Nitartha Digital Library
Tibetan
 
previousརང་སེམས་ལྕགས་འབེབས་སུ་སྨྲས་པ།no next

རང་སེམས་ལྕགས་འབེབས་སུ་སྨྲས་པ།


CMR049_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ལྕགས་འབེབས་སུ་སྨྲས་པ་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR049_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས། །བླ་མ་ཡི་དམ་མཁའ་འགྲོ་དང་ཆོས་སྐྱོང་། །ཟག་མེད་ཀྱི་མངོན་ཤེས་ཡེ་ཤེས་གྱི་སྤྱན་གྱིས། །ཉིན་མཚན་དུས་དྲུག་ལ་སེམས་ཅན་ཀུན་གཟིགས་ཤིང་། །སྟོབས་བཅུ་དབང་བཅུའི་མཐུ་སྟོབས་དང་ལྡན་རྣམས། །ཚད་མེད་ཐུགས་རྗེས་འགྲོ་དྲུག་ལ་གཟིགས་དང་། །དམྱལ་བའི་ཚ་གྲང་ཡི་དྭགས་ཀྱི་བཀྲེས་སྐོམ། །དུད་འགྲོའི་བཀོལ་སྤྱོད་ལྷ་མིན་གྱི་འཐབ་རྩོད། །ལྷ་ལ་ཡང་ཕམ་ལྟུང་མི་ལ་ནི་བྲེལ་ཕོངས། །ཐར་དུས་མེད་པའི་འཁོར་བའི་བཙོན་དོང་། །འདི་ལ་ཐུགས་རྗེས་ཕྱག་རིང་ཅིག་


CMR049_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོངས་ལ། །འཁོར་བ་དོང་ནས་སྤྲུགས་པ་གཅིག་བླ་མ་དཀོན་མཆོག་མཁྱེན་ནོ། །ལྷ་བས་ལྷག་པའི་དལ་འབྱོར་གྱི་མི་ལུས། །དེང་སང་བསྐལ་པ་སྙིགས་མ་ལ་ཐུག་པས། །ཚེ་ཐུང་ནད་མང་དུག་མཚོན་དང་མུ་གེ །ཕྱི་ནང་འཁྲུག་རྩོད་ཕ་བུ་ཡང་མི་མཐུན། །བློ་གཏད་རང་གི་སྙིང་ལ་ཡང་མི་ཆེས། །ལོག་མིན་བསྒྲུབ་པ་ལ་དྲན་རྒྱུ་ནི་སུ་ཆེ། །དམྱལ་བར་འགྲོ་བ་ལ་བང་ཁ་ནི་སུ་མགྱོགས། །མཚམས་མེད་བསྒྲུབ་པ་ལ་བློ་སྟོབས་ནི་སུ་ཆེ། །དམེ་དམག་དུས་འཁྲུག་ནི་དབྱར་ཆུ་བཞིན་ཇེ་ཆེ། །བསྟན་འཛིན་དམ་པ་ནི་ཐོ་རངས་ཀྱི་སྐར་མ་བཞིན་ཇེ་སྲབ། །


CMR049_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དང་བསྒྲུབ་པ་ནི་ཉི་ཤར་གྱི་བ་མོ་བཞིན་ཇེ་ཡལ། །སྡུག་དང་སྡིག་པ་ནི་ཉི་ཐལ་གྱི་མུན་པ་བཞིན་ཇེ་ནག །གཏམ་ངན་གཤེ་སྐུར་ནི་དགོང་ཁའི་རླུང་ནག་ལྟར་ཇེ་མང་། །དམྱལ་བར་མ་ཤོངས་བའི་ལྷག་མ་ཚོ་འཛོམས་གདའ། །སེམས་ཅན་ལས་ངན་བཅོས་པར་ནི་དཀའ་ཡང་། །དུས་ངན་གྱི་འདུལ་སྐལ་ཨོ་རྒྱན་གྱི་པདྨ། །ཁྱེད་ཀྱི་ཐུགས་རྗེའི་ཕྱག་རིང་ཅིག་སྐྱོངས་ལ། །དུས་ངན་གྱི་སེམས་ངན་ཚོ་ལ་སྐྱོབས་ཤིག །ཤཱཀ་ཐུབ་བསྟན་ལ་ཞུགས་ནས་མགོ་སྤུ་ནས་བྲེག་ཀྱང་། །དང་པོའི་བསམ་པ་བཟང་པོ་ལ་ཇེ་ཡལ། །བསྲུང་རྒྱུའི་རྣམ་གྲངས་ཙམ་ཡིད་ལ་མེད་ནས། །གོས་བཅས་གཟབ་ལ་ཚུལ་ཁྲིམས་སུ་རློམ་ཞིང་། །བག་མེད་རྩིང་སྤྱོད་བཟི་འགྱེལ་བརླ་འབྱམས་ན། །མི་ཚེ་དཀོར་ལ་ཟོས་པས་ཀྱང་མི་སྐྲག་པའི་རིང་དུ། །གཞན་གྱི་རྙེད་དང་བཀུར་སྟི་ལ་ཕྲག་དོག །སྙིགས་མའི་དགེ་སྦྱོང་བདག་འདྲ་ལ་གཟིགས་དང་། །འཕགས་པ་ཉེ་བ་འཁོར་ཁྱེད་སྙིང་ལ་བཞུགས་ནས། །མི་ལུས་ལན་གཅིག་འདི་ཆུད་ཟོས་མེད་པར་བྱིན་གྱིས་རློབས་ཤིག །འཆི་བ་དྲན་པའི་བརྩོན་འགྲུས་ནི་ཇེ་རྗེད། །ཐོས་བསམ་བསྒོམ་ཡང་ཚེ་འདི་ཡི་ལག་ཆ། །སྐྲ་དཀར་ཟུག་ཀྱང་


CMR049_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་རུ་སྡོད་ཆེས། །དྲེད་པོ་རྟག་འཛིན་ཅན་བདག་འདྲ་ལ་གཟིགས་དང་། །ཁ་རག་སྒོམ་ཆུང་ཁྱེད་སྙིང་དཀྱིལ་འདིར་བཞུགས་ལ། །ཤི་ཡང་འགྱོད་མེད་འགྲུབ་པར་བྱིན་གྱིས་རློབས་ཤིག །རྒྱུ་འབྲས་དམ་ཆོས་ནི་ཁ་ཡི་བཤད་ཕྱོགས། །ལག་ལེན་སྡིག་སྤངས་དགེ་སྒྲུབ་ནི་བྱས་ལོ་བྱེད་ལོ། །ཕྲ་ཞིབ་ཉེས་ལྟུང་ནི་ཁ་ཞོར་དང་ལག་ཞོར། །དྲེད་པོ་ཆོས་རྒྱུས་མཁན་བདག་འདྲ་ལ་གཟིགས་དང་། །ཐུབ་པའི་དབང་པོ་ཁྱེད་ཐུགས་དཀྱིལ་འདིར་བྱོན་ལ། །རྒྱུ་འབྲས་ཕྲ་ཞིབ་ཕྱེ་བ་གཅིག་བྱིན་གྱིས་རློབས་ཤིག །རིགས་དྲུག་སྡུག་བསྔལ་ཐོས་ཀྱང་རྣ་བའི་ཕྱི་རྒྱབ། །སྐྱེས་རྒ་ན་འཆི་མཐོང་ཡང་འཇིགས་སྐྲག་མི་སྐྱེ། །རྒྱུ་འབྲུ་དོན་གསུམ་ནི་སྙིང་དཀྱིལ་གྱི་ཁྲག་རླངས། །ཆོག་ཤེས་མེད་པ་ནི་མི་སེམས་སྟོང་པ། །དཀོན་མཆོག་ཕྱོགས་སུ་བཏང་བ་ནི་རང་བས་བབ་ཙམ། །སྙིང་པོ་རྡུལ་ཙམ་མེད་པའི་གནད་མཚང་ནི་མ་རིག །མི་ནག་སེར་གོས་གྱོན་པ་བདག་འདྲ་ལ་ལ་གཟིགས་དང་། །རྗེ་བཙུན་མི་ལ་རས་ཆེན་ཁྱོད་སྙིང་དཀྱིལ་འདིར་བཞུགས་ལ། །ཚེ་འདི་བློ་ཡི་གཏིང་ནས་ཐོང་བ་ཅིག་བྱིན་གྱིས་རློབས་ཤིག །ཕན་ཡོན་ལོ་རྒྱུས་ཐོས་ཀྱང་ཤ་


CMR049_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་དང་བཤད་ཚོད། །བྱིན་རླབས་དངོས་གྲུབ་འདྲ་བྱུང་ཡང་རང་ཉིད་ཀྱི་ཕོ་རྒོད། །ཟིན་ཐུན་འདོན་བརྗོད་ཡང་སྤྱི་ཕའི་ཁ་ཁྲལ། །ཆགས་ཕྱི་རོགས་དན་ཡང་གླ་མེད་ཀྱི་གཡོག་པོ། །བསོད་ནམས་ཕན་ཡོན་ནི་ཡིད་ཡུལ་དུ་མི་མགུ། །སྐྲ་བཅད་གོས་བསྒྱུར་ཡང་མི་ཚེ་ཡི་ཅི་ཆོད། །བློ་ཆོས་སུ་མ་སོང་བདག་འདྲ་ལ་གཟིགས་དང་། །ནཱ་རོ་པཎ་ཆེན་ཁྱེད་སྙིང་དཀྱིལ་འདིར་བཞུགས་ལ། །ཆོས་ཆོས་སུ་མཐོང་བར་བྱིན་གྱིས་རློབས་ཤིག །དད་གུས་ངོ་ཚ་ཇེ་ཆུང་ཇེ་ཡལ། །ཡོན་ཏན་ནི་མི་མཐོང་སྐྱོན་ལ་ནི་ཞེད་རྩིས། །ཟབ་ཁྲིད་ཚེགང་ཐོབ་རྫ་རྒྱབ་གྱི་ཆུ་ཕྱར། །ཉམས་དང་རྟོགས་པ་ནི་གནས་འགྱུའི་སྤྲུག་སྤྲིན། །བླ་མ་ལ་མིག་དྲེད་གདམས་ངག་ལ་གོ་དྲེད། །དྲེད་པོ་ཆོས་སྡུག་བདག་འདྲ་ལ་ཐུགས་རྗེས་གཟིགས་དང་། །ཆོས་སྐུ་སྟག་ལུང་ཐང་པ་ཁྱེད་སྙིང་དཀྱིལ་འདིར་བཞུགས་ལ། །མོས་གུས་འབར་སྟོབས་ཀྱི་ཉམས་སྟབས་གཅིག་སྐྱེ་བར་བྱིན་གྱིས་རློབས་ཤིག །སྦྱང་གཞི་སྦྱོང་བྱེད་མི་ཤེས་བསྐྱེད་རིམ་དང་བསྒོམ་ལོ། །དཀྱིལ་ཆོག་དང་མངོན་ཆོག་ཁ་ཡི་འདོན་པ། །ལྷ་ཡི་ཏིང་འཛིན་ནི་ཡིད་ཡུལ་དུ་ཝལ་ཙམ། །སྔགས་ཀྱི་བསྙེན་པ་ནི་ཡང་སོགས་དུས་


CMR049_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། དགྲ་དང་འདྲེ་ལ་ནི་ཟ་ཟ་དང་རྔམ་རྔམ། །རྨིས་རྟགས་ཙམ་ལ་ནི་མཆོག་འཛིན་དང་མངོན་ཤེས། །སྔགས་ནག་འདྲེ་བརྡུང་མཁན་བདག་ལ་གཟིགས་དང་། །ཨོ་རྒྱན་པདྨ་ཁྱེད་སྙིང་དཀྱིལ་འདིར་བཞུགས་ལ། །དག་པ་རབ་འབྱམས་སུ་འཆར་བ་གཅིག་བྱིན་གྱིས་རློབས་ཤིག །རྩ་ཐིག་རླུང་གསུམ་བསྒོམ་ཞིང་ལུས་སྦྱོངས་ནི་བྱས་ཀྱང་། །བདེ་དྲོད་དང་རླུང་ཁུག་རིང་པོ་ཡང་དཀའ་འདུག །བདེ་ཉམས་སྐྱེས་ཀྱང་དགའ་བཞི་ནི་ཟིན་དཀའ། །བཟང་རིས་ངན་བབས་བྱང་སེམས་ཡང་མི་བརྟན། །ཉམས་ལེན་གནད་དུ་མ་སོང་བདག་འདྲ་ལ་གཟིགས་དང་། །རྗེ་བཙུན་ཏེ་ལོ་ཁྱེད་སྙིང་དཀྱིལ་འདིར་བཞུགས་ལ། །རླུང་སེམས་དབུ་མར་ཚུད་པར་བྱིན་གྱིས་རློབས་ཤིག །ངོ་བོ་རྗེན་པར་མཐོང་ནས་ཉམས་ལེན་ནི་སྐྱོངས་ཀྱང་། །འཁོར་འདས་མཉམ་ཉིད་ཀྱང་ཡིད་ཀྱི་གོ་བ། །སྣང་སྲིད་ཆོས་སྐུ་ལ་ཁའི་རྦ་རྒོག །སྣང་སེམས་རོ་གཅིག་ཀྱང་ཡིད་ཀྱི་རྣམ་པ། །ཆོས་བརྒྱད་ངོས་འཛིན་ནི་གྲ་དང་ཡམ་མེ། །དགྲ་གཉེན་སྐྱིད་སྡུག་ནི་དངོས་སུ་གསལ་བ། །རྫུ་འཕྲུལ་མངོན་རྟོགས་ནི་རི་བོང་རྭ་ཅོ། །དུས་ངན་སྙིགས་མའི་སྒོམ་ཆེན་བདག་འདྲ་


CMR049_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟིགས་དང་། །གྲུབ་ཆེན་ཀརྨ་པཀི་ཁྱེད་སྙིང་དཀྱིལ་འདིར་བཞུགས་ལ། །སྣང་བ་བདེན་མེད་དངོས་སུ་སྟོན་ནུས་སུ་བྱིན་གྱིས་རློབས་ཤིག །བྱམས་དང་སྙིང་རྗེ་ཡང་སྤྱིར་ཡོད་དག་གིས་མེད། །གཞན་ཕན་འགྲོ་དོན་ཡང་ཟང་ཟིང་དུ་སྡུད་དོ། །དབང་ལུང་ཟབ་ཁྲིད་ཡང་འབུལ་ཞབས་སུ་བཟང་། །བསྟན་པའི་སྤྱི་དོན་ཡང་རང་ཕྱོགས་གཞན་ཕྱོགས་། །མི་ནག་ཁྲོམ་ཆོས་ཡང་གསང་སྒྲོག་ལྟུང་བ། །ཆོས་འཕགས་གཟན་ཚོལ་གྱི་འགྲོ་དོན་མཁན་བདག་ལ་གཟིགས་དང་། །འཕགས་པ་སྤྱན་རས་གཟིགས་ཁྱེད་སྙིང་དཀྱིལ་འདིར་བཞུགས་ལ། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས་ཤིག །ཅེས་པ་རང་རྒྱུད་ལ་བརྟགས་པས་ཆོས་ལ་བརྩོན་འགྲུས་ཆུང་ངུ་སོང་བ་འདྲ། ལྟ་བ་སྟོང་རྫིས་ཁྱེར་ནི་ཅུང་ཟད་འཁྲེབ་པ་འདྲ། དད་པ་སྔར་ལྟར་མི་འདུག་ཡབ་སྲས་དང་མ་མཇལ། ཡུན་རིང་ཡང་མི་ཚུགས་པ་མི་གདའ། སྔར་སྡོམ་ནས་སྔོ་ཧྲུག་གེ་བ་སྡེར་རེ་མདུན་དུ་བཞག་དུས། འདི་ལ་འདི་ཚོས་དཀའ་ལས་སོ་ནམ་དེ་ཙམ་བྱས་འཇུག་དཀའ་བསམ། ད་ནིརྟ་ཁྲབ་ནོར་ནི་ཅི་བྱུང་ཡང་སྐྲག་སྣང་མི་གདའ་བ་འདི། ང་འཁྲེབ་ཟིན་སྙམ་ནས་ང་རང་ལ་མཚང་བྲུས་པ་ཡིན་པས་གཞན་གནོང་མེ་བཙན་ངོས་ལེན་མ་བྱེད་ཅིག། ༈ །།ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། །


CMR049_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བསྡམས་ནས་ཟླ་ཁ་མ་ཟིན་པ། །མི་ཤི་ཟེར་གྱི་མིང་ཡིག་མང་པོ་བྱུང་། །འདི་མི་རྟག་འཆི་བ་འོང་བའི་རྟགས། །བྱ་སྐྱེལ་མཁན་གཅིག་རེད་པ་གོ་ལགས་སམ། །རང་མི་འཆིའི་གདེང་ཚོད་ཅི་འདྲ་ཡོད། །དེ་མིན་ན་འཆི་གྲབ་ཀྱི་དགེ་སྦྱོར་འབུང་། །ཇུས་མཐོན་པོ་འགའ་ཆུ་བས་དམའ་བར་སོང་། །འདི་འཁོར་བ་ལ་སྙིང་པོ་མེད་པའི་རྟགས། །བྱ་སྐྱེལ་མཁན་གཅིག་རེད་དོ་གོ་ལགས་སམ། །དེ་གོ་ན་དགོས་མེད་ཀྱི་དྲན་པ་བརྟེན། །སྲིད་ནང་མཐུན་ཤི་བསད་མི་རོ་བརྩིགས། །འདི་དགྲ་གཉེན་ལ་ངེས་པ་མེད་པའི་རྟགས། །བྱ་སྐྱེལ་མཁན་གཅིག་རེད་པ་གོ་ལགས་སམ། །དེ་གོ་ན་དགྲ་གཉེན་གྱི་འཛིན་པ་ཤིག །མི་ཕྱུག་པོ་འགའ་ཕྱུགས་ནད་ཀྱིས་སྤྲང་པོར་ཕུད། །འདི་ཟས་ནོར་ལ་སྙིང་པོ་མེད་པའི་རྟགས། །བྱ་སྐྱེལ་མཁན་གཅིག་རེད་པ་གོ་ལགས་སམ། །དེ་གོ་ན་བསགས་པ་ཆོས་ལ་ཐོངས། །རྗེ་གྲུབ་ཐོབ་ལ་རྐུན་ཁག་གི་ཆད་པ་ཕོག །འདི་སུ་སྙན་གྲག་ལ་སྙིང་པོ་མེད་པའི་རྟགས། །བྱ་སྐྱེལ་མཁན་གཅིག་རེད་པ་གོ་ལགས་སམ། །དེ་གོ་ན་སྙན་གྲགས་ལ་འདོད་པ་སྤོངས། །ཆོས་ཕྱོགས་རིས་ཅན་བོན་པོའི་བླ་མཆོད་


CMR049_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བོས། །འདི་ཕྱོགས་རིས་ལ་སྙིང་པོ་མེད་པའི་རྟགས། །བྱ་སྐྱེལ་མཁན་གཅིག་རེད་པ་གོ་ལགས་སམ། །དེ་གོ་ན་ཕྱོགས་རིས་ཀྱི་འདོད་པ་སྤོངས། །རྗེ་མཁན་པོ་ཞིག་མཆེད་ཡའི་གྱོད་ལ་ཚུད། །འདི་གཉེན་འདུན་གྱི་ཕན་པ་མེད་པའི་རྟགས། །བྱ་སྐྱེལ་མཁན་གཅིག་རེད་པ་གོ་ལགས་སམ། །དོན་གོ་བ་ཉེ་དུ་ལ་གདུང་སེམས་སྐྱུར། །སྤྱིར་འཁོར་བ་ལ་སྙིང་པོ་མེད་དོ་ཞེས། །རྗེ་རྒྱལ་བའི་གསུངས་དང་བླ་མའི་གསུངས། །དེ་མཐུན་ཀྱང་ངེས་ཤེས་སྐྱེ་བ་དཀོན། །ད་མངོན་སུམ་དུ་མཐོང་བས་ངོ་འཕྲོད་དེ། །ད་འཁོར་བའི་བྱ་བ་ཐམས་ཅད་པ། །དཔེ་བྱིས་སྦའི་རྩེད་མོ་ཇི་བཞིན་དུ། །དེ་སྙིང་པོ་མེད་པའི་མཚང་རིག་པས། །ད་སྙིང་པོ་ཅན་དམ་པའི་ལྷ་ཆོས་ཤིག །ད་བྱེད་ན་རན་པ་ཕྱིས་ཚོད་ཙམ། །ལུས་སྙིང་པོ་མེད་ལ་སྙིང་པོ་ལེན། །ངས་སྡོམ་པ་འདི་སྲོག་ལྟར་མི་བསྲུང་རེ། །ལུས་སྣང་སྟོང་ཡི་དམ་ལྷ་ཡི་སྐུ། །ལུས་སྤྲུལ་སྐུའི་རྟེན་འབྲེལ་མི་བསྒྲིགས་རེ། །ངག་སྙིང་པོ་མེད་པ་སྙིང་པོ་ལེན། །ངག་གྲག་སྟོང་ཡི་དམ་ལྷ་ཡི་སྔགས། །རླུང་སྲོག་རྩོལ་ལ་ཉམས་ལེན་མི་གཡེལ་བར། །ངག་ལོངས་སྐུའི་རྟེན་འབྲེལ་མི་བསྒྲིགས་རེ། །སེམས་སྙིང་པོ་


CMR049_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་སྙིང་པོ་ལེན། །སེམས་མ་བཅོས་ཐ་མལ་ཕྱག་རྒྱ་ཆེ། །དོན་གཉུག་མའི་གཤིས་ལ་མི་བཞག་རེ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །དོན་སོ་སོར་སྣང་ཡང་ངོ་བོ་གཅིག །གཞི་འགྱུར་མེད་ཀྱི་རྟེན་གནས་མི་བཟུང་སྟེ། །དོན་མེད་བཞིན་སྣང་བའི་འགྲོ་དྲུག་ལ། །ད་བཟོད་སྙིང་རྗེ་བསྐྱེད་བྱས་ནས། །རང་ཅི་ནུས་ཀྱི་གཞན་ཕན་མི་སྒྲུབ་རེ། །མ་འགྲོ་དྲུག་བདེ་ལ་འགོད་ནུས་ན། །བདག་དམྱལ་བ་རུ་གཏན་ཡུལ་རེད་ཀྱང་བཟོད། །ངས་གཏོང་ལེན་གྱི་ཏིང་འཛིན་མི་བསྒོམ་རེ། །ཚིག་བསྟོད་སྨད་ཀྱི་སྒྲ་ཀུན་བྲག་ཆ་འདྲ། །མི་ཅི་ཟེར་རྣ་བ་མི་གཏད་པར། །ངས་རང་སེམས་འདི་དཔང་དུ་མི་བཙུགས་ཏེ། །རེ་ཆེ་བ་ཕལ་ཆེར་འཁོར་བའི་རྒྱུ། །སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ། །ཕ་པདྨ་འབྱུང་གནས་སྤྱན་རས་གཟིགས། །དེ་མ་གཏོགས་མགོ་ནག་མི་ཀུན་ལ། །ཚེ་འདི་ཕྱིའི་བློ་གཏད་བཅའ་རེ་ཤི། །དུས་སྙིགས་མ་ལྔ་བདོའི་ཐ་མ་ལྟ་འདིར། །ཆོས་ལམ་དུ་འགྲོ་བ་ཉིན་སྐར་ཙམ། །ད་འོན་ཀྱང་སྙིང་ལ་རུས་པ་བསྐྱེད། །ནམ་ཤི་ཡང་འགྱོད་རྒྱུ་མེད་ཙམ་ཞིག །ལས་ཅི་ལ་བབ་ཀྱང་མི་བྱེད་རེ། །འཕྲལ་


CMR049_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་རྒྱུ་འགྲོ་བའི་འགྲོ་དོན་ཡང་། །མི་གཞན་གྱི་ཆོས་སུ་མི་མཐོང་ཡང་། །རང་སེམས་བསྐྱེད་དང་བསམ་པ་རྣམ་དག་ལས། །ཆོས་ཆོས་སུ་འགྲོ་བ་གཅིག་མི་བྱེད་རེ། །དབང་བཀའ་ལུང་གདམས་ངག་ཟབ་དགུ་ཡང་། །ཆོས་སྙིང་ནས་འདོད་པའི་སྐལ་ལྡན་ལ། །དེ་སྦ་སྲི་མེད་པས་མི་སྟོན་རེ། །དཀོར་ཆེ་ཞིང་དཀོར་སྒྲིབ་ཆེ་བ་ལ། །ལུས་མི་སྐག་དགེ་སྦྱོར་མི་ནུས་ཀྱང་། །ནམ་ལུས་པོ་འདི་དང་བྲལ་མ་ཐག །ནུབ་བདེ་བ་ཅན་གྱི་ཞིང་དུ་མི་འགྲོ་རེ། །ཅེས་གཉའ་འོག་ནས་མི་འགའ་ཤི་ཟེར། ཕྱོགས་ཀྱི་སྐད་སྤན་སྤུན་འགའ་ཐོས་པས་སྐྱོ་བ་སྐྱེསཏེ། ངོ་སྤྲོད་དུ་གོ་ནས། རང་སེམས་ལྕགས་འདེབས་སུ་སྨྲས་སོ། །སརྦ་མངྒ་ལཾ།། གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་


CMR049_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་ཨ་རཱ་གས་སོ།། ། ༧ ཁམས་སྟོད་ནང་ཆེན་འབང་སང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརང་སེམས་ལྕགས་འབེབས་སུ་སྨྲས་པ།no next