Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
  collapse section
   
   
   
ཤོག་ལྷེབ་ ༥༠༡ ནས་ ༥༦༦ བར།
   
   


 
previousཤོག་ལྷེབ་ ༥༠༡ ནས་ ༥༦༦ བར།next

ཤོག་ལྷེབ་ ༥༠༡ ནས་ ༥༦༦ བར།


CMR049_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་ཤཱཀྱ་མུ་ནེ་ཡེ། གསོན་དང་གཉེར་ཆུང་ཆོས་སྐྱོང་འཕེལ། །ཐོབ་པར་དཀའ་བའི་མི་ལུས་འདི། །ད་རེས་དགོངས་གཅིག་མ་ཐེབ་ན། །ཡང་ཡང་མི་ཐོབ་ཆོས་སྐྱོང་འཕེལ། །ལུས་འདི་དོན་དང་ལྡན་པའི་ཕྱིར། །སྡོམ་པ་དམ་ཚིག་བསྲུང་བར་མཛོད། །རྩ་བ་བཞི་དང་ཆང་འདི་ནི། །སྲོག་ལྟར་བསྲུང་ཞིག་ཆོས་སྐྱོང་འཕེལ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ཆང་ལ་ཉེས་པ་དྲུག་ཅུ་ཐམ་པ་གསུངས། །ཟས་ཀྱི་ནང་ནས་ཆང་ལས་སྡིག་ཆེ་མེད། །དེ་ནི་ཉེས་པ་དྲུག་ཅུ་སྐྱ་སེར་འདྲ། །ཆང་ལ་དགའ་བ་སྐྱེ་བ་ལྔ་བརྒྱ་རུ། །སྨྱོན་པ་ཁོ་ནའི་སྐྱེ་བ་ལེན་པར་གསུངས། །ཁྱད་པར་བཙུན་པ་རྣམས་ཀྱིས་ཆང་འཐུང་བ། །དམྱལ་བ་ངུ་འབོད་ཆེན་པོའི་ནང་དུ་སྐྱེ། །ཁམ་བུ་དུ་འཐུང་གྲངས་ཀྱི་ཁྲོ་ཆུ་ནི། །ཁོལ་མ་གཤིན་རྗེའི་ཁ་རུ་བླུག་པར་བྱེད། །དེ་སོགས་ཕྱི་མའི་རྣམ་སྨིན་བཟོད་དཀའ་ཞིང་། །ཚེ་འདིར་ལུས་ཀྱི་ལྷ་རྣམས་རྒྱང་རིང་འབྲོས། །དཀར་ཕྱོགས་ལྷ་རྣམས་མི་དགའ་ཁྲོ་བར་བྱེད། །ནག་ཕྱོགས་བདུད་རིགས་རྒྱལ་འགོང་སྙིང་ལ་ཞུགས། །བྱིན་རླབས་ཉམས་རྟོགས་བསོད་ནམས་འགྲིབ་པར་


CMR049_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །གསང་སྔགས་ཉམས་ལེན་ཡོད་པ་ཚང་བཟི་ན། །མཁའ་འགྲོ་མ་རྣམས་མི་དགའ་བཀའ་ཆད་གཏོང་། །དེ་སོགས་འདི་ཕྱི་ཀུན་ལ་གནོད་པ་ཡིས། །མྱོས་བྱེད་དུག་ཆུ་འདྲ་བའི་ཆང་འདི་སྤོངས། །ནམ་འཆི་ཆ་མེད་མི་འཆིའི་གདིང་ཚོད་མེད། །ཤི་ནས་གར་འགྲོ་ཆ་མེད་ཡང་ཡང་བསྒོམ། །རང་སེམས་རང་གིས་གར་འགྲོ་གར་འདུག་ལྟོས། །བལྟས་པས་མ་མཐོང་ངང་ལ་ཀློད་ལ་ཞོག །ངག་གི་བསྙེན་པ་ཡིག་དྲུག་ཅི་ཐོན་དང་། །བླ་མར་དད་པ་མཆེད་གྲོགས་དག་སྣང་བསྒོམ། །ཆོས་སྒོར་ཞུགས་པའི་དོན་ཙ་གང་ཡིན་པ། །བསམ་བློ་ཐོངས་ལ་རང་སེམས་འཁྲེབ་མ་ཤོར། །ལས་དཀའ་འཚག་ཚེ་རྣམ་གཡེང་དཀའ་ལས་རྣམས། །བླ་མ་དགེ་འདུན་སྤྱི་ཡི་ཆགས་ཕྱི་སྟེ། །རང་གི་སྒྲིབ་པ་དག་པའི་དགའ་བ་བསྒོམ། །སེར་གོས་གྱོན་ཙམ་བཙུན་པ་མ་ཡིན་པར། །ཤི་ཁ་མི་འགྱོད་སེར་གོས་དོན་ལྡན་པ། །ཆོས་སྒོར་ཞུགས་པའི་དོན་དང་ལྡན་པ་གཅིག །ཆོས་སྐྱོང་འཕེལ་གྱིས་སེམས་ལ་འཆང་རྒྱུ་མཛོད།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། ཐུགས་རྗེ་ཆེ་ལ་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས། །ཐུགས་རྗེ་


CMR049_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་དངོས་གྲུབ་སྩོལ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲོངས། །ཐུགས་རྗེ་ཆེན་པོས་བར་ཆད་སོལ། །ཐུགས་རྗེ་ཆེན་པོ་འགྲུབ་པར་ཤོག །ཐུགས་རྗེ་ཆེན་པོ་འགྲུབ་ནས་ཀྱང་། །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །བདེ་བ་ཅན་དུ་ཁྲིད་པར་ཤོག །འཇིག་རྟེན་སྲིད་པའི་ཁ་དཔེ་ལ། །མ་རྒས་བར་དུ་མི་གོམ་ཟེར། །དེ་ལ་བདེན་པ་ཆེན་པོ་གདའ། །ད་ནི་ཁོ་བོ་རབ་ཏུ་རྒས། །བསམ་ལོ་ཆེན་པོ་སྐྱེས་ནི་བྱུང་། །སྔོན་ཆད་ཧ་རེ་ལོང་དུ་སོང་། །ད་ནི་དོན་གྱི་སྙིང་པོ་མཐོང་། །ཆུ་བུར་མིག་གིས་མ་མཐོང་ཡང་། །ཡེ་ཤེས་དག་པའི་སྤུན་ཟླར་བྱེད། །སེམས་ཉིད་སྟོང་པའི་དཀྱིལ་འཁོར་ན། །ཆོས་སྐུ་རྡོ་རྗེ་འཆང་ཆེན་དེ། །འདུ་འབྲལ་མེད་པར་བཞུགས་ནི་གདའ། །སེམས་ཉིད་གསལ་བའི་དཀྱིལ་འཁོར་ན། །ལོངས་སྐུ་ཐུགས་རྗེ་ཆེན་པོ་དེ། །གསལ་འགྲིབ་མེད་པར་བཞུགས་ནི་གདའ། །སེམས་ཉིད་འགག་མེད་དཀྱིལ་འཁོར་ན། །སྤྲུལ་ལ་སྐུ་པདྨ་འབྱུང་གནས་དེ། །རྒྱུན་ཆད་མེད་པར་བཞུགས་ནི་གདའ། །ཕུང་པོ་ལྔ་ཡི་དཀྱིལ་འཁོར་ན། །སངས་རྒྱས་རྒྱལ་བ་རིགས་ལྔ་དེ། །ལྷུན་གྱིས་གྲུབ་པར་བཞུགས་ནི་


CMR049_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གདའ། །ཁམས་ལྔ་དག་པའི་དཀྱིལ་འཁོར་ན། །ཡུམ་ཆེན་ལྷ་མོ་དབྱིངས་ཕྱུག་ལྔ། །གདོད་ནས་དག་པར་བཞུགས་ནི་གདའ། །ཚོགས་བརྒྱུད་དག་པའི་དཀྱིལ་འཁོར་ན། །ཉེ་བའི་སྲས་ཆེན་བརྒྱད་པོ་དེ། །སྤྲུལ་སྒྱུར་བྱེད་ཅིང་བཞུགས་ནི་གདའ། །ཚོགས་བརྒྱད་རྒྱུ་བའི་ཡུལ་བརྒྱད་ན། །སྒེག་སོགས་མཆོད་པའི་ལྷ་མོ་བརྒྱད། །རོལ་གར་འཆམ་སྟབས་ངང་ནས་གདའ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ཐམས་ཅད་སེམས་སུ་རོ་གཅིག་ཐིམ། །ཕྱི་ནང་དབྱེར་མེད་འདྲེས་ནི་གདའ། །སྣང་བ་སེམས་སུ་མ་ལུས་ཞི། །རིག་པ་ནང་དུ་མ་ལུས་པ། །དབྱེར་མེད་ཁྱབ་གདལ་ཆེན་པོར་གདའ། །བདག་དང་གཞན་དུ་མ་གྲུབ་ཅིང་། །ཐམས་ཅད་སེམས་ཉིད་གཅིག་ཏུ་གདའ། །སེམས་ཡང་ཡེ་ནས་ཡོད་མེད་དང་། །རྟག་ཆད་སྐྱེ་འགགས་བྲལ་བར་གདའ། །མ་བསྒོམས་པ་ཡང་འཁྲུལ་པ་སྟེ། །སྒོམ་པ་རང་ཡང་འཁྲུལ་པ་ཉིད། །བསྒོམ་དང་མ་བསྒོམས་ཁྱད་མེད་པར་། །ཡེ་ནས་ཆོས་སྐུ་རྗེན་པར་གདའ། །ཡེངས་བ་ཉིད་ནི་འཁྲུལ་པ་ཉིད། །མ་ཡེངས་པ་ཡང་འཁྲུལ་པ་ཉིད། །ཡེངས་དང་མ་ཡེངས་དབྱེར་མེད་པར། །ཡེ་ནས་སྤྲོས་


CMR049_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཆེན་པོར་གདའ། །བདག་མེད་ཕྱིར་ན་གཞན་མེད་ཕྱིར། །བདག་གཞན་གཉིས་མེད་སྟོང་པ་ཉིད། །དབྱེར་མེད་རོ་གཅིག་ཆེན་པོར་གདའ། །རང་སེམས་གདོད་ནས་ཀུན་ཏུ་བཟང་། །དང་པོའི་སངས་རྒྱས་བཅོམ་ལྡན་འདས། །རང་ལ་ཡེ་ནས་བཞུགས་པའི་ཕྱིར། །འབྲས་བུ་ཐོབ་འདོད་ད་ནི་ཆུང་། །རིགས་དྲུག་སེམས་ཀྱི་སྣང་བ་ལ། །གཞན་དུ་གྲུབ་པ་མ་དམིགས་པས། །འཁོར་བར་འཁྱམས་དོགས་ད་ནི་ཆུང་། །སེམས་ཅན་ཡེ་ནས་མ་དམིགས་པས། །སྙིང་རྗེ་སྐྱེ་བའི་ཡུལ་མ་མཆིས། །དངོས་འཛིན་སྙིང་རྗེ་ད་ནི་ཆུང་། །རང་སེམས་རྫོགས་པའི་སངས་རྒྱས་མཐོང་། །ལྷ་ཞལ་མཐོང་འདོད་ད་ནི་ཆུང་། །མུན་པ་ལ་ནི་སྒྲོན་མེ་ལྟར། །རང་སེམས་ཆོས་སྐུར་རྟོགས་མ་ཐག །སྡིག་སྒྲིབ་མ་ལུས་ཐམས་ཅད་དག །དཀོར་སྒྲིབ་ཆེ་ཡང་ང་མི་སྐྲག །རྗེས་སུ་འཇུག་པའི་སློབ་མ་ཚོ། །ཚ་ཚ་བརྐོས་ཕོར་ཅི་བཞིན་དུ། །བོགས་སྐྱེད་འོང་ན་ད་ཟླ་འོང་རན། །ཚོང་པ་ཁྱིམ་དུ་སླེབ་པ་བཞིན། །བློ་བདེའི་བསམ་དོན་ད་རེས་འགྲུབ། །གངས་དཀར་སེང་ལྕམ་དཀར་མོ་ལ། །ཡ་ང་བག་ཚ་མི་འདུག་སྟེ། །གངས་དཀར་


CMR049_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིམས་པ་སེང་གེའི་ལུགས། །འཁོར་བ་ལྟུང་དོགས་མི་གདའ་སྟེ། །རྒྱུ་འབྲས་འཛེམ་པ་ཆོས་པའི་ལུགས། །གཙང་ཆབ་ཉ་མོ་གསེར་མིག་དེ། །འཚུབས་ནས་འཆི་དོགས་མི་གདའ་སྟེ། །མཚོ་འཁྱིལ་བསྡམ་པ་གསེར་མིག་ལུགས། །ལྟུང་བའི་དོགས་པ་མི་གདའ་སྟེ། །ཚུལ་ཁྲིམས་བསྲུང་བ་བཙུན་པའི་ལུགས། །འཕགས་པ་འཇིག་རྟེན་དབང་ཕྱུག་གིས། །སེམས་ཅན་དམིགས་སུ་མ་མཆིས་ཏེ། །འགྲོ་དོན་བྱེད་པ་རྒྱལ་སྲས་ལུགས། །བདག་གཞན་གཉིས་མེད་རྟོགས་ལགས་ཀྱང་། །གཞན་ཕན་བྱེད་པ་བློ་སྦྱོང་ལུགས། །ཡུམ་ཆེན་འཕགས་མ་སྒྲོལ་མ་དེ། །སངས་རྒྱས་ཀུན་དང་དབྱེར་མེད་ཀྱང་། །དཀྱིལ་འཁོར་ཀུན་གྱིས་མཆོད་ལྷ་མ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ད་ནི་ངེས་ཤེས་སྐྱེ་ལགས་ཀྱང་། །མཆོད་གཏོར་མཎྜལ་མི་གཅོད་པར། །འདི་ཡང་རྟེན་འབྲེལ་དོན་རྟོགས་རྟགས། །ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ཀྱང་། །རང་རིག་རྩལ་དུ་རྟོགས་མོད་ཀྱང་། །གཏོར་བསྔོས་དུས་གཏོར་མི་གཅོད་པ། །འདི་ཡང་རྟེན་འབྲེལ་གནད་གཅིག་རྟོགས། །སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཀུན། །རང་སེམས་ཡིན་པར་ཐག་ཆོད་ཀྱང་། །


CMR049_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་བསྐང་གཏོར་བསྔོ་བ་སོགས། །རྟེན་འབྲེལ་ཆད་དུ་མི་གསོད་པ། །འདི་ཡང་རྒྱུད་ཀྱི་དགོངས་པ་ཡིན། །ད་ལྟ་ཤི་ཡང་འགྱོད་མེད་ཅིང་། །བློ་བདེ་ཁོང་དུ་ཆུད་ལགས་ཀྱང་། །སྲུང་ཟློག་ཚེ་སྒྲུབ་སྨན་བླ་སོགས། །རྟེན་འབྲེལ་ཐབས་ལ་འབུང་བ་འདི། །ད་དུང་ལུས་འདིའི་འགྲོ་དོན་གཅིག །འགྲུབ་ན་སྙམ་པའི་སེམས་བསྐྱེད་ཡིན། །རྒས་པོ་བཅོས་པའི་དཔའ་གཏམ་འདི། །བོང་བུའི་སེང་སྐད་ཡིན་ནམ་མིན། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་མཁྱེན། །ཆུང་ནས་འགྲོགས་པའི་དོན་འགྲུབ་ལ། །དེ་རིང་སྙིང་གཏམ་རྗེན་པར་ཕུད། །ཤོག་བུ་ལྷག་པས་ཉམས་མཚར་དུ། །ཁང་ཁྱིམ་དབེན་ཕྱིར་ཉམས་ལ་ཤར། །འཕྲལ་དུ་བྲིས་པ་མངྒ་ལཾ།། ༈ །།ན་མོ་ཀེ་ཤྭ་ར་ཡེ། བདག་གི་སྤྱི་གཙུག་ཁྲུ་གང་སོ། །པདྨ་འདབ་བརྒྱད་ཟླ་བའི་སྟེང་། །འབྲེལ་པ་ཐོབ་ཚད་བླ་མ་དང་། །དབྱེར་མེད་མགོན་པོ་སྤྱན་རས་གཟིགས། །སྐུ་མདོག་སྟོན་ཁའི་ཟླ་བའི་མདོག །ཕྱག་བཞི་ཞལ་གཅིག་སྐྱིལ་ཀྲུང་བཞུགས། །རྩ་ཕྱག་ཐུགས་ཀར་ཐལ་མོ་སྦྱར། །གཡས་འོག་ཤེལ་དཀར་ཕྲེང་བ་འདྲེན། །གཡོན་འོག་པད་


CMR049_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་འདབ་བརྒྱད་བསྣམས། །འཛུམ་ཞལ་སྤྱན་གཉིས་འགྲོ་ལ་གཟིགས། །མཚན་དཔེ་དར་དང་རིན་ཆེན་བརྒྱན། །ཐུགས་ཀར་ཟླ་སྟེང་ཧྲིཡིག་ལ། །གསུང་མཆོག་ཡི་གེ་དྲུག་གིས་བསྐོར། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །ཐམས་ཅད་བུ་ཡུག་འཚུབ་བཞིན་བྱོན། །ཐུགས་རྗེ་ཆེན་པོའི་སྐུ་ལ་ཐིམ། །སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སེམས་ལ་ཐུགས་ཀྱིས་བྱིན་གྱིས་རློབས། །ཆོས་སྐུ་འགྲུབ་པར་ཐུགས་རྗེས་ཟུངས། །དམ་ཆོས་ཐམས་ཅད་འདུས་པའི་གསུང་། །ཡིག་འབྲུ་དྲུག་ལ་གསོལ་བ་འདེབས། །ངག་ལ་གསུང་གིས་བྱིན་གྱིས་རློབས། །ལོངས་སྐུ་འགྲུབ་པར་ཐུགས་རྗེས་ཟུངས། །དགེ་འདུན་ཐམས་ཅད་འདུས་པའི་སྐུ། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། །སྤྲུལ་སྐུ་འགྲུབ་པར་ཐུགས་རྗེས་ཟུང་། །དུས་ད་རེས་མི་ལུས་ལན་གཅིག་འདི། །དོན་མེད་སྟོང་ལོག་མི་བྱེད་པར། །སྡིག་སྤངས་བསྙེན་གནས་ཡིག་དྲུག་སོགས། །སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཚེ་ལ་ལོང་མེད་བར་ཆད་མང་། །ལོ་ཟླ་ཉིན་ཞག་ཚེ་ལ་


CMR049_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྐུ། །ནམ་འཆི་ཆ་མེད་ཨ་ཙ་མ། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ཉེ་དུ་ནོར་རྫས་དགྲ་དང་གཉེན། །ཐམས་ཅད་སྐྱུར་ནས་གཅིག་པུར་འགྲོ། །དགེ་སྡིག་ལུས་དང་གྲིབ་བཞིན་འབྲང་། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ཆོས་ཀྱི་རྒྱལ་པོ་ཁྲིམས་ཁ་ཚ། །གཤིན་རྗེའི་ལས་མཁན་གདུག་རྩུབ་ཆེ། །མེ་ལོང་ཡིག་ཆུང་ནོར་འཁྲུལ་མེད། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་དེ། །རྣ་བས་ཐོས་ཀྱང་གློ་སྙིང་འདར། །ཐོག་ཏུ་བྱུང་ན་ཇི་ལྟར་བྱེད། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ཡི་དྭགས་གྲོང་ཁྱེར་བཀྲེས་སྐོམ་དེ། །རྣ་བས་ཐོས་ཀྱང་མཆིན་པ་ན། །ཐོག་ཏུ་བྱུང་ན་ཅི་ལྟར་བསྲན། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །འགྲོ་དྲུག་གང་དུ་སྐྱེས་ཀྱང་སྡུག །ཐར་མེད་འཁོར་བའི་བཙོན་ར་ནས། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །མྱུར་དུ་དྲོངས་ཤིག་སྤྱན་རས་གཟིགས། །དཀོན་མཆོག་ཀུན་འདུས་སྤྱན་རས་གཟིགས། །ཁྱེད་ལ་བདག་ནི་སྐྱབས་སུ་མཆི། །འགྲོ་བ་སེམས་ཅན་ཀུན་དོན་དུ། །ཁྱེད་ལྟར་བདག་ཀྱང་སེམས་


CMR049_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བསྐྱེད། །ཐོག་མེད་དུས་ནས་ད་ལྟའི་བར། །སྡིག་སྒྲིབ་ཉེས་ལྟུང་ཅི་བསགས་པ། །ཁོག་ཏུ་བཙན་དུག་ཤོར་བ་བཞིན། །རབ་ཏུ་འགྱོད་པས་སོ་སོར་བཤགས། །འདི་ནས་བཟུང་སྟེ་ཚེ་རབས་ཀུན། །བདག་གི་ལུས་དང་ལོངས་སྤྱོད་རྣམས། །ཐམས་ཅད་སྤྱན་རས་གཟིགས་ལ་འབུལ། །ཚོགས་གཉིས་རྫོགས་པར་ཐུགས་རྗེས་ཟུངས། །ཁྱེད་མིན་རེ་ས་གཞན་ན་མེད། །སྙིང་ནས་གསོལ་བ་འདེབས་ལགས་པས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །ཐུགས་རྗེ་ཆེན་པོ་འོད་དུ་ཞུ། །བདག་ལ་ཐིམ་པས་དབྱེར་མེད་ཅིང་། །དབང་བཞི་ཐོབ་ཅིང་བྱིན་རླབས་ཞུགས། །ཚུལ་ལྟོས་རང་གི་སེམས་ལ་ལྟོས། །སེམས་ལ་གཟུགས་དང་ཁ་དོག་མེད། །བལྟས་པས་མཐོང་རྒྱུ་མེད་པ་དེ། །སྟོང་ཉིད་ཤེས་རབ་ཕར་ཕྱིན་ཡིན། །མེད་པ་མ་ཡིན་ཅི་ཡང་དྲན། །གར་ཡང་ཐོགས་མེད་རྒྱུག་པ་དེ། །འགྱུ་བ་ཡེ་ཤེས་ཟངས་ཐལ་ཟེར། །དེ་ཉིད་རིག་ན་ཡེ་ཤེས་ཡིན། །བཟུང་ན་མི་ཟིན་ཕྱོགས་བཅུར་རྒྱུག །རྟ་རྒོད་སྒྲ་བྲོས་ལོབ་པ་འདྲ། །གར་འགྲོག་ཐོངས་ལ་ལུས་


CMR049_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀློད། །བཏང་ན་མི་འགྲོ་ཚུར་ལ་འཁོར། །རྟེའུ་ཆུང་བཟུང་བའི་རྒོད་མ་འདྲ། །ངོ་བོ་སྟོང་ལ་ས་ལེར་ཞོག །འདི་བསྒོམ་གཏད་སོ་འདི་ལ་མེད། །ལུག་ཁྱུ་འཚོ་བའི་རྫི་བོ་ལྟར། །གར་འགྲོ་ཐོངས་ལ་རྒྱང་སོ་ཚུགས། །ཐང་ཤིང་ལོ་འདབ་བརྒྱད་ཁྲི་དེ། །སོ་སོར་བཅད་ཀྱིས་ག་ལ་ལོང་། །སྡོང་པོ་བཅད་ན་ཐམས་ཅད་སྐམ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དེ། །སོ་སོར་བསླབ་ཀྱང་མཐའ་མི་ཆོད། །རང་སེམས་རྩ་བ་བཅད་པ་ན། །ཆོས་ཕུང་བརྒྱད་ཁྲི་དེ་ལ་འདུས། །འཛམ་གླིང་ཁྱབ་པའི་མུན་ནག་ཡང་། །ཉི་མ་གཅིག་ཤར་ཐམས་ཅད་སངས། །ཐོག་མེད་དུས་བསགས་སྡིག་སྒྲིབ་རྣམས། །རང་སེམས་ཆོས་སྐུར་རྟོགས་ན་དག །བདག་གི་དུས་གསུམ་དགེ་བ་རྣམས། །རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །ནམ་ཞིག་འདི་ནས་ཚེ་འཕོས་ཚེ། །ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སུ། །དག་པའི་སྐྱེ་བ་ལེན་པར་ཤོག །འདི་དང་ཕྱི་སྒྱུ་མ་བར་དོ་རུ། །སྤྱན་རས་གཟིགས་ཀྱིས་བྱིན་བརླབས་ནས། །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །ཅེས་ཨ་ནུ་ཚེ་མགོན་རྒྱལ་གྱི་ཐུགས་དམ་རྒྱུན་ཁྱེར་དུ་དམིགས་ནས་དགེ་སློང་ཨ་རཱ་གས་བྲིས་


CMR049_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། མངྒ་ལཾ།། །།ན་མོ་ཤཱནྟི་ཀྲོ་ཏ་ཡེ། གནས་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ནས། །རིག་འཛིན་བླ་མ་གྲུབ་ཐོབ་རྒྱ་མཚོ་དེས། །འདིར་ཚོགས་ཁྲོམ་པ་རྣམས་ལ་བྱིན་གྱིས་རློབས། །འཕོ་བས་མཁའ་སྤྱོད་བསྒྲོད་པ་ཞིག་ཐུགས་རྗེས་ཟུངས། །གནས་འོག་མིན་ཆོས་དབྱིངས་ཀྱི་ཞིང་ཁམས་ནས། །ཆོས་སྐུ་སངས་རྒྱས་ཀུན་ཏུ་བཟང་པོ་དེས། །འདིར་ཚོགས་ཁྲོམ་པ་རྣམས་ལ་བྱིན་གྱིས་རློབས། །འཆི་དུས་འོད་གསལ་ཟིན་པ་ཞིག་ཐུགས་རྗེས་ཟུངས། །གནས་དག་པའི་ཞིང་ཁམས་ལྔ་པོ་ནས། །ཞི་བ་བཞི་བཅུ་རྩ་གཉིས་ལྷ་ཚོགས་དེས། །འདིར་ཚོགས་ཁྲོམ་པ་རྣམས་ལ་བྱིན་གྱིས་རློབས། །བར་དོ་ལོངས་སྐུ་འགྲུབ་པ་ཞིག་ཐུགས་རྗེས་ཟུངས། །གནས་རང་བྱུང་དུར་ཁྲོད་ཆེན་པོ་ནས། །འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དེས། །འདིར་ཚོགས་ཁྲོམ་པ་རྣམས་ལ་བྱིན་གྱིས་རློབས། །བར་དོ་རང་ངོ་ཤེས་པ་ཞིག་ཐུགས་རྗེས་ཟུངས། །གནས་ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོ་ནས། །བཀའ་སྲུང་ཆོས་སྐྱོང་དམ་ཅན་སྡེ་བདུན་དེས། །འདིར་ཚོགས་ཁྲོམ་པ་རྣམས་ལ་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་མེད་པ་ཞིག་ཐུགས་རྗེས་


CMR049_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས། །གནས་ཙིཏྟ་མཆོང་གུར་སྨུག་པོ་ནས། །རང་སེམས་སངས་རྒྱས་ཀུན་ཏུ་བཟང་པོ་དེས། །འདིར་ཚོགས་ཁྲོམ་པ་རྣམས་ལ་བྱིན་གྱིས་རློབས། །གདོད་མའི་གནས་ལུགས་རྟོགས་པ་ཅིག་ཐུགས་རྗེས་ཟུངས། །ཞེས་ཐམ་ཁར་ཞི་ཁྲོའི་དབང་ཁྲིད་དུས་ཅུང་ཟད་བྱིན་མི་ཆགས་པ་གཅིག་བྱུང་ནས་གསོལ་བ་བཏབ་པ་ཨ་རཱ་གས་སོ། མངྒ་ལཾ།། ༈ གསང་འདུས་ཁྲིད་ཀྱི་གསོལ་འདེབས་བཞུགས་སོ།། ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ བདག་གི་སྤྱི་གཙུག་པད་སྡོང་ནི། །འདབ་མ་སྟོང་ལྡན་ཟེའུ་འབྲུ་ལ། །གསང་བ་འདུས་པའི་ལྷ་ཚོགས་བཞུགས། །འདབ་མ་སྟོང་ལ་སངས་རྒྱས་སྟོང་། །མཚན་དང་དཔེ་བྱད་གཟི་བརྗིད་འབར། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན། །ཁ་བ་བུ་ཡུག་འཚུབ་ལྟར་བྱོན། །སྤྱི་བོའི་ལྷ་ཚོགས་རྣམས་ལ་ཐིམ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །བསྐལ་བཟང་སངས་རྒྱས་སྟོང་དང་བཅས། །སྐྱབས་ཀྱི་དམ་པ་ཐམས་ཅད་ལ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །སྣོད་ཀྱི་འཇིག་རྟེན་མེ་ཆུས་འཇིག །ནམ་ཟླ་དུས་བཞི་འགྱུར་ཞིང་འགྲོ། །ཉི་མ་རྒས་པའི་གྲིབ་སོ་བཞིན། །འཆི་བདག་མི་སྡོད་ཚུར་


CMR049_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་འོང་། །མི་ཚེ་ཟད་པ་མ་རིག་ནས། །ཟས་གོས་ཟད་ལ་སེམས་ནད་བྱེད། །ཨ་ཚ་མ་ན་ང་རེ་འཁྲུལ། །ཚེ་ལ་བར་ཆད་རྐྱེན་ངན་མང་། །ང་བས་གཞོན་པ་དུ་མ་ཤི །ང་ལ་མི་འཆིའི་གདེང་ཚོད་མེད། །གཟའ་སོགས་དུས་མིན་འཆི་བ་མང་། །དེ་རིང་མི་ལ་སང་ཉིན་རོ། །དེ་འདྲ་བྱུང་བ་མང་དུ་ཐོས། །འཆི་བདག་ལས་ཀྱི་གཤིན་རྗེ་ལ། གཏམ་ས་གཏུན་ས་མི་གདའ་ན། །གཏུག་གིས་ཐུག་པའི་དུས་ཚོད་ཅིག །བདག་ལ་ནམ་འོང་ཏིག་ཏིག་མེད། །ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་འོད་དཔག་མེད། །བར་ཆད་སོལ་ཅིག་ཨོ་རྒྱན་རྗེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཉེ་དུ་ཡོད་ཀྱང་འགྲོགས་དབང་མེད། །མང་པོའི་གསེབ་ནས་གཅིག་པུར་འགྲོ། །བསགས་པའི་ནོར་རྫས་ཤུལ་དུ་ལུས། །དགེ་སྡིག་ལུས་དང་གྲིབ་བཞིན་འགྲོགས། །དགྲ་ཡིས་གནོད་པ་མི་སྐྱེལ་ཏེ། །ཐར་མེད་བཙོན་རར་བཙུད་མི་དེ། །མི་དགེ་སྡིག་པའི་ལས་འདི་རེད། །ཐོག་མེད་དུས་ནས་ད་ལྟའི་བར། །མི་དགེ་ཉེས་ལྟུང་ཅི་བསགས་པ། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དྲུང་དུ་བཤགས། །འཛམ་གླིང་གང་བའི་ནོར་ཡོད་


CMR049_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཁབ་སྐུད་ཙམ་ཡང་འཁྱེར་དབང་མེད། །འཁྱེར་རྒྱུའི་ནོར་དེ་དགེ་བ་རེད། །ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །ཐུགས་རྗེ་ཆེན་པོའི་ལྷ་ལ་འབུལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ འདི་དང་ཕྱི་མ་བར་དོ་གསུམ། །རེ་ས་གཞན་ན་མ་མཆིས་པས། །གསོལ་བ་འདེབས་སོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་འོད་དཔག་མེད། །གསོལ་བ་འདེབས་སོ་སངས་རྒྱས་སྟོང་། །གསོལ་བ་འདེབས་སོ་པདྨ་འབྱུང་། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་། །འོད་དུ་ཞུ་ནས་བདག་ལ་ཐིམ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ བདག་ལུས་ཤ་ཁྲག་གདོས་བཅས་འདི། །འཇའ་ལུས་ཐུགས་རྗེ་ཆེན་པོའི་སྐུ། །སྐུ་མདོག་དམར་པོ་བྱི་རུའི་མདོག །ཞལ་གཅིག་ཕྱག་གཉིས་མཚན་དཔེ་རྫོགས། །ཕྱག་གཡས་ཕྲེང་བ་ཐུགས་ཀར་འཛིན། །ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་པད་ཟླའི་གདན། །ཡུམ་མཆོག་གསང་ཡེ་སྐུ་ལ་འཁྲིལ། །དར་དང་རིན་ཆེན་རྒྱན་གྱི་སྤྲས། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧཱི༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །ཡི་གེ་བདུན་པ་གཡས་སུ་འཁོར། །དེ་


CMR049_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སངས་རྒྱས་ཞིང་ཁམས་ཐམས་ཅད་ནས། །ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་། །ཆར་བཞིན་བབས་ནས་བདག་ལ་ཐིམ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །ཚེ་རབས་མང་པོའི་ཕ་མ་རེད། །འགའ་རེ་དམྱལ་བར་བཙོ་ཞིང་བསྲེགས། །འགའ་རེ་གྲང་དམྱལ་ཁྱགས་ཤིང་གས། །འགའ་རེ་ཡི་དྭགས་ལུས་པོ་སྐམ། །འགའ་རེ་དུད་འགྲོ་བླུན་ཤིང་ལྐུག །འགའ་རེ་ལྷ་མིན་རྒྱུན་དུ་རྩོད། །ལྷ་དང་མི་ཡི་བདེ་སྐྱིད་ཀྱང་། །ཡུན་རིང་མི་རྟག་སྡུག་བསྔལ་འབྱུང་། །ཨ་ཙ་མ་ན་སྙིང་རེ་རྗེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ བདག་གི་ཡི་གེ་བདུན་པའི་སྒྲ། །འབྲུག་སྟོང་བཞིན་དུ་བསྒྲགས་པ་ཡིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར། །ཀུན་གྱིས་བདག་གི་རམ་བུ་བཀྱག །སྒྲ་སྐད་ཐམས་ཅད་ཡིག་བདུན་སྒྲ། །ཐམས་ཅད་འཁོར་བ་དོང་ནས་སྤྲུགས། །ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ དེ་ལྟར་སྒོམ་མཁན་རང་གི་སེམས། །སྐྱིད་སྡུག་བཟང་ངན་རང་གི་སེམས། །ཕྱག་རྫོགས་དབུ་མ་རང་གི་སེམས། །སེམས་ནི་གཟུགས་


CMR049_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁ་དོག་མེད། །མེད་པ་མ་ཡིན་ཅི་ཡང་འཕྲོ། །སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །དེ་ལ་བཅོས་བསླད་བྱེད་དོན་མེད། །རང་སར་ཞོག་ལ་རང་ངོ་ལྟོས། །བལྟས་པས་མི་མཐོང་ངང་ལ་ཞོག །གནས་ན་གནས་པའི་ངོ་བོར་ལྟོས། །ཀྱི་ལེ་གནས་པ་ཞི་གནས་ཏེ། །སྟོང་པར་མཐོང་བ་ལྷག་མཐོང་ཡིན། །མི་འཕྲོ་མཐོང་བའང་ཞི་གནས་ཏེ། །སྟོང་པར་མཐོང་བ་ལྷག་མཐོང་ཡིན། །སེམས་ནི་གནས་སམ་འཕྲོ་ཡང་རུང་། །ངོ་བོ་སྟོང་པར་མཐོང་བ་ནི། །ཆུ་དང་རླབས་བཞིན་རང་ལ་ཐིམ། །ཉམས་ལེན་གསར་པའི་ཆོས་སྐལ་གྱིས། །འགྱུ་བ་གནས་པས་མི་སྒྲིབ་པར། །མཚོ་ལ་ཁ་བ་བབས་པ་ལྟར། །སྤྱོད་ལམ་ཕལ་ཆེར་རྣམས་དང་འདྲེས། །དྲན་པ་ཙམ་གྱིས་སྟེང་དུ་སླེབས། །ཉམས་ལེན་འབྲིང་གི་ཆོས་སྐལ་གྱིས། །བལྟ་བྱ་ལྟ་བྱེད་གཅིག་ཏུ་འདྲེས། །འདི་བསྒོམ་གཏད་སོ་གཅིག་ཀྱང་མེད། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རང་གི་སེམས་དང་དབྱེར་མེད་འདྲེས། །ཉམས་ལེན་རབ་ཀྱི་ཆོས་སྐལ་གྱིས། །གཉིད་དང་རྨི་ལམ་མཚམས་ཤེད་ན། །ཉམས་ལེན་ཟིན་པ་འོད་གསལ་ཡིན། །རྨི་ལམ་ཡུལ་དུ་ཉམས་ལེན་


CMR049_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན། །བརྩོན་འགྲུས་ཅན་གྱི་ཆོས་སྐལ་གྱིས། །དགེ་བ་འདི་ཡིས་སེམས་ཅན་ཀུན། །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཞེས་པ་འདི་གནས་མདོ་ནང་དུ་ཐུགས་རྗེ་ཆེན་པོའིདབང་ཁྲིད་དུས་གྱང་སྒང་བའི་བཙུན་མ་འགས་བསྐུལ་ནས་ཨ་རཱ་གས་ནུབ་ཏུ་མར་མེའི་ངོགས་ལ་བྲིས་སོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། བདག་སོགས་དབུ་ནག་འགྲོ་བ་ཀུན། །དལ་འབྱོར་མི་ལུས་ཐོབ་ལགས་ཀྱང་། །ནམ་འཆི་ཆ་མེད་ཨ་ཙ་མ། །སྣོད་ཀྱི་འཇིག་རྟེན་མེ་ཆུས་འཇིག །ལོ་ཟླ་སོང་ཞིང་འཆི་དང་ཉེ། །འཆི་བདག་གཤིན་རྗེའི་ཕོ་ཉ་ལ། །བཟློག་པའི་ཐབས་མེད་ཏུག་གིས་ཐུག །འཁོར་དང་ཉེ་དུ་ཁྲིད་དབང་མེད། །བསགས་པའི་ནོར་རྫས་ཤུལ་དུ་ལུས། །གཅེས་པའི་ལུས་འདི་བྱ་ཁྱིས་ཟ། །དེ་དུས་སྐྱབས་གཞན་མ་མཆིས་པས། །སྐྱབས་གནས་བསླུ་མེད་ད་ལྟ་ཚོལ། །སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང་། །འཇའ་དང་འོད་ཀྱི་གུར་ཁང་ནང་། །དཀོན་མཆོག་ཀུན་འདུས་འོད་དཔག་མེད། །དམར་པོ་མཉམ་བཞག་སྐྱིལ་ཀྲུང་བཞུགས། །ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །མཚན་དང་དཔེ་བྱད་གཟི་བརྗིད་འབར། །དམ་ཡེ་དབྱེར་མེད་ངོ་བོ་


CMR049_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །བླ་མ་ཨོ་རྒྱན་སྣང་མཐའ་ཡས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འགྲོ་དྲུག་རྣམས་ལ་ཐུགས་རྗེས་གཟིགས། །དམྱལ་བའི་སྡུག་བསྔལ་བཟོད་གླགས་མེད། །ཡི་དྭགས་བཀྲེས་སྐོམ་མེ་ལྟར་འབར། །དུད་འགྲོ་གླེན་ལྐུག་ཡི་རེ་མུག །ལྷ་མིན་འཐབ་རྩོད་སྐྱོ་བ་སྐྱེ། །ལྷ་དང་མི་ཡི་བདེ་སྐྱིད་ཀྱང་། །ཡུན་རིང་མི་གནས་རྨི་ལམ་ཙམ། །འདི་རྣམས་བདག་གིས་འདྲེན་པའི་ཕྱིར། །འཕགས་མཆོག་ཐུགས་རྗེ་ཆེན་པོ་དེ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །འགྲོ་བའི་དོན་དུ་གསོལ་བཏབ་པས། །འོད་དཔག་མེད་ཀྱི་སྐུ་ལུས་ལས། །བདུད་རྩི་འོ་མ་ལྟ་བུ་བབས། །ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །རང་ལུས་ཐུགས་རྗེ་ཆེན་པོ་ནི། །བཀྲག་གསལ་གངས་ལ་ཉི་ཤར་འདྲ། །ཕྱག་བཞི་དང་པོས་ཐལ་མོ་སྦྱར། །གཡས་གཡོན་ཕྲེང་བ་པདྨ་འཛིན། །ཞལ་གཅིག་ཞི་འཛུམ་འགྲོ་ལ་གཟིགས། །དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །པདྨ་ཟླ་བའི་གདན་ལ་བཞུགས། །སྐུ་ནི་རི་རྒྱལ་ལྷུན་པོ་ཙམ། །དབུ་ནི་ཚངས་པའི་གནས་སུ་སླེབས། །ཞལ་ནས་ཡི་གེ་དྲུག་པའི་སྒྲ། །འབྲུག་སྟོང་བཞིན་


CMR049_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འུ་རུ་རུ། །འགྲོ་དྲུག་ཐུགས་རྗེ་ཆེན་པོའི་ཞིང་། །སེམས་ཅན་གཅིག་ཀྱང་མ་ལུས་པ། །ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཀུན་ཀྱང་སྔགས་སྒྲ་འུ་རུ་རུ། །འཁོར་བ་དོང་། །ནས་སྤྲུགས་པར་འགྱུར། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །རིགས་དྲུག་སྐྱེ་སྒོ་ཆོད་ནས་ཀྱང་། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧི༔ རང་ཉིད་ཐུགས་རྗེ་ཆེན་པོ་ཡིས། །ཐུགས་ཀར་མེ་ལོང་གཡའ་དག་སྟེང་། །འོད་ཀྱི་ཐིག་ལེ་མཐེ་བོང་ཙམ། །ཤེལ་སྒོང་དྲི་མེད་ལྟ་བུ་ལ། །སེམས་ནི་མི་འཕྲོ་རྩེ་གཅིག་ཏུ། །གཏད་པ་མཚན་བཅས་ཞི་གནས་ཡིན། དེ་ལྟར་སྒོམ་མཁན་རང་སེམས་ལ། །གཅེར་གྱི་བལྟས་པས་དངོས་པོ་མེད། །མེད་པ་མ་ཡིན་ཅི་ཡང་འཆར། །འཆར་ཡང་སེམས་ཀྱི་ཀློང་དུ་ཐིམ། །རང་ཞི་ཆུ་ཡི་པ་ཏྲ་འདྲ། །གང་ཤར་དེ་ཡི་ངོ་བོ་ལ། །མ་བཅོས་རང་བབ་ཀློད་ལ་ཞོག །མ་ཡེངས་དྲན་པའི་རྒྱང་སོ་ཚུགས། །ས་ལེ་སེང་ངེ་ཧྲིག་གེ་བ། །རྗེན་ནེ་ཡེ་རེ་འབོལ་ལེ་བཞག །ཡིད་ལ་གསལ་ཡང་བརྗོད་མི་ཤེས། །སྨྲ་བསམ་བརྗོད་མེད་ངང་ལ་ཞོག །གཉིད་ཁ་སྙིང་གར་པདྨ་ནི། །དཀར་པོ་གྱེན་དུ་


CMR049_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བྱེ་བ། །དེ་ནང་ཐིག་ལེ་སྲན་མ་ཙམ། །ཤེལ་སྒོང་ལྟ་བུ་འོད་འབར་བ། །དེ་ལ་སེམས་གཏད་གཉིད་མ་ཐག །ཉམས་ལེན་ཟིན་པ་འོད་གསལ་ཡིན། །གལ་ཏེ་འོད་གསལ་མ་ཟིན་ན། །གཉིད་ཁ་མགྲིན་པར་པདྨ་ནི། །དམར་པོའི་དཀྱིལ་དུ་ཐིག་ལེ་ནི། །དཀར་ལ་དམར་བའི་མདངས་ཆགས་པ། །སྲན་མ་ཙམ་ལ་སེམས་གཏད་པས། །རྨི་ལམ་ཡུལ་དུ་ཉམས་ལེན་ཟིན། །གཉིད་དང་རྨི་ལམ་མངོན་སུམ་དུ། །ལུས་ནི་ཐུགས་རྗེ་ཆེན་པོའི་སྐུ། །སྟོང་གསལ་ནམ་མཁའི་འཇའ་ཚོན་བཞིན། །ངག་ནི་ཡི་གེ་དྲུག་པའི་སྒྲ། །རྒྱུན་ཆད་མེད་པ་ཆུ་བོའི་རྒྱུན། །སེམས་ཀྱི་དྲན་རྟོག་ཐམས་ཅད་ནི། །རང་གྲོལ་སྟོང་ཉིད་ཕྱག་རྒྱ་ཆེ། །བདག་གི་ལུས་ངག་ཡིད་གསུམ་དང་། །ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས། །དབྱེར་མེད་ཚེ་འདིར་འགྲུབ་གྱུར་ནས། །མ་རྒན་སེམས་ཅན་མ་ལུས་པ། །རྣམ་མཁྱེན་རྫོགས་པའི་བྱང་ཆུབ་ལ། །བདག་ཉིད་ཁོ་ནས་འགོད་པར་ཤོག །ཅེས་པ་གནས་མདོ་ནང་དུ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་ཁྲིད་སྦྲེལ་དུས་འབྲང་པ་ཆོས་མཛད་མས་བསྐུལ་ནས་ཨ་རཱ་གས་སོ།། ༈ །།ན་མོ་པདྨ་ཀ་ར་ཡེ། པདྨ་ལས་


CMR049_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་ཐུགས་རྗེ་ཅན། །པདྨའི་ཞབས་ལ་གསོལ་བ་འདེབས། །པདྨ་རིག་འཛིན་བྱིན་གྱིས་རློབས། །པདྨའི་གོ་འཕང་བསྒྲུབ་པ་ལ། །བར་ཆད་མེད་པར་ཐུགས་རྗེས་ཟུངས། །དམ་ཆོས་ཚུལ་བཞིན་བསྒྲུབ་པ་འདི། །བྱང་ཆུབ་ལམ་དུ་འགྲོ་བ་ལ། །སྤྱོད་པ་དུས་ཚོད་འབྲེལ་བ་དགོས། །གྱ་བཞི་བ་ཡི་གནས་བསྐོར་དང་། །རྩེ་གཅིག་སྒྲུབ་པ་བྱེད་པའི་ཚེ། །ཧར་ལང་བྱས་པའི་གནས་བསྐོར་དེ། །དུས་ལ་མ་བབ་ཆོས་དང་འགལ། །ལམ་དུ་མི་འགྲོ་བཞད་གད་འཕེལ། །དེ་ཕྱིར་ད་རེས་བདག་གིས་བཤོལ། །གནས་རི་ཕྱི་རོལ་མ་བསྐོར་བར། །ནང་དུ་གནས་རི་བསྐོར་ན་ལེགས། །རྡོ་རྗེ་ལུས་ཀྱི་གནས་ལུགས་ལྟོས། །སྤྱི་བོ་བདེ་ཆེན་འཁོར་ལོ་འདི། །འཇམ་དཔལ་སྐུ་ཡི་གནས་མཆོག་ཡིན། །འཇམ་དཔལ་ལྷ་ཚོགས་དངོས་སུ་བཞུགས། །ཡང་རྫོང་ཤེལ་ཕུག་གཅིག་དེ་ན་བཟང་། །མགྲིན་པ་ལོངས་སྤྱོད་འཁོར་ལོ་འདི། །པདྨ་གསུང་གི་གནས་མཆོག་ཡིན། །རྟ་མགྲིན་ལྷ་ཚོགས་དངོས་སུ་བཞུགས། །མཆིམས་ཕུ་བྲེ་གུ་གཅིག་དེ་ན་གདའ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་དེ། །ཡང་དག་ཐུགས་ཀྱི་གནས་མཆོག་ཡིན། །གསང་བདག་གི་ལྷ་


CMR049_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དངོས་སུ་བཞུགས། །ལྷོ་བྲག་ཕུག་རིང་གཅིག་དེ་ན་གདའ། །ལྟེ་བ་སྤྲུལ་པའི་འཁོར་ལོ་དེ། །བདུད་རྩི་ཡོན་ཏན་གནས་མཆོག་ཡིན། །ཆེ་མཆོག་ལྷ་ཚོགས་དངོས་སུ་བཞུགས། །ཡར་ལུང་ཤེལ་བྲག་གཅིག་དེ་ན་གདའ། །གསང་གནས་བདེ་སྤྱོད་ཀྱི་འཁོར་ལོ་དེ། །ཕྲིན་ལས་ཕུར་པའི་གནས་མཆོག་ཡིན། །རྡོ་རྗེ་གཞོན་ནུ་དངོས་སུ་བཞུགས། །སེང་གེ་རྫོང་གསུམ་གཅིག་དེ་ན་གདའ། །ཙིཏྟ་དུང་ཁང་གི་གཞལ་ཡས་གཉིས། །རྒྱལ་བ་ཞི་ཁྲོའི་གནས་མཆོག་ཡིན། །དམ་པ་རིགས་བརྒྱ་དངོས་སུ་བཞུགས། །ཟམ་བུ་དང་འབྲས་མོ་གཅིག་དེ་ན་གདའ། །མི་ཤིགས་སྙིང་གི་ཐིག་ལེ་འདི། །དུས་གསུམ་རྒྱལ་བས་བྱིན་བརླབས་གནས། །རང་སེམས་མ་ཧཱ་བྷོ་དྷི་བཞུགས། །རྡོ་རྗེའི་གདན་གཅིག་དེ་ན་གདའ། །དབུ་མ་ཨ་ཝ་དྷུ་ཏི་འདི། །དུས་གསུམ་རྒྱལ་བ་ཐམས་ཅད་ཀུན། །འདི་ལ་བསྟེན་ནས་བྱང་ཆུབ་ཐོབ། །བྱང་ཆུབ་ཀྱི་ཤིང་གཅིག་དེ་ན་གདའ། །མིག་འབྲས་ཙཱ་རི་རྩྭ་གང་གཉིས། །ཉེ་བའི་འཐུང་གཅོད་ཀྱི་གནས་ཆེན་ཡིན། །སྣང་སྟོང་གི་ལྷ་ཚོགས་དཔག་མེད་བཞུགས། །ཙཱ་རི་གཅིག་བསྐོར་ན་དེ་རུ་བསྐོར། །


CMR049_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ནོར་བུ་ཏི་སེའི་གངས། །ལྷ་དབང་ཕྱུག་ཆེན་པོའི་གནས་ཆེན་ཡིན། །བདེ་སྟོང་གི་ལྷ་ཚོགས་ཅིར་ཡང་བཞུགས། །དབབ་ཟློག་གིས་གངས་བསྐོར་གཅིག་དེ་རུ་མཛོད། །ལུས་རྩ་གནས་ཉི་ཤུ་རྩ་བཞི་དེ། །ཡུལ་ཉི་ཤུ་རྩ་བཞིའི་གནས་ཆེན་ཡིན། །དཔའ་བོ་ཌཱཀི་དཔག་མེད་བཞུགས། །སྤྱོད་པ་གཅིག་མཛད་ན་དེ་རུ་མཛོད། །ལྟེ་འོག་སོར་བཞི་གཏུམ་མོའི་གནས། །ཨ་ཐུང་ཕག་མོ་དངོས་སུ་བཞུགས། །ཨོ་རྒྱན་གྱི་ཡུལ་གཅིག་དེ་ན་གདའ། །བདེ་དྲོད་ཀྱི་དངོས་གྲུབ་གཅིག་དེ་རུ་ཞུས། །སྨིན་མཚམས་གྱི་རྩ་གནས་ཐིག་ལེའི་མཛོད། །ཀུན་དྷ་ཡི་ཐིག་ལེ་ཧེ་རུ་ཀ །ཤམ་བྷ་ལ་གཅིག་དེ་རུ་གདའ། །སྨིན་གྲོལ་གྱི་དངོས་གྲུབ་གཅིག་དེ་རུ་ཞུས། །རང་རྒྱུད་སྲ་མཁྲེགས་ཀྱི་རྒྱུ་བྲག་ལ། །དུས་གསུམ་རྒྱལ་བའི་ཐུགས་གཏེར་ཐོན། །གཅིག་ཤེས་ཀུན་གྲོལ་གྱི་ཤོག་སེར་རྙེད། །གཏེར་སྟོན་ཡང་གཞན་ནས་ཚོལ་དོན་མེད། །རང་སེམས་ཀུན་བྱེད་ཀྱི་སློབ་དཔོན་ལ། །རང་ཤར་རིག་པའི་རྩལ་དབང་ཐོབ། །ཆོས་ཕུང་བརྒྱད་ཁྲི་ཀུན་སེམས་ལ་སྨིན། །དབང་བསྐུར་ཡང་གཞན་ལ་ཞུ་དོན་མེད། །རང་སེམས་དང་པོའི་སངས་རྒྱས་


CMR049_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འཁོར་འདས་ཀྱི་རྩ་རྒྱུད་རང་དབང་ཐོབ། །རྒྱུད་དེ་ལ་མ་འདུས་རྒྱུད་གཞན་མེད། །རྒྱུད་གཞུང་ཡང་གཞན་ལ་ཞན་དོན་མེད། །འཁོར་འདས་ཀྱི་རྩ་བ་རང་སེམས་ལ། །མ་བསྒྲུབས་སངས་རྒྱས་ཀྱི་གནད་མཚང་གོ །ཐ་མལ་རང་གི་གདམས་ངག་ཤེས། །གདམས་ངག་ཀྱང་གཞན་ནས་ཚོལ་དོན་མེད། །ཁྲིད་བརྒྱ་སྟོང་གིས་སྐྱེས་སོ་རང་སེམས་རྟོགས། །བདེ་གསལ་མི་རྟོག་གི་ཉམས་མྱོང་སྐྱེས། །གླང་རྙེད་ནས་གླང་རྗེས་ཚོལ་བ་ལྟར། །ཉམས་ཁྲིད་ཀྱང་གཞན་ནས་ཞུ་དོན་མེད། །དོན་དེ་ཕྱིར་ད་རེས་མི་འབྱོན་པར། །ཆོས་སྒྲུབ་པ་མཐའ་རུ་འདོན་པར་ཞུ། །ཁྱེད་བཤོལ་རྟགས་སད་འཐུང་གི་སྐུ་ཚབ་དང་། །དོན་ཐབས་ཤེས་མཚོན་པའི་དཔེ་ཤོག་བཅས། །ཚེས་དགེ་བའི་སྔ་དྲོ་བུ་ལ་འབུལ། །ཞེས་ཨ་རཱ་གས་སོ། །མངྒ་ལཾ།། ༈ །།ཉམས་མཚར་མགུར་གྱི་སྐོར་འགའ་ཞིག་འཕྲལ་དུ་བྲིས་པ་ཨ་མཆོད་གསེར་ལུ་ལ་སྤྲིང་བའོ། །ན་མོ་གུ་རུ་བསྒྱུར་གནས་འཁོར་འདས་མཉམ་ཉིད་ཞིང་ཁམས་ནས། །དཔལ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ཡུམ་ཤེས་རབ་ཕ་རོལ་ཕྱིན་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་


CMR049_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས། །གཞི་གདོད་མའི་གནས་ལུགས་རྟོགས་ནས་ཀྱང་། །མགོན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་འོག་མིན་དག་པའི་ཞིང་ཁམས་ལྟར། །དཔལ་རིགས་ལྔ་བཅོམ་ལྡན་རྡོ་རྗེ་འཆང་། །བཀའ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལམ་བསྐྱེད་རྫོགས་བརྟན་པ་ཐོབ་ནས་ཀྱང་། །ལྷ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །དཔལ་སྐལ་བཟང་སངས་རྒྱས་བྱེ་བ་བརྒྱ། །འཁོར་དེ་སྙེད་བྱང་སེམས་ཉན་ཐོས་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་ས། །རྒྱུ་ཚོགས་གཉིས་བྲེ་ཁ་གང་ནས་ཀྱང་། །སྐྱབས་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་རི་བོ་ཏ་ལ་བྱེ་བ་བརྒྱར། །དཔལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །གྲངས་དེ་སྙེད་སྒྲོལ་མ་དཀར་སྔོན་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བྱམས་སྙིང་རྗེའི་ཆུ་བོ་ཆེར་རྒྱས་ནས། །ལྷ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་རི་བོ་རྩེ་ལྔ་བྱེ་བ་བརྒྱ། །དཔལ་འཇམ་དབྱངས་བྱེ་བ་ཕྲག་བརྒྱ་དང་། །གྲངས་དེ་སྙེད་རྡོ་རྗེ་འཇིགས་བྱེད་ལ། །


CMR049_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བཀའ་མདོ་རྒྱུད་དགོངས་པ་རྟོགས་ནས་ཀྱང་། །ལྷ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་ལྕང་ལོ་ཅན་གནས་བྱེ་བ་བརྒྱར། །དཔལ་གསང་བདག་བྱེ་བ་ཕྲག་བརྒྱ་དང་། །གྲངས་དེ་སྙེད་མ་མགོན་ལྕམ་དྲལ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སྟོབས་ནུས་པའི་བྱིན་རླབས་ཆེར་འབར་ནས། །ལྷ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ན། །ཡུམ་ཕག་མོ་བྱེ་བ་ཕྲག་བརྒྱ་དང་། །གྲངས་དེ་སྙེད་རིགས་བཞི་ཌཱཀི་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མཆོག་ཐུན་མོང་དངོས་གྲུབ་ཐོབ་ནས་ཀྱང་། །མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་སྲིན་ཡུལ་བྱེ་བ་ཕྲག་བརྒྱ་ན། །དཔལ་ཨོ་རྒྱན་ཆེན་པོའི་བྱེ་བ་བརྒྱ། །གྲངས་དེ་སྙེད་རྗེ་འབངས་ཉེར་ལྔ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལམ་བསྐྱེད་རྫོགས་བརྟན་པ་ཐོབ་ནས་ཀྱང་། །རྗེ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་གླིང་བཞི་ལྷ་གནས་བྱེ་བ་བརྒྱ། །དཔལ་གནས་བརྟན་བཅུ་དྲུག་དགྲ་བཅོམ་ཚོགས། །


CMR049_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཆོས་མདོ་སྔགས་དགོངས་པ་མངོན་གྱུར་ནས། །རྗེ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་གངས་ཅན་བོད་ཀྱི་ཞིང་ཁམས་ནས། །དཔལ་མྱེས་དབོན་རྣམ་གསུམ་ལོ་པཎ་ཚོགས། །རྗེ་བཀའ་བརྒྱུད་བླ་མ་ཐམས་ཅད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་རང་རིག་ཆོས་སྐུའི་དོན་རྟོགས་ནས། །ཕ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །རྗེ་སྐྱབས་གནས་དམ་པ་ཁྱེད་རྣམས་ལ། །བདག་སྒོ་གསུམ་གུས་པས་སྐྱབས་སུ་མཆི། །མ་འགྲོ་དྲུག་བདེ་ལ་འགོད་པའི་ཕྱིར། །བདག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལས་མི་དགེའི་སྡིག་སྒྲིབ་ཅི་བསགས་པ། །མགོན་ཁྱེད་ཀྱི་སྤྱན་སྔར་སོ་སོར་བཤགས། །ལུས་ལོངས་སྤྱོད་དགེ་རྩ་ཅི་བསགས་པ། །སྐྱབས་ཁྱེད་རྣམས་ཀུན་ལ་མཆོད་པ་འབུལ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །མི་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །བདག་མཐོར་བཏང་དམའ་བཏང་ཁྱེད་རྣམས་མཁྱེན། །ད་མ་གཡེལ་ཐུགས་རྗེའི་མཐུ་དཔུང་


CMR049_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །དོན་དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །མི་བདག་ལ་དབྱེར་མེད་གཅིག་པར་མཛོད། །ཅེས་པ་གསོལ་བ་འདེབས་པའི་གླུ་བྱིན་རླབས་ཀྱི་ཆར་འབེབས་ཞེས་བྱ་བ་སྤྱི།། ༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །བསམ་བློ་ཅིག་ཐོངས་དང་སྐལ་ལྡན་ཀུན། །ངན་སོང་གསུམ་དུ་སྐྱེ་བའི་གྲངས། །ས་ཆེན་འདི་ཡི་རྡུལ་གྲངས་ཙམ། །མཐོ་རིས་ལྷ་མིར་སྐྱེས་པ་ནི། །སེན་མོའི་སྟེང་གི་རྡུལ་གྲངས་ཙམ། །ལུས་འཕགས་ལ་སོགས་གླིང་གསུམ་ན། །སྐྱེས་ཀྱང་ཆོས་ཀྱི་སྐལ་བ་།མེད། །འཛམ་གླིང་འདི་ན་སྐྱེས་ན་ཡང་། །མཐའ་འཁོབ་དང་ནི་ཡང་འཁོབས་སུ། །སྐྱེས་ཀྱང་ཆོས་ཀྱི་བསྐལ་པ་མེད། །ད་རེས་དལ་འབྱོར་མི་ལུས་ཐོབ། །བསྟན་དང་མཇལ་ཞིང་བླ་མ་རྙེད། །འདི་འདྲའི་བསྐལ་པ་བཟང་པོ་ནི། །བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ད་རེས་དམ་ཆོས་བསྒྲུབ་དུས་ཡིན། །དམ་ཆོས་བྱེད་བསམ་ཡོད་ན་ཡང་། །ཚེ་ལ་ངེས་པ་མི་གདའ་བས། །དམ་ཆོས་འཕྲལ་དུ་མ་བསྒྲུབས་ན། །ལོ་ཟླ་སོང་ཞིང་འཆི་དང་ཉེ། །ཟས་གོས་གཉིས་པོ་ཟད་པར་ཚོར། །མི་ཚེ་ཟད་པ་ཚོར་མཁན་


CMR049_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན། །མི་བྱེད་ཁ་མེད་བྱ་བ་མང་། །དགོས་ངོ་ཤེས་པ་དམ་ཆོས་དེ། །བྱེད་བསམ་ངང་ལ་འགྲུབ་དུས་མེད། །ནད་རིགས་གདོན་རིགས་རླུང་ལྟར་འཚུབ། །ཚེ་ཚད་ཐུབ་པ་རེ་རེ་ཙམ། །ད་རུང་མི་འོང་བསམ་དུས་གཅིག །གཤིན་རྗེའི་ཕོ་ཉ་གཏུག་གིས་སླེབས། །རིམ་གྲོ་སྨན་གྱི་ནུས་པ་རྡུགས། །ཤི་བར་ཤེས་ཀྱང་བྱ་ཐབས་མེད། །ལུས་ནི་ཟུག་གཟེར་དྲག་པོས་མནར། །སེམས་ནི་འཁྲུལ་སྣང་བསྔངས་སྐྲག་ཆེ། །དམ་ཆོས་མ་འགྲུབ་འགྱོད་པ་ཆེ། །ཚེ་འདིས་བྱ་བཞག་སྐྱིད་སྡུག་ཀུན། །མདང་གསུམ་རྨི་ལམ་བཞིན་དུ་བརྗེད། །བཟུར་མེད་བར་དོའི་འཕྲང་ལ་འགྲིམ། །དགེ་སྡིག་ལུས་དང་གྲིབ་བཞིན་འཁོར། །ཉེ་དུ་ཟས་ནོར་ཤུལ་དུ་ལུས། །རེ་བ་ཆེ་ཡང་ཕན་ཐོགས་དཀའ། །དགེ་སྡིག་ལས་ཀྱི་མེ་ལོང་གསལ། །རྫུན་དང་ཞུ་མཁན་བྱེད་ས་མེད། །ཚ་གྲང་སྡུག་བསྔལ་བཟོད་གླགས་མེད། །ལན་སྟོང་ཤི་ཡང་སླར་ལ་སོས། །ལས་ངན་སྒྲིབ་པ་མ་ཟད་པར། །ཇི་ལྟར་བྱས་ཀྱང་ཐར་བར་དཀའ། །ཡི་དྭགས་བཀྲེས་སྐོམ་རང་དབང་མེད། །ཆུ་བོ་རྣམས་ཀྱང་མེ་རུ་མཐོང་། །ཆར་པ་ལྕགས་མདའ་དུག་མདར་མཐོང་། །དུད་འགྲོ་གླེན་


CMR049_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལྐུགས་རང་ཤ་ཟ། །ཉེས་མེད་རིན་ཆེན་སྲོག་དང་འབྲལ། །ལྷ་དང་མི་དང་ལྷ་མ་ཡིན། །གནས་སྐབས་ཅུང་ཟད་སྐྱིད་ན་ཡང་། །དུག་དང་འདྲེས་པའི་ཁ་ཟས་བཞིན། །ཡུད་ཙམ་སྐྱིད་ཀྱང་ཕུགས་སུ་རྡུགས། །དེ་ལྟར་འགྲོ་བ་རིགས་དྲུག་ཏུ། །གཅིག་ནས་གཅིག་ཏུ་སྐོར་ར་རེ། །འཁོར་བས་འཁོར་བ་ཞེས་སུ་གྲགས། །སྐྱེ་དང་རྒ་དང་ན་དང་འཆི། །སྡུག་བསྔལ་རྒྱ་ཆེན་གྲངས་མང་ཕྱིར། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཟེར། །དེ་ལ་མཐའ་ནི་མེད་པའི་ཕྱིར། །འཁོར་བ་མཐའ་མེད་ཅེས་བྱ་ཡིན། །དེ་ལ་སྐྱོབ་པར་ནུས་པ་ནི། །དཀོན་མཆོག་གསུམ་ལས་གཞན་མེད་ཕྱིར། །ནངས་ནུབ་སྐྱབས་འགྲོ་ནན་ཏན་བྱ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །སྐྱེ་བ་མང་པོའི་ཕ་དང་མ། །དྲིན་དང་ལྡན་པ་ཁོ་ན་ཡིན། །དེ་དག་བདེ་ལ་འགོད་པའི་ཕྱིར། །བསམ་པ་བྱང་ཆུབ་སེམས་བསྐྱེད་གཅེས། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀུན། །སྡིག་པའི་ལས་ལ་བྱུང་བ་ཡིས། །སྔར་བྱས་སྡིག་ལ་བཤགས་པ་བྱ། །འཁོར་འདས་བདེ་བ་ཐམས་ཅད་ཀུན། །དགེ་བའི་ལས་ལ་བྱུང་བའི་ཕྱིར། །ཅི་ནུས་དགེ་ལ་འབད་པར་བྱ། །


CMR049_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དང་རྟོགས་པ་ཐམས་ཅད་ཀུན། །བླ་མའི་བྱིན་རླབས་ཞུགས་ན་སྐྱེ། །དེ་ཕྱིར་གསོལ་འདེབས་རྒྱུན་དུ་བྱ། །སེམས་ཅན་སངས་རྒྱས་ཁྱད་པར་ཡང་། །རང་སེམས་དག་དང་མ་དག་ཡིན། །ཀུན་ལ་དག་སྣང་ཕྱོགས་མེད་སྦྱོངས། །ཉམས་ལེན་ཡོད་དང་མེད་པ་ཡང་། །ཡེངས་དང་མ་ཡེངས་ཁྱད་པར་ཡིན། །མ་ཡེངས་རང་སེམས་ངོ་བོ་ལྟོས། །དེ་ཚོ་གསེར་ལུའི་ཐུགས་ལ་ཞོག །ཅེས་སྨྲས་སོ། །འདི་ནི་ཁྲིད་ཀྱི་སྔོན་འགྲོའི་གླུ་ཡིད་ཀྱི་ལྕགས་འབེབས་ཞེས་བྱ་བའོ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། བྲམ་ཟེ་ཆེན་པོ་ས་ར་ཧ། །མི་ལས་འདས་ཀྱང་མི་གཟུགས་ཀྱིས། །འགྲོ་བ་འདྲེན་མཛད་ཐུགས་རྗེ་ཅན། །དྲིན་ཅན་བླ་མ་རྗེ་ལ་འདུད། །ཨ་མཆོད་རྒན་པོ་གསེར་ལུ་ཁྱོད། །ཕྱག་ཆེན་ཉམས་ལེན་སྐྱོང་འདོད་ན། །འདི་བསྒོམ་སྙམ་པའི་གཏད་སོ་སྤོངས། །མ་ཉན་དོགས་པའི་བསམ་ཆུང་སྐྱུར། །བསྒོམ་བཟང་སྐྱེ་འདོད་རེ་བ་ཆོད། །སྔ་རབས་གང་བྱས་རྗེས་མ་ཐུ། །ཕྱི་ནས་འདི་བྱེད་བསམ་གཞིག་སྐྱར། །ད་ལྟའི་རང་སེམས་སོ་མ་ལ། །བཅོས་བསླད་མེད་པར་གཅེར་གྱི་ལྟོས། །མཐོང་བ་མེད་ཀྱང་ས་ལེ་བ། །ཡོད་པ་མ་ཡིན་དངོས་པོ་མེད། །


CMR049_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་མ་ཡིན་རང་སེམས་གསལ། །ཧྲིག་གེ་ཡེ་རེ་རྗེན་ནེ་བ། །དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན། །ལོག་ནས་མ་ཚོལ་གསེར་ལུ་བ། །མི་གནས་ཕྱོགས་བཅུར་རྒྱུག་ན་ཡང་། །ཆུ་རླབས་ཆུ་ཡིན་ངོ་བོ་གཅིག །འཕྲོས་པས་སྐྱོན་མེད་གསེར་ལུ་བ། །རེས་འགའ་མི་གསལ་འཚུབ་ན་ཡང་། །ནམ་མཁའི་གསལ་འགྲིབ་ཅི་བཞིན་དུ། །གསལ་དང་མི་གསལ་ཁྱད་པར་མེད། །རང་ངོ་མཐོང་བ་གཅིག་པུས་ཆོག །གསལ་གསལ་ལེགས་ལེགས་མ་འདོད་པར། །གང་ཤར་སྐྱོང་མཛོད་གསེར་ལུ་བ། །རེས་འགའ་བདེ་བདེ་ལེགས་ལེགས་པོ། །རེས་འགའ་གསལ་སྟོང་རྗེན་ནེ་བ། །རེས་འགའ་སྟོང་ཉམས་ནམ་མཁའ་བཞིན། །རྟོགས་པ་མཐོ་མཐོ་འདྲ་ན་ཡང་། །ང་རྒྱལ་མ་སྐྱེ་གསེར་ལུ་བ། །རེས་འགའ་ཐེ་ཚོམ་ཡིད་གཉིས་སྐྱེ། །གེགས་དང་གོལ་སར་ལྟུང་གིས་དོགས། །དེ་དུས་བླ་མ་སྤྱི་བོར་བསྒོམ། །གསོལ་བ་རྒྱང་འབོད་ཚུལ་དུ་ཐོབ། །གེགས་སེལ་བོགས་འདོན་དེ་གས་ཆོག །ལོགས་ནས་མི་དགོས་གསེར་ལུ་བ། །རེ་ཞིག་བརྩོན་འགྲུས་ཆེ་ན་ཡང་། །རྒྱུན་དུ་སྐྱོང་བར་མ་བྱས་ན། །བསྒོམ་ལ་ལམ་ལུས་ཕོག་ཉན་ཡོད། །


CMR049_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ཡུན་ཤི་དང་མཉམ་པ་དགོས། །ངང་ཐུང་མ་བྱེད་གསེར་ལུ་བ། །ཡུན་དུ་སྐྱོང་བར་བྱས་གྱུར་ཀྱང་། །བོགས་དང་ཡར་སྐྱེད་མེད་འདྲ་ཡང་། །བྱིས་སྦ་བསམ་མནོས་ཟིན་པ་བཞིན། །སྙེམས་མེད་བོགས་སྐྱེད་ཤུགས་ལ་འབྱུང་། །འདོད་ཐག་མ་ཉེ་གསེར་ལུ་བ། །སྔོན་གྱི་གྲུབ་ཆེན་ཕལ་ཆེར་ཡང་། །ལོ་གྲངས་བཅུ་གཉིས་བསྒོམས་པས་གྲོལ། །དེ་ལ་སོམས་མཛོད་གསེར་ལུ་བ། །འཕྲལ་དུ་གང་དྲན་དབྱངས་ཆུང་འདི། །དེ་རིང་ཉམས་ལ་ཤར་བས་སྨྲས། །གསེར་ལུའི་ཐུགས་ལ་དེ་ལྟར་ཞོག །ཅེས་པ་ཉམས་ལེན་སྐྱོང་ཚུལ་གྱི་གླུ་ཁྲིད་ཕྲུག་དགའ་བའི་པི་ཝང་ཞེས་བྱ་བ་མངྒ་ལཾ།། ༈ །།ཀ་ཡེ་གསོན་དང་གསེར་ལུ་བ། །ཁ་ཐོན་བཟླས་བརྗོད་གསུང་རབ་ཐོན། །ག་ལེ་ལོང་མེད་འཆི་བདག་འོང་། །ང་ཁྱོད་རྩོད་པའི་ཞེ་སྡང་དང་། །ཅ་ལེ་ཅོ་ལེའི་འཆལ་གཏམ་དང་། །ཆ་བོ་ཆོབ་བེའི་སྤྱོད་པ་སྤོངས། །ཇ་ཆང་ཕུད་ཀྱིས་དཀོན་མཆོག་མཆོད། །ཉ་སྟོང་བརྒྱད་སོགས་བསྙེན་གནས་བསྲུང་། །ཏ་ཐཱ་ག་ཏའི་གསུང་རབ་ཐོན། །ཐ་མལ་ཁྱི་སྤྲང་ཡན་ཆད་ལ། །ད་ནས་ཚོགས་གསོག་གང་འགྲུབ་མཛོད། །ན་རྒས་འཆི་དུས་འགྱོད་མེད་གྱིས། །པ་ར་ག་


CMR049_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཏེའི་ཤེར་སྙིང་དང་། །ཕ་རོལ་ཕྱིན་པའི་གླེགས་བམ་ཀློག །བ་སོགས་སྒོ་ནོར་བཤས་མ་བྱེད། །མ་གྱུར་འགྲོ་ལ་སྙིང་རྗེ་བསྒོམ། །ཙ་ཐོར་ཡན་གྱི་ཡིག་དྲུག་བསྐུལ། །ཚ་སོགས་ཚོང་ལ་གཡོ་སྒྱུ་སྤོངས། །ཛ་རེ་ཛོ་རེའི་འགྲོ་འདུག་དུས། །ཝ་ལེ་ཡེ་རེ་སེམས་ལ་ལྟོས། །ཞྭ་ལྟར་བླ་མ་སྤྱི་བོར་བསྒོམ། །ཟ་འཐུང་ཚོགས་ཀྱི་འཁོར་ལོར་བསྒོམ། །འ་རེ་འུ་རེའི་རྣམ་གཡེང་དུས། །ཡ་ང་མེད་པར་ཡི་དམ་བསྒོམ། །ར་ལུག་ཚེ་ཐར་གང་མང་ཐོངས། །ལ་ཆེན་བློ་ཕུགས་ཆོས་ལ་གཏོད། །ཤ་ཡང་ཉིན་ཤ་བསྔོས་ཤ་སྤོངས། །ས་ཆ་གང་འདུག་དགེ་སྦྱོར་འབུངས། །ཧ་ཁོག་གོ་ན་ཆོས་ལ་སླ། །ཨ་ཀྱང་ང་ནི་ཀུ་རེ་མིན། ཀ་ཚར་གྱི་མཚར་གླུ་ཞེས་བྱ་བ་མངྒ་ལཾ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། གསོན་དང་མཆོད་རྒན་གསེར་ལུ་བ། །རྒྱུད་སྡེའི་ལྷ་ཚོགས་གྲངས་མང་ཡང་། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཁ་བ་ཅན་གྱི་ལྷ་སྐལ་ཡིན། །ལྟ་ཁོང་ལས་ཐུགས་རྗེ་ཆེ་བ་མེད། །ཁྱད་པར་དུས་ངན་སྙིགས་མ་ལ། །སྤྱན་རས་གཟིགས་དབང་བྱིན་རླབས་མྱུར། །གཟུངས་སྔགས་རིག་སྔགས་གྲངས་མང་ཡང་། །རིག་


CMR049_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྒྱལ་པོ་ཡི་གེ་དྲུག །གངས་ཅན་ཁྲོད་པའི་ཆོས་སྐལ་ཡིན། །ཁྱད་པར་མདོ་ཁམས་ཕོ་མོ་ལ། །ཡི་གེ་དྲུག་པའི་བཀའ་བབས་ཡོད། །བྱང་ཆུབ་སེམས་དཔའ་ས་དྲུག་པའི། །བསོད་ནམས་དགེ་རྩ་གང་ཡོད་པས། །ཡིག་དྲུག་ལན་གཅིག་བསོད་ནམས་ཆེ། །བསྐྱེད་རིམ་སྒོམ་ལུགས་མང་ན་ཡང་། །སྐད་ཅིག་དྲན་རྫོགས་སྒོམ་པ་འདི། །དབང་པོ་རབ་ཀྱི་བསྐྱེད་རིམ་ཡིན། །མཁའ་ལ་འཇའ་ཚོན་ཤར་བ་བཞིན། །རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམ། །ཐུགས་ཀར་པད་དཀར་འདབ་མ་དྲུག །དབུས་སུ་ཧཱུྃཡིག་དཀར་པོ་སྟེ། །འདབ་དྲུག་ཡི་གེ་དྲུག་པོ་བཀོད། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད། །ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། །ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །རང་ལ་སིབ་སིབ་ཐིམ་པར་བསྒོམ། །སྤྱན་འདྲེན་དབང་བསྐུར་གཉིས་ཀ་ཡིན། །ཡང་གཅིག་འོད་ཟེར་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་ཀུན་ལ་ཕོག །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག །ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། །ཀུན་ཀྱང་ཡི་གེ་དྲུག་པ་འདོན། །སྐད་ཅིག་དུང་ཕྱུར་མང་པོ་འགྲོ། །


CMR049_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྒོམ་མཁན་རང་གི་སེམས། །སེམས་ནི་སྐྱེ་མེད་ཆོས་ཀྱི་སྐུ། །བསྒོམ་དུས་ཉིད་ནས་སྟོང་པའི་ངང་། །སྟོང་པའི་ངང་ནས་གསལ་བར་སྣང་། །དེ་ལ་བསྐྱེད་རྫོགས་ཟུང་འཇུག་ཟེར། །བདེ་བ་ཅན་དུ་སྐྱེ་བའི་ཐབས། །ཡིག་དྲུག་སྒོམ་བཟླས་མཆོག་ཏུ་ཟབ། །བདེ་ཆེན་ཞིང་དུ་སྨོན་ལམ་ཐོབ། །སྤྲང་པོ་ང་ཡི་སྙིང་གཏམ་ཡིན། །ངས་ཀྱང་དེ་ལྟར་ཉམས་སུ་བླངས། །ཁྱེད་ཀྱང་དེ་ལྟར་ཉམས་སུ་ལོངས། །འདི་ལས་ཟབ་པ་ཡོད་རེ་ཤི །ཞེས་པ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཀྱི་གླུ་གངས་ཅན་བོད་ཀྱི་སྤྱི་ནོར་ཞེས་བྱ་བ་མངྒ་ལོ།། ༈ །།ན་མོ་གུ་རུ། དྲིན་ཆེན་རྗེ་ལ། །གསོལ་བ་འདེབས་སོ། །ཨ་མཆོད་གསེར་ལུ། །ང་ལ་གསོན་དང་། །སྙིང་གཏམ་བཤད་དོ། །ཚེ་འདི་མི་རྟག །དགུན་ཉི་ཙམ་ཡིན། །ངན་སོང་སྡུག་བསྔལ། །བཟོད་གླགས་མེད་དོ། །ལས་འབྲས་བསླུ་མེད། །རང་ལ་སྨིན་ནོ། །སྡིག་པ་ཆུང་ཡང་། །བཙན་དུག་ཟོས་ལྟར། །གནོད་པ་ཆེའོ། །དགེ་བ་ཆུང་ཡང་། །རྩི་དང་སྨན་བཞིན། །ཕན་སྟོབས་ཆེའོ། །ཉ་མཚམས་བརྒྱད་གསུམ། །བསྙེན་གནས་བསྲུང་དང་། །མི་ལུས་ཐོབ་


CMR049_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །ཡི་གེ་དྲུག་པ། །རྒྱུན་དུ་ཐོན་དང་། །སྡིག་སྒྲིབ་འདག་གོ །བླ་མ་རྗེ་ལ། །གསོལ་བ་ཐོབ་དང་། །ཉམས་རྟོགས་སྐྱེའོ། །རང་སེམས་ངོ་བོ། །རྒྱུན་དུ་སྐྱོང་དང་། །ཕྱག་རྒྱ་ཆེན་པོ། །དེ་རང་ཡིན་ནོ། །བསམ་པ་བཟང་པོས། །སྨོན་ལམ་ཐོབ་དང་། །གང་འདོད་འགྲུབ་བོ། །བདེ་ཆེན་ཞིང་དུ། །སྨོན་ལམ་ཐོབ་དང་། །སྐྱེ་བར་སླའོ། །ད་ནི་ཚེ་ཡང་། །སུམ་གཉིས་སོང་བས། །ཚེ་གཞུག་འདི་ལ། །དགེ་སྦྱོར་འབུངས་ཤིག །ཚེ་འདིའི་བྱ་བ། །གལ་ཆེན་ཐམས་ཅད། །གཞོན་པ་རྣམས་ལ། །དབང་རིས་གཏད་ནས། །མལ་ས་ཟུངས་ཤིག །ཡི་གེ་དགོས་ཞེས། །ཁ་སེང་ཟེར་ཡང་། །ང་ཡང་མ་ཁོམ། །ད་རེས་སྦོ་ཟླའི། །ཡར་ཚེས་བཞི་ལྔའི། །ཐུན་མཚམས་རྣམས་ལ། །རཱ་གའི་མིང་ཅན། །དགེ་སློང་དེ་ཡིས། །མཚམས་ཀྱི་ཁུང་ནས། །སྤྲིང་བའི་ཡི་གེ །མཆོད་རྒན་ཐུགས་ལ། །བཞག་པར་ཞུ་དང་། །མངྒ་ལཾ།། ན་མོ་གུ་རུ་པྲ་ཝ་ཀ་ར་ཡེ། གླེ་མདའ་དགོན་པའི་བན་རྒན་གྱིས། །ཉིན་ལམ་གཅིག་ཏུ་ཁོ་བོ་བསྐྱལ། །སྐྱེལ་དང་ངོ་སྤྲོད་ཚིག་གསུམ་


CMR049_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །བླ་མ་ཨོ་རྒྱན་དབྱེར་མེད་དེ། །མི་འབྲལ་སྤྱི་བོའི་གཙུག་ཏུ་བསྒོམ། །ཅི་མཛད་ཁྱེད་ཤེས་བློ་སྙིང་གཏོད། །གསོལ་བ་མཆི་མ་འཁྲུག་པར་ཐོབ། །དེ་ནས་རང་ལ་དབྱེར་མེད་བསྟིམ། །མ་བཅོས་རང་སེམས་ངོ་བོ་ལྟོས། །བལྟས་པས་མི་མཐོང་ངང་ལ་ཞོག །རང་སེམས་གདོད་ནས་ཆོས་ཀྱི་སྐུ། །མ་བཅོས་བཞག་པས་ཕྱག་རྒྱ་ཆེ། །བཅོས་ཤིང་བསྒོམས་པས་འཁྲུལ་པའི་བློ། །བཅོས་དང་མ་བཅོས་འབྱེད་མཁན་དཀོན། །ཡག་ཏུ་འདོད་ནས་བཅོས་པ་ཡིན། །ཉེས་སུ་འདོད་ནས་བཅོས་པ་ཡིན། །ཀྲིམ་མེ་བསྒྲིམས་ན་བཅོས་པ་ཡིན། །དྲན་རྫི་བསྲུང་རྒྱུ་མེད་པ་དེ། །ཐ་མལ་འཁྲུལ་པ་ཁ་འབྱམས་ཡིན། །གནས་དགའ་འགྱུ་སྡུག་བཅོས་པ་ཡིན། །བདེ་གསལ་མི་རྟོག་ཉམས་བཟང་ལ། །ཆགས་ཞེན་མཆོག་འཛིན་བཅོས་པ་ཡིན། །མ་བཅོས་པ་དེ་གང་ཞེ་ན། །དྲན་རྫི་མ་བརྗེད་མ་ཡེངས་ཙམ། །དེ་མིན་སྒོམ་རྒྱུ་སྤུ་ཙམ་མེད། །ལྷོད་དེ་ཀློད་སྐུ་ལ་ཕྱམ་མེར་ཞོག །བཟང་ངན་སྤང་བླང་མེད་པར་ཞོག །དེ་ལྟར་མ་བཅོས་བཞག་ཤེས་ན། །རྟོགས་པ་སྐད་ཅིག་ཉིད་ལ་འཆར། །ཕྱི་ནང་བདག་གཞན་གཅིག་ཏུ་འདྲེས། །


CMR049_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བསམ་བརྗོད་དུ་མེད་པ་ལ། །འདི་ཡིན་འདི་མིན་ཅི་ཡང་མེད། །འཁོར་འདས་སྣོད་བཅུད་ཐམས་ཅད་ཀུན། །རང་གི་སེམས་དང་དབྱེར་མེད་འདྲེས། །ཡེངས་དང་མ་ཡེངས་འཁྲུལ་མ་འཁྲུལ། །ཁྱད་མེད་ངོ་བོའི་ཀློང་དུ་འདྲེས། །ཕྱི་རོལ་སྣང་བ་སྣ་ཚོགས་འདི། །ཆུ་ཟླ་འཇའ་ཚོན་ལྟ་བུ་མཐོང་། །མ་རྟོགས་འགྲོ་ལ་སྙིང་རྗེ་སྐྱེད། །དེ་ལ་བསྒོམ་ཆེན་མིང་བཏགས་ཙམ། །ཙཀྱུས་སུརྱའི་ཟེར་ལ་ལྟ། །འཇའ་འོད་ཐིག་ལེ་ཐིག་ཕྲན་དང་། །ལུ་གུ་རྒྱུད་སོགས་ཅི་ཡང་འཆར། །ལས་དག་ཡུན་རིང་མ་བལྟས་ཀྱང་། །སངས་རྒྱས་བྱང་སེམས་ལྷ་ཀླུ་མཐོང་། །བར་དོ་ཆོད་པར་ཐེ་ཚོམ་མེད། །དེ་སྐད་རཱ་ག་ཨ་སྱས་སྨྲས། །ཤུ་བྷཾ།། ༈ །།ན་མོ་གུ་རུ། བུ་ཆུང་ནས་བསྐྱངས་བའི་ཀརྨ་སྐྱབས། །ཁྱོས་ཁར་ཉིན་གསོལ་འདེབས་དགོས་ཟེར་བ། །དུས་དེ་རིང་ཉམས་ལ་ཤར་ནས་སྨྲས། །ཕ་དྲིན་ཆེན་སྤྲུལ་པའི་སྐུ་མཆོག་ལ། །མི་ངས་ཀྱང་གསོལ་བ་སྙིང་ནས་བཏབ། །བུ་ཁྱོད་ཀྱང་གསོལ་བ་སྙིང་ནས་ཐོབ། །ཉམས་རྟོགས་པ་འཆར་བར་ཐེ་ཚོམ་མེད། །སྔོན་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དེས། །ཕྱུགས་མ་ཧེ་འཚོ་བའི་རྫི་བོ་


CMR049_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྒོམ་ཇི་ལྟར་བཏབ་ཀྱང་སྐྱེ་མ་ཐུབ། །ད་ཁྱོད་རང་མ་ཧེ་གཅིག་བསྒོམ་གསུངས། །དེ་བསྒོམས་པས་མགོ་ལ་རྭ་ཅོ་སྐྱེས། །ད་མ་ཧེ་ཐུགས་རྗེ་ཆེན་པོར་བསྒོམ། །དེ་གསུངས་ནས་བསྒོམས་པས་དངོས་སུ་འགྲུབ། །ལྷ་ཐུགས་རྗེ་ཆེན་པོ་དངོས་སུ་མཇལ། །གསུང་ཡི་གེ་དྲུག་མ་རང་བྱོན་གནང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ། །དཔལ་གྲུབ་ཆེན་ཀླུ་ཡི་དབང་ཕྱུག་ཡིན། །དཔེ་དེ་བཞིན་བན་ཆུང་ཀརྨ་སྐྱབས། །ཁྱོད་ཆུང་ངུའི་དུས་ནས་རྟ་མཚོ་གོམས། །དཔེ་དེ་ལ་ལེན་པའི་ཆོས་ཤིག་བཤད། །ས་མི་མེད་ལུང་པའི་ནགས་གསེབ་ན། །མི་ངན་པ་ཟས་འདོད་རྐུན་འཁྱམས་དེས། །ཆིབས་པའི་རྟ་ཕོ་འཁྱེར་ཉན་གདའ། །བུ་མ་ཡེངས་རྐུན་དོགས་བྱ་ར་ལྟོས། །ལུས་ལང་ཚོ་རྒྱས་པའི་ནགས་ཁྲོད་ན། །བར་ཆད་བདུད་མོ་རྐུན་འཁྱམས་དེས། །ཆོས་ཚུལ་ཁྲིམས་རྟ་ཕོ་འཁྱེར་ཉན་གདའ། །བུ་ངོ་ཚ་ཁྲེལ་ཡོད་ཀྱི་བྱ་ར་ལྟོས། །ལྕེ་རོ་ལ་ཆགས་པའི་ནགས་ཁྲོད་ན། །ཆང་ཀུན་དགའ་སྨྱོ་འགོའི་རྐུན་འཁྱམས་དེས། །དྲན་ཤེས་བཞིན་གྱི་རྟ་ཕོ་འཁྱེར་ཉན་གདའ། །བུ་དམ་བཅའ་ཞེ་བཅད་ཀྱི་བྱ་ར་ལྟོས། །ཁྱོད་མ་


CMR049_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་རྩད་མོའི་རྐུན་འཁྱམས་དེས། །འཛིན་ཟིན་ཐུན་གྱི་རྟ་ཕོ་འཁྱེར་ཉན་གདའ། །བུ་མ་ཡེངས་བརྩོན་འགྲུས་ཀྱི་བྱ་ར་ལྟོས། །གྲོགས་རྡོ་རྗེ་སྤུན་གྱི་ནགས་ཁྲོད་ན། །ཚིག་ངན་པ་གཤིས་གྱོང་གིས་རྐུན་འཁྱམས་དེས། །ཆོས་དག་སྣང་གི་རྟ་ཕོ་འཁྱེར་ཉན་གདའ། །བུ་བཟོད་པ་དག་སྣང་གི་བྱ་ར་ལྟོས། །ལུས་ཐོབ་དཀའ་འཇིག་སླའི་ནགས་ཁྲོད་ན། །དུས་ངེས་མེད་འཆི་བདག་གི་རྐུན་འཁྱམས་དེས། །ལུས་ཚེ་སྲོག་གི་རྟ་ཕོ་འཁྱེར་ཉན་གདའ། །བུ་ནམ་འཆི་ངེས་མེད་ཀྱི་བྱ་ར་ལྟོས། །སེམས་གནས་འགྱུ་རིག་གསུམ་གྱི་ནགས་ཁྲོད་ན། །སེམས་དྲན་རྫི་བྲལ་བའི་རྐུན་འཁྱམས་དེས། །བསྒོམ་ཉམས་ལེན་གྱི་རྟ་ཕོ་འཁྱེར་ཉན་གདའ། །བུ་མ་ཡེངས་སེམས་ལ་བྱ་ར་ལྟོས། །སེམས་ཞི་གནས་འཐོམ་པོའི་ནགས་ཁྲོད་ན། །སེམས་བྱིང་རྨུག་འཐིབ་གསུམ་གྱི་རྐུན་འཁྱམས་དེས། །བསྒོམ་ལྷག་མཐོང་གི་རྟ་ཕོ་འཁྱེར་ཉན་གདའ། །བུ་མ་ཡེངས་སེམས་ལ་ཧྲིག་གེ་ལྟོས། །སེམས་འཕྲོ་རྒོད་འཚུབ་པའི་ནགས་ཁྲོད་ན། །སེམས་དུག་ལྔ་འཁྲུག་པའི་རྐུན་འཁྱམས་དེས། །བསྒོམ་ཞི་གནས་ཀྱི་རྟ་ཕོ་འཁྱེར་ཉན་གདའ། །བུ་མ་ཡེངས་ལྷོད་དེ་ཤིགས་སེ་ཞོག །


CMR049_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཆོས་བཤད་མང་པོའི་ནགས་ཁྲོད་ན། །ཆོས་ཁ་ཞེ་འཛོལ་བའི་རྐུན་འཁྱམས་དེས། །དོན་ཉམས་ལེན་གྱི་རྟ་ཕོ་འཁྱེར་ཉན་གདའ། །བུ་ཁ་ཞེ་མེད་པར་གསོལ་བ་ཐོབ། །ཅེས་ཀརྨ་སྐྱབས་གྱིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་ཡུད་ཙམ་ཞིག་ལ། ༧ ཨ་རཱ་གས་བྲིས་པའོ། །མངྒ་ལཾ། བྷ་ཝནྟུ།། ༈ །།སྤྲང་ཕྲུག་བདག་མེད་གཅིག་གི་ལོ་རྒྱུས་ཡོད་ཧེ་ཧེ། ན་མོ་ལོ་ཀེ་ཤྭ་ར་ཡེ། བཙུན་པ་རཱ་ག་ཨ་སྱ་བདག །ཐུགས་རྗེ་ཆེན་པོར་གསོལ་བཏབ་ནས། །རྩེ་གཅིག་བསྒྲུབ་པའི་དམ་བཅའ་ཡིས། །ལོ་ཡང་བཅུ་གཅིག་སོང་བའི་དུས། །སྤྲང་མོ་གཅིག་གིས་བུ་ཁྱེར་ནས། །བུ་འདི་ཆུང་ངུའི་དུས་ཤིག་ལ། །ང་ནི་གསང་ཕུ་བླ་མ་ཡིན། །གསུང་པས་སྐུ་སྐྱེ་ཡིན་ནམ་བསམ། །གནས་མདོ་བླ་མར་བརྟག་པ་ཞིག །ཞུ་ཕྱིར་འོང་བ་ཡིན་ནོ་སྐད། །ཅི་ཡིན་བརྟགས་པ་བྱས་པའི་ནུབ། །རྨི་ལམ་འཁྲུལ་པའི་སྣང་བ་ལ། །ས་སྐྱའི་བླ་མ་ས་ཞུ་ཅན། །གཅིག་ནི་ང་ལ་མཇལ་ཙམ་བྱས། །དེ་ནས་ག་ཤེད་བྱོན་སོང་རྨིས། །ས་སྐྱ་པ་གཅིག་ཡིན་ནམས་སེམས། །ཇ་འདེབས་མར་སེན་ལ་དུམ་བྱིན། །བཟང་ངན་ཅི་ཡང་མ་སྨྲས་ཀྱང་། །གནས་མདོ་བླ་མས་


CMR049_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཕུ་པའི། །སྐུ་སྐྱེ་ཡིན་ཞེས་ཟེར་རོ་ཞེས། །མ་དེས་ཀུན་ལ་བསྒྲགས་བྱས་ཤིང་། །ཡུལ་འབྲོག་ཀུན་དུ་སྤྲང་འཁྱམས་བྱས། །ཁྱད་པར་ང་ཡི་ཉེ་སྐོར་དེར། །འཁོར་ཞིང་ཤུཕུད་ཀྱང་འགྲོ་མ་ཉན། །བདག་རྐྱེན་ཅུང་ཟད་བྱ་འདོད་ཀྱང་། །གྲྭ་པ་རྣམས་ཀྱིས་བྱེད་མ་བཅུག །ང་ཡིས་ཐོས་པར་བུ་དེ་ནི། །མ་དེས་བརྡུང་ཞིང་ངུ་འབོད་ཆེ། །ཞག་མང་བར་དུ་དེ་ལྟར་བྱས། །སྙིང་རྗེ་སྐྱེས་ཀྱང་ཐབས་མ་བྱུང་། །དེ་ཚེ་འཁྲུལ་པའི་རྨི་ལམ་ན། །ས་སྐྱའི་བླ་མ་ས་ཞུ་ཅན། །གཅིག་ནི་རང་གི་གྲྭ་པ་ཡི། །གྲལ་མཇུག་དེ་རུ་བྱོན་བྱུང་།ཛ། །གྲྭ་པ་རྣམས་ཀྱིས་བཞུགས་མ་བཅུག །བླ་མ་དེ་ཡི་མཆེད་ཡ་ནི། །མི་གཞོན་དར་མ་གཅིག་ཁྲོས་ནས། །ང་ཡི་སྤུན་ཡ་བླ་མ་འདི། །བདག་པོ་ཨེ་བྱེད་རེ་ནས་འོང་། །གྲུ་པ་འདི་ཚོས་བྱེད་མ་བཅུག །གྲྭ་པ་ཚོ་ལ་ལྟོས་ཉོན་ཞེས། །སྡིག་གཏམ་མང་དུ་བྱེད་པ་རྨིས། །བླ་མ་དེ་ཡི་ཆོས་སྐྱོང་དེ། །མ་དགའ་བ་ཡི་རྟགས་སུ་གོ །གྲྭ་པ་ཐམས་ཅད་རིམས་སྙོག་ན། །གཅིག་ནི་ཡུན་རིང་ན་ནས་ཤི། །འདི་ལ་བདག་པོ་མ་བྱས་ན། །ཆོས་སྐྱོང་མི་དགའ་གྲྭ་པ་ཚོ། །ཞེན་པར་འདུག་ཅེས་རྙེད་པར་སྨྲས། །བ་དང་ར་དང་ནས་


CMR049_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སོགས། །བྱིན་ཅིང་བདག་པོ་ཅུང་ཟད་བྱས། །དེ་ནས་བུ་འདི་བཟང་ངན་དང་། །བླ་མ་སུ་ཡིན་བརྟག་པ་ནི། །ཐུགས་རྗེ་ཆེན་པོའི་སྒོ་ནས་བྱས། །ཡི་དམ་ཐུགས་རྗེ་ཆེན་པོ་ལ། །རྩེ་གཅིག་གསོལ་བ་བཏབ་པའི་ནུབ། །ཉམས་དང་རྨི་ལམ་འདྲེས་པའི་སྐབས། །ལུང་བསྟན་ཚིགས་བཅད་འདི་གསུངས་ཏེ། །སྐུ་ནི་གསལ་པོར་མ་མཐོང་ཡང་། །གསུང་མཁན་ཐུགས་རྗེ་ཆེན་པོར་རློམ། །བླ་མ་ཤིན་ཏུ་བཟང་པོ་གཅིག་ཡིན་ཀྱང་། །ཐུགས་ཀྱི་དགོངས་པ་རྫོགས་པར་མ་གྱུར་ནས། །འགྲོ་བའི་དོན་དུ་སྤྲུལ་སྐུ་བྱོན་པ་ཡིན། །སྐྱེས་མ་ཐག་ཏུ་ད་རེས་སྐྱེ་བ་འདིར། །ཇོ་བོ་མཇལ་ཏུ་ཡོད་སྙམ་ཤིན་ཏུ་དགའ། །ཅེས་གསུངས་སོ། །དེ་ལྟར་ལུང་བསྟན་གསལ་བར་བྱུང་ན་ཡང་། །བླ་མ་སུ་ཡིན་གསལ་ཁ་མ་བྱུང་བའི། །དེ་དུས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ། །གནམ་ཆོས་ཐུགས་གཏེར་འོང་བའི་སྐབས་ཡིན་པས། །གང་ཡིན་ཨོ་རྒྱན་ཉིད་ལ་ཞུ་ཆོག་པས། །ལ་སྤྲུལ་སྐུ་ཨོ་རྒྱན་ལ་ནི་ཞུ་བཅུག་པས། ། ན་མོ་ཤཱཀྱ་མུ་ན་ཡེ། གསང་ཕུ་ཆོས་རྗེ་ཡིན་ན་ཡང་། །བར་དུ་བར་ཆད་ཅུང་ཟད་བྱུང་། །དེ་ནས་འགྲོ་དོན་ཅུང་


CMR049_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང་། །ཇོ་བོ་མཇལ་དང་འགྲོ་དོན་ལ། །སེམས་ཐོག་དེ་ཕྱིར་སྐྱེ་བ་བླངས། །སེམས་ལ་འགྲོ་དོན་བྱེད་སྙམ་ཡོད། །བདག་རྐྱེན་བྱས་ཀྱང་འགལ་བ་མེད། །མ་བྱས་ན་ནི་ནག་ལ་ཐུག །ཐུགས་ནས་ལོ་བདུན་ལོན་ཙ་ན། །འདི་འདྲ་ལ་སྙམ་འགྱོད་པ་ཅན། །དེ་འདྲ་གཅིག་ལས་འབྱུང་སྒོ་མེད། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཤམཉ༔ ཅེས་པ་འདི་ཨོ་རྒྱན་རིན་པོ་ཆེ་ཐུབ་པའི་སྐུར་སྤྲུལ་ནས་དངོས་སུ་གསུངས་སོ།། ༈ །།ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། བདག་སོ་སྐྱེ་མངོན་ཤེས་མི་ལྡན་ཅིང་། །རང་སུ་ཡིན་གར་སྐྱེ་མི་ཤེས་ཀྱང་། །སྤྲང་རབ་རིབ་འཁྲུལ་པའི་རྨི་ལམ་ན། །ཚེ་སྔ་ཕྱི་ཅུང་ཟད་དྲན་སྙམ་བྱེད། །བུ་ཉེ་གནས་ཀུན་དགའ་ལ་གདམས་པ་ཡོད། ༈ ན་མོ་གུ་རུ་མཉྫགྷོ་ཥ་ཡེ། གསུང་གི་རྡོ་རྗེ་འོད་དཔག་མེད། །འཇམ་དཔལ་དམར་པོའི་སྤྲུལ་པའི་སྐུ། །བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ། །འཇམ་དབྱངས་བླ་མ་ཆོས་ཀྱི་ཞིང་། །སྣང་བ་ཅན་ཞེས་བྱ་བ་རུ། །ཡི་དམ་ལྷ་ཡི་མཚན་གསོལ་ཞིང་། །འཇམ་དབྱངས་གསར་དུ་བཞད་པ་ཞེས། །ཉིད་ཀྱི་ཉིད་ལ་མཚན་བཏགས་པ། །ཆོས་ཀྱི་དབང་


CMR049_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཞབས་ལ་འདུད། །སྔོན་ཚེ་བསྐལ་པ་ཡར་དར་དང་། །མི་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ། །སུམ་བརྒྱ་ལོན་དུས་བསམ་བློས་འཕྲོད། །ལྔ་བརྒྱ་ལོན་དུས་བག་མ་ལེན། །དེ་ནས་ཚེ་ལོ་མར་འགྲིབ་སྟེ། །དེང་སངས་ཚེ་ལོ་བཞི་བཅུའི་དུས། །དེ་ཡང་སུམ་ཅུར་ཉེ་བ་སྟེ། །ལོ་ནི་བཅུ་གཉིས་བཅུ་གསུམ་ནས། །བསམ་ལུས་འཕྲོད་ཅིང་བག་མ་འགྲོ། །འབྲས་མོ་ལྗོངས་ཀྱི་གནས་སྒོ་བྱེ། །མ་འོངས་ཚེ་ལོ་བཅུ་པའི་དུས། །ལོ་གསུམ་ལོན་ནས་བསམ་ལུས་འཕྲོད། །བཞིའམ་ལྔ་ནས་བག་མ་ལེན། །དེ་འདྲ་འའོང་བར་གསུངས་གདའ་བས། །ཁྱོད་ཀྱང་ལོ་གྲངས་བཅུ་གསུམ་ཉེ། །དེ་ནས་བསམ་ལུས་འཕྲོད་རེ་རན། །བྱིས་སྦ་ཡིན་བསམ་མ་བྱེད་པར། །མི་གཞོན་ཡིན་བསམ་ཡིད་ལ་ཟུངས། །སྐྱོ་མདའི་གསང་ཕུ་བླ་མ་ཡི། །སྐུ་སྐྱེ་ཁྱོད་ཡིན་ངས་མ་སྨྲས། །འོན་ཀྱང་གསང་ཕུ་སྐུ་སྐྱེ་ཞེས། །མ་ཡིས་སྨྲས་ནས་ཀུན་ལ་གྲགས། །དབུས་ན་བོད་ཀྱི་རྡོ་རྗེ་ཨུ་གདན། །གསང་ཕུ་ནེའུ་ཐོག་ཅེས་བྱ་བར། །སྔོན་ཚེ་ཇོ་བོ་ཨ་ཏི་ཤས། །ཕ་ཀི་ལུང་པ་འདི་ཡི་ཕུར། །འཇམ་དབྱངས་དང་ནི་བྱམས་པ་གཉིས། །བཀའ་བགྲོས་མཛད་ཅིང་


CMR049_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་འདུག་པས། །མ་འོངས་དུས་ན་ས་ཆ་འདིར། །དགོན་པ་ཆེན་པོ་ཆགས་འགྱུར་ཞིང་། །དགེ་བཤེས་མང་པོ་འབྱོན་པར་འདུག །འོན་ཀྱང་ས་དེ་གཉེན་འདུག་པས། །རེ་ཞིག་གསང་ཞེས་བྱ་བའི་ཕྱིར། །གསང་ཕུ་ཞེས་ནི་གྲགས་པ་ཡིན། །དེ་ནས་འཇམ་དབྱངས་སྤྲུལ་པ་ཡི། །ལོ་ཙཱ་བློ་ལྡན་ཤེས་རབ་ཀྱིས། །དེ་རུ་དགོན་པ་བཏབ་པ་ཡི། །དགེ་འདུན་ཁྲི་ཚོ་བཅོ་བརྒྱད་འདུས། །མཚན་ཉིད་ཆོས་ཀྱི་འབྱུང་ཁུངས་ཡིན། །ཕྱ་པ་ཆོས་ཀྱི་སེང་གེ་དང་། །གཙང་ནག་མི་ཡི་སེང་གེ་དང་། །རྨ་བྱ་སྨྲ་བའི་སེང་གེ་དང་། །སེང་ཆེན་བརྒྱད་ཀྱིས་གཙོར་བྱས་པའི། །བླ་མ་ཆེ་ཕྲ་གྲངས་མེད་བྱུང་། །ད་རུང་བནྡེ་སྟོང་ཕྲག་འཚོགས། །ཆོས་ལུགས་ས་སྐྱ་ཤས་ཆེ་ཡིན། །བཀའ་བཅུའི་གྲྭ་སྐོར་བཏང་བ་ཡིན། །དེ་ནས་གྲྭ་པ་གཅིག་འཁྱར་བ། །སྐྱོ་མདའ་རི་ཁྲོད་བྱས་པ་ཡི། །གསང་ཕུ་བླ་མར་མིང་ཐོགས་པ། །སྔ་ཕྱི་བླ་མ་གཉིས་བྱུང་སྐད། །དེ་ཡི་སྐྱེ་བ་ཡིན་དང་མིན། །ངས་ནི་ཐག་ཆོད་མེད་ན་ཡང་། །བུ་ཁྱོད་སྐྱེ་བ་སྔ་མ་ལ། །ས་སྐྱ་པ་ཡི་བླ་བྲན་ནི། །མགོན་པོ་གུར་དང་ཞལ་བཞི་པ། །བསྙེན་སྒྲུབ་ཆེན་པོ་ཐོན་པ་དང་། །འབར་བ་པ་ཡི་


CMR049_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འབིར་སྲུང་དང་། །དགྱེས་རྡོར་ཡི་དམ་བྱེད་པ་གཅིག །འགྲོ་དོན་བསམ་ཡང་མ་འགྲུབ་ཅིང་། །ལྷ་སའི་ཇོ་བོ་འདི་ཉིད་ལ། །སྐར་མེ་བསྐོར་བ་གསོག་པ་སོགས། །མ་འགྲུབ་པ་ལ་སེམས་ཞོག་ནས། །དག་པའི་ཞིང་དུ་མ་སོང་བར། །མི་ལུས་བླང་བ་ཡིན་པའི་རྟགས། །བདག་ལ་རྨི་ལམ་ལུང་བསྟན་གསལ། །དེ་ལ་བདེན་པ་ཡོད་ན་ནི། །ད་ནི་བག་ཆགས་སད་རེ་རན། །བག་ཆགས་སད་རྒྱུ་ཡེ་མེད་ན། །ཐ་མལ་པ་དང་ཁྱད་ཅི་ཡོད། །བག་ཆགས་བཟང་པོ་ད་མྱུར་དུ། །སད་ཅིང་སློབ་གཉེར་འོང་།བ་གཅིག །འབིར་བ་པ་ཡིས་བྱིན་གྱིས་རློབས། །དགྱེས་པ་རྡོ་རྗེས་དངོས་གྲུབ་སྩོལ། །གུར་གྱི་མགོན་པོས་བར་ཆད་སོལ། །གདོང་བཞི་མགོན་པོས་སྡོང་གྲོགས་མཛོད། །ཁྱེད་རྣམས་ཡེ་ཤེས་སྤྱན་ལྡན་པས། །བསྙེན་སྒྲུབ་མཆོད་གཏོར་མང་པོ་ཞིག །སྔོན་ཚེ་བྱས་པ་ཆུད་མ་གསན། །ད་ནི་མྱུར་དུ་ཐུགས་རྗེས་གཟིགས། །བུ་གཅིག་པདྨ་ཀུན་དགའ་ཁྱེད། །རྩོད་མེད་འཛིང་ཚོད་ཡང་མི་སྐྱུར། །རྣམ་འཇོམས་ཟབ་མདོ་ལ་སོགས་པ། །ཆོས་སྤྱོད་རྣམས་ཀྱིས་རིམ་པ་ཟུང་། །དེ་ལ་བར་ཆད་མེད་པའི་ཕྱིར། །འབར་བ་པ་ཡི་


CMR049_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བསོགས། །ཀུན་རིག་རྒྱལ་བ་རྒྱ་མཚོ་སོགས། །ཆོ་ག་རྣམས་ཀྱང་མུ་མུ་ཟུངས། །སྐབས་སུ་ལྷ་ཁང་ནང་དུ་ནི། །ཕྱག་ནི་མང་དུ་འཚལ་བ་ན། །མངལ་གྱི་སྒྲིབ་པ་དག་ནས་ཀྱང་། །བག་ཆགས་སད་པའི་གནད་ཅིག་ཡོད། །ལུས་པོ་ཚད་ལ་མ་རྫོགས་བར། །མི་རྒན་ང་ཡི་མཚམས་གཡོགས་དང་། །ཞོར་ལ་སློབ་གཉེར་སྙིང་རུས་བསྐྱེད། །བླ་མ་ངོ་ཆེན་ཕེབས་ཞོར་ལ། །དབང་ལུང་འགའ་རེ་མོས་ཀྱི་ཐོབ། །ང་ཡི་བུ་ཆེན་བླ་མ་ནི། །རང་མགོ་ངེས་པར་ཐོན་པ་དང་། །འགྲོ་དོན་དགའ་རབ་འགྲུབ་པ་དང་། །སྔོན་ཚེ་སེམས་ཐོག་དེ་བཅད་ཕྱིར། །དུས་མཐར་ལྷ་སའི་བསྐོར་བ་དང་། །ཇོ་བོར་སྙན་དར་དཀར་མེ་དང་། །གདུལ་བྱ་སྙེད་ན་གསེར་གསོལ་དང་། །གསང་ཕུ་མང་ཇ་ཐེབ་ཙམ་ཅིག །ཨེ་འོང་རེ་བ་ཁྱོད་ལ་ཡོད། །བུ་ཁྱོད་ང་ཡི་སྙིང་ལ་གཅེས། །གཅེས་ཆད་མ་བྱེད་བསམ་ལོ་ཁུག །ཧ་ཅང་ཚེ་ཡང་རིང་ཤས་ཆུང་། །ཡང་ཡེང་ལུགས་འགའ་ད་ནས་མེད། །ཚེ་རབས་སྔོན་ནས་བྱ་བའི་འཕྲོ། །ད་རེས་སྒྲུབ་པའི་དུས་ལ་བབ། །ཆུང་ཚེ་ཕས་ཕུད་མ་ཡིས་བརྡུང་། །ཟ་རྒྱུ་མི་རྙེད་སྤྲང་ཟས་ཟ། །དེ་འདྲ་སངས་རྒྱས་གླིང་པ་


CMR049_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །སྐྱེས་བུ་དམ་པ་འགའ་ལ་བྱུང་། །དེ་ལ་ངེས་པ་མེད་ན་ཡང་། །ད་ནས་བསམ་ལུས་འཕྲོད་རེ་རན། །ཆོས་ཀྱི་བག་ཆགས་མ་སད་ནས། །བན་ཐོ་གཅིག་ལས་མ་བྱུང་ན། །སྐུ་སྐྱེ་ཀུན་གྱི་ཞབས་འདྲེན་ཏེ། །སངས་རྒྱས་བསྟན་པར་སྨ་འབེབས་ཆེ། །དེ་ཕྱིར་ཟིན་ཐུན་སྙིང་རུས་གྱིས། །ཁྱོད་འདྲའི་དུས་ཕྱིས་སྐུ་སྐྱེའི་རིགས་། །འགྲོ་དོན་བསམ་ནས་ལུས་བླངས་ཀྱང་། །གཞན་ཕན་འགྲོ་དོན་ཕར་ལ་སྐྱུར། །རང་མགོ་མི་ཐོན་སྡུག་བསྔལ་ཆེ། །འདི་འདྲ་མཐོང་ནས་བན་རྒན་བདག །འཁོར་བར་སྐྱེ་བ་མི་ལེན་པར། །བདེ་བ་ཅན་དུ་སྐྱེ་བའི་ཐབས། །ཐུགས་དམ་གཙོ་བོར་བྱེད་དགོས་བྱུང་། །ཁྱོད་ཀྱང་ད་རེས་སྐྱེ་བ་འདིར། །ཚེ་སྔོན་བསམ་པ་སྒྲུབ་གྱིས་ལ། །འཁོར་བའི་གནས་འདིར་མ་ཆགས་པར། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ངེད་རང་ཕ་སྤུན་འཚོགས་པ་གཅིག །བུ་ཁྱོད་མ་གཡེལ་ད་རེས་རེམ། །དེ་སྐད་སྐུ་སྐྱེ་ལྟ་ཀུན་དགའ་ཡིས། །ཤོག་བུ་གཏད་ནི་བྱུང་བའི་ཕྱིར། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །བྷ་ཝནྟུ།། ༈ །།གེགས་སེལ་བོགས་འདོན་གྱི་གསལ་འདེབས་འོད་གསལ་ལ་


CMR049_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པའི་ཚན་གཅིག་བཞུགས་སོ། །ན་མོ་མ་ཧཱ་མུ་དྲ་ཡེ། ཚུར་གསོན་དང་རྟོགས་ལྡན་འོད་གསལ་བ། །གནས་ཉིན་མཁར་དཔལ་གྱི་ནགས་ཁྲོད་དེ། །རྒྱུད་ལུང་དང་མཐུན་པའི་སྒྲུབ་གནས་ཡིན། །གནས་ནགས་ཁྲོད་འཐུག་པོར་བསྒོམས་པ་ན། །སེམས་མི་རྟོག་ཏིང་འཛིན་སྐྱེ་བར་བཤད། །ཤིང་ཤུག་པའི་ནགས་ཚལ་བེཌུར་མདོག །ཤིང་ཙན་དན་ནགས་ཚལ་དྲི་བསུང་འཐུལ། །བྱ་རི་དྭགས་གསུང་སྙན་སྐྱོ་ཤས་འཕེལ། །དབྱར་མེ་ཏོག་ཚལ་ཆེན་སྣང་བ་སྤྲོ། །མི་རྒྱུ་འགྲུལ་དཀོན་པས་སྐུ་མཚམས་དམ། །རང་གཅིག་པུར་འདུག་པས་དགེ་སྦྱོར་འཕེལ། །སེམས་ཆགས་སྡང་རྟོག་པ་རང་སར་འགགས། །གདན་བྲག་རི་ཕག་མོའི་དཀྱིལ་འཁོར་འདྲ། །ལམ་རྩ་རླུང་བསྒོམ་པའི་གནས་སུ་བཟང་། །རྗེ་ཆོས་ཀྱི་རྒྱལ་མཚན་སྒམ་པོ་ལ། །ཕ་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་སོགས། །སྔོན་སྐྱེས་ཆེན་མང་པོའི་ཞབས་ཀྱིས་བཅགས། །ལམ་མོས་གུས་བསྒོམ་པའི་གནས་སུ་བཟང་། །གནས་རྒྱབ་རི་ཞྭ་ནག་གསེར་མདོངས་འདྲ། །ཕ་བཀའ་བརྒྱུད་ལ་གསོལ་འདེབས་གནས་སུ་བཟང་། །གཡས་རི་བོ་ཛམ་ལྷ་སེར་པོ་འདྲ། །མཆོག་ཐུན་


CMR049_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དངོས་གྲུབ་གནས་སུ་བཟང་། །མདུན་ས་ཤལ་སྣང་གསལ་མར་མེ་འདྲ། །ལམ་གཏུམ་མོ་བསྒོམ་པའི་གནས་སུ་བཟང་། །གནས་མི་འཇམ་ལྷ་འདྲེའི་ཆོ་འཕྲུལ་ཆེ། །རང་དགེ་སྦྱོར་བོགས་འདོན་གྱི་གནས་སུ་བཟང་། །བྱ་གསུང་སྙན་ཏང་ཏང་དུས་སུ་སྒྲོག །སེམས་སྐྱོ་བ་སང་བའི་གནས་སུ་བཟང་། །བྱ་རི་དྭགས་རྔོན་པ་ཅིན་གྱིས་གསོད། །བྱམས་སྙིང་རྗེ་བསྒོམ་པའི་གནས་སུ་བཟང་། །ཆུ་མེ་ཤིང་མི་དཀོན་ཕུན་སུམ་ཚོགས། །རང་དགེ་སྦྱོར་ངང་གིས་འཕེལ་བས་སྐྱིད། །གནས་དེ་རུ་བྱོན་ལ་ཉམས་ལེན་མཛོད། །གནས་དེ་རུ་གཅིག་པུར་འདུག་པའི་དུས། །དུས་རེས་འགའ་མཆེད་གྲོགས་ཀྱི་སྣང་བ་འཆར། །མཆེད་གྲོགས་ཀྱི་རྟོག་པ་འཕྲེང་ཙམ་ན། །གྲོགས་གཉིས་འཚོགས་དོན་མེད་འཆལ་གཏམ་འཕེལ། །གྲོགས་མང་དུ་འཚོགས་ན་ཆགས་སྡང་འཕེལ། །གྲོགས་གཤིས་གྱོང་ཡོད་ན་རྩོད་པ་འཕེལ། །གྲོགས་འགྲོགས་ཡུན་རིང་ན་འགྲས་རུ་སྒྱུ་འཕེལ། །གྲོགས་འཁོས་ཆུང་ཡོད་ན་བརྙས་ཆོས་འཕེལ། །གྲོགས་མཐོན་པོ་ཡོད་ན་ངོ་སྲུང་དཀའ། །གྲོགས་མཉམ་པོ་མང་ན་འགྲན་སེམས་འཕེལ། །གྲོགས་རྡོ་རྗེ་སྤུན་གྱི་


CMR049_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དཀའ། །དོན་དེ་ཕྱིར་རྒྱང་ནས་དག་སྣང་བསྐྱེད། །དུས་རེས་འགའ་ཟས་ཀྱི་སྣང་བ་འཆར། །ཟས་ཀྱི་རྟོག་པ་འཕྲེང་ཙམ་ན། །ལས་སྡིག་སྡུག་དཀའ་ལས་མང་པོ་ཡིས། །ཟས་ཞིམ་དགུ་བསྒྲུབས་ནས་ཟ་བ་དེ། །དཔེ་བུ་རམ་དུག་བཏབ་ཟོས་པ་བཞིན། །འཕྲལ་ཞིམ་སྟེ་ཕུགས་སུ་གནོད་པ་ཆེ། །རང་བསླབ་གསུམ་ཡོན་ཏན་མི་ལྡན་པའི། །དཀོར་བག་མེད་བརྒྱག་ཚད་ཟ་བ་འདི། །དེ་བྱིས་སྦ་མེ་མུར་འགམ་པ་བཞིན། །ནོར་འཕྲོག་བཅོམ་བྱེད་ནས་ཟ་བ་འདི། །དཔེ་རྒྱལ་པོའི་དཀོར་མཛོད་བརྐུས་པ་བཞིན། །དུས་ནམ་ཞིག་བསྐལ་པ་དུ་མ་རུ། །ལུས་མི་བཟོད་སྡུག་བསྔལ་དཔག་མེད་མྱོང་། །ཟས་དེ་འདྲ་ལ་ཡིད་སྨོན་ཅི་ལ་བྱེད། །ཟས་བཟང་ཟོས་དང་ངན་ཟོས་ཁྱད་པར་མེད། །ཞག་གཅིག་ནས་མི་གཙང་ཕུང་པོ་འདྲ། །ལུས་ཟས་འཚོ་སྡིག་དང་མ་འདྲེས་ལ། །འདི་བདེ་བ་ལྷ་ཡི་ཕ་འབབ་ཡིན། །དུས་རེས་འགའ་གྲོགས་ཀྱི་སྣང་བ་འཆར། །སེམས་གཞན་ལ་ཆགས་པ་འཁྲུལ་པ་ཆེ། །ཕྱི་ལྤགས་པའི་མདོག་དཀར་མཛེས་འདྲ་ཡང་། །ནང་གཅིན་སྙུག་ཁྲག་དང་འབུ་སྲིན་གང་། །དཔེ་མི་གཙང་དར་དུ་བཏུམ་པ་འདྲ། །ལུས་ཐིག་ལེ་


CMR049_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ནས་བདེ་དྲོད་འཕེལ། །དེ་གཞན་གྱི་ལུས་ལ་འབྱུང་སེམས་པ། །ཁྱིས་རུས་པ་འཆས་ནས་རྐན་གཤག་ནས། །ཁྲག་རུས་པའི་བཅུད་དུ་སེམས་པ་འདྲ། །ལུས་བདེ་བ་རྒྱས་འདོད་གཏུམ་མོ་བསྒོམ། །ལུས་རྩ་གནས་བཞི་རུ་དགའ་བ་བཞི། །དེ་ཡེ་ཤེས་སྟོང་པ་རྒྱ་ཡིས་ཐོབ། །ཕྱི་སྣང་བའི་དངོས་པོ་བཀྲག་ཆེ་བ། །སེམས་སྟོང་པའི་ཡུམ་དང་གཉིས་མེད་སྦྱོར། །ཡུམ་ཕྱག་རྒྱ་ཆེན་པོར་སྙོམས་ཞུགས་མཛོད། །བཀའ་གསལ་བའི་ཁྲིམས་དང་མ་འགལ་བར། །རང་སྡོམ་པའི་ཚུལ་ཁྲིམས་མིག་ལྟར་བསྲུང་། །དེ་བསྟན་པའི་དོན་དང་བླ་མའི་དོན། །རང་འདི་ཕྱིའི་དོན་ཆེན་ཡིན་པར་སོམས། །གཞི་ཚུལ་ཁྲིམས་རྣམ་དག་རྨིང་གཞི་བཏིང་། །ལམ་སེམས་བསྐྱེད་བཟང་པོའི་ཕོ་བྲང་བརྩེགས། །རང་དགེ་སྦྱོར་གང་བྱེད་ཐམས་ཅད་ཀུན། །མ་འགྲོ་དྲུག་སྤྱི་ཡི་དོན་ཆེད་དུ། །རང་རྣམ་མཁྱེན་སྒྲུབ་པའི་འདུན་མ་བཏང་། །དེས་གང་བྱས་བྱང་ཆུབ་ལམ་དུ་འགྲོ། །སུཏྟ་བཀའ་མདོ་རྒྱུད་རྒྱ་ཆེ་གྲངས་མང་བ། །མཐའ་བཅད་ཀྱང་ནམ་མཁའ་འདོམ་མཇལ་ལྟར། །སྔོན་པཎ་གྲུབ་དུ་མས་མཐའ་མ་ཆོད། །དེ་ཚེ་ཐུང་ནད་མང་བར་ཆད་རྒོད། །བློ་


CMR049_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་རྩལ་ཤུགས་ཆུང་བའི་སྟེང་། །ད་ཚེ་ཡང་ཕྱེད་ཙམ་སོང་བའི་སྟེང་། །ཆོས་མཐའ་རྒྱ་གཅོད་པའི་བསམ་པ་སྐྱུར། །དོན་སྙིང་པོའི་ཉམས་ལེན་རྡོ་རུས་གཏུག །ཚེ་ལྷག་མ་ཅི་གདའ་བསྒྲུབ་ལ་འབུངས། །ནམ་འཆི་ཡང་འགྱོད་མེད་ཀྱི་བརྩོན་འགྲུས་མཛོད། །ཁྲིད་ཟབ་རྒྱས་བརྒྱ་སྟོང་གྲངས་མང་ཡང་། །དོན་རང་སེམས་ངོ་བོ་སྐྱོང་བར་འཐུས། དེ་རང་ངོ་རང་གིས་མ་བསྐྱངས་ན། །ཐབས་གཞན་གྱིས་རྟོགས་པ་འཕེལ་ཐབས་མེད། །སེམས་མ་བཅོས་སོ་མར་མ་བཞག་ན། །བསྒོམ་བསམ་པའི་རྟོག་པས་བསྒོམ་རང་བཅིངས། །སེམས་འདི་བསྒོམ་གྱི་གཏད་སོ་མ་ཞིག་ན། །སེམས་བདེ་གསལ་མི་རྟོག་ལ་འཛིན་པ་ཡོད། །སེམས་འགྱུ་ཡང་ཕྱལ་བར་མ་བཏང་ན། །སེམས་སྡུག་བཙིར་བསྒོམས་པས་བོགས་སྐྱེད་མེད། །སེམས་སྣོད་བཅུད་སྟོང་པར་མ་རྟོགས་ན། །སེམས་གོ་བའི་སྟོང་པ་ཁ་ཏ་ཡིན། །སེམས་དུག་ལྔ་ཤུགས་ཀྱིས་མ་ཞི་ན། །ཁོང་སྟོང་སྐད་ཆེ་ཡང་འུར་སྒོག་ཡིན། །ལས་རྒྱུ་འབྲས་ཕྲ་ཞིབ་མི་བརྩི་ན། །ཁ་སྟོང་སྐད་ཆེ་ཡང་ངན་སོང་རྒྱུ། །སེམས་སྟོང་ཉིད་རང་ཞལ་མ་མཐོང་ན། །ལས་དགེ་བཅུ་བསྒྲུབ་ཀྱང་འཁོར་བར་


CMR049_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་། །ལུས་ངག་གི་དགེ་སྦྱོར་ཐབས་ཀྱི་ཆ། །སེམས་ངོ་བོ་སྟོང་ཉིད་ཤེས་རབ་ཆ། །ཐབས་ཤེས་རབ་ཟུང་འཇུག་འདི་བྱང་ཆུབ་ལམ། །ལམ་དེ་ལ་བུ་ཁྱོད་ནན་ཏན་བསྐྱེད། །ཕྱི་ཡུལ་སྣང་བདེ་ཆེན་ཞིང་དུ་བསྒོམ། །གནས་སྒྲུབ་ཁང་འདི་ལྷ་ཡི་གཞལ་ཡས་ཁང་། །རང་མལ་གདན་འདི་པད་ཉི་ཟླ་བའི་གདན། །རང་རྒྱུ་ལུས་འདི་ཡི་དམ་ལྷ་ཡི་སྐུ། །ངག་འབྱུང་འཇུག་འདི་སྐྱེ་མེད་རྡོ་རྗེའི་སྔགས། །སེམས་དྲན་རྟོག་འདི་མ་བཅོས་ཆོས་ཀྱི་སྐུ། །མཇུག་བསྔོ་བ་དང་སྨོན་ལམ་རྒྱས་འདེབས་པ། །དོན་དེ་ལ་བུ་ཁྱོད་འབྲལ་མེད་མཛོད། །དུས་རེས་འགའ་དགེ་སྦྱོར་གྱི་སུན་བྱུང་ན། །ཚེ་འཁོར་བ་ཐོག་མ་མེད་པ་ནས། །ལས་བྱས་པ་ཐམས་ཅད་ཆུད་ཟོས་རེད། །ཆུད་ཟོས་ཀྱི་མི་ཕན་རང་ཕུང་མང་། །ཆོས་སྙིང་ནས་བྱེད་པ་ད་རེས་ཙམ། །ལམ་བསྐྱེད་རྫོགས་ཤེས་པ་ད་རེས་ཙམ། །དོན་བསྒྲུབ་ལ་དྲིལ་བ་ད་རེས་ཙམ། །དུས་ཡུན་རིང་མི་ཐོག་འཆི་བ་འོང་། །ད་ཡང་ཡེང་བསྡད་ཀྱང་བྱེད་དུས་མིན། །དེ་སོམ་ལ་རང་ལ་བསྐུལ་མ་ཐོབ། །དེ་བྱས་ཀྱང་བོགས་སྐྱེད་མ་བྱུང་ན། །རང་དད་པ་མོས་གུས་ཆུང་བས་ལེན། །ཕ་བླ་མ་ཨོ་རྒྱན་


CMR049_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ལ། །དུས་དང་པོ་བཅོས་མའི་མོས་གུས་ཀྱིས། །དེ་གོམས་ནས་བཅོས་མིན་གྱི་མོས་གུས་སྐྱེ། །དུས་ཐ་མར་རང་སེམས་བླ་མར་འཆར། །བོགས་འདོན་དང་གེགས་སེལ་དེ་ལས་མེད། །དུས་ད་རེས་ལ་གསལ་འདེབས་དེ་ཙམ་ཞུ། །ཞེས་དགེ་སློང་རཱ་ག་ཨ་སྱས་འཕྲལ་དུ་འགྲོ་ཆོས་སུ་གདམས་པའོ། །མངྒ་ལཾ། །བཀྲ་ཤིས་ཤོག། ༈ །།སྨོན་ལམ་དོན་དམ་ངོ་སྤྲོད་མ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཡེ། གང་ལ་སྐྱབས་ན་མི་བསླུ་ངེས་པ་ཡི། །དཀོན་མཆོག་རིན་ཆེན་གསུམ་དང་ཡི་དམ་ལྷ། །བུ་བཞིན་སྐྱོང་བའི་བསྟན་སྲུང་རྒྱ་མཚོའི་མཐུས། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །མཁའ་སྤྱོད་རིག་འཛིན་ཆེན་པོའི་དབོན་གྱི་རིགས། །སྦས་པའི་རྣལ་འབྱོར་འོད་གསལ་མངའ་མཉེས་པ། །ཨ་ནུ་ཚེ་རིང་འབུམ་གྱི་བསམ་དོན་རྣམས། །དད་ལྡན་དགེ་བས་བརྩོན་པའི་བློ་གྲོས་ཅན། །བཟོ་རིགས་ཕུལ་ཕྱིན་བློ་གསལ་མི་གཞུངས་པ། །བཟོ་བོ་བླ་མ་སྐྱབས་ཀྱི་བསམ་དོན་རྣམས། །ཆོས་དང་མཐུན་པར་ཡིད་བཞིན་འགྲུབ་གྱུར་ཅིག །རྙེད་པར་དཀའ་བའི་དལ་འབྱོར་རིན་ཆེན་འདི། །དུས་མིན་འཆི་བའི་དབང་དུ་མི་འགྲོ་བར། །


CMR049_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཚེ་དཔག་མེད་ཀྱིས་རྗེས་བཟུང་ནས། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཡར་མཆོད་མར་སྦྱིན་བསོད་ནམས་བསགས་པའི་རྫས། །དཔལ་དང་འབྱོར་པ་མངའ་ཐང་ཐམས་ཅད་ནི། །འཕགས་པ་ཛམ་བྷ་ལ་ཡིས་གྲོགས་མཛད་ནས། །དབྱར་གྱི་ཆུ་བོ་བཞིན་དུ་རྒྱས་གྱུར་ཅིག །ཆོས་དང་མཐུན་པར་བཀུར་སྟི་སྒྲུབ་པའི་གྲོགས། །སྲས་སོགས་རིགས་རྒྱུད་རྣམས་ཀྱི་ཚེ་དང་དཔལ། །འཕགས་མ་ནོར་རྒྱུན་མ་ཡིས་བྱིན་བརླབས་ནས། །ཡར་ངོའི་ཟླ་བ་བཞིན་དུ་འཕེལ་གྱུར་ཅིག །འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ན་ཡང་། །དེ་དག་རང་བཞིན་མེད་པའི་དོན་རིག་ནས། །སྒྱུ་མའི་སྐྱེས་བུ་སྒྱུ་མས་མི་འཆིང་ལྟར། །འཁོར་བ་མ་སྤངས་གནས་སུ་དག་གྱུར་ཅིག །ཇ་ཆང་ཤ་སོགས་ཟས་ལ་ལོངས་སྤྱོད་ཚེ། །རང་ལུས་གདོད་ནས་ལྷ་སྐུའི་དོན་རྟོགས་ནས། །གང་ཟོས་རོ་རྣམས་མྱོང་སྟོང་ཕྱག་རྒྱ་ཆེ། །ཟག་མེད་ཚོགས་ཀྱི་མཆོད་པར་བསྒྱུར་ལཎྜ་གྱུར་ཅིག །སྨྲ་བརྗོད་གཏམ་གྱི་བྱ་བ་གང་བྱེད་ཀྱང་། །སྒྲ་སྐད་ཐམས་ཅད་སྔགས་ཀྱི་དོན་རིག་ནས། །གང་སྨྲས་ཐམས་ཅད་ཡིག་དྲུག་རྡོ་རྗེའི་སྒྲ། །དྲན་རྟོག་ཕྱག་རྒྱ་ཆེན་པོའི་


CMR049_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྟོགས་ཤོག །གཉིད་ནི་གདོད་ནས་ཆོས་སྐུའི་དོན་རིག་ནས། །གཉིད་དང་རྨི་ལམ་གཉིས་ཀྱི་བར་མཚམས་ནས། །རང་རིག་གསལ་སྟོང་འོད་གསལ་ཆོས་ཀྱི་སྐུ། །གཏི་མུག་མ་སྤང་འོད་གསལ་འཆར་བར་ཤོག །རྨི་ལམ་ལོངས་སྤྱོད་རྫོགས་སྐུའི་གནས་རིག་ནས། །རྨི་ལམ་བཟུང་ནས་སྤྲུལ་པས་ཞིང་ཁམས་བསྒྲོད། །སངས་རྒྱས་བྱང་སེམས་རྣམས་ལ་དམ་ཆོས་ཞུ། །རྨི་ལམ་དག་སྣང་འོད་གསལ་འབྱོང་བར་ཤོག །སད་པ་སྤྲུལ་པའི་སྐུ་ཡི་དོན་རིག་ནས། །དགྲ་གཉེན་འདུ་འཛི་སྤྱོད་ལམ་ཐམས་ཅད་དུ། །བདེན་འཛིན་འཁྲུལ་པའི་དབང་དུ་མི་འགྲོ་བར། །བདེན་མེད་སྒྱུ་མའི་ཉམས་དང་མི་འབྲལ་ཤོག །ལྟེ་བའི་གནས་ནས་གཏུམ་མོའི་མེ་སྦར་ནས། །སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་ཕབ་སྟེ། །རྩ་གནས་བཞི་ལ་དགའ་བཞི་ཉམས་མྱོང་ནས། །བདེ་སྟོང་ཟུང་འཇུག་ཉམས་མྱོང་བརྟན་པར་ཤོག །སེམས་གྱི་གླང་པོ་དྲན་པའི་ཐག་པས་བཏགས། །གཞན་གནོད་གཞིར་བཅས་རང་བཞིན་ཤུགས་ལ་འགགས། །རང་སེམས་འདུལ་བ་འདུལ་བ་ཀུན་གྱི་མཆོག །དོན་གྱི་དགེ་སློང་ཉིད་དུ་འགྱུར་བར་ཤོག །དོན་ལ་མེད་ཀྱང་རྨི་ལམ་ཁྲོམ་


CMR049_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་ལྟར། །ཡང་དག་དོན་གྱི་གནས་ལུགས་མ་རྟོགས་པས། །མཐའ་མེད་འཁོར་བར་འཁྱམ་པའི་འགྲོ་རྣམས་ལ། །ཟོལ་མེད་གཏིང་ནས་སྙིང་རྗེ་སྐྱེ་བར་ཤོག །རང་གི་བསོད་ནམས་དགེ་ཚོགས་ཅི་ཡོད་ཀུན། །འགྲོ་དྲུག་སེམས་ཅན་ཀུན་ལ་བསྔོ་བ་དང་། །འགྲོ་བ་ཀུན་གྱི་སྡིག་དང་སྡུག་བསྔལ་ཀུན། །རང་གིས་ལེན་པའི་སེམས་བསྐྱེད་འབྱུང་བར་ཤོག །རང་གི་བཀའ་དྲིན་ཐོབ་པའི་བླ་མ་རྣམས། །གདོད་ནས་རྒྱལ་བ་ཀུན་དང་དབྱེར་མེད་ཅེས། །མོས་གུས་གདུང་ཤུགས་དྲག་པོའི་ངེས་ཤེས་ཀྱིས། །ཀླུ་མོས་གུས་ཕྱག་རྒྱ་ཆེན་པོ་འཆར་བར་ཤོག །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ཐམས་ཅད་ཡེ་ནས་བསལ་བཞག་སྤང་བླང་བྲལ། །ཡོད་མེད་རྟག་ཆད་ལ་སོགས་མཐའ་ལས་འདས། །གནས་ལུགས་ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག །ཉོན་མོངས་ཡེ་ཤེས་རྣམ་རྟོག་ཆོས་ཀྱི་སྐུ། །འཁོར་བ་མྱང་འདས་སེམས་ཅན་རྫོགས་སངས་རྒྱས། །གདོད་ནས་སྒྱུ་ཡིན་ལ་ཡིན་བཞིན་དོན་རིག་ནས། །ཡིན་ལུགས་ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག །བདེ་ལ་མི་ཆགས་བདེ་སྟོང་ཕྱག་རྒྱ་ཆེ། །གསལ་ལ་མི་ཞེན་གསལ་སྟོང་ཕྱག་རྒྱ་ཆེ། །རྟོག་


CMR049_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འཛིན་བྲལ་སྟོང་ཉིད་ཕྱག་རྒྱ་ཆེ། །བདེ་གསལ་ཉམས་ལ་ཆགས་ཞེན་མེད་པར་ཤོག །སེམས་ལ་བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པའི་ཉམས་ལེན་གྱིས། །ཡེངས་དང་མ་ཡེངས་ཁྱད་པར་མེད་པ་ཡིས། །ཉམས་ལེན་གོམས་འདྲེས་བརྟན་པ་ཐོབ་པར་ཤོག །དོན་ལ་དགེ་སྡིག་བདེན་པར་མ་གྲུབ་ཀྱང་། །འགྲོ་བའི་དོན་དུ་གཟུགས་སྐུ་འབྱུང་བའི་ཕྱིར། །སྡིག་པ་སྲོག་ལ་བབ་ཀྱང་མི་བྱ་ཞིང་། །དགེ་བ་སྒྲུབ་ལ་ཆོག་ཤེས་མེད་པར་ཤོག །འགྲང་དང་ལྟོགས་དང་སྐྱིད་དང་སྡུག་པ་སོགས། །ཚེ་འདིའི་འཁྲུལ་སྣང་སྣ་ཚོགས་ཅི་ཤར་ཡང་། །དོན་ལ་ཁྱད་མེད་ཉམས་ལེན་དེ་ཡི་ངང་། །མཉམ་ཉིད་ཕྱག་རྒྱ་ཆེན་པོ་འཆར་བར་ཤོག །སེམས་ལ་མྱོང་རྒྱུ་བལྟ་རྒྱུ་ནམ་ཡོད་ཚེ། །ཅི་ལྟར་བཟང་ཞིང་ཡིན་ཡིན་འདྲ་ན་ཡང་། །རྩེ་གཅིག་ཉམས་ཀྱི་དྲི་མ་ཡིན་གོ་ནས། །བལྟ་རྒྱུ་ལྟ་མཁན་གཅིག་ཏུ་འདྲེས་པར་ཤོག །སེམས་ལ་གཏད་སོ་སྤུ་ཙམ་བྱུང་ན་ཡང་། །ཕྱག་རྒྱ་ཆེན་པོའི་དོན་དང་འགལ་མཐོང་ནས། །བསྒོམ་རྒྱུ་སྤུ་ཙམ་མེད་པའི་སེམས་ཉིད་འདི། །བཅོས་བསླད་མེད་པར་རང་གར་འཇོག་པར་ཤོག །རང་སེམས་ངོས་བཟུང་མེད་


CMR049_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བཞིན་དུ། །རང་གི་ལུས་དང་ངག་ཀྱང་དེ་ཡི་ངང་། །སངས་རྒྱས་སེམས་ཅན་ཀུན་ཀྱང་དེ་ཡི་ངང་། །བདག་གཞན་དབྱེར་མེད་གཅིག་ཏུ་འདྲེས་པར་ཤོཕྱི་རོལ་ནམ་མཁའ་དེ་བཞིན་རང་གི་སེམས། །ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སོགས། །ཐམས་ཅད་རང་གི་སེམས་དང་དབྱེར་མེད་པར། །སྣང་སེམས་དབྱེར་མེད་གཅིག་ཏུ་འདྲེས་པར་ཤོག །དགྲ་ཡིས་གཅོད་ཅིང་ཚིག་ངན་སྨྲ་བ་དང་། །གཉེན་གྱིས་ཕན་བཏགས་བཀུར་སྟི་བྱེད་པ་གཉིས། །ཉམས་ལེན་སེམས་ཉིད་ངང་དུ་ཁྱད་མེད་པར། །རོ་གཅིག་ཆེན་པོའི་རྟོགས་པ་སྐྱེ་བར་ཤོག །མཚང་ནས་འདྲི་དང་བསྟོད་ར་བྱེད་པ་དང་། །ཕྱུག་དང་དབུལ་དང་བརྒྱག་དང་ལྟོགས་པ་དང་། །བཙན་དང་ཁས་ཉན་དབང་ཆུང་དབྱེར་མེད་པར། །རོ་གཅིག་དོན་ལ་བརྟན་པ་ཐོབ་པར་ཤོག །ཆགས་སྡང་སྐུར་འདེབས་བརྙས་བཅོས་ངན་འདོད་དང་། །བཏགས་རྐུ་བརྡུང་རྩོག་བཅོམ་འཕྲོག་ནད་གདོན་སོགས། །ལྟ་འགལ་རྐྱེན་ཐམས་ཅད་ནགས་ལ་མེ་མཆེད་བཞིན། །ཐམས་ཅད་བསྒོམ་གྱི་གྲོགས་སུ་འཆར་བར་ཤོག །དམྱལ་བ་ཡི་དྭགས་ལ་སོགས་སེམས་ཅན་ཀུན། །རང་གི་སེམས་དང་


CMR049_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་གཅིག་ཏུ་འདྲེས། །སེམས་ལས་གཞན་པའི་རིགས་དྲུག་མེད་རྟོགས་ནས། །འཁོར་བར་འཁྱམས་པའི་དོགས་པ་མེད་པར་ཤོག །སངས་རྒྱས་ཐུགས་དང་རང་སེམས་དབྱེར་མེད་འདྲེས། །རང་སེམས་མངོན་དུ་གྱུར་པ་མ་གཏོགས་པ། །སངས་རྒྱས་གཞན་ན་མེད་པའི་དོན་རྟོགས་ནས། །སངས་རྒྱས་གཞན་ནས་ཐོབ་འདོད་མེད་པར་ཤོག །དོན་ལ་འཆི་བ་ཅེས་བྱ་མ་གྲུབ་ཀྱང་། །ནམ་ཞིག་འཆི་བདག་ནད་ཀྱིས་ཟིན་པའི་ཚེ། །མི་རྟག་སྒྱུ་མ་ཡིན་པའི་དོན་རྟོགས་ནས། །ཅི་དང་གང་ལའང་ཆགས་སེམས་མེད་པར་ཤོག །འབྱུང་བཞི་ལུས་ལ་ན་ཚ་ཟུག་གཟེར་དང་། །གཉེན་འདུན་རྣམས་ཀྱིས་ངུ་སྐད་སྨྲེ་སྔགས་དང་། །བླ་མཆོད་ལ་སོགས་སྦྱར་རྩུབ་ཆེ་ན་ཡང་། །ཉམས་ལེན་ངང་ལ་ཡེངས་བ་མེད་པར་ཤོག །ཐིམ་རིམ་དཀར་ལམ་དམར་ལམ་ཅི་ཤར་ཡང་། །དེ་དག་སེམས་ཀྱི་རྣམ་རྟོག་ཁོ་ན་ཡིན། །གཞན་ནས་འཆར་རྒྱུ་སྤུ་ཙམ་མེད་ཤེས་ནས། །གང་ཤར་དེ་ཡི་ངོ་བོ་སྐྱོངས་བར་ཤོག །གཞི་ཡི་འོད་གསལ་སྤྲིན་མེད་ནམ་མཁའ་བཞིན། །འོད་གསལ་མཐའ་དབུས་མེད་པ་འཆར་བའི་ཚེ། །སྔར་འདྲིས་མི་དང་ཕྲད་པ་ཅི་བཞིན་དུ། །དེ་ཡི་


CMR049_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལ་ཡུན་རིང་གནས་པར་ཤོག །དེ་ལ་མི་གནས་རྣམ་ཤེས་འཕོ་བའི་ཚེ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱང་། །མེ་ཏོག་ཆར་འབེབས་རོལ་མོའི་སྒྲ་དང་བཅས། །བདེ་བ་ཅན་གྱི་ཞིང་དུ་ཁྲིད་པར་ཤོག །ཞིང་དེར་པདྨའི་སྦུབས་ལ་བརྫུས་སྐྱེས་ནས། །མཚན་དང་དཔེ་བྱད་ལྡན་པའི་ལུས་ཐོབ་ནས། །སྐྱེས་མ་ཐག་ཏུ་པདྨའི་ཁ་བྱེ་ནས། །འོད་དཔག་མེད་པའི་ཞལ་མཆོག་མཐོང་བར་ཤོག །རྒྱལ་བ་དེ་ཡི་བྱང་ཆུབ་ལུང་བསྟན་ནས། །སྐད་ཅིག་དེ་ལ་ས་བཅུ་རབ་བསྒྲོད་དེ། །གྲངས་མེད་སྤྲུལ་པས་འགྲོ་བ་འདྲེན་པར་ཤོག །མངོན་དགའ་ལས་རབ་རྫོགས་དང་འཐུག་པོ་བཀོད། །གྲངས་མེད་ཞིང་དུ་སྤྲུལ་པ་དཔག་མེད་ཀྱིས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཡིས། །རྒྱལ་བ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །མདོར་ན་འཕགས་པ་སྤྱན་རས་གཟིགས་དབང་དང་། །སྐུ་གསུང་ཐུགས་རྣམས་དབྱེར་མེད་གཅིག་གྱུར་ནས། །ཇི་སྲིད་སྒྱུ་ནམ་མཁའ་གནས་པ་དེ་སྲིད་དུ། །འགྲོ་བ་སེམས་ཅན་འདྲེན་པའི་དཔལ་དུ་ཤོག །ཆོས་དབྱིངས་གདོད་ནས་རྣམ་པར་དག་པ་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་


CMR049_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱལ་བ་སྲས་བཅས་ཀུན་གྱི་བདེན་པའི་མཐུས། །སྨོན་ལམ་འདི་དག་གེགས་མེད་འགྲུབ་གྱུར་ཅིག །ཅེས་པ་འདི་ཨ་ནུ་ཚེ་རིང་འབུམ་གྱི་བཞེད་པ་ལྟར། ༧ ཀརྨ་ཨ་རཱ་གས་མགྱོགས་པར་བྲིས་པའོ། །མངྒ་ལཾ། ཤུ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཤོག་ལྷེབ་ ༥༠༡ ནས་ ༥༦༦ བར།next