Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  expand section
   
   
   
རྗེ་བཙུན་བླ་མ་ཀརྨ་རཱ་ག་ཨ་སྱས་དགུང་ལོ་ཉེར་བཞི་ནས་བཟུང་སྟེ་ཉམས་ཀྱི་མགུར་ངག་ཏུ་སྨྲས་ཞིང་ཚིགས་སུ་བཅད་པ་གླུར་བླངས་བའི་སྐོར་འགའ་ཞིག
   
   
   
   
   
   
   


 
previousརྗེ་བཙུན་བླ་མ་ཀརྨ་རཱ་ག་ཨ་སྱས་དགུང་ལོ་ཉེར་བཞི་ནས་བཟུང་སྟེ་ཉམས་ཀྱི་མགུར་ངག་ཏུ་སྨྲས་ཞིང་ཚིགས་སུ་བཅད་པ་གླུར་བླངས་བའི་སྐོར་འགའ་ཞིགnext

རྗེ་བཙུན་བླ་མ་ཀརྨ་རཱ་ག་ཨ་སྱས་དགུང་ལོ་ཉེར་བཞི་ནས་བཟུང་སྟེ་ཉམས་ཀྱི་མགུར་ངག་ཏུ་སྨྲས་ཞིང་ཚིགས་སུ་བཅད་པ་གླུར་བླངས་བའི་སྐོར་འགའ་ཞིག


CMR050_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་ཀརྨ་རཱ་ག་ཨ་སྱས་དགུང་ལོ་ཉེར་བཞི་ནས་བཟུང་སྟེ་ཉམས་ཀྱི་མགུར་ངག་ཏུ་སྨྲས་ཞིང་ཚིགས་སུ་བཅད་པ་གླུར་བླངས་བའི་སྐོར་འགའ་ཞིག་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR050_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡེ། སེམས་ཉིད་འདི་བླ་མ་རྡོ་རྗེ་འཆང་། །གསོལ་བ་ནི་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ནི་རྒྱུན་ཆད་མེད་པར་སྩོལ། །སེམས་ཀྱིས་སེམས་ལ་བལྟས་ཙ་ན། །བལྟ་བྱ་ལྟ་བྱེད་བྲལ་བ་ཞིག །ལྟ་འདོད་ཀྱི་མཚན་མ་ཞིག་པ་ཅིག །སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཅིག །ཡིད་ཡུལ་དུ་མྱོང་རྒྱུ་ཡོད་པ་ཅིག །དེ་ཡིད་ལ་འདི་བྱ་མེད་པ་ཅིག །འཁོར་འདས་ཀུན་ཁོ་ཡི་ཡོ་ལང་ལ། །ཁ་དོག་དང་དབྱིབས་ལས་འདས་པ་ཅིག །ཅེས་རང་ལོ་ཉེར་བཞི་པར་དུས་རེ་ཞིག་བྱུང་རྒྱལ་དུ་སྨྲས་སོ།། ༈ །།ཕ་འཇམ་དབྱངས་བླ་མས་བདག་


CMR050_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོངས་ཤིག །སྤྲང་སྔོན་ཚེ་བསོད་ནམས་མ་བསགས་པས། །དུས་ངན་སྙིགས་མ་འདི་རུ་སྐྱེས། །ཡུལ་ངན་གྱི་མཐའ་འཁོབ་འདི་རུ་སྐྱེས། །ནོར་མེད་ཀྱི་སྤྲང་ཕྲུག་འདི་རུ་སྐྱེས། །ད་སྐྱེས་པས་འགྱོད་ཀྱང་བྱ་ཐབས་མེད། །ད་འདི་འདྲ་ཞིག་ཏུ་སྐྱེས་ན་ཡང་། །ཕ་ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །བསྟན་པའི་རྩ་བ་འདུལ་བ་ལ། །བསྙེན་རྫོགས་ཀྱི་དངོས་པོ་འགྲུབ་གྱུར་ཀྱང་། །ཉེས་བྱས་དང་ལྟུང་བའི་ཁ་བ་ནི། །གྱང་རིམ་དགུ་ཙམ་གྱི་འོག་ཏུ་ཚུད། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །རྒྱལ་བའི་སྐུ་ཚབ་ཡོངས་གྲགས་པས། །མཚན་བརྗོད་


CMR050_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཤཱཀྱ་མུ་ནེའི་དྲུང་། །བྱང་སེམས་ཀྱི་བསླབ་པ་ལེགས་མནོས་ཀྱང་། །ད་ནག་པོའི་ཆོས་བཞི་ཆར་དྲག་བབས། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །རྡོ་རྗེ་འཆང་དངོས་བླ་མ་རྗེའི། །དབང་བཞིའི་ཆུ་རྒྱུན་བྱིན་ན་ཡང་། །རྩ་བ་དང་ཡན་ལག་གི་དམ་ཚིག་ཀུན། །གོ་བའི་སྐྱ་རིས་འང་མི་འདུག་ན། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །རྒྱུ་དང་འབྲས་བུ་ཆོས་ཚུལ་ཀུན། །ཚིག་དོན་སྤྱི་དང་མི་གོ་ན། །དོན་ཉམས་སུ་ལེན་པ་ག་ལ་ཞིག །ད་སྤུ་མེད་ཀྱི་ཕག་པ་བདག་ལྟ་བུ། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །རྗེ་གྲུབ་ཐོབ་ཀུན་གཤེགས་པའི་ལམ་པོ་ཆེ། །བཀའ་ཕྱག་རྒྱ་ཆེན་པོ་ཐོབ་ན་ཡང་། །ཞི་གནས་ཀྱི་སྤྲིན་ཚོགས་མི་འདུ་ན། །ལྷག་མཐོང་གི་ཆར་རྒྱུན་ག་ལ་ཞིག །ཁ་སྒྲུབ་ཀྱི་གང་ཟག་བདག་ལྟ་བུ། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །ད་ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཀུན། །མྱུར་བ་ཉིད་དུ་རྟོགས་པ་རུ། །རྗེ་བླ་མ་ཁྱེད་ཀྱིས་བྱིན་གྱིས་རློབས། །ཞེས་རང་ལོ་ཉེར་བཞི་པ་ལ་རང་ལ་རང་ཡི་མུག་ནས་སྨྲས་པའོ།། ༈ །།རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་གོང་མ་རྣམས་ཀྱི་ཐུགས་རྗེས་ཟུངས། །


CMR050_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལར་མི་རྟག་འཆི་བའི་ཆོས་ཅན་ལ། །ཆོས་ཕྱི་དལ་དུ་བཞག་པའི་སྙིང་ཕོད་ཅན། །མི་བདག་ལ་བླ་མས་ཐུགས་རྗེས་ཟུངས། །རྗེ་རྒྱལ་ནས་འཇག་མའི་སྲིན་བུའི་བར། །སྔར་མ་ཤི་བ་ཐོས་སམ་ཐེ་ཚོམ་ཟ། །ད་མི་འཆི་མཁན་མི་འབྱུང་ཐག་གིས་ཆོད། །དེ་ཤེས་བཞིན་དུ་ད་རུང་སྡོད་ཆས་མཁན། །མི་བསམ་བརླགས་བདག་ལ་ཐུགས་རྗེའི་ཟུངས། །རྗེ་སངས་རྒྱས་ཀུན་དངོས་ཀྱི་བླ་མ་རྗེ། །དེ་མངོན་སུམ་དུ་ཞལ་མཐོང་གསུང་ཐོས་དང་། །སྣོད་ཁ་སྦུབ་སྟེང་དུ་ཆུ་བླུགས་ལྟར། །མི་དྲེད་པོ་བདག་ལ་ཐུགས་རྗེས་ཟུངས། །སེམས་མཐའ་བྲལ་གཉུག་མ་ཆོས་ཀྱི་སྐུ། །མངོན་སུམ་དུ་བླ་མས་ངོ་སྤྲད་ཀྱང་། །དེ་གཡེང་བའི་དབང་གིས་ཐ་མལ་དུ་ལུས། །མི་ལས་ངན་བདག་ལ་ཐུགས་རྗེའི་ཟུངས། །ནང་དུག་ལྔ་ཉོན་མོངས་ཀྱི་རྐྱལ་པ་བདག །ཕྱི་ཆོས་གོས་ཀྱིས་གཏུམ་ཚེ་ཕོ་ཚུགས་བཟང་། །མིས་གུས་ཚུལ་བསྟན་དུས་ལྟ་བ་མཐོ། །རྐྱེན་ཐོག་བབ་ཏུ་བྱུང་ན་ཐ་མལ་པ། །མི་ཟོབ་པོ་བདག་ལ་ཐུགས་རྗེས་ཟུངས། །ཞེས་རང་ལོ་ཉེར་བཞི་པར་སྦྱིན་བདག་གཅིག་གི་སར་མགོན་པོ་ཕྱག་བཞི་པའི་བསྐང་མདོས་ཉི་ཤུ་སོགས་གཅིག་བྱས་པས། དེར་བསྔོས་ནས་མཛོ་རྒན་


CMR050_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཤས་ནས་དེའི་ཤ་ལོངས་སྤྱོད་དགོས་བྱུང་བའི་ཚེ་ལང་དཀར་གཤེགས་པ་སོགས་ནས་གསུངས་པའི་ཉེས་པ་དྲན་ནས་ཡི་མུག་སྟེ་སྨྲས་ཤིང་། དེ་ཕྱིན་ཆད་ཤ་མི་ཟ་བའི་དམ་བཅའ་དྲག་པོ་བྱས་སོ།། ༈ སྐྱབས་ཟླ་བྲལ་གྱི་རྒྱལ་བ་ཡབ་སྲས་མཁྱེན། །ཆོས་ཕྱག་ཆེན་ཟེར་བའི་གཡེར་པོ་ཆེ། །ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ། །ཉི་ཟླ་ལྟ་བུར་ཡོངས་ལ་གྲགས། །ཁོང་སྙན་བརྒྱུད་པ་ཀུན་ལྐོག་ལབ་བྱེད། །ཁོང་རྙིང་མ་བ་ཀུན་དབྱངས་སུ་གྱེར། །ཁོང་མཚན་ཉིད་པ་ཀུན་ཚིག་ཟུར་རྩོད། །ཁོང་སྒོམ་ཆེན་པ་ཀུན་གཅིག་ལབ་བྱེད། །ཁོང་བན་དེ་རྣམས་ཀྱིས་ཇ་དཔག་བྱེད། །ཁོང་སྐྱེ་བོ་རྣམས་ཀྱིས་ཆང་དཔག་བྱེད། །ཁོང་རས་པ་རྣམས་ཀྱིས་གླུ་རུ་ལེན། །ཁོང་མཆོད་གནས་རྣམས་ཀྱིས་འབོད་ནས་ཀློག །གསུང་དེ་ཀུན་མཛུབ་རྩེའི་བརྡའ་སྟོན་འདྲ། །ཁོ་རྟོགས་ལྡན་ཕལ་ཆེར་སྒོམ་མེད་རྟོགས། །མི་ཤི་ཚད་ཕལ་ཆེར་འོད་གསལ་ཟིན། །ཁོང་ཀུན་གྱིས་ཆོས་སྐད་འདོན་པ་དེ། །སྤྲང་རྒན་བདག་གིས་ཉན་ཙམ་ན། །རྣམ་རྟོག་འདི་ཆོས་སྐུ་ཡིན་ནོ་གསུངས། །ཁ་ཅིག་སེམས་ཉིད་ཧྲིག་ཧྲིག་པོ། །འདི་གཅིག་པུ་བསྐྱངས་བས་ཆོག་གོ་གསུངས། །ཁ་ཅིག་ས་ལེ་ཧྲིག་གེ་བ། །ཡེ་རེ་བ་


CMR050_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡོད་དོ་གསུངས། །ཁ་ཅིག་འགྱུ་བ་ཤར་བ་ན། །ངོས་ཟིན་པ་ཅིག་པུས་ཆོག་གོ་གསུངས། །ཁ་ཅིག་དགེ་དང་མི་དགེ་བའི། །རྟོག་པས་མཐོ་རིས་ངན་སོང་སྟེ། །རང་ངོར་བལྟ་བ་གཅིག་པུ་ཡིས། །སངས་རྒྱས་ཐོབ་པ་ཡིན་ནོ་གསུངས། །ཁ་ཅིག་སེམས་ངོ་ལྟ་བ་ལས། །ལུས་ངག་གི་དགེ་སྦྱོར་མི་དགོས་གསུངས། །ཁ་ཅིག་ལུས་ངག་གི་དགེ་སྦྱོར་འདི། །ཐེག་དམན་པ་ཡི་ལུགས་ཡིན་པས། །ཐེག་ཆེན་ལ་ཉལ་བས་ཆོག་གོ་གསུངས། །ཁ་ཅིག་འདུལ་བའི་བསླབ་བྱ་སོགས། །བྱིས་པ་འབྲིད་པའི་ཆོས་ཡིན་པས། །སྒོམ་ཆེན་ལ་དེ་རྣམས་མི་དགོས་གསུངས། །བདག་དམ་ཆོས་ཀྱི་བསྐལ་པ་ཆོས་མིན་པས། །གསུང་དེ་ཚོ་ལ་དད་འདུན་སྐྱེ་མ་ཐུབ། །རྣམ་རྟོག་འདི་ཆོས་སྐུ་ཡིན་ན་ནི། །ཆོས་སྐུའི་འཁོར་བར་འཕེན་ནམ་ཅི། །སེམས་ཉིད་ལ་ཧྲིག་ཧྲིག་ཅིག་ཡོད་ན་ནི། །རྫོགས་སངས་རྒྱས་ཀྱིས་ཅིས་མ་གཟིགས། །ས་ལེ་ཧྲིག་གེ་ཡེ་རེ་བ། །ཡོད་ཊྛ་ན་དབྱིབས་དང་ཁ་དོག་ཡིན། །རྣམ་རྟོག་ངོས་བཟུང་ཟེར་བ་ཡང་། །ངེས་བཟུང་བཟུང་ལུགས་མ་ཤེས་ན། །རྣམ་རྟོག་འཁོར་ལོ་འཁོར་དོགས་ཡོད། །རང་ངོ་ལྟ་བ་གཅིག་པུ་


CMR050_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །སངས་རྒྱས་ཐོབ་པ་ཡིན་ན་ནི། །བསོད་ནམས་ཚོགས་ཀྱིས་ཅི་ཞིག་བྱ། །ལུས་ངག་དགེ་སྦྱོར་མ་བྱས་པའི། །ལུས་ངག་སྒྲིབ་པ་ཅི་ལྟར་བྱང་། །ཐེག་ཆེན་ལ་ཉལ་བས་ཆོག་ཟེར་བ། །ཐེག་ཆེན་ལ་ཚོགས་གཉིས་མི་དགོས་ཤིང་། །སྐུ་གཉིས་ཀྱི་འབྲས་བུ་མི་འབྱུང་ཞེས། །སྐུར་པ་འདེབས་པ་ཁོ་ནར་ཟད། །འདུལ་བ་བྱིས་པའི་ཆོས་ཡིན་ན། །སངས་རྒྱས་རང་སངས་རྒྱས་པ་དང་། །ཉན་ཐོས་བཅས་པ་བྱིས་པར་འགྱུར། །ཨ་མཚར་པོ་སྡོང་དུམ་འདྲ་བའི་ཚིག །ད་འོད་གསལ་ཕྱག་རྒྱ་ཆེན་པོ་དེ། །བླ་མའི་དྲིན་གྱིས་རྟོགས་རྟོགས་འདྲ། །བསྒོམ་སྲན་ཅན་ལ་ཡོད་ཡོད་འདྲ། །དད་པ་ཅན་ལ་སྐྱེ་སྐྱེ་འདྲ། །ཡོད་མེད་སྤྱོད་པས་སྟོན་སྟོན་འདྲ། །བྱ་བ་བཏང་ན་འཕེལ་འཕེལ་འདྲ། །ཞེས་པ་འདི་རང་ལོ་ཉེ་ལྔ་དུས་བཙུན་པ་དང་སྒོམ་ཆེན་དང་མཆོད་གནས་སོགས་མང་པོའི་ཆོས་གཏམ་མཐོ་དམན་སྣ་ཚོགས་བྱེད་པ་མཐོང་ནས་བྲིས་པའོ།། ༈ །།རྗེ་འཇམ་དབྱངས་བླ་མས་བདག་སྐྱོངས་ཤིག །བདག་ཆོས་མེད་ཀྱི་སེར་གཟུགས་ཐུགས་རྗེས་ཟུངས། །བདག་བསམ་ལུས་འཕྲོད་ནས་ཆོས་གཅིག་བསམ། །དེ་བསམ་ཡང་འཁྲུལ་པའི་དབང་དུ་ཤོར། །ད་དམ་ཆོས་ཚུལ་


CMR050_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་བྱུང་ཀུན། །སྡིག་ཏོའི་བྱ་བ་བྱེད་རེ་ཤི །བྱང་སེམས་འདི་ཚུལ་བཞིན་མ་འབྱོང་ཡང་། །གཞན་ཡིད་འདི་ནམ་ཡང་དཀྲུག་རེ་ཤི །སོ་ཐར་གྱི་སྡོམ་པ་བསྲུང་དཀའ་ཡང་། །སྤྱོད་པ་ལ་འབྱོལ་ཉོག་སྤྱོད་རེ་ཤི །ལྟ་བ་འདི་ཤིན་ཏུ་རྟོགས་དཀའ་ཡང་། །དངོས་པོས་མཚན་མར་ལྟ་རེ་ཤི །སྟོང་ལྟ་ལ་ངེས་པ་བཅས་བཅས་ནས། །རྒྱུ་འབྲས་ལ་ཁྱད་གསོད་བྱེད་རེ་ཤི །དངོས་པོའི་མཚན་མས་བཅིངས་བཅིངས་ནས། །སྡུག་བཙིར་གྱི་ཨ་འཐས་བྱེད་རེ་ཤི །གཞན་ཕན་ཀྱི་ནུས་པ་མི་ལྡན་ཡང་། །མགོ་བསྐོར་གྱི་བསླུ་ཆོས་བྱེད་རེ་ཤི །རང་རྒྱུད་འདི་ཤིན་ཏུ་འདུལ་དཀའ་ཡང་། །ང་རྒྱལ་གྱི་རྭ་རྣོན་ཕྱར་རེ་ཤི །མདོ་རྒྱུད་ཀྱི་དགོངས་དོན་རྟོགས་དཀའ་ཡང་། །བླུན་བསྒོམ་གྱི་ཨ་འཐས་བྱེད་རེ་ཤི །ངེས་དོན་གྱི་དགོངས་པ་རྟོགས་དཀའ་ཡང་། །ནེ་ཚོའི་བཟླས་བརྗོད་བྱེད་རེ་ཤི །བཟང་འདོད་ཀྱི་ཆོས་བརྒྱད་མ་བྲལ་ཡང་། །བཟང་བརྫུའི་ཟོམ་ཟོམ་བྱེད་རེ་ཤི །མཁས་འདོད་ཀྱི་སྲེད་པ་མ་བྲལ་ཡང་། །མཁས་བརྫུའི་ཡབ་ཡོབ་ལབ་རེ་ཤི །བཙུན་འདོད་ཀྱི་ཚུལ་འཆོས་མ་བྲལ་ཡང་། །བཙུན་བརྫུའི་ངོས་ལྐོག་བྱེད་རེ་ཤི །དད་


CMR050_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ལ་འདེམས་ཀྱང་བྱུང་གྱུར་ཀྱང་། །བླ་མ་འདི་ཐ་མལ་དུ་ལྟ་རེ་ཤི །དམ་ཆོས་ལ་ངེས་ཤེས་མ་རྙེད་ཀྱང་། །གདམས་ངག་ལ་ཐེ་ཚོམ་ཟ་རེ་ཤི །སེམས་ཅན་ལ་ཉེ་རིང་ཤོར་ན་ཡང་། །བློས་བཏང་གིས་བསམ་པ་བྱ་རེ་ཤི །མཆེད་གྲོགས་ལ་དག་སྣང་མ་འབྱོང་ཡང་། །འགྲན་སེམས་ཀྱི་ཕྲག་དོག་བྱེད་རེ་ཤི །བྱང་ཆུབ་འདི་བསྒྲུབ་པར་དཀའ་ན་ཡང་། །ཐེག་དམན་གྱི་ལམ་དུ་འཇུག་རེ་ཤི །འདག་ཆར་དང་རྡེལ་འཆའ་མ་བྱུང་ཡང་། །ཆོས་མིན་ལ་བློ་རྩེ་གཏད་རེ་ཤི །འཁོར་བ་འདི་ཤིན་ཏུ་སྡུག་བསྔལ་ཡང་། །བྱང་སྡོམ་ལ་མོས་པ་འདོར་རེ་ཤི། །དྭགས་བརྒྱུད་ཀྱི་ཆོས་སྒོར་ཞུགས་ལགས་པས། །འབྲས་བུ་ལ་རེ་དོགས་བྱེད་རེ་ཤི །ཞེས་པ་འདི་སྤྲང་པོ་སྙོམ་ལས་པ་ཨ་རཱ་གས་བྱས་སོ། །འདི་རང་ལོ་ཉེར་ལྔ་ཙམ་དུས་སྨྲས་པར་སྣང་ངོ་། །ཉམས་བཟང་དུས་གཅིག་ཡིན་པ་འདྲ།། །།ན་མོ་གུ་རུ། འཁོར་བའི་འཇིགས་པ་སྐྱོབ་མཛད་པ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་འདུད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །འདུས་བྱས་རྣམས་ལ་རྟག་པ་མེད། །དེ་མངོན་སུམ་མཐོང་བ་གོ་ལགས་སམ། །ཚེ་འདི་ཡི་བདེ་སྐྱིད་བསམ་བསམ་ནས། །བླ་


CMR050_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་མཁན་པོ་སློབ་དཔོན་བཀུམ། །གཙུག་ལག་དང་ཆོས་འཁོར་དབེན་གནས་བཤིགས། །ཉེས་མེད་ཀྱི་གྲོང་དང་གྲོང་བརྡལ་སྲེགས། །གྲངས་བསྒྲང་བར་དཀའ་བའི་སྲོག་ཆགས་བསད། །ལས་དེས་ཀྱང་ཚེ་འདི་མ་འདུན་ནས། །བན་དམན་པ་རྣམས་ཀྱིས་ཐལ་བ་གཏོར། །མི་བསམ་ཡོད་ཀུན་གྱིས་སྙིང་རྗེ་ལྟ། །ལུས་ལྕགས་སུ་བཅུག་ན་ཁྱི་ལྟར་སྐོར། །ཚེ་འདི་ཡི་དོན་དུ་སྡིག་པ་བསྒྲུབས་པ་ཀུན། །ད་སྙིང་པོ་འདུག་གམ་འདི་ལ་ལྟོས། །ཚེ་འདི་ཡི་ལོངས་སྤྱོད་བསམ་བསམ་ནས། །མི་དབུལ་པོ་ཀུན་ལ་ཁྲལ་དུ་བསྡུས། །ཕྱུག་པོ་ཀུན་གྱི་ནོར་ལ་ཕྲོགས། །མིས་ཚོགས་གསོག་བྱེད་པའི་འདུ་སྒོ་བཀག །བླ་མ་དང་དགེ་འདུན་དཀོར་ལ་བཅོམ། །ཐག་རིང་གི་མགྲོན་པོའི་ཚོང་སྐྱེད་བཅག །ད་དེས་ཀྱང་ལོངས་སྤྱོད་མ་འགྲུབ་པར། །མིས་ལག་སྦྱིན་བསྒུགས་པ་མཐོང་ཙམ་ན། །ཚེ་འདི་དོན་དུ་རྐུ་འཕྲོག་བྱེད་པ་ཀུན། །ད་སྙིང་པོ་འདུག་གམ་འདི་ལ་ལྟོས། །ལོངས་སྤྱོད་རྣམ་ཐོས་ཀྱི་བུ་དང་འདྲ། །སྟོབས་མངའ་ཐང་ལྷ་དབང་བརྒྱ་བྱིན་འདྲ། །དབང་བཙན་ཕྱུག་དབང་ཕྱུག་ཆེན་པོ་འདྲ། །མཐའ་རྒྱལ་ཕྲན་ཀུན་གྱིས་ཕྱག་


CMR050_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་བསྒྲིགས། །འཛམ་གླིང་གི་ནོར་ཕུད་མདུན་དུ་སྤུངས། །ཚིག་སྙན་སྙན་མང་པོས་ཞུ་སྣ་འདྲེན། །ལུས་གཞན་དུ་མ་བསྒྱུར་དེ་ཉིད་ལ། །སྟོབས་གཟི་བརྗིད་ཅན་གྱི་ཟིལ་གྱིས་མནན། །གྱད་དཔལ་རྩལ་ཅན་གྱི་མཚོན་ཆས་སྡིག །བཙོན་ཐར་དུ་མེད་པ་མཐོང་ཙམ་ན། །ཚེ་འདི་ཡི་མངའ་ཐང་བསྒྲུབ་པ་ཀུན། །ད་སྙིང་པོ་འདུག་གམ་འདི་ལ་ལྟོས། །ད་འཁོར་བ་ལ་སྙིང་པོ་མེད་པ་འདི། །ཆོས་བཤད་པ་ལ་ཡིད་ཆེས་མ་སྐྱེས་ཀྱང་། །ད་དངོས་སུ་བསྟན་པ་གོ་ལགས་སམ། །དེ་གོ་ན་སྐྱོ་བ་མི་སྐྱེའམ། །དེ་སྐྱེས་ན་དམ་ཆོས་མི་མཛད་དམ། །འཁོར་བའི་གནས་དང་ནད་པའི་མལ། །ཅི་ལྟར་བཅོས་ཀྱང་བདེ་བ་མེད། །གསུངས་པའི་དཔེ་དོན་གོ་ལགས་སམ། །གོ་ན་ཚེ་འདིའི་འདུན་མ་སྐྱུངས། །མི་རྟག་འཆི་བ་ཡང་ཡང་སོམས། །སྡོམ་པ་དམ་ཚིག་གཙང་མར་བསྲུང་། །སྙིང་རྗེ་ཕན་སེམས་རྒྱུན་དུ་སྦྱོངས། །བསྐྱེད་རིམ་བཟླས་པ་ཐུན་དུ་ཆོད། །རྒྱུན་དུ་ཡེངས་མེད་དྲན་པ་བརྟེན། །འཚུབ་ན་ཅུང་ཟད་ཀློད་ལ་ཞོག །འོན་ཀྱང་དྲན་པའི་རྒྱང་སོ་ཚུགས། །བྱིང་ནས་རིག་པའི་རང་བྱུང་ལ། །ཕྱལ་ལེ་སེང་ངེ་ཡེ་རེ་ཞོག །བཤང་ལྕི་


CMR050_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཆུ་སྦྱིན་ལ། །བཟའ་བཏུང་ཚོགས་དང་སྦྱིན་སྲེག་དང་། །འགྲོ་འདུག་ཕྱག་དང་བསྐོར་བར་བསྒོམ། །གཉིད་ཚེ་འོད་གསལ་རྨི་ལམ་གཉིས། །ཉམས་སུ་གང་ལོན་ཉམས་དང་སྦྱོར། །དོན་དེ་དང་ལྡན་ན་སྙིང་པོ་ཡོད། །སྤྲང་སྙིང་པོའི་ཆོས་ཞིག་བྱེད་ན་བསམ། །ཞེས་པ་འདི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ལྟ་བུའི་ས་སྐྱོང་བ་ཆེན་པོ། གཅིག་ལ་ཁེང་ལོགས་བྱུང་ནས་བཙོན་དུ་བཅུག་པ་ངེས་པར་འཁོར་བའི་ཆོས་འདི་ལ་སྙིང་པོ་མེད་ངེས་པར་སྣང་བསམ་པ་ཡང་ཡང་དུ་ཡིད་ལ་འཕྲེང་ནས་བྲིས་པའོ།། ༈ །།རྗེ་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེ། །སྤྲང་འཆི་བ་དྲན་པར་བྱིན་གྱིས་རློབས། །སྤྱིར་སྐྱེ་རྒ་ན་འཆི་ཆུ་བོ་བཞི། །འདི་སུས་ཀྱང་བཟློག་ཏུ་མི་གདའ་ན། །དགོས་འཆི་བདག་གཤིན་རྗེ་ཁས་བཙན་པོ། །ཚིག་གསུམ་གྱི་ཞུ་ས་མི་གདའ་ན། །གོམ་གསུམ་གྱི་འབྲོས་ས་མི་གདའ་ན། །དབྱིག་དར་ཟབ་ཀྱི་བསླུ་ས་མི་གདའ་ན། །དུས་ནམ་འོང་གི་ཚེས་གྲངས་མི་གདའ་ན། །མི་ཆེ་ཆུང་དང་རྒན་ཝཱ་གཞོན་མི་གདའ་ན། །མཐོ་དམན་དང་གྲགས་ཞན་མི་གདའ་ན། །དཔའ་སྡར་དང་ཕྱུག་དབུལ་མི་གདའ་ན། །སྨན་གསོ་དཔྱད་ཀྱི་ཕན་པ་མི་གདའ་ན། །སྲུང་རིམ་གྲོའི་ངོ་སོ་


CMR050_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མི་གདའ་ན། །དགྲ་འཆི་བདག་གི་གཤིན་རྗེ་དབང་ཆེན་པོ། །ཁོང་ནམ་འོང་ལ་ཚོད་བཟུང་མི་གདའ་ན། །རང་འཆི་གྲབ་ཀྱི་འདུན་མ་ཚོར་ལགས་སམ། །མི་བཙན་པོ་ཀུན་འཆི་བ་མཐོང་ཙམ་ན། །སྟོབས་མངའ་ཐང་གིས་ཕན་པ་མི་གདའ་ན། །མི་ཕྱུག་པོ་ཀུན་འཆི་བ་མཐོང་ཙམ་ན། །ནོར་ལོངས་སྤྱོད་ཀྱི་ཕན་པ་མི་གདའ་ན། །མི་དཔའ་བོ་ཀུན་འཆི་བ་མཐོང་ཙམ་ན། །ལུས་དཔལ་རྩལ་གྱི་ཕན་པ་མི་གདའ་ན། །ད་བསམས་ཤིང་དམ་ཆོས་མ་གཏོགས་པ། །ཐབས་གང་གིས་འང་འཕན་པ་མི་གདའ་ན། །ད་བཙུན་པའི་གཟུགས་བརྙན་ལེ་ལོ་མཁན། །དོན་འདི་ལ་སོམས་ཤིང་བརྩོན་འགྲུས་མཛོད། །ཅེས་དཔལ་རྩལ་སྟོབས་མངའ་ཐང་ཕུན་སུམ་ཚོགས་པའི་ས་སྐྱོང་བ་ཆེན་པོ་ཞིག་གློ་བུར་དུ་བསྙུངས་ནས་ཞབས་ལ་ཟུགས་ཆེན་པོ་བྱུང་དུས་སུ་སུས་ཀྱང་མ་ཐུབ་པའི་དགྲ་སྡེ་རྣམས་ཀྱང་ཕམ་པ་བྱས་པ་ཡིན་ཏེ་ང་ལས་སྟོབས་ཆེ་བ་གཅིག་འདི་ན་སླེབས་བྱུང་གསུངས་ནས་རྐང་པའི་གཟེར་སར་རེག་པ་དང་། ངས་འདི་ལྟར་ལ་མ་བསམ་སྟེ་རང་ཅག་ལ་ཆོས་ཀྱི་སྐལ་པ་མི་འདུག་ཨང་། ཞེས་པ་སོགས་རྟག་འཛིན་ལ་སྐྱོ་བའི་ཚིག་འགའ་རེ་གསུངས་ནས་འདས་པ་ཐོས་ནས་འཆི་བ་དྲན་པའི་ངེས་འབྱུང་དྲག་པོ་ཡང་ཡང་བྱུང་ནས་སྨྲས་པ་སྟེ། རཱ་ག་ཨ་སྱས་དཔལ་རི་རྩེར་བྲིས་པའོ།།


CMR050_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་སཏཱ་ཡ། །མཚུངས་མེད་རྒྱལ་བ་ཀུན་གྱི་དངོས། །དུས་གསུམ་མཁྱེན་པ་ཀརྨ་པ། །རོལ་པའི་རྡོ་རྗེ་དེ་བཞིན་གཤེགས། །མི་བསྐྱོད་རྒྱལ་བ་དབང་ཕྱུག་མཚན། །ཐུབ་ཆེན་རྒྱལ་བ་རིགས་མཆོག་ལྔ། །ཕུང་པོ་གསུམ་པའི་མདོ་ལས་ནི། །ཇི་སྐད་གསུངས་པའི་སངས་རྒྱས་དང་། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །བཟླསྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་རྣམས། །ཐམས་ཅད་བདག་ལ་བརྩེ་བས་དགོངས། །ཞིང་རྡུལ་ལུས་ཀྱིས་གུས་ཕྱག་འཚལ། །བདག་གི་ལུས་དང་ལོངས་སྤྱོད་ཀུན། །རབ་འབྱམས་མཆོད་པར་དམིགས་ཏེ་འབུལ། །བདག་གིས་ཁས་བླངས་དམ་བཅས་པའི། །རྩ་བ་ཡན་ལག་དམ་ཚིག་ཀུན། །ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགས། །ཕྱིན་ཆད་སྡོམ་པར་དམ་བཅའོ། །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱིས། །ཅི་བསགས་དགེ་ལ་ཡི་རང་ངོ་། །འཇིག་རྟེན་ཀུན་ལ་སྨན་སླད་དུ། །ཟབ་རྒྱས་འཁོར་ལོ་བསྐོར་བར་ལ་བསྐུལ། །འཁོར་བའི་སེམས་ཅན་མ་རྫོགས་པར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བ་འདི་ཡིས་བདག་གཞན་ཀུན། །འོད་དཔག་མེད་མགོན་མཉེས་བྱེད་


CMR050_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་པ་འདི་སྔ་སོར་རང་ལོ་ཉེར་གཉིས་པ་ལ་མཚུར་ཕུར་ལྷ་ཆེན་འཛམ་གླིང་རྒྱན་གྱི་ལོ་རྒྱུས་སྐུ་རྒྱུའི་ཟངས། །པཀྴི་ལ་རྒྱ་ནག་རྒྱལ་པོའི་ཕུལ་བ་སོགས་ས་འོག་ནས་ཀླུ་ལ་བསྐུར་བ་རག་མ་ནས་བུད་པ། སྐུ་ཚད་ཕོ་འདོམ་བརྒྱད་ཅུ་བ་དེ་སྤྲུལ་པའི་བཟོ་བོས་བླུག་པས་སྐུ་སྒུར་པོ་གཅིག་བྱུང་བས། རྗེ་པཀིའི་རླུང་བཟུང་སྟེ་ཡེ་རེ་རེ་བསྲང་བ་དང་། རབ་གནས་དུས་སུ་བྱམས་པ་དངོས་སུ་བྱོན་ནས་མེ་ཏོག་གཏོར་བས་བྱམས་པའི་དབུའི་གཙུག་ཏོར་དང་། ཡ་ཀིའི་རི་དེའི་རྩེ་མཉམ་པར་སྣང་བས་དབུ་རིའམ་གཙུག་ཏོར་རིར་གྲགས་པ་སོགས་ལོ་རྒྱུས་དེ་དག་གིས་དད་པ་དྲག་པོ་ཞིག་སྐྱེས་ནས། ལྷ་ཆེན་དྲུང་དུ་ལུས་ཀྱི་ཤིག་མི་གསོད་པ་དང་གོས་ནང་ནས་ཕྱི་མར་བཞག་པ་ཙམ་ལས་འཆི་བའི་སར་མི་དོར་བ་དང་། མི་བསྐྱོད་ཞབས་ཀྱི་རོལ་པའི་རྡོ་རྗེ་དེ་བཞིན་གཤེགས་པ་སོགས་ཀྱིས་དངུལ་གདུང་རྙིང་མའི་དྲུང་དུ། ངག་གིས་ཕ་རོལ་དེ་ལ་ཕན་པར་འདུག་པའམ་བསྟན་པ་ལ་ཕན་པ་མ་གཏོགས་ཆོས་པ་གཞན་གྱི་སྐྱོན་མི་བརྗོད་པ་དང་། རྗེ་དབང་ཕྱུག་རྡོ་རྗེའི་གསེར་གདུང་དང་། དུས་མཁྱེན་གྱི་སྐུ་ཆོས་དྲུག་ལོ་གསུམ་གསུངས་པས་ཆོས་དྲུག་མར་གྲགས་པ་དང་སྐུ་གདུང་པཀཱིའི་སྐུ་གདུང་སོགས་ཀྱི་དྲུང་དུ་ཇི་ལྟར་གཡེང་བ་ཆེ་ཡང་ཡིད་ཀྱི་སྒོ་ནས་ཞག་རེ་ལ་བླ་མ་སྤྱི་བོར་བསྒོམ་པ་རེ་དང་ཕྱག་ཆེན་ཐུན་རེ་མི་ཆག་པ་སྟེ་དམ་བཅའ་དེ་བཞིན་བྱས་ནས་གལ་ཏེ་ཉམས་ན་ཚེ་འདིར་ནད་སྡུག་བསྔལ་ཐོངས་ཤིག །མ་ཉམས་ནའམ་ཉམས་ཀྱང་རུང་སྟེ་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་དམ་བཅའ་དྲག་པོ་བྱས་པ་ལས་མ་བརྗེད་པར་ཡོད་ཀྱང་བར་


CMR050_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འགའ་རེར་ཉམས་པ་འགའ་རེ་བྱུང་ཡོད་པར་སྣང་བས་འགྱོད་ནས་སྔར་གྱིས་དེ་བཤགས་ཤིང་ཕྱིན་ཆད་སྡོམ་པར་བྱས་ནས་བྲིས་པ་ནི་རང་ལོ་སོ་བཞི་པར་དཔལ་རི་ཁྲོད་དུའོ།། མོ་གུ་རུ་བྷེ། བློ་ལིང་སྐྱུར་གྱིས་གསོལ་བ་འདེབས་ནུས་ན། །རྐྱེན་བར་ཆད་དངོས་སུ་སེལ་བ་དེ། །རྗེ་ཆོས་ཀྱི་དབང་ཕྱུག་མ་ལགས་སམ། །ད་གསོལ་བ་གཅིག་འདེབས་ན་དང་རེ་སྤྲོ། །རང་ཤེས་རབ་དང་བརྩོན་འགྲུས་འཛོམ་པ་ན། །མཁས་གྲུབ་ཀྱི་སྐུ་པར་ཡོད་པ་དེ། །དཔལ་ཉིན་གླིང་གི་འདུས་སྡེ་མ་ལགས་སམ། །བུ་བློ་གསལ་འདྲ་ཡོད་ན་དང་རེ་སྤྲོ། །རང་མཆོད་རྫས་ཀྱི་དངོས་པོ་མི་དམན་ན། །ལྷར་བཅས་ཀྱི་འགྲོ་བའི་མཆོད་པའི་རྟེན། །དཔལ་ཤཱཀྱ་མུ་ནེ་མ་ལགས་སམ། །བུ་དད་པ་ཅན་ཡོད་ན་དང་རེ་སྤྲོ། །རང་གསོལ་འདེབས་ཀྱི་འབྲུག་སྒྲ་མ་ཞན་ན། །བྱིན་རླབས་ཀྱི་ཆར་རྒྱུན་འབྱུང་བ་དེ། །དཔལ་ནཱ་རོའི་དོན་བརྒྱུད་མ་ལགས་སམ། །བུ་མོས་གུས་ཅན་ཡོད་ན་དང་རེ་སྤྲོ། །ལར་ངོ་མཚར་གྱི་བརྒྱུད་པ་གྲངས་མང་ཡང་། །གྲུབ་ཐོབ་ཀྱི་སྐར་ཚོགས་རྒྱས་པ་དེ། །དཔལ་དྭགས་པོའི་བཀའ་བརྒྱུད་མ་ལགས་སམ། །བུ་བརྩོན་འགྲུས་ཅན་ཡོད་ན་དང་རེ་སྤྲོ། །


CMR050_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཟབ་པའི་གདམས་ངག་མཐའ་ཡས་ཀྱང་། །དོན་གཅིག་ཤེས་ཀུན་ལ་མཁས་པ་དེ། །བཀའ་ཕྱག་རྒྱ་ཆེན་པོ་མ་ལགས་སམ། །བུ་བསྒོམ་སྲན་ཅན་ཡོད་ན་དང་རེ་སྤྲོ། །ཡོད་དང་སྒོ་དྲུག་གི་དབྱངས་ཆུང་འདི། །གནས་མཆོག་དཔལ་གྱི་རི་རྩེ་ན། །མཚམས་དམ་པོ་འདག་ཆལ་བྱེད་པའི་དུས། །ཉམས་ལ་ཤར་ནས་བླངས་པ་ཡིན། །ཞེས་པ་འདི་རང་ལོ་བཅུ་དགུ་པ་ལ་དབུས་སུ་སོང་དུས་ལྕགས་ལ་ཨ་རྒན་དེ་རྒྱབ་ཁ་ནས་ཚ་བ་འདྲ་བའི་རིམས་ཐུ་མོ་གཅིག་ན་ནས་མགོ་དང་ཚིགས་བཞི་ན་བ་དང་ཁོལ་བ་དང་སྦྲིད་པ་བྱུང་ཡང་ན་བ་གསང་ནས་སོང་ཙ། ལ་རྒྱབ་ནས་དེ་ཉིན་ར་ཤ་རུལ་བ་གཅིག་བྱིན་བྱུང་བ་ཡང་ཟོས་པས་ཤིན་ཏུ་ཐུ་ནས་ལུས་པོ་འཁོར་ཞིང་འགྲོ་བ་ཆང་གི་བཟི་བ་ཙམ་བྱུང་ཡང་། རྟ་དྲེལ་འདི་རྣམས་ཡབ་སྲས་ལ་འབུལ་རྒྱུ་ཡིན་པས་འདི་འཚོ་བའི་ཕྱིར་དུ་ཤི་བ་ལེགས། ཁ་ཞེ་མེད་པར་བསམས་ནས་ན་བ་གསང་ནས་རྟ་དྲེལ་འཚོར་སོང་ནས་ཀྱང་དེ་ནུབ་རབ་ཏུ་ཐུ་ནས་བྱུང་སྟེ་དེ་ནུབ་འཆི་བ་འདྲ་བསམ་སྟེ་ཡབ་སྲས་དང་ཇོ་བོའི་ཕྱོགས་སུ་མགོ་བསྟན་ཏེ། འཆི་བ་གཅིག་བྱེད་ད་རེས་ཤི་བས་ཆོས་ཕྱིར་ཤི་བས་ལེགས་བསམ་པ་སྙིང་ནས་བསམ་སྟེ། མགོ་ནུབ་ཏུ་བསྟན་ཏེ་ཉལ་བས་སྒར་པའི་སྟབས་ཀྱིས་མགོ་ཐུར་དུ་དོང་དོ་བས། འབུལ་དཔོན་གྱི་མགོ་མཐོ་སར་བཏོན་ནས་ཉལ་མི་ཤེས་པ་འདི་འདྲ་བ་ཟེར་ནས་བརྩོན་ཀྱང་མགོ་བ་ལྟར་བྱས་པས། ཕྱིར་ནངས་ཕལ་ཆེར་བདེ་ནས་སྣང་ཞིང་མྱུར་དུ་ཕན་


CMR050_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ད་ལོ་རང་གི་གྲྭ་འཁོར་རྣམས་ཚད་རིམས་ན་བས་རང་གི་བསྲུང་བ་སྣ་ཚོགས་དང་སྨན་པས་སྨན་སྡུད་ཁ་སྣ་ཚོགས་དང་གཉིད་བསྲུང་བ་དང་། ཟས་སྤྱོད་གཟབ་པ་ཅི་བྱས་ཀྱང་སྲོག་འདོར་ལ་ཁད་འོང་དོ་བས། དེ་དུས་ང་ལ་སྨན་ཐུམ་གཅིག་ནི་མེད་ཡུད་ཙམ་ངལ་བསོ་བ་ནི་མེད། ནད་ལ་འབྱོར་བའི་ཐུག་པ་ཕོར་གང་ནི་མེད། ཟས་ལྷད་ནི་ཟོས་ཀྱང་ཉེས་མེད་དུ་བདེ་བ་དེ་བླ་མ་དཀོན་མཆོག་ལ་བློ་ལིང་སྐྱུར་བྱས་པའི་དོན་ཡིན་པར་སྣང་བློ་ལིང་སྐྱུར་དེ་ལྟ་བུའི་ངང་ནས་གསོལ་བ་བཏབ་ན་བར་ཆད་སེལ་བ་དང་། དངོས་གྲུབ་སྩོལ་བ་ལ་ཐེ་ཚོམ་མེད་པར་སྣང་སྙམ་ནས། སྤྲོ་ཁ་ཅུང་ཟད་སྐྱེས་ནས་རང་ལོ་སོ་བཞི་པར། ༧ ཀརྨ་ཨ་རཱ་གས་སོ།། ༈ །།རྗེ་ཆོས་ཀྱི་དབང་ཕྱུག་ཞབས་ལ་འདུད། །སྤྲང་དག་སྣང་འབྱོངས་བར་བྱིན་གྱིས་རློབས། །རྗེ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། །མཚན་དཔེ་བྱད་ལྡན་པར་བཞུགས་ལགས་ཀྱང་། །ས་བཅུའི་བྱང་སེམས་མ་ལགས་པ། །མི་གཞན་གྱི་མཐོང་དུ་མི་གདའ་ན། །སྟེང་དགའ་ལྡན་ཆོས་ཀྱི་ཕོ་བྲང་ན། །དཔལ་མི་ཕམ་སྲས་བཅས་བཞུགས་ལགས་ཀྱང་། །སློབ་དཔོན་ཐོགས་མེད་མ་ལགས་པ། །མི་གཞན་གྱི་མཐོང་དུ་མི་གདའ་ན། །དཔལ་སློབ་དཔོན་པདྨ་འབྱུང་གནས་དེ། །སྤྲེལ་ཟླའི་ཚེས་བཅུར་བྱོན་ལགས་ཀྱང་། །ལས་ཅན་གྱི་


CMR050_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་མ་ལགས་པ། །མི་གཞན་གྱི་མཐོང་དུ་མི་གདའ་ན། །གྲུབ་ཆེན་མི་ཏྲ་ཛཱ་ཀི་དེ། །ལོ་རེ་ལེན་རེ་འབྱོན་ལགས་ཀྱང་། །རྗེ་ཞྭ་དམར་ན་རིམ་མ་ལགས་པ། །མི་གཞན་གྱི་མཐོང་དུ་མི་གདའ་ན། །སེམས་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །དེ་ཡེ་ནས་རང་ལ་བཞུགས་ཡོད་ཀྱང་། །དོན་གདམས་ངག་ཐེབ་པ་མ་གཏོགས་པ། །མི་གཞན་གྱིས་མཐོང་དུ་མི་གདའ་ན། །འགྲོ་དྲུག་གི་སེམས་ཅན་མ་ལུས་པ། །དྲིན་ཆེན་གྱི་ཕ་མ་ཡིན་ལགས་ཀྱང་། །དེ་བྱང་སེམས་འབྱོངས་བ་མ་ལགས་པ། །མི་གཞན་གྱིས་མཐོང་དུ་མི་གདའ་ན། །ཕྱི་སྣོད་འདི་ཡེ་ནས་གཞལ་ཡས་ཁང་། །ནང་བཅུད་ཀུན་ཡི་དམ་ཡིན་ལགས་ཀྱང་། །དེ་རྣལ་འབྱོར་དབང་ཕྱུག་མ་ལགས་པ། །མི་གཞན་གྱིས་མཐོང་དུ་མི་གདའ་ན། །རྗེ་ཆོས་ཀྱི་དབང་ཕྱུག་གཤེགས་པའི་ཚེ། །ལྟས་ངོ་མཚར་བསམ་གྱིས་མི་ཁྱབ་ཀྱང་། །བུ་དད་ལྡན་སྤྱོད་ལྡན་མ་ལགས་པ། །མི་གཞན་གྱིས་མཐོང་དུ་མི་གདའ་ན། །མི་གདའ་བརྒྱད་ཀྱི་དབྱངས་ཆུང་འདི། །ད་ཉམས་ལ་ཤར་ནས་བླངས་པ་ཡིན། །ཞེས་པ་འདི་རང་ལོ་ཉེར་བཞི་པར་ཁམས་སུ་སླེབས་འགྲོགས་ཤིང་བུ་དཔོན་ཆེན་གོ་བ་འཛིན་པ་གཅིག་དང་མཇལ་ནས། སློབ་


CMR050_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རིན་པོ་ཆེ་ཞིང་བརྗེས་ཚུལ་ཤོད་གསུངས་པས། ལོ་རྒྱུས་རྒྱས་པར་ཞུས་ཤིང་ལྷག་པར་གདུང་མཆོད་ཟླ་བ་བཅུ་གཉིས་པའི་ནང་དུ་ཡིན་པས་ཉི་མའི་མཐོང་ཐིག་ཡིན་ཀྱང་། འཚོགས་པ་ཁྲི་ཚོ་བདུན་ལ་ཉིན་རེ་ལའང་མང་ཇ་བདུན་འབྲས་ཐུག་སོགས་ཐུག་པ་དང་རྩམ་པ་ཟས་སྣ་མང་པོ་མང་འགྱེད་སོགས་འབྱེད་ཅིང་། འཚོགས་སར་བསྐོར་བ་གསུམ་རེ་དང་འཚོགས་ཆེན་གྲོལ་ནས་གྲྭ་ཚང་རང་རེའི་མང་ཇ་རེ་གཏོང་ལོང་ཡོད་པར་བྱུང་ནས་ཉི་མ་གསུམ་འགྱུར་གཉིས་འགྱུར་དུ་རིང་བ་དང་། དུས་ཚོད་དབུ་འདྲིལ་སྒང་ཡིན་ཅིང་མཚུར་ཕུ་བས་ལྷགས་པ་ཆེ་མེད་ཀྱང་། བདག་ལྟ་བུའི་གཟན་རྐྱང་ངམགཟན་སྤུ་ཆད་རེ་ཟུང་ལས་མེད་པ་རྣམས་ལའང་འཁྱགས་པའི་སྣང་བ་མེད་པ་དང་། རྒྱལ་བའི་དབང་པོའི་དགོངས་རྫོགས་འབུལ་བ་རྣམས་ཕྱག་གིས་གནང་བ་དང་། ན་བཟའ་དུམ་བུ་དགེ་འདུན་པ་རྣམས་ལ་ཕྱག་གིས་གནང་བ་དང་། སྤོས་ཀོར་ལན་མང་དུ་མཛད་པ་དང་། བཀའ་ཆོས་གནང་བ་དང་། སྐུ་རྒྱབ་ཏུ་ཚོགས་ཆུ་དངུལ་བེམ་ཤིན་ཏུ་བརྗིད་པ་རེ་བསྣམས་ནས་འཚོགས་ཆུ་ཉིན་རེ་ལའང་ལན་བཅུ་གཉིས་རེ་ཙམ་ལེན་པ་མཛད། དེ་དུས་ཉིན་ཐམས་ཅད་ནམ་མཁའ་འཇའ་སྤྲིན་དཀར་པོའི་ཤས་ཆེ་བ་ལ་མཐའ་མར་ཁ་དོག་སྣ་ལྔའི་རི་མོ་ཅན་ལ། དཔག་བསམ་གྱི་ཤིང་ལོ་དང་བྱ་ཚེ་རིང་། འབྲུག་རྒྱུག་ཀོར་གྱི་གཟུགས་འདྲ་བ་མང་པོ་ནུབ་ཕྱོགས་ནས་འབྱུང་ཞིང་མགྱོགས་པར་ཤར་ཕྱོགས་སུ་འགྲོ་བ་བྱུང་ཞིང་། དེའི་གསེབ་ནས་ལན་གཉིས་ཀྱི་བར་དུ་མེ་ཏོག་གི་གཟུགས་ཤིན་ཏུ་མཛེས་པ་འདབ་མ་བཅུ་དྲུག་ཙམ་པ་


CMR050_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བཟོས་ཀྱང་མི་ཐོན་པ། རྒྱུ་དཀར་པོ་ལ་ལེགས་པར་བལྟས་ན་མཐའ་མ་སྔོན་དམར་དུ་ཡོད་པ་སྐྱ་ཡམ་པ། ཞུ་ན་ནི་ཁ་བ་དང་འདྲ་བ་ཆུར་འགྱུར་བ་སྐུ་རུ་ཡོད་པ་ཙམ་བྱུང་། དེ་དུས་རྒྱལ་བའི་དབང་པོའི་ནམ་མཁའ་རང་ལ་གཟིགས་ཤིང་། ཕྱིས་ནམ་མཁའ་ལ་སློབ་དཔོན་རིན་པོ་ཆེས་ཞལ་གཟིགས་པའི་བཀོད་པ་ཕྱག་བྲིས་མཛད་འདུག་སྐད། དེ་སོགས་ལོ་རྒྱུས་ཞུས་པ་ལ། ཕྱིས་སྒར་ནས་གྲྭ་པ་འགའ་བྱུང་བ་ལ་དེ་རྣམས་བཤད་རྒྱུ་མི་འདུག་གསུངས་ནས། བདག་གིས་བཤད་པ་དེ་ཀུན་རྫུན་དུ་རེད་འདུག་ཟེར་བ་ཐོས་ནས། ཀྱེ་མ་དེ་ལྟར་སེམས་ཅན་གྱི་མངོན་སུམ་དུ་མཐོང་བ་དེ་བཤད་རྒྱུ་མེད་པ་དད་པ་ཆུང་བ་ཡན་ལྟར་མི་བཤད་པའམ། དག་སྣང་ཆུང་བས་མ་མཐོང་བའམ། རྟོག་དཔྱོད་ཆུང་བས་མ་ཤེས་སམ། ཅི་ཡིན་ན་ཡང་ཡང་སེམས་ནས་རང་ལོ་སོ་བཞི་པར་ཚིགས་བཅད་འདི་སྨྲས་པའོ།། །།ན་མོ་མ་ཧཱ་མུ་དྲ་ཡེ། མི་ལ་ལས་ལྟ་བ་ལྟ་བ་ཟེར། །ད་བལྟས་པས་མཐོང་བ་ངས་མ་རྟོགས། །ཁྱེད་ལྟ་བ་ཟེར་བ་གང་ལ་ཟེར། །མི་ལ་ལས་བསྒོམ་པ་བསྒོམ་པ་ཟེར། །ད་འདི་བསྒོམ་གྱི་མཚན་མ་མ་རྙེད་པས། །ཁྱེད་བསྒོམ་པ་ཟེར་བ་གང་ལ་ཟེར། །མི་ལ་ལས་སྤྱོད་པ་སྤྱོད་པ་ཟེར། །སྤང་བླང་གི་འཛིན་པ་མ་མཐོང་བས། །ཁྱེད་སྤྱོད་པ་བྱ་བ་གང་ལ་ཟེར། །མི་ལ་ལས་འབྲས་བུ་འབྲས་བུ་ཟེར། །ད་ཐོབ་བྱ་ཐོབ་བྱེད་མེད་


CMR050_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པས། །ཁྱེད་འབྲས་བུ་བྱ་བ་གང་ལ་ཟེར། །ད་ལྟ་བ་དང་བསྒོམ་སྤྱོད་འབྲས་བུའི་གླུ། །མཚམས་དམ་པོ་འདག་ཆལ་བྱེད་པའི་དུས། །ཉམས་ལ་ཤར་ནས་བླངས་བ་ཡིན། །ཅེས་བྱུང་རྒྱལ་དུ་སྨྲས་པའོ།། ༈ །།ན་མོ་ཨི་ཤྭ་ར་དྷརྨ་ཡ། ཕ་ཆོས་ཀྱི་དབང་ཕྱུག་ཞབས་ལ་འདུད། །སྤྲང་འཆི་བ་དྲན་པར་བྱིན་གྱིས་རློབས། །སྤྱིར་མི་རྟག་གི་སློབ་དཔོན་བསམ་ཡས་ཀྱང་། །དགོས་ད་ལོ་དངོས་སུ་སྟོན་མཁན་མང་། །བན་ཆགས་མེད་ཀྱི་མིང་ཅན་ཆགས་སྲེད་ཅན། །ཁྱོད་སྙིང་རྗེ་རང་གིས་རང་ལ་ལྟོས། །ཕུ་ཤི་མདའ་ཤི་ཟེར་ཙམ་ན། །མི་ཁྱོད་ལ་མི་འཆིའི་གདེང་ཡོད་དམ། །གྲྭ་རྒྱ་དང་ལྡོམ་རྒྱ་གྲོང་ཆོག་རྒྱ། །རྒྱ་མང་པོའི་ས་རྒྱ་བྲིས་ལགས་ཀྱང་། །དགྲ་འཆི་བདག་གི་ཐོག་བརྫིས་འདི་ལ་ལྟོས། །རང་སྤྲོས་པ་བསྐྱངས་ན་མི་ལེགས་སམ། །ལྷ་འབྲི་དང་རྟེན་བཞེངས་སྒོམ་སྒྲུབ་སོགས། །ཆོས་བྱེད་བསམ་གྱི་འདུན་མ་མི་ཆུང་ཡང་། །སྒྱུ་བདུད་གཤིན་རྗེའི་བར་ཆད་བརྩམས་ལ་ལྟོས། །ཆོས་འཕྲལ་འཕྲལ་དུ་བསྒྲུབས་ན་མི་ལེགས་སམ། །སྡུག་སེར་སྣས་དཀོར་རྫ་ས་བསོགས་བསོགས་ནས། །འགྱེད་མང་ཇ་དང་


CMR050_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་འབུལ་བསམ་ལགས་ཀྱང་། །རྐྱེན་དགྲ་འདྲེའི་གློ་རྒྱག་བྱེད་ལ་ལྟོས། །སེམས་འཛིན་པ་བཏང་ན་མི་ལེགས་སམ། །འདུས་བྱས་ཀྱི་དགེ་བ་རླབས་པོ་ཆེ། །རྣར་སྙན་གྱི་གྲགས་པ་ཆེ་ལགས་ཀྱང་། །དེ་བསྒྲུབ་པར་དཀའ་ལ་བར་ཆད་མང་། །རང་དགེ་སྦྱོར་བྱས་ན་མི་ལེགས་སམ། །ཞེས་བླ་མ་ཆེན་པོ་མཁས་བཙུན་བཟང་གསུམ་འཛོམ་ཞིང་གྲུབ་པ་ཐོབ་པ་ཞིག་ལ་བདག་གིས་ཆོས་འབྲེལ་འདོད་ཆོས་ཤིག་ཞུ་འདོད་ཞུས་པས། ཁྱོད་ལ་རྟ་བཟང་པོ་ཅི་འདྲ་ཡོད་གསུངས་མེད་རབ་ཞུས། རྟེན་ལི་མ་འདྲ་ཨི་ཡོད་གསུངས་ནས་ཕྱག་རྟེན་ལ་རེ་བ་ཆེན་པོ་མཛད་པར་སྣང་། ཁོང་ལ་སྲེད་ཞེན་གར་མངའ་ཡབ་སྲས་ལ་བརྒྱ་འབུལ་དགོངས་ཤིང་། ཕྱིས་གཙུག་ལག་ཁང་ཞིག་གསོ་དང་སྒྲུབ་པ་མཛད་པའི་བསམ་གཏན་ཁོ་པ་སོགས་བཞེངས་པར་བྱོན་པ་གློ་བུར་དུ་ལམ་ཁར་འདས། གཞན་རི་ཁྲོད་པ་སྒྲུབ་ཚུགས་ལྡན་པ་ཞིག་བརྒྱ་འབུལ་ལ་དམིགས་ནས་རང་གི་གསོལ་བ་སྲབ། ཆས་ཀ་ཟད་དོགས་ནས་ཆུ་ཤིང་ཡང་རང་གི་བསྒྲུབ་པ་སོགས་དཀའ་ལས་ཆེན་པོ་ཚེ་གང་ལ་ཟས་ནོར་རླབས་ཆེན་བསགས་ཀྱང་ཐོག་ཏུ་ལ་ལ་སོང་བས་གློ་བུར་དུ་འདས་ཆས་ཀ་རྣམས་ཀྱང་ཅི་འགྱུར་ཆ་མེད་པ་ཞིག་བྱུང་སོང་བས་སྐྱོ་བ་སྐྱེས་ནས་རང་གི་རང་ལ་གྲོས་འདེབས་སུ་སྨྲས་པའོ།། ༈ །།ན་མོ་རཏྣ་གུ་རུ་ཡེ། མོས་གུས་མོས་གུས་ཟེར་བ་དེ། །རྗེ་སངས་རྒྱས་སུ་མཐོང་བ་ཡིན་པར་སྣང་། །


CMR050_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དཀའ་བཀྱོན་ཟུར་ཙམ་མི་ཁྱག་པའི། །འཕྲལ་ལྟོ་ཟན་མང་པོ་ཅི་དགྱེས་མཛོད། །དད་པ་དད་པ་ཟེར་བ་དེ། །རྗེ་ཡོན་ཏན་གྱི་གཏེར་དུ་མཐོང་ན་ཡིན། །འཕྲལ་སྐུ་སྤྱོད་ཅུང་རེས་མི་ནུས་པའི། །འཕྲལ་དཔོན་ཕྱག་དང་ཞུང་ཞུང་ཅི་དགྱེས་མཛོད། །དག་སྣང་དག་སྣང་ཟེར་བ་དེ། །རྒྱལ་བསྟན་འདི་རེག་འཚིངས་སུ་མཐོང་ན་ཡིན། །ཆོས་སུ་བྱེད་མི་ལ་སྐྱོན་རེ་ཚོལ། །འཕྲལ་ཁ་དད་ཀྱི་མཛེས་མཛེས་ཅི་དགྱེས་མཛོད། །ཆོས་འདུལ་བ་འདུལ་བ་ཟེར་བ་དེ། །མི་གཞན་ལ་གནོད་པ་སྤངས་ནས་ཡིན། །དགྲ་ཇག་རྐུན་ཐོས་ན་གློ་གྲིབ་བདར། །འཕྲལ་ཆབ་ལེན་དང་ལྷམ་ཕུད་ཅི་དགྱེས་མཛོད། །བྱང་སེམས་བྱང་སེམས་ཟེར་བདི། །ཅི་བྱེད་གཞན་དོན་དུ་བསྔོས་ན་ཡིན། །ཚོང་བྲེ་ཁ་དམའ་ན་བྲང་ལག་འཐབ། །རྙེད་ཚོལ་གྱི་འགྲོ་དོན་ཅི་དགྱེས་མཛོད། །གསང་སྔགས་གསང་སྔགས་ཟེར་བ་དེ། །བསྐྱེད་རྫོགས་ལ་ནན་ཏན་བྱེད་ན་ཡིན། །འཕྲལ་བསྙེན་སྒྲུབ་ཀྱི་རྟགས་ཙམ་མི་ཐོན་པའི། །ཟ་འདོད་ཀྱི་ཚོགས་འཁོར་ཅི་དགྱེས་མཛོད། །ལྟ་བ་ལྟ་བ་ཟེར་བ་དེ། །བལྟ་བྱ་དང་ལྟ་བྱེད་བྲལ་ན་ཡིན། །རང་སེམས་ཀྱི་གནས་ཚུལ་མ་


CMR050_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའི། །ཁ་ལྟའི་སྟོང་སྐད་ཅི་དགྱེས་མཛོད། །བསྒོམ་པ་བསྒོམ་པ་ཟེར་བ་དེ། །བྱིང་རྒོད་ཀྱི་སྐྱོན་དང་བྲལ་ན་ཡིན། །སྟན་ཉལ་མལ་ཟླ་གཅིག་མི་ནོན་པའི། །མིག་ཟིམ་ཟིམ་ཀུན་ཐུགས་ལ་ཅི་དགྱེས་མཛོད། །སྤྱོད་པ་སྤྱོད་པ་ཟེར་བ་དེ། །གནང་བཀག་གི་སོ་མཚམས་ཤེས་ན་ནི། །རྩ་བཞི་སྐྱོན་མེད་མི་བསྲུང་བའི། །གོས་ཟླུམ་ཁྱེར་གྱི་འཇོལ་འཇོལ་ཅི་དགྱེས་མཛོད། །གཅོད་ཡུལ་གཅོད་ཡུལ་ཟེར་བ་དེ། །རྣམ་རྟོག་གི་འཛིན་པ་ཆོད་ན་ཡིན། །འཕྲལ་གཉན་ས་རུ་ཞག་གསུམ་མི་ཁྱག་པའི། །ཟོ་ཁྱེར་གྱིས་ཕཊསྒྲ་ཅི་དགྱེས་མཛོད། །ཅི་དགྱེས་བཅུ་ཡི་དབྱངས་ཆུང་འདི། །མི་གཞན་ལ་སྨྲས་པ་མ་ལགས་ཏེ། །རང་ཉམས་ལ་ཤར་ནས་རང་ལ་སྨྲས། །སྐྱོན་ངོས་ལེན་མཁན་ཀུན་ཅི་དགྱེས་མཛོད། །ཅེས་བྱུང་རྒྱལ་ཉམས་ལ་ཤར་ནས་རི་ཁྲོད་དུ་སྨྲས་པ་ལགས་སོ།། །།ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། ཕ་ཀུན་མཁྱེན་རྒྱལ་བ་ཆོས་ཀྱི་དབང་། །ཕ་ཁྱེད་ཀྱིས་ཐུགས་རྗེའི་བྱིན་རླབས་ཀྱིས། །སྤྲང་གཟུགས་བརྙན་གྱི་ཆོས་ཀྱིས་མི་བསླུ་བར། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །དབང་མ་ཐོབ་པར་རྫུན་དབང་བསྐུར་དང་


CMR050_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དབང་མ་བསྒྲུབ་པར་མགྱོགས་དབང་བསྐུར་དང་གཉིས། །ལུང་མ་ཐོབ་པར་རྫུན་ལུང་བྱེད་དང་གསུམ། །འདི་གསུམ་ཡང་བྲིས་པའི་ཆུ་དང་འདྲ། །བུ་ཆོས་འདོད་ཀྱི་སྐོམ་པ་མི་སེལ་དོ། །ཞལ་ཐོན་ཉི་ཆོད་ཀྱི་ཁྲིད་དང་གཅིག །གཟའ་འཐབ་རྣ་གཡོལ་གྱིས་ཆོས་ཞུ་གཉིས། །མ་གོ་དང་གོ་བརྫུའི་ཟིམ་ཟིམ་གསུམ། །འདི་གསུམ་ཡང་བྲིས་པའི་མར་མེ་འདྲ། །སེམས་མ་རིག་གི་མུན་པ་མི་སེལ་དོ། །གསུང་ཡི་གེ་མི་ཤེས་ཀྱིས་མདོས་ཟློག་གཅིག །ཀློག་མགྱོགས་ཐལ་གྱི་པོད་ཚད་མཉམ་དང་གཉིས་། །སྒྱུ་མ་ཤོར་རྣམ་གསུམ་གྱི་རིམ་གྲོ་གསུམ། །འདི་གསུམ་ཡང་བྲིས་པའི་དམག་དཔོན་འདྲ། །རྐྱེན་བར་ཆད་ཀྱི་གཡུལ་ངོ་མི་བཟློག་གོ །མཚན་ཉིད་མི་ལྡན་བླ་མ་གཅིག །དད་པ་མེད་པའི་སློབ་མ་གཉིས། །བརྒྱུད་རིམ་མེད་པའི་ཆོས་དང་གསུམ། །འདི་གསུམ་ཡང་བྱིས་པའི་ནོར་བུ་འདྲ། །དོན་དགོས་འདོད་འབྲས་བུ་མི་འབྱུང་ངོ་། །རྒྱུད་ངེས་འབྱུང་མ་སྐྱེས་ཀྱི་སྡོམ་པ་གཅིག །གཞུང་མདོ་རྒྱུད་མ་མཐོང་གི་བྱང་སེམས་གཉིས། །དོན་གནས་གསང་མ་གོའི་དམ་ཚིག་གསུམ། །འདི་གསུམ་ཡང་བྲིས་པའི་སྤོས་


CMR050_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ། །དོན་ཚུལ་ཁྲིམས་ཀྱི་དྲི་ངད་མི་འབྱུང་ངོ་། །ནོར་འདོད་ཆོས་བཙོང་གི་འགྲོ་དོན་གཅིག །ནོར་ཅི་འབུལ་བསྒོམ་པའི་འཕོ་འདེབས་གཉིས། །གསོན་མི་ཁ་ཆོད་ཀྱི་འབུལ་ནོར་གསུམ། །འདི་གསུམ་ཡང་བྲིས་པའི་སྐྱེལ་མ་འདྲ། །གཤིན་བར་དོའི་འཇིགས་སྐྲག་མི་སྐྱོབ་བོ། །ཆོས་ཁ་བཤད་ལ་མི་ཚེ་བསྐྱལ་དང་གཅིག །ཆོས་མི་ཤེས་ཀྱང་བླུན་བསྒོམ་གྱི་ཨུ་ཚུགས་གཉིས། །ནོར་བསོགས་ནས་དཀའ་ཐུབ་བྱེད་དང་གསུམ། །འདི་གསུམ་ཡང་བྲིས་པའི་སྨྱུ་གུ་འདྲ། །དོན་སྐུ་གསུམ་གྱི་འབྲས་བུ་མི་སྨིན་དོ། །ཚིགས་ལྔ་ཚན་བསྒྲིགས་པའི་དབྱངས་ཆུང་འདི། །མི་གཞན་ལ་ཟུར་ཟ་བྱས་པ་མིན། །རང་ཉམས་ལ་ཤར་ནས་རང་ལ་སྨྲས། །གནས་ཆུ་ཤིང་འཛོམ་པའི་རི་ཁྲོད་ན། །མཚམས་སྒོ་བཅད་བྱེད་པའི་ཁོང་དུ་བྲིས། །ཞེས་བྷུ་སུ་ཀུ་པ་༧ ཀརྨ་ཨ་རཱ་གས་ཐུན་མཚམས་གཅིག་ལ་ཉམས་ལ་ཤར་ནས་སུག་ལས་སུ་བྲིས་པའོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྗེ་བཙུན་བླ་མ་ཀརྨ་རཱ་ག་ཨ་སྱས་དགུང་ལོ་ཉེར་བཞི་ནས་བཟུང་སྟེ་ཉམས་ཀྱི་མགུར་ངག་ཏུ་སྨྲས་ཞིང་ཚིགས་སུ་བཅད་པ་གླུར་བླངས་བའི་སྐོར་འགའ་ཞིགnext