Nitartha Digital Library
Tibetan
 
previousཐུགས་རྗེ་ཆེ་དངོས་ཀརྨ་ཆགས་མེད་རིན་པོ་ཆེའི་ཞལ་གདམས་ཐོར་བུའི་སྐོར་ལས། དགེ་བཤེས་ཀུན་དགའ་ཉི་མ་ལ་གནང་བའི་ཞལ་གདམས།next

ཐུགས་རྗེ་ཆེ་དངོས་ཀརྨ་ཆགས་མེད་རིན་པོ་ཆེའི་ཞལ་གདམས་ཐོར་བུའི་སྐོར་ལས། དགེ་བཤེས་ཀུན་དགའ་ཉི་མ་ལ་གནང་བའི་ཞལ་གདམས།


CMR049_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེ་དངོས་ཀརྨ་ཆགས་མེད་རིན་པོ་ཆེའི་ཞལ་གདམས་ཐོར་བུའི་སྐོར་ལས། དགེ་བཤེས་ཀུན་དགའ་ཉི་མ་ལ་གནང་བའི་ཞལ་གདམས་བཞུགས་སོ། །


CMR049_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། དབོན་པོ་དགེ་བཤེས་ཀུན་དགའ་ཉི་མ་ཁྱེད། །སྐུ་ན་གཞོན་ཀྱང་བློ་གྲོས་རྒན་པོར་གྱུར། །ཆོ་ག་དབང་བསྐུར་བསྐང་ཟློག་ས་རིས་སོགས། །ཉེར་མཁོའི་སྐུ་ཡོན་ཐམས་ཅད་ཐུགས་སུ་ཆུད། །བླ་མ་དམ་པའི་གདུང་འཚོབ་གྱུར་འདུག་པས། །བདག་ཀྱང་ས་ཐོབ་ལྟ་བུའི་དགའ་བ་སྐྱེས། །དེ་ཕྱིར་གནད་འགག་སྙིང་གཏམ་ཚིག་གསུམ་ཞུ། །ཐོབ་དཀའི་དལ་འབྱོར་མི་ལུས་རིན་ཆེན་ཐོབ་། །མཇལ་དཀའི་བསྟན་དང་དགེ་བའི་བཤེས་གཉེན་མཇལ། །རང་དབང་ཡོད་ཅིང་རྣམ་རིག་བཀྲ་དུས་འདིར། །སྙིང་ནས་དམ་ཆོས་སྒྲུབ་


CMR049_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙིང་གཏམ་ཡིན། །རང་ཉིད་ངན་སོང་གཡང་ས་སྤང་བ་དང་། །བསྟན་པའི་མིག་རྐྱེན་ལ་ཡང་ཕན་པ་དང་། །སྦྱིན་བདག་རྣམས་ཀྱང་དང་བ་འདྲེན་པའི་གནད། །ཚུལ་ཁྲིམས་སྲོག་ལྟར་སྲུང་བ་སྙིང་གཏམ་ཡིན། །དབུས་གཙང་གྲྭ་ས་བཟང་དགུ་འགྲིམས་ན་ཡང་། ཡོན་ཏན་བསླབ་ལས་ལྷག་པ་བྱ་རྒྱུ་མེད། །རང་ཉིད་མྱུར་དུ་མཁས་པར་འགྱུར་བའི་གནད། །ཡོན་ཏན་གར་འདུག་ལེན་པ་སྙིང་གཏམ་ཡིན། །རང་ཉིད་དང་པོར་ཆོས་སྒོར་བཙུགས་མཁན་དེ། །སངས་རྒྱས་ཀུན་ལས་བཀའ་དྲིན་ལྷག་པའི་ཕྱིར། །ཆོས་བརྒྱུད་བཀྲ་ཤིས་དམ་སེལ་མེད་པ་


CMR049_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གནད། །ཡི་དམ་དངོས་སུ་བསྒོམ་པ་སྙིང་གཏམ་ཡིན། །དེ་སྔོན་མ་མཇལ་ཆོས་འབྲེལ་མ་ཐོབ་ཀྱང་། །དེང་སང་ཀར་ལུགས་སྐུ་ན་གཞོན་པ་རྣམས། །རྒྱལ་དབང་བཅུ་པའི་གདུལ་བྱ་ཡིན་པའི་གནད། །རྩ་བའི་བླ་མ་འཛིན་པ་སྙིང་གཏམ་ཡིན། །བླ་མ་བགྲེས་པའི་ཆགས་ཕྱི་དགོས་པའི་ཕྱིར། །རྩེ་གཅིག་མཚམས་དང་སྒྲུབ་པ་མ་ཁོམས་ཀྱང་། །འགྲོ་འདུག་སྤྱོད་པ་ལམ་དུ་ཁྱེར་བའི་གནད། །བསྐྱེད་རྫོགས་རྒྱུན་དུ་བསྒོམ་པ་སྙིང་གཏམ་ཡིན། །དེང་སང་ཚེ་ཚད་བཞི་བཅུ་ཁ་རལ་གསུངས། །དེ་ཡང་མི་ཐུབ་གློ་བུར་འཆི་བ་མང་། །ཐོས་བསམ་བསྒོམ་ལ་བརྩོན་འགྲུས་བསྐྱེད་པའི་གནད། །འཆི་བ་ཡང་ཡང་བསྒོམ་པ་སྙིང་གཏམ་ཡིན། །རང་ལ་དོན་བརྒྱུད་བྱིན་རླབས་འཇུག་པ་དང་། །ཉམས་རྟོགས་སྐྱེ་ཞིང་གོང་དུ་འཕེལ་བའི་གནད། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་པ་སྙིང་གཏམ་ཡིན། །བླ་མ་འོད་ཞུ་རང་ལ་བསྟིམས་ནས་ཀྱང་། །འོད་གསལ་ཕྱག་ཆེན་དངོས་སུ་འཆར་བའི་གནད། །གང་ཤར་རིག་པའི་ངོ་བོ་དེ་ཉིད་ལ། །མ་ཡེངས་གཅེར་གྱིས་ལྟ་བ་སྙིང་གཏམ་ཡིན། །འཕྲོ་རྒོད་མང་ན་ཞི་གནས་སྐྱེ་བའི་


CMR049_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གནད། །ལུས་སེམས་ཁོང་ལྷོད་འགྱུ་བ་རང་འགྲོར་བཏང་། །མ་ཡེངས་ཙམ་དུ་དྲན་པའི་རྒྱངས་སོ་བཙུགས། །ལྷོད་དེ་ཤིག་གེ་བཞག་པ་སྙིང་གཏམ་ཡིན། །བྱིང་རྨུག་འཐིབས་ན་ལྷག་མཐོང་སྐྱེ་བའི་གནད། །ལུས་སེམས་བསྒྲིམ་ལ་ལྟ་སྟངས་ནམ་མཁར་གཏད། །གང་ཤར་རིག་པའི་ངོ་ལ་ཅེར་རེ་ལྟ། །སེང་ངེ་ཡེ་རེ་བཞག་པ་སྙིང་གཏམ་ཡིན། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་དང་། །རང་ལ་བར་ཆད་གང་གིས་མི་ཚུགས་ཤིང་། །གཞན་ལ་ཕན་ཐོགས་དཔག་མེད་འབྱུང་བའི་ཕྱིར། །བྱམས་དང་སྙིང་རྗེ་བསྒོམ་པ་སྙིང་གཏམ་ཡིན། །བར་ཆད་བགེགས་ཀྱིས་ནམ་ཡང་མི་ཚུགས་ཤིང་། །ཅི་བསམ་འགྲུབ་ཅིང་བསོད་ནམས་འཕེལ་བ་དང་། །མཁའ་འགྲོ་ཆོས་སྐྱོང་བྲན་ལྟར་འཁོར་བའི་གནད། །རྒྱུན་གཏོར་དུས་གཏོར་བརྩོན་པ་སྙིང་གཏམ་ཡིན། །རང་ཉིད་གང་གིས་སྒྲིབ་པ་སྤངས་བ་དང་། །ཕྲིན་ལས་ཕྱོགས་མཐར་ཀུན་ཏུ་རྒྱས་པ་དང་། །ཀུན་དང་ལ་མཐུན་ཞིང་ཀུན་གྱིས་བཀུར་བའི་གནད། །ཆད་བསོད་སྐུར་འདེབས་སྤང་བ་སྙིང་གཏམ་ཡིན། །ཆོས་ཀུན་སྨོན་ལམ་ཁོ་ནས་མཐའ་སྒྱུར་ཕྱིར། །རང་དང་རང་ལ་འབྲེལ་བའི་ཚེ་


CMR049_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སོགས། །སྐྱེ་བར་སླ་ཞིང་ཡོན་ཏན་ཆེ་བའི་གནད། །བདེ་སྨོན་རྒྱུན་དུ་འདོན་པ་སྙིང་གཏམ་ཡིན། །བྱང་ཆུབ་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །འདི་ཕྱིར་བཀྲ་ཤིས་བདེ་ལེགས་འབྱུང་བའི་གནད། །སྙིང་གཏམ་བཅོ་ལྔ་ལྡན་པའི་སྙིང་གཏམ་འདི། །ཁྱེད་ཀྱི་སྙིང་གི་ཐིག་ལེ་མཛད་པར་ཞུ། །ཞེས་པ་འདི་དགེ་བཤེས་ཀུན་དགའ་ཉི་མས་སྐུ་ཡོན་ལེགས་པོར་བསླབ་འདུག་པའི་བྱ་དགའ་ལ། ཨ་རཱ་གས་མཚམས་ཁུང་ནས་ཐུན་མཚམས་གཅིག་ལ་བྲིས་པའོ།། །།སློབ་བུ་བློ་གྲོས་ལ་གདམས་པ་བཞུགས་སོ། །ན་མོ་མ་ཧཱ་མུ་དྲ་ཡེ། བློ་གྲོས་ཀྱི་རྟོགས་འབུལ་བྱས་པའི་ལེན། །མོས་གུས་འདི་བསྒོམ་གྱི་མགོ་བོ་ཡིན། །རང་བཀའ་དྲིན་ཐོབ་པའི་བླ་མ་དེ། །ཁོང་སེམས་ཅན་དང་སངས་རྒྱས་སུ་ཡིན་ཀྱང་། །རང་ངོས་ནས་རྡོ་རྗེ་འཆང་དུ་བསྒོམ། །དེ་རྟོགས་པ་སྐྱེ་བའི་གདམས་ངག་ཡིན། །ཞེན་ལོག་འདི་བསྒོམ་གྱི་རྐང་པ་ཡིན། །ཐོབ་དཀའི་མི་ལུས་ལན་གཅིག་འདི། །ཚེ་སུམ་གཉིས་ཡང་ཡེངས་ངང་ལ་ཟད། །འཆི་བདག་ནམ་འོང་ཅི་ཆ་མེད། །ད་ཚེ་མཇུག་འདི་སྐྱིད་ཡུན་སྡུག་ཡུན་ཐུང་། །ཚེ་ཕྱི་མའི་དོན་ཅིག་མ་འགྲུབ་ན། །རང་གཅིག་པུར་འགྲོ་དུས་སུས་མི་སྐྱོབས། །


CMR049_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དེ་ལ་སོམས་ལ་ཉམས་ལེན་འབུང་། །ད་ཡེངས་མེད་འདི་སྒོམ་གྱི་དངོས་གཞི་ཡིན། །ཕར་ཕྱེས་ནམ་ཆོས་ཕུང་བརྒྱད་ཁྲི་དེ། །ཚུར་བསྡུས་ན་ངོ་སྤྲོད་ཚིག་གསུམ་ཡིན། །ཆོས་ཕྱག་ཆེན་རྫོགས་ཆེན་དབུ་མ་སོགས། །མིང་སྙན་པོའི་ཆོས་མིང་ཅི་བཏགས་ཀྱང་། །དོན་རང་སེམས་རིག་རིག་ཏུར་ཏུར་འདི། །དེ་མ་བཅོས་རང་ངོ་སྐྱོང་ལ་འདུས། །དེ་རང་ངོ་རང་གིས་མ་བསྐྱངས་ན། །མི་གཞན་གྱིས་བསྒོམས་ནས་སྟེར་བློ་མེད། །ཁྲིད་ཆེན་པོ་བརྒྱ་དང་སྟོང་ཞུས་ཀྱང་། །འཕྲལ་རྣ་བར་སྙན་ཅིང་ཐོས་བསོད་ཙམ་། །དོན་རང་ངོ་རྗེན་པར་སྐྱོང་ནུས་ན། །ཆོས་མང་པོ་མ་ནུས་ན་ཡང་ཆོག །སེམས་གང་ཤར་རང་ངོ་ལྟ་བ་དེ། །ལས་དང་པོ་པ་ཡི་ཉམས་ལེན་ཡིན། །སེམས་བལྟ་བྱ་ལྟ་བྱེད་གཉིས་སུ་མེད། །སེམས་མ་བཅོས་རང་སར་བཞག་པ་ལས། །དོན་འདི་བསྒོམ་གཏད་སོ་མེད་པ་འདི། །དོན་ངོ་བོ་མཐོང་བའི་ཉམས་ལེན་ཡིན། །དེ་བརྗེད་སྐབས་ཐ་མལ་འཁྲུལ་པར་འགྲོ། །དེ་ཡང་ཡང་དྲན་པས་སོ་བས་འཚོ། །སེམས་མ་བཅོས་སོ་མའི་ངང་ནས་ཟ། །དེ་ཟ་འཐུང་ཟག་མེད་ཚོགས་འཁོར་ཡིན། །སེམས་མ་ཡེངས་དྲན་རྫི་


CMR049_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་འགྲོ། །དོན་སྐྱེ་མེད་དོན་དམ་གྱི་སྐོར་བ་ཡིན། །སེམས་མ་ཡེངས་མཉམ་བཞག་གི་ངང་ནས་ཉལ། །དེ་འོད་གསལ་འཛིན་པའི་གདམས་པ་ཡིན། །སེམས་རང་ངོ་མཐོང་བའི་སྐད་ཅིག་ལ། །སྔོན་བསྐལ་པ་སྟོང་དུ་བསགས་པ་ཡི། །སྡིག་ཉེས་ལྟུང་ཐམས་ཅད་དག་པར་བཤད། །སྒྱུ་གསེར་སྲང་སྟོང་ཕྲག་མང་པོ་ཞིག །དེ་ཡར་མཆོད་དང་མར་སྦྱིན་བྱས་པ་བས། །དོན་རང་སེམས་སྐད་ཅིག་སྐྱོང་བ་ལྷག །དོན་དེ་ལ་བསམ་ཞིང་ཉམས་ལེན་མཛོད། །སེམས་ཁོ་རང་ཡེ་ནས་ཆོས་སྐུ་ཡིན། །དེ་མ་བཅོས་རང་སར་བཞག་ཤེས་ན། །གེགས་གོལ་ས་བར་ཆད་གང་ཡང་མེད། །སེམས་དེ་ལ་ཡག་འདོད་ཀྱིས་བཟོ་བཅོས་བྱས། །གེགས་གོལ་ས་བརྒྱ་སྟོང་དེ་ནས་འོང་། །གནད་ཤེས་ན་བསྒོམ་ཡུན་ལ་ལྟོས་མི་དགོས། །དོན་ཐོས་པས་གྲོལ་བ་དེ་ལ་ཟེར། །གནད་མ་བཅོས་ཀློད་ནས་འཇོག་པ་ཡིན། །བོགས་འདོན་ན་མོས་གུས་ཀྱི་གསོལ་འདེབས་རེམ། །བློ་རྩེ་གཉིས་ཀྱིས་དོན་ཆེན་མི་འགྲུབ་པས། །བློ་རྩེ་གཅིག་ཉམས་ལེན་འདི་ལ་དྲིལ། །ཆོས་དབང་ལུང་ཐོབ་ཅིང་སྲུང་ཕྱོགས་ཤེས། །ལུས་ནད་མེད་ལྟོ་གོས་རྐྱེན་ཁྱག་ཙམ། །དུས་ད་ལྟ་


CMR049_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་མ་བྱུང་ན། །དུས་ནམ་དུ་ཉམས་ལེན་འོང་བར་སེམས། །ད་སྙིང་ལ་རུས་པ་བྱེད་རེ་རན། །ཞེས་པ་དགེ་སློང་ཨ་རཱ་གས་གདམས་པའོ། དགེའོ། །ལྟ་སྒོམ་སྤྱོད་འབྲས་ཀྱི་ཞལ་གདམས་བཞུགས་སོ། ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། དྲིན་ཅན་བླ་མ་རྗེ་བཙུན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཆོས་རྣམས་ཐམས་ཅད་མདོར་བསྡུས་ན། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ལྟ་བ་བཤད་ལུགས་མང་ན་ཡང་། །སེམས་ཀྱིས་སེམས་ལ་ལྟ་བ་འདི། །མི་ལ་རས་པའི་ལྟ་བ་ཡིན། །ཕྱག་རྫོགས་ལྟ་བ་དེ་ལ་འདུས། །ཁ་འབྱམས་ཚིག་གི་ལྟ་བ་དེ། །བཤད་པ་མཁན་ལ་དགོས་ལགས་ཀྱང་། །ཉམས་ལེན་བྱེད་ལ་དགོས་རྒྱུ་ཆུང་། །འབྲོག་པའི་ཕྱུག་པོའི་རྟ་ལུག་གྲངས། །སྤྲང་པོས་རྩིས་ཀྱང་རང་ལ་མེད། །དེ་ཡི་ལྟ་བ་མ་རྟོགས་ན། །ལྟ་བ་བཤད་ཀྱང་དགོས་པ་ཆུང་། །བསྒོམ་ལུགས་རྣམ་གྲངས་མང་ན་ཡང་། །མ་ཡེངས་དྲན་པའི་རྒྱང་སོ་འདི། །མི་ལ་རས་པའི་བསྒོམ་ལུགས་ཡིན། །མ་བཅོས་བཞག་པ་མན་ངག་ཡིན། །གང་ཤར་སྐྱོང་བ་གདམས་ངག་ཡིན། །སྤང་བླང་མེད་པ་གནད་འགགས་


CMR049_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སེམས་འཛིན་དམིགས་རིམ་མང་པོ་དེ། །ཁྲིད་སྟོན་རྣམས་ལ་མཁོ་ལགས་ཀྱང་། །ཉམས་ལེན་བྱེད་ན་དགོས་རྒྱུ་ཆུང་། །དམིགས་རིམ་མང་པོ་རྣམ་རྟོག་ཡིན། །རྣམ་རྟོག་མ་རིག་འཁྲུལ་པ་ཡིན། །དཔེར་ན་དར་གྱི་བཀྱིགས་དང་འདྲ། །སྤྱོད་པའི་ས་མཚམས་མ་ལགས་ཀྱང་། །མ་ཡེངས་ངང་ནས་ཤུགས་འབྱུང་སྤྱོད། །མི་ལ་རས་པའི་སྤྱོད་པ་ཡིན། །སེམས་བསྲུང་སྡོམ་པ་ཀུན་གྱི་མཆོག །རང་སེམས་འདུལ་ན་འདུལ་བ་ཡིན། །གནང་བཀག་ས་མཚམས་མང་པོ་དེ། །དགེ་སློང་རྣམས་ལ་མཁོ་ལགས་ཏེ། །ཉམས་ལེན་སྐྱོང་ལ་དགོས་རྒྱུ་ཆུང་། །ཐབ་ཀྱི་མེ་ལ་ཆུ་བླུགས་ན། །བརྩེགས་སེང་དུ་བ་ཐམས་ཅད་ཆད། །དེ་བཞིན་རང་སེམས་བསྲུང་བ་ན། །ཉེས་ལྟུང་ཐམས་ཅད་རང་འགགས་ཡིན། །འབྲས་བུ་ཐོབ་ལུགས་མང་བཤད་ཀྱང་། །རང་སེམས་རང་དབང་ཐོབ་པ་ན། །འབྲས་བུ་ཡིན་པར་བཀའ་བརྒྱུད་བཞེད། །ས་ལམ་འབྲས་བུའི་བཞེད་དགོངས་རྣམས། །བགྲོ་གླེང་མཁན་ལ་མཁོ་ལགས་ཀྱང་། །ཉམས་ལེན་མཁན་ལ་དགོས་རྒྱུ་ཆུང་། །ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །ས་ལམ་རྩི་བ་རྨོངས་པ་འཁྲུལ། །དེ་སྐད་སྐྱེ་


CMR049_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཞང་གིས་གསུངས། །ལྟ་སྒོམ་སྤྱོད་པ་འབྲས་བུའི་གླུ། །འཕྲལ་དུ་ཉམས་ལ་ཤར་ནས་སྨྲས། །མཁས་པ་རྣམས་ཀྱི་ས་ཁྲེལ་ལགས་ཀྱང་། །ཉམས་ལེན་མཁན་འགའི་སེམས་ལ་འཕྲོད། །བཤད་པའི་གཞུང་དང་མི་མཐུན་ཀྱང་། །མན་ངག་སྙན་བརྒྱུད་དོན་དང་མཐུན། །ཞེས་སྒོམ་ཆེན་རྣམས་ལ་ཨ་རཱ་གས་མགུར་དུ་གདམས་པའོ།། །།དྲིན་ལྡན་ཕ་ལ་བྱམས་པ་སྒོམ་དགོས་ཚུལ་གྱི་ཞལ་གདམས་ནི། ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། གང་ལ་བསམ་ནས་བྱང་ཆུབ་མཆོག་ཐོབ་པའི། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །བྱང་ཆུབ་སེམས་ལ་རྟག་ཏུ་ཕྱག་འཚལ་ལོ། །དྲིན་ཅན་དྲིན་དུ་བཟོ་བ་དམ་པ་མཆོག །རྒྱལ་སྲས་བྱང་སེམས་རྣམས་ལ་གུས་པས་འདུད། །ལྷ་དང་བཅས་པའི་འཇིག་རྟེན་ཁམས་འདི་ན། །དྲིན་ཆེན་དཀོན་མཆོག་ཕ་དང་མ་ཞེས་གྲགས། །ལུས་བསྐྱེད་དཀའ་བ་སྤྱད་ཅིང་རང་ཅག་གསོས། །ན་དོགས་ཤི་དོགས་བཀྲེས་དོགས་སྡུག་དོགས་ཀྱིས། །ལུས་སྲོག་ཡལ་བར་དོར་ནས་བུ་ཚ་གསོས། །གལ་ཏེ་ནའམ་གདོན་གྱིས་ཉེས་མཐོང་ན། །གློ་སྙིང་གས་པ་ཙམ་གྱི་སྡུག་བསྔལ་བྱེད། །སེར་སྣས་


CMR049_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་བསགས་པའི་ནོར་རྫས་རིམ་གྲོར་བཏང་། །ཅུང་ཟད་སྨྲ་འམ་ཡར་ཡར་སོས་ཐུབ་ན། །འདི་འདྲ་ཐུབ་ཟེར་རབ་དགའ་ཐོབ་ལྟར་དགའ། །སྣབ་ལུད་ཁས་འཇིབ་གཅིན་རྟག་ཁྱོར་བས་འཕོ། །ཞིམ་པོ་ཁམ་གང་རྙེད་ཀྱང་ཟ་མི་བྲ། །ང་ཡི་བུ་ལ་ཁྱེར་ཟེར་ཨམ་འཕྲག་བཅུག །གོས་ཀྱི་གང་ལེགས་གང་མཛེས་བུ་ལ་བཀོན། །རང་ཉིད་ཧྲལ་ཧྲུལ་གོས་ཀྱིས་ཆོག་པར་འཛིན། །ནོར་རྫས་ལེགས་པ་དངོས་པོ་གང་ཡོད་ཀྱང་། །ང་ཡི་བུ་ལ་མཁོ་ཟེར་སྤྱད་མི་བྲ། །རང་ལ་ཞིང་ཁང་ནོར་རྫས་ཅི་ཡོད་པ། །ཐམས་ཅད་བུ་ལ་བྱིན་ལ་ཕོངས་སེམས་མེད། །དེ་ལྟར་ཕ་མའི་དྲིན་གྱིས་ལེགས་བསྐྱངས་ནས། །ཕ་དང་མ་ཡང་རྒས་པའི་ནད་ཀྱིས་ཟིན། །ངོ་ཡི་བཀྲག་ཤོར་མེ་ཏོག་སད་ཁྱེར་བཞིན། །མགོ་ལ་སྐྲ་དཀར་ལྕགས་ཀྱུ་རྣོན་པོས་བཏབ། །ལུས་ལ་གཉེར་མའི་ཞགས་པ་མང་པོས་བཅིངས། །དབུགས་མི་བདེ་ཞིང་ཕུས་འདེབས་རྣ་བ་འོན། །མིག་མི་གསལ་ཞིང་གཟུགས་ཀྱང་ལོག་པར་མཐོང་། །རྐང་པ་མི་བདེ་འཁྱོར་ཞིང་སྣ་བཙུགས་ཕོག །རྐེད་པ་སྒུར་པོར་སོང་ཞིང་ལྤགས་བཞི་ལྷུང་། །ཁ་མཚུར་དྲག་པ་མི་གསལ་དབང་པོ་རྨུགས། །བཟའ་བཏུང་ཟོས་ན་


CMR049_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇུ་མ་ཟོས་ལྟོགས། །འཆི་བདག་གཤིན་རྗེས་ཟིན་རྟགས་ཚང་ན་ཡང་། །ང་ལ་ཤི་དུས་མེད་ཟེར་ཤི་སྔོན་འདེབས། །རྒས་པའི་སྡུག་བསྔལ་མངོན་དུ་གྱུར་པ་ལ། །འདི་ལས་སྙིང་རྗེའི་གནས་གཞན་ཅི་ཞིག་ཡོད། །འདི་འདྲའི་སྡུག་བསྔལ་རྒྱ་མཚོའི་བོགས་མཐོང་ཡང་། །སྙིང་རྗེའི་བྱམས་པའི་སེམས་ཀྱིས་མི་སྐྱོང་བར། །ཚིག་ངན་དབང་ཆེ་ཐུབ་ཐུབ་བྱེད་པ་ནི། །ཆོས་པའི་བྱ་བ་མ་ཡིན་ལྡང་ཅི་སྨོས། །འཇིག་རྟེན་ཕལ་པ་ཀུན་ཀྱང་འཕྱ་བའི་གནས། །སྟོན་པས་དྲིན་ལེན་བསབ་པའི་མདོ་སྡེ་ལས། །ཕ་མ་གཉིས་པོ་འཇིག་རྟེན་ཐམས་ཅད་ཀྱིས། །མཆོད་པའི་གནས་དང་བསོད་ནམས་ཞིང་ཡིན་པས། །དེ་ལ་བསྟེན་ནས་མངོན་མཐོ་ངེས་ལེགས་ཀྱི། །བདེ་ལེགས་ཐམས་ཅད་འབྱུང་བར་འགྱུར་ཞེས་གསུངས། །དེ་བཞིན་ཐུབ་པས་ཕ་མའི་མདོ་སྡེ་ལས། །ཕ་དང་མ་ནི་འཇིག་རྟེན་ཐམས་ཅད་ཀྱིས། །ལྷ་ཡང་ཡིན་ལ་མི་ཡང་ཡིན་ཞེས་གསུངས། །ཕ་དང་མ་ལ་བཀུར་སྟི་བྱས་པ་དང་། །དེ་བཞིན་ལྡང་དུབ་བྱས་པའི་རྣམ་སྨིན་ནི། །ཚེ་རབས་གཞན་དུ་མྱོང་བ་ལྟ་ཅི་སྨོས། །ཚེ་འདི་ཉིད་ལ་འབྲས་བུ་སྨིན་པར་བཤད། །ཅི་ཕྱིར་ཞིང་ནི་རབ་


CMR049_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཉན་ཕྱིར་རོ། །དེ་ཕྱིར་སངས་རྒྱས་རབ་ཏུ་བྱུང་ཁ་ཡང་། །ཕ་ལ་ཕྱག་འཚལ་བསྐོར་བ་བྱས་ཏེ་གཤེགས། །དེ་བཞིན་སྔོན་གྱི་མཁས་གྲུབ་ཕལ་ཆེར་ཡང་། །ཕ་དང་མ་ལ་ཕྱག་འཚལ་བསྐོར་བ་མཛད། །གྲུབ་ཐོབ་ཆེན་པོ་མི་ཏྲ་ཛོ་ཀི་ཡིས། །ཕ་མའི་ལྷམ་ཀྲད་དབུ་རྒྱན་མཛད་ཅེས་ཐོས། །རྒྱ་གར་པཎ་ཆེན་སློབ་དཔོན་དཔའ་བོ་ཡིས། །མ་ཡི་གཡོག་མཛད་མ་ཁོལ་ཞེས་སུ་གྲགས། །ཕ་ཡི་གཡོག་མཛད་ཕ་ཁོལ་མཚན་དུ་ཐོགས། །ཤཱཀྱའི་རྒྱལ་པོ་ཟས་གཙང་སྲས་དེ་ཡིས། །མ་མ་ཉིད་ལ་མ་ཡིས་རྩིས་མཛད་ནས། །སྐུ་ཚེ་ལོ་བཅུ་ཐུང་བར་མཛོད་མཛད་ནས། །སྐྱེ་རྒུའི་བདག་མོ་རབ་ཏུ་བྱུང་བར་མཛད། །གང་དག་ཕ་དང་མ་ལ་སྣང་བ་ཡིས། །ན་རག་དམྱལ་བའི་ནང་དུ་སྲེག་འགྱུར་ཞེས། །མངོན་པའི་མདོ་སྡེ་རྣམས་ནས་རྒྱ་ཆེར་གསུངས། །དེ་བཞིན་ངན་སོང་སྦྱོང་བའི་རྒྱུད་ཆེན་ལས། །གང་དག་ཕ་དང་མ་ལ་སྙིང་རིང་བ། །དེ་དག་ནམ་ཡང་ཐར་པ་མི་ཐོབ་གསུངས། །དེ་ལྟར་མདོ་རྒྱུད་བླ་མའི་རྣལ་འབྱོར་སོགས། །འཁྲུལ་མེད་གཞུང་ལུགས་རྣམས་ལ་ལེགས་སྤྱད་ནས། །ཕ་དང་མ་ནི་དཀོན་མཆོག་བཞི་པ་ཞེས། །བཀུར་ཞིང་


CMR049_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་གནས་སུ་རིགས་བྱས་ནས། །འཇམ་པའི་ངག་དང་བྱམས་པའི་སེམས་ཀྱིས་ནི། །ཇི་ལྟར་ནུས་པས་བཀུར་སྟི་བྱ་བར་རིགས། །དེ་སྐད་འཕྲལ་དུ་ཡིད་ལ་གང་དྲན་རྣམས། །རྐྱེན་གྱིས་བསྐུལ་བས་མྱུར་དུ་བྲིས་པའོ། །ཨ་རཱ་གས་སོ།། ༈ །།གནད་ཀྱི་ཞལ་གདམས་ནི། ན་མོ་གུ་རུ། ཆོས་ཁྲིད་བརྒྱ་སྟོང་ཞུས་ན་ཡང་། །འཆི་བ་སྙིང་ནས་མ་དྲན་ན། །དམ་ཆོས་འགྲུབ་པའི་རེ་བ་མེད། །མི་ནག་ཆོས་སྒོར་མི་འཇུག་པ། །དེ་ཡང་འཆི་བ་མ་དྲན་སྐྱོན། །ཆོས་པ་ཆོས་མགོ་མ་ཐོན་པ། །དེ་ཡང་འཆི་བ་མ་དྲན་སྐྱོན། །སྡེ་དཔོན་འཁྲུག་པ་དམག་ཇག་བྱེད། །དེ་ཡང་འཆི་བ་མ་དྲན་སྐྱོན། །མི་ནས་རི་དྭགས་བསད་བཅད་མང་། །དེ་ཡང་འཆི་བ་མ་དྲན་སྐྱོན། །བཙུན་མས་བཙུན་མདོག་བྱིས་པ་གསོད། །དེ་ཡང་འཆི་བ་མ་དྲན་སྐྱོན། །བསྒོམ་ཤེས་ཉམས་ལེན་མི་བརྩོན་པ། །དེ་ཡང་འཆི་བ་མ་དྲན་སྐྱོན། །ངེས་པར་འཆི་བ་དྲན་པ་ན། །དམ་ཆོས་མི་བསྒྲུབ་ག་ལ་སྲིད། །རྒྱས་བས་མདོ་རྒྱུད་ཐམས་ཅད་ནས། །འདུས་བྱས་ཐམས་ཅད་མི་རྟག་གསུངས། །སྐྱེས་མཐའ་འཆི་དང་བརྩེགས་མཐའ་


CMR049_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག །འདུས་མཐའ་བྲལ་དང་བསག་མཐའ་འཛད། །འདི་དག་མི་འབྱུང་སྲིད་མི་འགྱུར། །བསྐལ་པ་ཆགས་ནས་ད་ལྟའི་བར། །མ་ཤི་ལུས་པ་གཅིག་མི་གདའ། །འཆི་བདག་ལས་ཀྱི་གཤིན་རྗེ་དེས། །དགྲ་གཉེན་རྒས་གཞོན་ཁྱད་མེད་པར། །མཐོ་དམན་མེད་པར་ཐམས་ཅད་ཁྲིད། །འཆི་བའི་དུས་ལ་བབ་ཙ་ན། །དམ་པའི་ཆོས་ཤིག་མ་གཏོགས་པ། །སྐྱབས་མགོན་རེ་ས་གཞན་ན་མེད། །ཉེ་དུ་མཐུན་གྲོགས་བརྒྱ་ཡོད་ཀྱང་། །རང་ཉིད་གྲོགས་མེད་གཅིག་པུར་འགྲོ། །ཟས་ནོར་རྒྱ་མཚོ་ལྟར་ཡོད་ཀྱང་། །ཞག་བརྒྱགས་ཙམ་ཞིག་ཁྱེར་དབང་མེད། །གཅེས་ཤིང་འཕང་པའི་སྒྱུ་ལུས་འདི། །རོ་རུལ་གྱུར་ནས་སྐྱུགས་བྲོ་བ། །ཆགས་ཞེན་ཆེ་བའི་ས་ཡུལ་འདིར། །ཕྱིན་ཆད་རང་སེམས་རིག་པའི་ཁྱེའུ་ཆུང་། །ད་ལྟ་འཚོས་ན་ནམ་ཡང་ཕན། །དགེ་བ་རྒྱ་ཆེན་འགྲུབ་པ་ནི། །རྟ་བཟང་སྒ་སྲབ་འཛོམས་པ་འདྲ། །སྨོན་ལམ་སྲབ་ཀྱིས་ཁ་བསྒྱུར་ནས། །མཐོ་རིས་གནས་མདུན་དག་པའི་ཞིང་། །གང་འདོད་གནས་དེར་ཕྱིན་པར་ངེས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཞིང་བཟང་ལ་བཏབ་ས་བོན་བཞིན། །སྡིག་ལྟུང་སད་སེར་མ་ཤོར་


CMR049_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བླ་མེད་བྱང་ཆུབ་འབྲས་བུ་སྨིན། །བླ་མ་ཡིད་བཞིན་ནོར་བུ་དེ། །མོས་གུས་རྒྱལ་མཚན་རྩེར་ཕྱར་ན། །དངོས་གྲུབ་ཕྱག་རྒྱ་ཆེན་པོ་ནི། །འབད་མེད་ལྷུན་གྱིས་གྲུབ་སྟེ་འོང་། །བསམ་བློ་གཅིག་ཀྱང་མ་བཏང་བར། །རྣམ་གཡེངས་སྐབས་སུ་ཤོག་གུ་འདི། །ཟད་ཐབས་ཅི་དྲག་བྲིས་པ་དེ། །དོན་དང་ལྡན་ན་ཉམས་སུ་ལོངས། །དོན་མེད་འདུག་ན་བཞད་བགད་མཛོད། །དེ་སྐད་རཱ་ག་ཨ་སྱ་ཡིས། །རྟ་ལོ་ཁྲུམས་ཟླའི་ཡར་ཚེས་ལ། །མུན་རུག་སྨུག་པའི་མཚམས་ནས་བྲིས། །བཀྲ་ཤིས་བདེ་ལེགས་མངྒ་ལཾ།། ༈ །།ཀ་ཡེ་གསོན་དང་འདིར་ཚོགས་ཁྲོམ། །ཁ་ཐོན་བཟླས་བརྗོད་མ་ཎི་ཐོན། །ག་ལས་ལོངས་མེད་འཆི་བས་བསྙགས། །ང་ཁྱོད་རྩོད་པའི་འཛིང་མོ་དང་། །ཅ་ལེ་ཅོ་ལེའི་ཁ་ལྕེ་དང་། །ཆ་བེ་ཆོབ་བེའི་སྤྱོད་པ་སྤོངས། །ཇ་གསོལ་ཆང་ལ་གསོལ་ཚོད་མཛོད། །ཉ་མཚམས་བརྒྱད་སོགས་བསྙེན་གནས་སྲུངས། །ཏ་ཐ་ག་རེའི་སྐུ་གཟུགས་ཞེངས། །ཐ་ན་སྤྲང་པོ་ཡན་ཆོད་ལ། །ད་ནི་དགེ་བ་གང་འགྲུབ་རེམ། །ན་རྒས་ཤི་དུས་འགྱོད་མེད་མཛོད། །པ་དེ་པུ་དེའི་མནའ་མ་མཛད། །ཕ་རོལ་


CMR049_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པའི་གླེགས་བམ་ཐོན། །བ་སོགས་སྒོ་ནོར་བཤས་མ་བྱེད། །མ་དང་ཕ་ལ་བཀུར་སྟི་མཛོད། །ཙ་ཐོར་ཤིང་འགར་ཡིག་དྲུག་བསྐུར། །ཚ་ཁེ་ཚོང་འདུས་འགྲིམ་དུས་དང་། །ཛ་རེ་ཛོ་རེའི་འགྲོ་འདུག་དུས། །ཝ་ལེ་ཡེ་རེ་སེམས་ལ་ལྟོས། །ཞྭ་ལྟར་བླ་མ་སྤྱི་བོར་བསྒོམ། །ཟ་འཐུང་ཕུད་ཀྱིས་དཀོན་མཆོག་མཆོད། །འ་རེ་འུར་རེའི་རྣམ་གཡེང་དུས། །ཡ་ང་མེད་པར་བསྐྱེད་རིམ་སྒོམས། །ར་ལུག་ཕོ་རིགས་ཚེ་ཐར་ཐོངས། །ལ་ཆེན་བློ་ཕུག་ཆོས་ལ་གཏོད། །ཤ་ཡང་ཉིན་ཤ་བསྔོས་ཤ་སྤོངས། །ས་ཆ་གར་འདུག་མི་དང་བསྟུན། །ཧ་ཁོག་གོ་ན་དམ་ཆོས་སླ། །ཨ་ཅང་ངས་ནི་ཀུ་རེ་ཡིན། །ཞེས་ཨ་རཱ་གས་ཁྲོམ་སྤྱི་ལ་སྨྲས་པའོ།། ༈ །།ཀ་ཡེ་གསོན་དང་བརྗེ་དགེ་མ་ཚོ། །ཁ་འདི་དལ་བར་མ་འདུག་བསྙེན་སྒྲུབ་མཛོད། །ག་ནས་བསམས་ཀྱང་མི་འཆི་ཐབས་མེད་པས། །ང་ནི་འཆི་བ་མི་རྟག་སྙིང་ནས་དྲན། །ཅ་ལེ་ཅོ་ལེའི་འཆལ་གཏམ་དགོས་པ་མེད། །ཆ་ལུགས་ཆས་གོས་ཤམ་ཐབས་བསྟན་པའི་རྒྱན། །ཇ་གསོལ་ཚོགས་ཆང་མ་གཏོགས་ཆང་མ་གསོལ། །ཉ་དང་ཚེས་བཅུའི་དུས་སུ་མཆོད་པ་གསོལ། །ཏ་ཐཱ་ག་ཏའི་རྟེན་ལ་ཕྱག་


CMR049_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་མཛོད། །ཐ་ན་ཡི་དྭགས་ཡན་ལ་ཆུ་སྦྱིན་ཐོངས། །ད་ནི་རྒྱུན་དུ་བསྐྱེད་རྫོགས་ཉམས་ལེན་མཛོད། །ན་ཚ་སྡུག་བསྔལ་བོགས་སུ་ཨི་ཐོན་མཛོད། །པ་ར་ག་ཏའི་ཤེར་སྙིང་ཆག་མེད་ཐོན། །ཕ་རོལ་ཕྱིན་པ་དྲུག་ལ་ཐུགས་དམ་མཛོད། །བ་ལྟར་ཉལ་ལ་ཡང་དག་ཆོས་སྤྱོད་རེམ། །མ་རྒན་འགྲོ་དྲུག་རྣམས་ལ་སྙིང་རྗེ་བསྒོམ། །ཙ་དང་རླུང་གི་དམིགས་པ་ཐུན་རེ་བསྒོམ། །ཚ་གྲང་འགྲང་ལྟོགས་བྱུང་དུས་བཏང་སྙོམས་བསྒོམ། །ཛ་ཡེའི་གསུང་རབ་རྣམས་ལ་ལྟ་རྟོགས་མཛོད། །ཝ་ལེ་རང་སེམས་ངོ་བོ་རྒྱུན་དུ་སྐྱོངས་། །ཞ་ལྟར་སྤྱི་བོར་རིགས་བདག་བླ་མ་བསྒོམ། །ཟ་འཐུང་གང་བྱེད་ནང་གི་སྦྱིན་སྲེག་མཛོད། །འ་རེ་འུར་རེའི་སྙན་གྲགས་བྱུང་ན་ཡང་། །ཡ་མཚན་ཆེ་ཞིང་ང་རྒྱལ་མ་ཆེ་མཛོད། །ར་ལ་ཞོན་པའི་རྡོ་རྗེ་ལེགས་པ་སོགས། །ལ་ཆེན་མཁའ་འགྲོ་ཆོས་སྐྱོང་བསྐང་གསོལ་གཟོབ། །ཤཱ་ས་ན་སོགས་བསྙེན་སྒྲུབ་ཚད་དུ་སྐྱོལ། །ས་དང་ལམ་གྱི་བར་ལྟ་ཆད་ཞི་བའི་ཕྱིར། །ཧ་ཡ་གྷི་ཝ་ལ་སོགས་ཡི་དམ་སྒྲུབས། །ཨ་ཡིག་སྐྱེ་མེད་དོན་དང་ལྡན་པར་མཛོད། །ཅེས་ཨ་རཱ་གས་བརྗེ་དགེ་མ་ཚོ་ལ་གདམས་པའོ།།


previousཐུགས་རྗེ་ཆེ་དངོས་ཀརྨ་ཆགས་མེད་རིན་པོ་ཆེའི་ཞལ་གདམས་ཐོར་བུའི་སྐོར་ལས། དགེ་བཤེས་ཀུན་དགའ་ཉི་མ་ལ་གནང་བའི་ཞལ་གདམས།next