Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  expand section
   
   
   
   
ན་བ་ལམ་ཁྱེར་གྱི་སྨོན་ལམ་སྨྲེ་སྔགས་གཅིག་ལབ་མ་ཞེས་བྱ་བ་ལ་སོགས་པ་སྨོན་ལམ་གྱི་སྐོར་འགའ་ཟུང་།
   
   
   
   
   
   


 
previousན་བ་ལམ་ཁྱེར་གྱི་སྨོན་ལམ་སྨྲེ་སྔགས་གཅིག་ལབ་མ་ཞེས་བྱ་བ་ལ་སོགས་པ་སྨོན་ལམ་གྱི་སྐོར་འགའ་ཟུང་།next

ན་བ་ལམ་ཁྱེར་གྱི་སྨོན་ལམ་སྨྲེ་སྔགས་གཅིག་ལབ་མ་ཞེས་བྱ་བ་ལ་སོགས་པ་སྨོན་ལམ་གྱི་སྐོར་འགའ་ཟུང་།


CMR050_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ན་བ་ལམ་ཁྱེར་གྱི་སྨོན་ལམ་སྨྲེ་སྔགས་གཅིག་ལབ་མ་ཞེས་བྱ་བ་ལ་སོགས་པ་སྨོན་ལམ་གྱི་སྐོར་འགའ་ཟུང་བཞུགས་པའི་དབུའོ།།


CMR050_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ལོ་ཀེ་ཤྭ་ར་ཡེ། འབྱུང་བཞི་འདུས་པའི་སྒྱུ་ལུས་ལ། །ནད་ངན་འབྲུམ་པས་ཁམས་མ་བདེ། །ལུས་ན་དང་ཚ་དང་འདར་དང་བསྔངས། །རྐང་སིལ་བུར་ཁོལ་ཞིང་གྲངས་ཤ་ཟ། །ཡར་ལང་ན་མགོ་བོ་འཁོར་ཤིང་འགྱེལ། །མལ་ཉལ་ན་མལ་གྱི་འོག་ནས་གཡེངས། །དུས་དེ་ཚེ་འོག་འགྱུའི་བསམ་པ་ལ། །ནད་ཟུག་གཟེར་ཆེ་ཡང་འཆི་དོགས་མེད། །གོས་དྲོ་ལ་འཇམ་པ་སྟེང་ནས་བཀབ། །གདན་འབོལ་ལ་འཐུག་པ་འོག་ན་བཏིང་། །ཟས་ཡི་གར་ཅི་འོང་ཟུར་ནས་བསྐོར། །སྨན་པ་དང་བསྲུང་བ་ཐམས་ཅད་འཛོམ། །འོན་ཀྱང་མི་བཟོད་སྡུག་བསྔལ་


CMR050_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ན། །སྡུག་བསྔལ་མང་པོས་གཟིར་བ་ཡི། །སེམས་ཅན་འདི་རྣམས་སྙིང་རེ་རྗེ། །མངོན་མཐོ་ཀུན་བདེ་བར་རློམ་མོད་ཀྱང་། །མི་སྐྱེ་བའི་སྡུག་བསྔལ་བསམ་ཙམ་ན། །མི་གཙང་ཁྲོན་པའི་དོང་ནང་དུ། །མི་ནད་མེད་གཅེར་བུར་བཅུག་བྱས་ནས། །ཁ་རྡོ་བས་འདན་པས་དཔེར་མི་བཟོད། །མུན་ནག་ལ་དྲི་ང་དོག་ཅིག་གཅུམ། །བུ་ག་ཚོ་མཚོན་གྱིས་ཕུག་སྙམ་བྱེད། །ལས་རླུང་གི་མགོ་བོ་ཐུར་དུ་བསྒྱུར། །ཟུར་མའི་བར་ནས་འཐེན་ལྟར་འཐེན། །སྐྱེ་བའི་འཁྲུལ་འཁོར་ཅན་ཚོ་སྙིང་རེ་རྗེ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་


CMR050_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་ཀུན་སྐྱེ་མེད་ཤོག །རྒན་པའི་སྡུག་བསྔལ་བསམ་ན་ཡི་རེ་མུག །ལུས་ཀྱི་སྟོབས་དང་ཁ་དོག་ལང་ཚོ་ཉམས། །དཔེར་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན། །སྨྲས་པས་མི་ཉན་བཅོས་པས་ཉན་མཁན་མེད། །དཔེར་ན་རྒྱལ་པོ་དམང་དུ་བབས་པ་འདྲ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་རྒས་མེད་ཤོག །ན་བའི་སྡུག་བསྔལ་བསམ་ན་སྐྱི་རེ་ཚ། །ངར་ངར་སྒྲ་འབྱིན་མལ་གྱི་མཐའ་མར་ཉལ། །བཅུད་ལྡན་ཟས་སྐྱུག་བཅུད་མེད་ཆུ་ལ་འབོད། །ཟད་དོགས་འཆི་དོགས་སྨན་པ་མི་དགའ་དོགས། །སྲུང་བ་ཆེས་ན་སྡུག་ཅིག་ཆུང་ནའང་སྡུག །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གི་དགེ་བས་དེ་ཀུན་ནད་མེད་ཤོག །འཆི་བའི་སྡུག་བསྔལ་བསམ་ན་ཞེ་རེ་འཇིགས། །སྨན་པས་འཆི་བའི་ལུང་སྟོན་འབྲོས་ཤིང་ཡིབ། །མོ་མས་བུ་གདོན་གཡེ་གདོན་འཆི་ལུང་སྟོན། །བསྲུང་བ་སྨན་དང་རིམ་གྲོའི་ཕྱིར་ཕྱིར་ཐུ། །འཆི་བར་ཤེས་ཀྱང་ཐབས་རྡུགས་ཁ་ཆེམ་འཇོགས། །དམ་ཆོས་དགོས་པར་ཤེས་ཀྱང་འཕྱིས་པས་ལེན། །འབྱུང་བའི་སྟོབས་ཐིམ་བར་དོའི་སྣང་བ་འཆར། །སྒྲ་འོད་ཟེར་གསུམ་


CMR050_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དགྲ་རུ་ལང་། །མིག་བསྒྲད་བཞིན་བསྡུས་མཆེ་བས་མ་མཆུ་མནན། །གཤིན་རྗེའི་སྐྱེས་བུས་རང་དབང་མེད་པར་ཁྲིད། །དགེ་ལ་ཆུ་བས་སྐོམ་ཡང་གསེར་བས་དཀོན། །སྡིག་ལ་ཕྱོགས་བཅུར་བྲོས་ཀྱང་གྲིབ་ལྟར་འཁོར། །ཡིན་མིན་རྫུན་དང་གཡོ་སྒྱུ་དེར་མི་ཚུད། །རྡེལ་བུ་མེ་ལོང་ཡིག་ཆུང་འཛིན་བྱེད་ཅིང་། །སྡིག་ཆེན་ཁྲིམས་ལ་གཏུགས་ཚོ་སྙིང་རེ་རྗེ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གི་དགེ་བས་དེ་དག་འཆི་མེད་ཤོག །མེད་པས་བཙལ་ཡང་མི་རྙེད་ཡི་དྭགས་བཞིན། །ཡོད་པས་འཚོ་སྐྱོང་མི་ཐུབ་སྟོན་ཤ་བཞིན། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བདེ་གནས་ཤོག །འགའ་ཞིག་འཁོར་བས་འཇིགས་ཏེ་ལམ་བཙལ་ཡང་། །གྱེན་དུ་འཛེགས་འདོད་ཐུར་དུ་དོང་འབྲུད་ཅིང་། །དཀར་བར་འདོད་ནས་གྲགས་སྣུམ་སྐུད་པ་ལྟར། །ཕྱི་རོལ་བོན་དང་མུ་སྟེགས་ལམ་ཞུགས་པ། །ངལ་བ་དོན་མེད་ལམ་སོགས་སྙིང་རེ་རྗེ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གི་དགེ་བས་དེ་དག་སྐྱོན་མེད་ལམ། །བྱང་ཆུབ་དམ་པའི་ལམ་དེར་འཇུག་པར་ཤོག །


CMR050_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་དབང་གི་ལྷ་ལ་རྟག་སྟོང་ཞིང་། །ལོ་རེའང་དུས་གཉིས་འཁྲུག་པ་ཕུལ་བྱུང་རྩོད། །རྨས་པའི་མུན་པའི་ནང་དུ་སྒྱུར་ཞིང་དང་། །མཚོན་ཆའི་འཁོར་ལོའི་ཡན་ལག་ཉིང་ལག་གཅོད། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བྱམས་ལྡན་ཤོག །འདོད་ལྷ་རིགས་དྲུག་གཟུགས་ཁམས་བཅུ་བདུན་རྣམས། །ཡུན་རིང་བར་དུ་བདེ་བ་སྤྱོད་གྱུར་ཅིག །དཔག་བསམ་ཤིང་ལ་མི་སྡུག་སྒྲ་ངན་གྲག །དར་ཟབ་གོས་ཧྲུལ་མེ་ཏོག་ཕྲེང་བ་རྙིང་། །མཆན་ཁུང་གཉིས་ནས་རྔུལ་འབྱུང་དྲི་མ་ང་། །ལྷ་དང་ལྷ་མོ་ཀུན་གྱིས་རིང་དུ་དོར། །མི་ལོ་དཔག་མེད་བར་དུ་སྡུག་བསྔལ་མྱོང་། །ཕྱི་མ་ངན་སོང་སྐྱེ་བ་མངོན་སུམ་མཐོང་། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བདེར་གནས་ཤོག །སྐྱེ་མཆེད་མུ་བཞིའི་ལྷ་རྣམས་གཟུགས་མེད་ཅིང་། །བསྐལ་པ་བརྒྱར་ཡང་དམ་ཆོས་སྤྱོད་སྐལ་ཆད། །བསྐལ་མེད་ལས་ངན་དེ་དག་སྙིང་རེ་རྗེ། །དེ་ཀུན་ལས་འབྲས་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་ཆོས་སྤྱོད་ཤོག །ལག་པ་བརྐྱང་བསྐུམ་མི་མཐོང་མུན་གླིང་དུ། །མི་ཤེས་བླུན་


CMR050_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་ཤ་རང་གིས་ཟ། །ཆེ་བ་རྣམས་ནི་ཆུང་བས་ཕུག་ཅིང་ཟ། །ཆུང་བ་འགའ་ཞིག་ཆེ་བས་ཁྱུར་མིད་བྱེད། །ཀླུ་རྣམས་ཕྲག་དོག་སེར་སྣས་གཞན་ལ་འཚེ། །ཁྱུང་དང་བྱེ་ཚན་ནད་ཀྱི་འཇིགས་པས་གདུང་། །འགའ་ཞིག་ཤ་ལྤགས་རྩི་ཡི་ཆད་དུ་འཆི། །འགའ་ཞིག་མི་ཐོགས་ཁལ་འགེལ་ལྕགས་ཀྱིས་བསྣུན། །ཡུན་རིང་སྤུ་དང་འོ་མས་བསྐྱངས་བྱས་ཀྱང་། །ཅུང་ཟད་རྒས་སམ་སྐམ་ན་སྲོག་དང་ཕྲལ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བདེ་གནས་ཤོག །བལྟས་པ་ཙམ་གྱི་ཆུ་རྒྱལ་གང་གའང་སྐམ། །འགའ་ཞིག་ཟས་ལ་རྣག་ཁྲག་དུག་ཏུ་མཐོང་། །ཟས་ཀྱི་དྲི་ཚོར་དཔག་ཚད་བརྒྱར་ཡང་རྒྱུག །ཟས་མ་རྙེད་པས་ངལ་དུབ་ཆད་ཅིང་འགྱེལ། །འགའ་ཞིག་ཁབ་ཀྱི་མིག་ལྟར་ཁ་དོག་ཅིང་། །ཡུལ་གྲུ་ཙམ་གྱི་ལྟོ་བ་བཀྲེས་པས་ཉན། །ཤིན་ཏུ་ཕྲ་བའི་མགྲིན་པ་ཡན་ལག་ཅན། །འགའ་ཞིག་ཟས་སྐོམ་ཟོས་པས་གྱི་རབ་ཏུ་འབར། །ནང་ཁྲོལ་དོན་སྙིང་ཚིག་ཀྱང་འཆི་མི་ནུས། །ཟླ་བ་ཉིན་ཞག་མཉམ་པའི་ལྔ་བརྒྱ་ཡི། །སྡུག་བསྔལ་མྱོང་བ་དེ་དག་སྙིང་རེ་རྗེ། །དེ་ཀུན་སྡུག་བསྔལ་བདག་ལ་


CMR050_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་འབྱོར་ལྡན་ཤོག །འདི་ན་མི་གཅིག་མདུང་ཐུང་སུམ་བརྒྱ་ཡི། །རབ་བསྣུན་སྡུག་བསྔལ་དཔེར་ན་ཡང་མི་བཟོད་ཅིང་། །གཅིག་ལྷགིས་གཅིག་ལ་མཚོན་ཆ་དུ་མས་འདེབས། །འགའ་ཞིག་ལུས་ལ་ནག་པོའི་ཐིག་བཏབ་ཅིང་། །ལྕགས་སྲེག་སོག་ལེས་དུམ་བུར་ལུས་ཀུན་གྲ། །འགའ་ཞིག་ལྕགས་སྲེག་རི་བོའི་བར་དུ་བཅིར། །འགའ་ཞིག་ལྕགས་སྲེག་གསལ་ཤིང་རྩེ་གསུམ་པར། །རྐང་མཐིལ་གཉིས་དང་བཤང་བའི་ལམ་ནས་ཕུག །ཕྲག་པ་གཉིས་དང་སྤྱི་བོའི་གཙུག་ཏུ་འབིག །འགའ་ཞིག་མེ་ཡི་ར་བས་ཡོངས་སུ་བསྐོར། །ཤིན་ཏུ་མི་བཟད་སྨྲེ་སྔགས་ཆོ་ངེ་འདེབས། །འགའ་ཞིག་ཁྲོ་ཆུ་ཁོལ་མ་ཁར་བླུགས་ནས། །ནང་གྲོལ་ཀུན་ཚིག་བུ་གར་མེ་འབར་ཀྱང་། །འཆི་བར་མི་ནུས་དཔག་མེད་སྡུག་བསྔལ་མྱོང་། །འགའ་ཞིག་ལྕགས་ལས་གྲུབ་པའི་ཟངས་ཆེན་དུ། །ཚོད་མ་བཞིན་དུ་བར་སྐལ་གཅིག་ཏུ་བཙོ། །རལ་གྲིའི་ནགས་ཀྱིས་མགོ་དང་ཡན་ལག་གཅོད། །སྤུ་གྲིའི་ལམ་གྱིས་རྐང་པ་རྗེ་ངར་གཏུབ། །མེ་མ་མུར་དུ་ལུས་སྨད་བྱིངས་ཤིང་ནུབ། །ཤལ་མ་རི་ལ་འཛེག་འབབ་ལུས་ཀུན་དྲལ། །ལྕགས་


CMR050_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་བྱ་ཁྱིས་ཀླད་པ་རྒྱུ་མ་འདྲེན། །འགའ་ཞིག་འཁྱགས་པའི་སྦུབས་སུ་རབ་འཁྱགས་ནས། །ལུས་ལ་ཆུ་བུར་ཁེང་དང་ཆུ་བུར་རྡོལ། །ཨ་ཤུ་ཀྱེ་ཧུད་སྒྲ་སྒྲོགས་སོ་ཡང་འཐམ། །ལུས་རྣམས་བརྒྱད་དང་བཅུ་དྲུག་གྲངས་མེད་བར། །རབ་ཏུ་གས་ཤིང་རྣག་ཁྲག་ཆུ་སེར་འཛག །གྲངས་མེད་བསྐལ་པའི་བར་དུ་སྡུག་བསྔལ་བའི། །བསམ་ཞིང་སྙིང་རྗེ་དམྱལ་བའི་སེམས་ཅན་པ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བདེར་གནས་ཤོག །འགྲོ་བའི་སྡུག་བསྔལ་རྒྱུ་འབྲས་དཔག་མེད་པ། །གྲངས་མེད་བསྐལ་པར་བདག་གིས་མྱོང་གྱུར་ཀྱང་། །སྐྱོ་དང་འགྱོད་ལ་སྐད་ཅིག་མི་སྐྱེ་ཤིང་། །བྱང་ཆུབ་སེམས་ཀྱི་གོ་ཆ་བརྟན་པར་ཤོག །བདག་དང་འགྲོ་བའི་དུས་གསུམ་དགེ་ཚོགས་དང་། །རྒྱལ་དངརྒྱལ་སྲས་ཉན་ཐོས་རང་རྒྱལ་གྱི། །ཚོགས་གཉིས་བསགས་དང་ཐུགས་བསྐྱེད་རྣམ་དག་སོགས། །མ་ལུས་གཅིག་ཏུ་བསྡོམ་པའི་མཐུ་སྟོབས་ཀྱིས། །འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །སྐྱོན་རྣམས་ཀུན་ཟད་ཡོན་ཏན་ཀུན་རྫོགས་པའི། །ཡང་དག་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །དེ་མ་


CMR050_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཀྱི་སྐྱེ་བ་ཀུན་ཏུ་ཡང་། །བདེ་བ་ཅན་དེར་རིགས་ཀྱི་བདག་པོ་ཡི། །གསུང་གི་བདུད་རྩི་ངོམས་མེད་འཐུང་གྱུར་ཅིག །བདག་ཀྱང་འདི་ནས་བླ་མེད་བྱང་ཆུབ་བར། བཀྲེས་ལ་ཟས་དང་དབུལ་ཕོངས་རྣམས་ལ་ནོར། །ནད་ལ་སྨན་དང་འཇིགས་པ་རྣམས་ཀྱི་སྐྱབས། །མདོར་ན་སྤྱན་རས་གཟིགས་དབང་བླ་མ་རྗེའི། །ཕྲིན་ལས་སྒྲུབ་པའི་གཡོག་པོར་བདག་གྱུར་ཅིག །ཅེས་པ་འདི་བདག ༧ ཨ་རཱག་ཐོར་པ་ན་བ་ཤིན་ཏུ་ཐུ་བ་བྱུང་ཞིང་ལུས་ཐམས་ཅད་ཐོར་བ་ཁེངས་པར་ཞག་གསུམ་ཙམ་ལ་ལུས་ཐམས་ཅད་མེ་འདག་གིས་བྲབ་པ་ལྟ་བུའི་ཟུག་མི་བཟོད་པར་བྱུང་དུས། དེས་ངོ་བོའི་སྟེང་དུ་བཞག་ཀྱང་དཀའ་བ་འདྲ་ཞིག་བྱུང་ནས། གཏོང་ལེན་གྱིས་དམིགས་པ་ཁོ་ན་བྱས་ཤིང་། ཕྱིས་ཅུང་ཟད་ཁམས་གསིང་དུས་ཐུབ་པའི་དུས་དམིགས་པ་བྱས་པ་རྣམས་སླར་ཚིགས་སུ་བཅད་དེ་ཡི་གེར་བྲིས་པའོ། །འདི་ལྟར་ན་བའི་།ཚེ་ཁ་ཞེ་མེད་པར་སེམས་བསྐྱེད་དང་མིགས་པ་གཏོང་ལེན་ལ་འབད་ན། ཕ་དམ་པས། ན་བ་ན་བ་མ་ཡིན་ཏེ། །རྣལ་འབྱོར་སྒྲིབ་པའི་ཕྱགས་ཤིང་ཡིན། །ཅེས་གསུངས་པ་དང་། ཇོ་བོ་གསེར་གླིང་པའི་བློ་སྦྱོང་གི་དོན་ལ་དེ་སྣང་བས་བདག་དང་སྐལ་པ་མཉམ་པའི་བློ་དམན་རྣམས་ན་བའི་དུས་སུ་སེམས་བསྐྱེད་བློ་སྦྱོང་ཚུལ་འདི་ལྟ་བུར་མཛད་པར་ཞུའོ། །འདི་བྲིས་དུས་རང་ལོ་ཉེར་དགུའམ་སུམ་ཅུ་པའི་ཚེ་ཡིན་ནོ།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། རྩ་


CMR050_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཀོན་མཆོག་གསུམ་དང་ཊཱཀྐི་ཆོས་སྐྱོང་ཚོགས། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །བདེན་ལྡན་ཇི་སྙེད་རྣམས་ཀྱི་བདེན་སྟོབས་དང་། །འདི་ལྟར་བགྱིས་པའི་དགེ་བས་མཚོན་བྱས་ཏེ། །བདག་གཞན་དུས་གསུམ་དགེ་བ་ཅི་བསགས་མཐུས། །བདག་དང་བདག་གི་ཕ་མ་སློབ་དཔོན་དང་། །སློབ་མ་བྲན་གཡོག་ཡོན་བདག་སྒོ་ནོར་དང་། །ཟས་ནོར་ཆོས་ཀྱི་འབྲེལ་བའི་ཚེ་འདས་སོགས། །བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་བ་ཀུན། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བསྒྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་ཕྱིར་བསྔོ། །བྱེད་ཕྱིར་བསྔོ་བྱས་ན་བསྔོ་བ་འགྱུར་ཞིང་བྱེད་པར་ཤོག་བྱས་ན་སྨོན་ལམ་དུ་འགྲོ། འདི་ཚེ་འདས་རྒེ་ལ་བསྔོ་བ་མ་བརྗེད་ཟེར་བའང་མང་དུ་བྱུང་ཞིང་། རང་གཞན་འབྲེལ་ཡོད་རྣམས་ལ་བསྔོ་བ་སྨོན་ལམ་རྒྱུན་དུ་བྱ་བའི་ཆེད་དུ། རང་ལོ་སོ་བཞི་པ་ཆོ་འཕྲུལ་ཆེན་པོའི་ཚེས་བརྒྱད་ལ། ༧ དགེ་སློང་ཀརྨ་ཆགས་མེད་ཀྱིས་སྨོན་ལམ་དུ་བྲིས་པའོ། །སརྦ་མངྒ་ལཾ།། །།


previousན་བ་ལམ་ཁྱེར་གྱི་སྨོན་ལམ་སྨྲེ་སྔགས་གཅིག་ལབ་མ་ཞེས་བྱ་བ་ལ་སོགས་པ་སྨོན་ལམ་གྱི་སྐོར་འགའ་ཟུང་།next