙ་མ། །ཀུ་རེ་ལ་དགའ་བས་རྫུན་ཚིག་སྨྲ། །གསེར་དངུལ་ཞིག་རྙེད་ན་ཕུགས་སུ་སྦ། །དགེ་བསྙེན་དང་དགེ་ཚུལ་ཨ་ཙ་མ། །དགེ་སློང་ཚད་ལྡན་ཞིག་ཡིན་རློམ་ཡང་། །ཕྲ་ཞིབ་ཀྱི་ཉེས་ལྟུང་རྣམ་གྲངས་མང་། །ཉིས་བརྒྱ་དང་ལྔ་བཅུ་རྩ་བཞིའི་ཁྲིམས། །ཐམས་ཅད་ཀྱང་རྣམ་གྲངས་ཡིད་གཟུང་དཀའ། །ལྟུང་བ་སྡེ་ལྔ་ཡང་ཨ་ཙ་མ། །སྤོས་མེ་སོགས་མེ་ཞིག་ལན་གྲངས་མང་། །མེ་རེག་གི་ལྟུང་བ་ཨ་ཙ་མ། །སྣམ་སྦྱར་ནི་སྔ་ནས་འཚགས་རྒྱུ་མེད། །བྲལ་ལྟུང་གི་ཉེས་པ་ཨ་ཙ་མ། །ལྷུང་བཟེད་ལ་རྒྱུན་དུ་ཟ་བ་འདི། །དགེ་སྦྱོང་གི་རྣམ་ཐར་ཡིན་སྙམ་ཡང་། །བཀྲུ་བཤལ་ནི་མ་འཕྲོད་ཟས་དྲི་འགོས། །ཡི་དྭགས་སུ་སྐྱེས་ན་ཨ་ཙ་མ། །ཆུ་ཚགས་དང་རུང་ཆུ་ལ་སོགས་པ། །ལོ་འགའ་རུ་བྱས་ཀྱང་ཕྱི་ནས་ལུས། །ཉེས་བྱས་ཀྱི་ཉེས་སྒྲིབ་ཨ་ཙ་མ། །བྱང་ཆུབ་ཀྱི་སེམས་བསྐྱེད་བླངས་ན་ཡང་། །འཁོར་བའི་སྡུག་z་བསྔལ་འདི་ལ་སྐྲག །བདེ་ཆེན་གྱི་ཞིང་དུ་སྐྱེ་འདོད་ཆེ། །ཐེག་དམན་དུ་ལྟུང་དོགས་ཨ་ཙ་མ། །སྙིང་རྗེ་དང་བཏང་ལེན་བསྒོམས་ལགས་ཀྱང་། །རང་ཉིད་སྡུག་དོགས་ཀྱི་རིམ་


CMR049_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་འབད། །གཏོར་ཆོས་ཀྱི་བཏང་ལེན་ཨ་ཙ་མ། །སློབ་མ་འདྲ་འགའ་རེ་བསྐྱངས་ལགས་ཀྱང་། །བརྒྱུད་པ་རེ་བཟང་ན་དགའ་སྣང་བྱེད། །ཕྱོགས་རིས་ཀྱི་འགྲོ་དོན་ཨ་ཙ་མ། །ཚེ་མཇུག་ལ་འགྲོ་དོན་བྱ་སྙམ་ཡང་། །ཆོས་བརྒྱུད་གཅིག་དར་འདོད་སྙིང་ལ་གདལ། །རང་འདོད་ཀྱི་འགྲོ་དོན་ཨ་ཙ་མ། །ཟས་ནོར་ལ་ཆགས་འཛིན་ཆུང་སྙམ་ཡང་། །ནོར་ལྷ་ཡི་གསོལ་མཆོད་བཅག་མི་ཕོད། །གཡོ་ཟོལ་གྱི་བྱ་བཏང་ཨ་ཙ་མ། །བྱམས་པ་དང་བཟོད་པ་བསྒོམས་ལགས་ཤིང་། །ལོག་དགུ་རུ་བཟོད་པར་བྱ་སྙམ་ཡང་། །སྡུག་ཐུག་ན་མཐུ་མགོ་ཁུར་ཡང་སྲིད། །རྐྱེན་མི་འཁྱགས་ཀྱི་བཟོད་པ་ཨ་ཙ་མ། །ཡུལ་འབྲོག་གི་ཐེམ་པ་སྤངས་ནས་ཀྱང་། །བཀའ་བརྒྱུད་ཀྱི་རྣམ་ཐར་སྐྱོང་སྙམ་ཡང་། །ལྟོགས་དྲགས་ན་ལྡོམ་བུ་དྲན་ཡང་སྲིད། །མཐའ་མི་ཐུབ་ཀྱི་དམ་བཅའ་ཨ་ཙ་མ། །གྲོང་ཆོག་གི་དཀོར་སྒྲིབ་སྤངས་ནས་ཀྱང་། །སྤྱང་ཟས་སྒོ་སྐྱེལ་ཞིག་སྒུག་སྙམ་ཡང་། །ཤི་བྱང་དང་གསོན་བྱང་རྣམ་གྲངས་མང་། །དཀོར་སྒྲིབ་ནི་ཇེ་ཆེ་ཇེ་ཆེར་སོང་། །དཀོར་ནག་གི་རྐྱལ་པ་ཨ་ཙ་མ། །རྩ་རླུང་དང་ཐིག་ལེ་བསྒོམས་ལགས་ཀྱང་། །རས་རྐྱང་ཞིག་ཕེར་ཙམ་གྱི་


CMR049_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་ཚད་མེད། །ཉོན་མོངས་ཀྱི་སྣོན་མ་ཨ་ཙ་མ། །བསྐྱེད་རིམ་ལ་བརྟན་པ་ཐོབ་སྙམ་ཡང་། །ཐ་མལ་གྱི་སྣང་ཞེན་བཟློག་མ་ནུས། །ཀུན་རྟོག་གི་རི་མོ་ཨ་ཙ་མ། །བདེ་གསལ་གྱི་ཉམས་བཟང་སྐྱེས་སྙམ་ཡང་། །མངོན་ཤེས་གྲུབ་རྟགས་ཟུར་ཙམ་མེད། །རྟགས་མེད་ཀྱི་ཞི་གནས་ཨ་ཙ་མ། །སྤྲོས་བྲལ་གྱི་ངོ་བོ་མཐོང་སྙམ་ཡང་། །མཐོང་ལམ་གྱི་ཡོན་ཏན་ཟུར་ཙམ་མེད། །སྟོང་ལྟའི་རྦད་སྒོག་ཨ་ཙ་མ། །ཉམས་ལེན་ལ་རྒྱུན་དུ་བརྩོན་སྙམ་ཡང་། །མཉམ་རྗེས་ཙམ་འདྲེས་པའི་ངེས་ཤེས་མེད། །བརྩོན་འགྲུས་ཀྱི་ཁ་ཐབས་ཨ་ཙ་མ། །ཡིག་དྲུག་ལ་རྒྱུན་དུ་འབད་བྱས་ཀྱང་། །ད་རུང་ཡང་དུང་ཕྱུར་ཁ་མ་ཁེངས། །གཉིད་རྨུག་འདི་འམ་ཨ་ཙ་མ། །གཞན་ལ་ཆོས་བཤད་ཐོགས་མེད་ཀྱང་། །རང་རྒྱུད་དང་ཆོས་གཉིས་ཧར་བག་ཆེ། །ནེ་ཙོའི་ཆོས་བཤད་ཨ་ཙ་མ། །སོལ་བ་ལ་ས་དཀར་བྱུག་པ་བཞིན། །ཕྱི་རོལ་ནས་བལྟས་ན་ཆོས་པར་མཐོང་། རང་ཉིད་ཀྱང་ཆོས་པ་ཡིན་ཚུལ་མཐོང་། །རང་རྒྱུད་དང་ཆོས་གཉིས་སོ་སོར་བྱེ། །སྙིགས་མའི་ཆོས་པ་ང་ཨ་ཙ་མ། །ཨ་ཙ་མ་ཡི་སྡུག་གླུ་འདི། །རང་ཉིད་ཀྱིས་རང་ལ་ཞེ་ཁྲེལ་


CMR049_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །གཞན་དག་གི་ཐུགས་ལ་ཕོག་དོན་མེད། །ཅེས་སྨྲས་སོ།། ༈ །།ངེས་ཤེས་ཅུང་ཟད་སྐྱེ་བའི་གླུ་དབུལ་པོའི་ནོར་བུ་རྙེད་པ་ལྟ་བུ་ཞེས་བྱ། ན་མོ་རཏྣ་གུ་རུ་ཡེ་། རྗེ་མཚུངས་མེད་རྗེ་ལ་གསོལ་བ་འདེབས། །ང་ཡོན་ཏན་གྱི་མཁྱེན་པ་རྒྱས་འདོད་པས། །བོད་དབུས་གཙང་མཚན་ཉིད་ཀྱི་གྲྭ་སར་ཕྱིན། །ལོ་བཞི་ལྔར་བགྲོ་གླེང་གི་རྒྱུག་འཕྱོངས་བྱས། །ཕྱི་ཐོས་པའི་སྒྲོ་འདོགས་མ་ཆོད་པར། །ནང་རྣམ་རྟོག་ཐེ་ཚོམ་གྱི་གཏེར་ཁ་ཕྱེས། །མདོ་མིན་གྱི་མདོ་འདྲ་མང་པོ་དང་། །རྒྱུད་མིན་གྱི་རྒྱུད་འདྲ་མང་པོ་དང་། །རྒྱ་གཞུང་གི་བརྫུ་མ་མང་པོ་དང་། །ཟབ་ཆོས་དང་ཆོས་ལོག་མང་པོ་དང་། །གཏེར་ཆོས་དང་གཏེར་རྫུན་མང་པོ་དང་། །ཆོས་རྒྱུད་རྣམས་གཙང་དང་མི་གཙང་དང་། །བཀའ་འཆལ་དང་བཀའ་བསླད་བཀའ་དཀྲུག་དང་། །བློ་བཟོའི་འདྲ་ཆོས་མང་པོ་དང་། །བཤད་པའི་བརྒྱུད་པ་མང་པོ་དང་། །བཤད་པའི་བརྒྱུད་པ་དར་ཆེ་ཡང་། །བྱིན་རླབས་ཀྱི་བརྒྱུད་པ་མེད་པ་དང་། །ཆོ་གའི་ཕྱག་ལེན་མཁས་ན་ཡང་། །དབང་ལུང་གི་བརྒྱུད་པ་མེད་པ་དང་། །དབང་ལུང་ཙམ་ཐོབ་པའི་བརྒྱུད་ཡོད་ཀྱང་། །ཆོ་གའི་ཕྱག་


CMR049_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་མེད་པ་དང་། །དབང་ལུང་དང་ཆོ་གའི་རྒྱུན་ཡོད་ཀྱང་། །སྒྲུབ་ཐབས་དང་མན་ངག་མེད་པ་དང་། །སྒྲུབ་ཐབས་དང་མན་ངག་ལུང་ཐོབ་ཀྱང་། །དེ་ཉིད་ཀྱི་ཕྱག་ལེན་མི་ཤེས་དང་། །དབང་ལུང་དང་སྒྲུབ་ཐབས་འབྲེལ་ན་ཡང་། །དེ་ཉིད་ཀྱི་རྒྱ་གཞུང་མེད་པ་དང་། །རྒྱ་གཞུང་དང་སྒྲུབ་ཐབས་འབྲེལ་ན་ཡང་། །དེ་ཉིད་ཀྱི་རྒྱུད་དེ་མེད་པ་དང་། །རྒྱུད་རྒྱ་གཞུང་སྒྲུབ་ཐབས་ཀུན་ཚང་ཡང་། །མཁས་པ་འགས་ཆོས་ལོག་ཡིན་གསུངས་དང་། །དོན་དེ་ཚོ་བདག་ལ་ཐེ་ཚོམ་སྐྱེས། །དཔེ་བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ངས་ལེགས་པར་བརྟགས་ལ་རྒྱལ་བའི་གསུངས། །སྐྱོན་ཀུན་བྲལ་ཡོན་ཏན་ཀུན་ཚང་བ། །ཆོས་ཟབ་ལ་ཕན་ཡོན་ཆེ་བ་ཞིག །དེ་གང་ཡིན་བརྟག་ལ་ཉམས་ལེན་སྙམ། །བཀའ་མདོ་རྒྱུད་མན་ངག་རྒྱ་ཆེར་བལྟས། །ཆོས་གྲུབ་མཐའ་ཕྱོགས་རིས་མེད་པར་བལྟས། །འབྲོམ་སྟོན་པས་ལྷ་བཞི་གདམས་པ་བཞིན། །རྗེ་པད་འབྱུང་གིས་ཡང་ཡང་ལུང་བསྟན་པའི། །རྗེ་འོད་དཔག་མེད་པ་མི་གཟུགས་ཅན། །དེ་བླ་མའི་མཆོག་ཏུ་ཁོ་ཐག་ཆོད། །དོན་རིགས་བདག་ཉིད་དང་དབྱེར་མེད་པར། །གནས་སྤྱི་བོའི་


CMR049_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏུ་བཞུགས་མལ་བྱས། །ལྷ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །དེ་ཡི་དམ་མཆོག་ཏུ་ཁོ་ཐག་ཆོད། དུས་རྟག་ཏུ་བདག་ལུས་ལྷང་ངེར་བསྒོམ། །ཆོས་བརྒྱད་ཁྲི་བཞི་སྟོང་གཅིག་བསྡུས་པ། །གསུང་ཡི་གེ་དྲུག་མར་ཁོ་ཐག་ཆོད། །རྟགས་ཕྲེང་བ་ཁྲ་ཆོབ་མ་རེད་ཀྱང་། །ཕྲེང་ལུང་གིས་མི་འཆོལ་འཆད་ཅིང་གདའ། །ཆོས་ཟབ་ཆོས་ཀུན་གྱི་སྙིང་པོའི་བཅུད། །ཆོས་ཕྱག་རྒྱ་ཆེན་པོ་ཁོ་ཐག་ཆོད། །གནས་ཙིཏྟའི་དཀྱིལ་དུ་ཕོ་བྲང་བཅས། །དུས་རྒྱུན་དུ་ཉམས་ལེན་ཞེ་ལ་མནག །ཕྱི་སོ་སོར་ཐར་པ་འདུལ་བའི་ཁྲིམས། །དེ་ཐུབ་བསྟན་དངོས་གཞིར་ཁོ་ཐག་ཆོད། །ལུས་སྤྱོད་ལམ་དེ་དང་ཅི་མཐུན་བྱས། །དེ་ཕྲ་ཞིབ་གསོ་སྦྱོང་བཤགས་སྡོམ་འབད། །ལམ་སེམས་བསྐྱེད་བློ་བཟང་ཐེག་ཆེན་རྫོགས། །དོན་དེ་ལ་རང་རྒྱུད་ཅི་འདྲེས་སྦྱངས། །དུས་བཟང་པོར་སེམས་བསྐྱེད་རྒྱས་པར་བླངས། །རང་ལུས་ངག་ཡིད་དང་རྣམ་པ་གསུམ། །དེ་དལ་བར་སྐད་ཅིག་མ་བསྡད་པར། ལམ་བསྐྱེད་རྫོགས་སྒོམ་བཟླས་རྣམ་གསུམ་ལ། །དུས་འབྲལ་མེད་ཆུ་བོའི་གཞུང་བཞིན་བགྱིས། །སྐྱེ་སླ་ལ་ཕན་ཡོན་མཐའ་ཡས་པས། །གནས་བདེ་བ་ཅན་གྱི་ཞིང་ཁམས་


CMR049_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །རང་འབྲེལ་ཐོགས་བཅས་པར་སྨོན་ལམ་བཏབ། །བདག་རང་སྟོབས་ཀྱིས་སྐྱེ་བ་དཀའ་ན་ཡང་། །དཔལ་འོད་དཔག་མེད་པའི་སྨོན་ལམ་གྱིས། །སྐྱ་བ་དང་གྲུ་ཡིས་ཆུ་སྒྲོལ་ལྟར། །སྐྱེ་ངེས་པའི་གཏན་ཚིག་མདོ་ནས་རྙེད། །བདག་དཀོར་སྒྲིབ་དང་སྡིག་ཆེན་འབྲེལ་མང་ཡང་། །གནད་བསྔོ་བའི་གནད་གསང་ཟབ་མོ་ཡིས། །ཀྱི་རྒྱུ་དགེ་རྩ་ཆུད་ཟོས་མི་འོང་བ། །དེ་ཤཱཀ་ཐུབ་གསུངས་ལས་ངེས་པ་རྙེད། །དུས་དེང་སང་འདྲེན་པའི་སྟོབས་མེད་ཀྱང་། །དུས་ནམ་ཞིག་ས་བཅུ་ཐོབ་པའི་ཚེ། །ཐབས་ཐུགས་རྗེས་འདྲེན་པའི་སྨོན་ལམ་བཏབ། །དོན་དེ་ཙམ་ཞིག་སེམས་བསྐྱེད་ངལ་བསོ་སྟེ། །མི་བདག་གི་ཞེ་ཕུག་གི་གདེང་ཚད་ཡིན། །བདག་འདྲ་བའི་བན་སྤྲང་ཉམ་ཆུང་རྣམས། །དོན་དེ་ཙམ་རེ་ལ་བརྟན་པོར་མཛོད། །ཅེས་སྨྲས་སོ།། །།རང་གིས་རང་ལ་ཤ་ཚ་བའི་ཁ་ད་ཁེར་གཏམ་གཅིག་ལན་གྱི་གླུ། ཨེ་མ། སྤྲང་པོ་ཁྱོད་ཉོན་ཝཱ་དང་། །མི་ལུས་ནི་ད་རེས་ཙམ། །ཡང་ཡང་ནི་མི་ཐོབ། །མི་ཚེ་ནི་ཡུན་ཐུང་། །འཆི་རྐྱེན་ནི་གྲངས་མང་། །བར་ཆད་ནི་མགོ་རྒོད། །ཤེས་བྱ་ནི་གྲངས་མང་། །མཐའ་


CMR049_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ནི་མི་ཆོད། །ནམ་འཆི་ནི་ཆ་མེད། །དེ་དུས་ལ་ཕན་པ། །དམ་ཆོས་ལས་གཞན་མེད། །ཚུལ་ཁྲིམས་ནི་མེད་ན། །སེར་གོས་ཀྱིས་མི་ཕན། །བསླབ་པ་ནི་མེད་ན། །སེམས་བསྐྱེད་ཀྱིས་མི་ཕན། །དམ་ཚིག་ནི་མེད་ན། །དབང་བསྐུར་གྱིས་མི་ཕན། །ཉམས་རྟོགས་ཤིག་མེད་ན། །བསྒོམ་ལོ་ཡིས་མི་ཕན། །སྙན་གྲགས་ལ་མ་དགའ། །ལྷ་བུ་ཡི་བདུད་འཇུག །ངོ་བསྟོད་ལ་མ་དགའ། །བླ་མ་ཡི་བརྫུན་འཇུག །རྟགས་ཚོད་ལ་མ་དགའ། །བར་ཆད་ཀྱི་བདུད་འཇུག །གཅེས་འཛིན་ནི་མ་ཆེ། །རོ་སྒོག་འདི་སྒྱུར་དགོས། །ཞིམ་ལྟོ་ལ་མ་དགའ། །མི་གཙང་པའི་སྣོན་མ། །བཟང་འདོད་ནི་མ་ཆེ། །ཇོ་བརྫུ་ཡི་བདུད་འཇུག །གཉེན་འདུན་ལ་མ་ཆགས། །ནམ་ཞིག་ནི་འཆི་ངེས། ཟས་ནོར་ལ་མ་དགའ། །དགྲ་འདྲེ་ཡི་གཡབ་མོ། །ཞི་གནས་ལ་མ་ཆགས། །འཁོར་བའི་ནས་མི་འཕགས། །དགེ་བ་ལ་མ་ཆགས། །འཕགས་ལམ་ནི་མི་ཐོབ། །ཞེ་འདོད་ནི་མ་ཆེ། །གཞན་དོན་ནི་མི་འོང་། །ཨ་ཡེ་ད་ནི་ད་ནི། །ཚེ་འདིའི་བྱ་བ་ཐམས་ཅད་ཅི་བྱེད། །བློས་བཏང་ནས་སྒྲུབ་པ་རྩེ་གཅིག་བྱེད་ནུས་ན་ཨང་། །


CMR049_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་གཉེན་ཕྱོགས་རིས་ཐམས་ཅད་སྤངས་ནས་བྱམས་པ་ཚད་མེད་པ་བསྒོམ་ནུས་ན་ཨང་། །རང་དོན་བདེ་སྐྱིད་ཐམས་ཅད་བློས་སྤངས་ནས་སྙིང་རྗེ་ཆེན་པོས་གཞན་དོན་ཞིག་བྱེད་ནུས་ན་ཨང་། །ཐ་མལ་གྱི་སྣང་བ་ཐམས་ཅད་སྤངས་ནས་སྤོང་གཉེན་སྦྱང་གཞི་ཤེས་པའི་བསྐྱེད་རིམ་ལ་བརྟན་པ་ཞིག་ཐོབ་ན་ཨང་། །ཉམས་མཐོ་དམན་ལ་སྤང་བླང་མེད་པར་ཐ་མལ་གྱི་ངོ་བོ་འདི་རྒྱུན་ཆད་མེད་པར་སྐྱོང་ནུས་ན་ཨང་། །སྲོག་རྩོལ་རླུང་གི་སྦྱོར་བ་ལས་སུ་རུང་བས་བདེ་དྲོད་ཀྱི་མེ་དཔུང་ཆེན་པོ་ཞིག་སྦར་ནུས་ན་ཨང་།། མི་མེད་ཀྱི་ལུང་སྟོང་གནས་རི་བཟང་པོ་ཞིག་ཏུ་ཆུ་རྡོ་མེ་ཏོག་བཟའ་ཞིང་རོ་བདག་བྱ་གཅན་གྱིས་བྱེད་པ་ཞིག་ནུས་ན་ཨང་། །ཚེ་གཅིག་ལུས་གཅིག་འདི་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་དང་གཏན་གྱེས་ཤིག་ནུས་ན་ཨང་། །རང་དོན་དུ་ཆོས་སྐུའི་རྒྱལ་ས་བཟུང་ནས་འབད་མེད་ལྷུན་གྲུབ་ཀྱི་འགྲོ་དོན་ཞིག་འབྱུང་ན་ཨང་། །བླ་མ་དཀོན་མཆོག་བླ་མ་དཀོན་མཆོག་བདག་ཆོས་གཟུགས་བརྙན་ཙམ་དུ་མ་སོང་བ་ཞིག་ཐུགས་རྗེས་ཟུངས་ཤིག །ཅེས་སྨྲས་སོ།། གནད་འགག་གསུམ་གྱི་གླུ་རྒྱལ་པོའི་བཀའ་ལུང་ལྟ་བུ་ཞེས་བྱ་བ། ན་མོ་བཛྲ་དྷ་ར་


CMR049_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ། དཔལ་ལྡན་རྡོ་རྗེ་འཆང་ཆེན་བླ་མའི་ཞབས། །བདག་མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། །ཆོས་སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་བཅུད། །དོན་མདོ་འགག་གནད་གསང་གསུམ་དུ་གདའ། །ཆོས་གཞི་དང་ལམ་དང་འབྲས་བུའི་གནད། །གཞི་འདི་ཤེས་པས་མི་ཆོག་པར། །ལམ་འདི་བསྒོམས་པས་བགྲོད་པར་གདའ། །གཞི་ལམ་གཉིས་པོ་མ་འཆུགས་ན། །འབྲས་བུ་འཆུག་པ་མེད་པར་གསུངས། །སྤྱིར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀྱི། །ཆོས་ཉིད་སྟོང་པ་ཆོས་ཀྱི་དབྱིངས། །ཆེ་ཆུང་བཟང་ངན་མེད་པ་ཡིན། །དེ་ལ་ཆོས་ཉིད་ཆོས་དབྱིངས་དང་། །ལྟ་བ་འཁོར་འདས་དབྱེར་མེད་ཟེར། །ཁྱད་པར་འགྲོ་བ་ཀུན་གྱི་སེམས། །སྨྲ་བསམ་བརྗོད་དུ་མེད་པའི་དོན། །རྒྱུ་ཡིས་མ་སྐྱེས་རྐྱེན་མི་འཇིག །རང་སེམས་ལྷན་སྐྱེས་ཆོས་ཀྱི་སྐུ། །ཧེ་རུ་ཀ་དང་ཀྱེ་རྡོ་རྗེ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །བདེ་གཤེགས་སྙིང་པོ་ལ་སོགས་པ། །རྣམ་གྲངས་དུ་མར་གསུངས་པ་རྣམས་། །མར་དང་འོ་མ་ཅི་བཞིན་དུ། །སེམས་ཅན་ཀུན་ལ་ཁྱབ་པར་བཞུགས། །བཞུགས་ཀྱང་མ་ཕན་འཁོར་བ་འཁྱམས། །དབུལ་པོས་ནོར་བུ་མ་ཤེས་བཞིན། །དེ་ནི་


CMR049_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་དགོངས་པ་མཐུན། །ཐུན་མོང་མིན་པའི་བླ་མེད་བདག །བདག་སེམས་ཡེ་ཤེས་སེམས་དཔའ་སྟེ། །སེམས་ལས་གཞན་པའི་ཡེ་ཤེས་ལྷ། །ཕྱི་རོལ་གཞན་ན་ཡོད་མིན་ཏེ། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །ལུས་ནི་དམ་ཚིག་སེམས་དཔའ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རིགས་ལྔ་ཡབ་དང་སེམས་དཔའི་ཚོགས། །གདོད་ནས་ལྷ་ཡི་དཀྱིལ་འཁོར་ཡིན། །རྩ་དང་རླུང་དང་ཐིག་ལེ་རྣམས། །དཔའ་བོ་ཌཱཀྐིའི་རང་བཞིན་ཡིན། །དེ་ལྟར་ཡིན་ལ་ཡིན་ཤེས་བྱ། །གཞི་ཡི་གནད་མཆོག་ཨེ་མ་ཧོ། །བགྲོད་པར་བྱ་བ་ལམ་གྱི་གནད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད། །ལམ་ལྔ་ས་བཅུ་རིམ་བགྲོད་པ། །མདོ་ཡི་ལུགས་ཏེ་རྒྱུ་ཡི་ལམ། །གྲངས་མེད་གསུམ་འགོར་ལམ་ཐག་རིང་། །དབང་བཞིས་རྒྱུད་བཞི་སྨིན་བྱས་ནས། །བསྐྱེད་རྫོགས་དོན་ལ་རབ་སྦྱངས་ཏེ། །ལམ་ལྔ་ས་བཅུ་ཚེ་འདིར་བགྲོད། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །ཚེ་གཅིག་ཐོབ་པ་བླ་མེད་ལམ། །འབྲས་བུ་ལམ་དུ་བྱེད་ཅེས་བྱ། །སྐལ་ལྡན་དབང་པོ་ཡ་རབ་ལ། །བླ་མའི་བྱིན་


CMR049_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་སེམས་ལ་ཞུགས། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཤར། །མོས་གུས་སྟོབས་ཀྱིས་ས་དང་ལམ། །ལོ་ཟླ་ཙམ་གྱིས་བགྲོད་བྱེད་པ། །སྙིང་པོ་དོན་གྱི་བསྟན་པ་ཞེས། །ཕྱག་རྒྱ་ཆེན་པོའི་ལམ་ཡིན་ནོ། །ཤིན་ཏུ་ཡ་རབ་སྐལ་ལྡན་ལ། །བླ་མས་ངོ་སྤྲོད་གནང་བ་དང་། །རང་སེམས་ཆོས་སྐུར་རྟོགས་པ་དང་། །ས་ལམ་ཡོན་ཏན་རྫོགས་པ་རྣམས། །སྐད་ཅིག་ཉིད་ལ་ཐམས་ཅད་ཚང་། །དཔེར་ན་ཉི་མའི་དཀྱིལ་འཁོར་ཉིད། །འཛམ་གླིང་མཁའ་ལ་ཤར་བ་དང་། །མུན་པ་གསལ་དང་ཉི་འོད་ཕོག །མེ་ཏོག་པདྨ་ཁ་བྱེ་བ། །ཐམས་ཅད་དུས་གཅིག་འབྱུང་བ་བཞིན། །རྫོགས་པ་ཆེན་པོའི་ལམ་ཡིན་ཏེ། །ཐོས་གྲོལ་ཞེས་པ་དེ་ཡི་དོན། །ས་ལམ་མ་བགྲོད་མ་ཡིན་ཏེ། །སྐད་ཅིག་གཅིག་ལ་ཐམས་ཅད་བགྲོད། །དཔེར་ན་ཤོ་མང་སྡེབ་མང་པོ། །མདའ་ཡིས་སྐད་ཅིག་ཕུག་པ་བཞིན། །རིམ་པར་ཕུག་པ་ཡིན་མོད་ཀྱང་། །མགྱོགས་པས་དུས་གཅིག་ཕུག་འདྲ་མཐོང་། །དེ་བཞིན་གཅིག་ཅར་གང་ཟག་དེས། །ས་འདི་རིམ་པར་བགྲོད་མོད་ཀྱི། །ཡུན་ཐུང་དུས་གཅིག་བགྲོད་འདྲར་མཚུངས། །དེ་དག་ལམ་གྱི་གནད་འགག་ཡིན། །འགའ་ཞིག་མདོ་


CMR049_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སངས་རྒྱས་ལ། །མཆོག་དམན་ཁྱད་པར་ཡོད་དོ་ཟེར། །འགའ་ཞིག་སྔགས་ལ་མ་བརྟེན་པའི། །མདོ་རྐྱང་གི་སངས་རྒྱས་མི་སྲིད་པའི། །ས་བརྒྱད་ནས་སྔགས་ལ་འཇུག་དགོས་ཟེར། །ཁ་ཅིག་མདོ་སྔགས་སོ་སོར་ཡང་། །སངས་རྒྱས་ནས་ཁྱད་པར་མེད་དོ་ཟེར། །ཁ་ཅིག་རྟོག་མེད་ཆོས་སྐུ་ལ། །ཡེ་ཤེས་ལྔ་ཡང་མེད་ཅེས་ཟེར། །ལ་ལ་སྐུ་གཉིས་སྐུ་གསུམ་དང་། །སྐུ་ལྔ་ལ་སོགས་བཞེད་པ་མང་། །ཁ་ཅིག་ཆོས་སྐུ་སངས་རྒྱས་ཡིན། །ལོངས་སྤྲུལ་གཉིས་གདུལ་བྱའི་སྣང་བ་ཡིན། །སྒྱུ་མས་སྤྲུལ་པའི་གཟུགས་བརྙན་བཞིན། །གཟུགས་སྐུ་ནི་སངས་རྒྱས་མིན་ཅེས་ཟེར། །སོ་སོ་ལ་ལུང་རྒྱབ་འདྲེན་རྒྱུ་མང་། །དཔལ་ལྡན་ཇོ་བོ་ཨ་ཏི་ཤ། །འབྲས་བུའི་དབྱེ་བ་ཞུས་ཙམ་ན། །ཁོ་བོ་སངས་རྒྱས་མ་མྱོང་གསུངས། །བདག་གི་འདྲེན་མཆོག་སྤྲུལ་པའི་སྐུ། །གཞི་ལམ་གཉིས་འཕྱུགས་མེད་ཉམས་ལོངས་དང་། །འབྲས་བུ་ལ་བརྩི་བགྲང་མི་པ་དགོངས་གསུངས། །དེ་ཕྱིར་འབྲས་བུ་ལ་སྤྱད་མི་དགོས། །གཞི་གནས་ལུགས་ཐོས་པས་གཏན་ལ་ཕོབ། །ལམ་བསྐྱེད་རྫོགས་ཉམས་ལེན་གནད་དུ་བསྣུན། །ཚེ་འདི་འམ་


CMR049_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་ཕྱི་མ་རུ། །རྫོགས་སངས་རྒྱས་ཀྱི་འབྲས་བུ་ཐག་མི་རིང་། །ཆོས་གསང་སྔགས་ཟབ་མོའི་ཁྱད་ཆོས་ཡིན། །དུས་དེ་རིང་ཡར་གྱི་ཚེས་བཅུ་ལ། །རྗེ་པད་འབྱུང་དགྱེས་པའི་རོལ་མོར་འབུལ། །ཞེས་མགུར་སྣ་བཅུ་བདུན་ཙམ་འདི་ཀརྨ་ཡང་དག་གིས་ཡང་ཡང་བསྐུལ་ཞིང་། ཆོས་དགེ་དེ་ཕྱོགས་སུ་འབྱོན་པའི་རྟགས་སུ་གྲོ་ཞུན་ཟླ་བའི་ཚེས་བརྒྱད་ནས་བཅུའི་བར་ཉི་མ་གསུམ་དུ་བརྒྱད་མཆོད་ཚེས་བཅུ་སོགས་རྒྱུན་ལྡན་རྣམས་ཀྱང་མ་ཆག་པར། གརླ་ན་བྲིས་པ་དང་། སྔོན་ནས་བསམ་མནོ་བཏང་བས། རྡུལ་བྱང་ལ་བཀོད་པ་དང་། མགུར་དཔེ་ལ་བལྟས་ནས་རིགས་འདྲ་འཚམས་པ་སོགས་ནི་གཏན་ནི་མིན་པར་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཉམས་མགུར་གྱི་བྱེ་བྲག་འགའ་ཟུང་ཞིག་གསར་དུ་བྲིས་པའི་སྐོར་མཆིས་སོ། །ས་མ་ཡ་བརྡ་ཐིམ། next