Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  expand section
   
   
   
   
   
གསུང་མགུར་ལོ་རྒྱུས་འདྲ།
   
   
   
   
   


 
previousགསུང་མགུར་ལོ་རྒྱུས་འདྲ།next

གསུང་མགུར་ལོ་རྒྱུས་འདྲ།


CMR050_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་མགུར་ལོ་རྒྱུས་འདྲ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡེ། རང་ལོ་ལྔ་བཅུ་ཐམ་པ་ལ། །གདུལ་བྱ་འུར་བས་ཟས་ནོར་རྣམས། །སྒོམ་སྡེ་གསར་རྙིང་མན་ཆད་ནས། །རེ་ཆམ་ཡན་གྱི་དགོན་སྡེ་ནི། །ཆེ་ཕྲ་ཀུན་ལ་རི་བཤུ་བྱས། །ཁྱད་པར་ཞལ་སྔ་ཡབ་སྲས་ལ། །བརྒྱ་འབུལ་བྱས་ཤིང་ཆབ་མདོ་མཇལ། །དཔོན་རིགས་གནས་པོ་ཆེ་དགུ་ཡི། །གུས་འདུད་བཀུར་སྟི་ཆེ་བར་མཛད། །བྱང་སེམས་ས་ཡི་འདྲ་སྐུ་དེ། །བཀྲག་རྩི་གསར་དུ་བཏང་བ་ལྟར། །སྣུམ་ནི་འཐིག་ལ་ཁད་དུ་མཐོང་། །གཞན་གྱིས་དེ་ལྟར་མ་མཐོང་འདུག །དཔོན་རིགས་གཅིག་གིས་བརྟག་པ་ཞུས། །རྨི་ལམ་ལུང་བསྟན་གསལ་པོ་དག །བྱུང་བ་སྨྲས་པས་མགུ་བར་གྱུར། །ཉམས་དང་རྨི་ལམ་མཚམས་ཤེད་ན། །མགོན་ཁང་ཟུར་དེར་མགོན་ཁང་ལས། །ཆེ་ཞིང་རིང་བའི་བུད་མེད་ནི། །མཛེས་སྡུག་སྤོས་ཤེལ་ཁོ་ན་ཡི། །བརྒྱན་པ་གཅིག་གིས་བདག་ཉིད་ལ། །དགའ་བའི་རྣམ་པས་ལྟ་བ་མཐོང་། །ཕྱིར་ནངས་ཆོས་རྗེས་གནང་སྦྱིན་བྱུང་། །དེ་ནས་སྐུ་སྐྱེ་ཆེ་ཚང་བས། །ཟུར་མང་ཕྱོགས་སུ་ཤོག་གསུངས་པས། །བཀའ་ལྟར་དེ་ངོས་འགྲོ་སྙམ་ཚེ། །


CMR050_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མདོ་བླ་མ་ཤི་བའི་སར། །འགྲོ་རྒྱུ་ཡིན་ནམ་ཟེར་བ་ཡི། །སྒྲ་ཞིག་ཉམས་རྨིས་མཚམས་སུ་ཐོས། །རང་ལ་རྐྱེན་ཆགས་ཡོད་མེད་བརྟགས། །དཔོན་རིགས་གཅིག་གིས་འདི་སྐད་ཟེར། །ས་སྟེང་ཆོས་རྗེ་རེད་ཐལ་བ། །ཕོད་མེད་ཟེར་བའི་ཚིག་སྒྲ་དང་། །མཚོན་སྣ་དྲུག་གི་ཚེ་དུས་བྱེད། །ཟེར་བ་ལ་སོགས་རྨིས་ལྟས་ངན། །འོན་ཀྱང་སྐུ་སྐྱེ་མི་དགྱེས་དོགས། །འགྲོ་སྙམ་སྒར་པ་བཏེག་སྟེ་སོང་། །འདྲབ་མདོར་ཞག་ནུབ་རྨི་ལམ་ན། །ཞི་ཁྲོའི་ཕོ་བྲང་དཀྱིལ་འཁོར་གྱི། །དབུས་སུ་སྤྲུལ་སྐུ་བཞུགས་ནས་ཀྱང་། །ལྷ་ངོ་སྟོན་ཚུལ་བྱེད་པ་རྨིས། །སྤོམ་ནེ་བྲག་དེའི་གནས་མཆོག་ནི། །ལེགས་པར་ཕྱེ་བའི་རྟགས་སུ་གོ །ཟུར་ཙམ་སོ་ཐོག་ཨ་ནུར་སྨྲས། །དེ་ནས་འདྲབ་རྒྱལ་གནས་མཇལ་བྱས། །སྤྲུལ་སྐུས་སྔོན་དུ་མ་གསུངས་པའི། །རང་བྱོན་གསལ་པོ་འགའ་མཐོང་ཡང་། །བབ་འཐོབ་མེད་ཕྱིར་མ་སྨྲས་སོ། །དེ་ནས་ཉམས་དང་རྨི་ལམ་མཚམས། །གནས་དེའི་རྟགས་མཚན་ཡིན་སྙམ་པའི། །འཇའ་དང་འོད་ཟེར་བན་བུན་ལྟར། །ས་ནས་བསང་དུད་ལྟ་བུར་འཐུལ། །ཁ་དོག་ལྔ་དང་ལྡན་པ་དག །སྐྱེ་བ་མཐོང་ཕྱིར་གནས་དེ་ནི། །གནས་


CMR050_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཡིན་པའི་ངེས་ཤེས་སྐྱེས། །སྐྱོ་སྟོད་ཞི་ཁྲོའི་དབང་ཁྲིད་དང་། །ཁྲིད་ཆུང་བཙུགས་པས་སྡིག་ཅན་འགའ། །ཉམས་སྐྱེས་སེམས་ངོ་འཕྲོད་པ་དང་། །རང་མདུན་མ་མེ་འཛིན་པ་བྱུང་། །གོ་བོ་ཕུག་གི་རྩེ་དེ་ན། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ནི། །འོད་ཟེར་སེར་པོ་འཕྲོ་བ་ཞིག །ཉམས་དང་རྨི་ལམ་མཚམས་སུ་མཐོང་། །ཁྲོམ་མཇལ་ཆམ་པའམ་མ་བྱུང་ཞིང་། །ཤི་ལ་ཁད་ཀྱི་ནད་པ་གཅིག །བཀལ་ནི་བྱུང་བའང་སོས་པར་གྱུར། །དེ་ནས་ཟུར་མང་འགྲོ་བ་བཤོལ། །དེ་རུ་འགྲོ་ས་མེད་པར་ཐོས། །ཚ་འོང་གུག་ཤིས་ཞག་པའི་ནུབ། །དཔོན་རིགས་ཕྲུག་སྔོན་གྱོན་པ་ཅིག །གུས་འདུད་ཇ་ཞུས་ཞིམ་པོ་ཞིག །དྲང་བྱུང་གཏམ་རྒྱལ་ཡིན་པར་གོ །རེ་ཞིག་འདུག་པའི་རྟེན་འབྲེལ་གོ །དེ་ནས་སྔོན་གྱི་རྨིས་ལྟས་དག །ངན་ཕྱིར་རང་དང་སྤྲུལ་སྐུ་སོགས། །གཙོ་ཆེར་སྐུ་རིམ་ལ་དམིགས་ནས། །དཔོན་སློབ་བརྒྱད་རེས་སྒྲུབ་ཆེན་ཚུལ། །བསྒྲུབ་པ་རིམ་བཞིན་བདུན་ཕྲག་རེ། །བྱས་ཚེ་རང་ཡང་ལུས་མ་བདེ། །སྔོན་གྱི་རྨིས་ལྟས་གསལ་བར་འགྱུར། །འོད་ཟེར་ཅན་མ་ཞག་བདུན་ཚེ། །རང་མདུན་བུད་མེད་དཀར་


CMR050_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནི། །མཛེས་སྡུག་རྒྱན་ཆས་ཕྱུག་པ་གཅིག །བཞེངས་ནས་འདུག་ཀྱང་ཞལ་ངོ་ནི། །ཧ་ཅང་དགའ་ཚུལ་མི་སྟོན་པ། །ད་རུང་རྐྱེན་ཆག་མ་འགྱུར་རྟགས། །ཉི་མའི་དཀྱིལ་འཁོར་ཆུང་ངུ་ནི། །འོད་ཟེར་འཕྲོ་བ་ཤར་བྱུང་རྨིས། །ཐུན་པ་གཅིག་གི་མར་མེ་ཡི། །རྩེ་མོ་འཕེལ་བ་མཐོང་བ་དང་། །ཐུན་པ་གཅིག་གི་རྨི་ལམ་དུ། །བུད་མེད་ཁོ་ན་རྨིས་ཞེས་ཟེར། །དེ་ནས་སྒྲོལ་དཀར་ཞག་བདུན་བསྒྲུབ། །དགོན་པ་ཆེན་པོའི་གླིང་ཁྲོད་དུ། །རང་ཉིད་ལམ་སྟོན་ཕྱིར་ཐོན་ནས། །དགོན་འོག་སོང་བས་ལམ་ངན་ནི། །འཇིགས་སུ་རུང་བ་ཐར་དཀའ་བ། །སྤྲུལ་སྐུ་ཡིན་སྙམ་བྱིས་པ་པང་། །ངེད་གཉིས་བྲུལ་ལ་ཁད་པ་དང་། །ཁ་ཞེ་མེད་པར་ཨུ་རྒྱན་ལ། །གསོལ་བ་བཏབ་པས་ལམ་ངན་དེ། །བདེ་མོར་གྱུར་ནས་ཐར་པ་རྨིས། །འོན་ཀྱང་སྡེ་དཔོན་གུ་རུ་ཅིག །རང་གི་སྲས་སུ་འདུག་མཐོང་ནས། །རྒྱལ་འགོང་གདོན་པ་ཡོད་པར་གོ །དེ་ལྟར་ནད་རིགས་མང་དུ་ན། །དེ་ནས་གནམ་ལྕགས་ཞུན་མ་བསྒྲུབ། །དེ་ཚེ་ཆོས་དབང་ཀུན་བཟང་གིས། །དམག་ཚོགས་བྱུང་བས་མཁར་གྱི་སྒོ། །དམ་དུ་བཅད་པ་རྨིས་པའི་ཕྱིར། །གཏེར་སར་ནུས་པ་འདུག་


CMR050_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཟེར། །རང་གི་རྨི་ལམ་རང་མདུན་དུ། །སྡེ་དཔོན་རབ་ཏུ་འཇིགས་པ་གཅིག །གུས་པས་རང་གི་མདུན་དུ་འདུག །བདག་གི་ཁྱེད་ལ་གང་ཕན་གྱིས། །བསམ་པ་མ་གཏོགས་མེད་རབས་ཟེར། །ཁྱི་དཀར་གཅིག་ཀྱང་བསད་པ་རྨིས། །དེ་ནས་འཇམ་དཔལ་ཀིང་ཀང་བསྙེན། །ཞག་པོ་ལྔ་སོང་རླུང་གི་སྒྲ། །འུར་སྒྲ་ཆེན་པོ་འབྲུག་སྒྲ་འདྲ། །ཁ་བ་བབ་སོགས་གཞུང་ལྟར་བྱུང་། །རྨི་ལམ་རང་ཉིད་རྟ་དཀར་ཞོན། །ཡར་ལ་བྱང་གི་ཕྱོགས་འོང་བས། །སད་ན་ལེགས་ཀྱི་སྐྱེ་བ་ནི། །རང་ཉིད་ཡིན་པར་ཐག་ཆོད་ཅིང་། །སད་ན་ལེགས་ནི་ཁྲི་སྲོང་གི །སྤྲུལ་པ་ཡིན་པར་གསུངས་པ་དང་། །ཁྲི་སྲོང་ལྡེའུ་བཙན་འཇམ་དབྱངས་ཀྱི། །སྤྲུལ་པ་ཡིན་པར་བཤད་པའི་ཚེ། །རང་ཡང་འཇམ་དབྱངས་ཡང་སྤྲུལ་ཙམ། །ཡིན་པར་འདུག་གོ་སྙམ་པ་དེ། །རྨི་ལམ་ཡུལ་དུ་གསལ་པོར་དྲན། །དེ་ནས་འོད་འབར་ཞག་བདུན་བསྒྲུབ། །སྤྲུལ་སྐུ་རང་དྲུང་མཉམ་དུ་བཞུགས། །ལྷོ་བ་སྤྲུལ་སྐུའི་བྱིན་རླབས་རྟེན། །བདག་ཅག་དཔོན་སློབ་ཐམས་ཅད་ལ། །ཤིན་ཏུ་མང་བ་གནང་བ་རྨིས། །ཉམས་དང་རྨི་ལམ་མཚམས་ཤིག་ཏུ། །བོད་དང་


CMR050_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སོག་པོ་ཐམས་ཅད་ཀྱིས། །མི་ཁ་ཆོད་པར་འོང་ངོ་ཞེས། །དེ་ནས་རྒྱལ་བ་རྒྱ་མཚོ་ཡི། །སྒྲུབ་པ་ཞག་བདུན་བར་དུ་བྱས། །རང་གི་རྣ་བ་གཡས་པ་ནས། །སྲིན་བུ་གཉིས་ནི་ཐོན་པ་རྨིས། །སོག་པོའི་རྒྱལ་པོ་དཔོན་གཡོག་འགས། །གུས་འདུད་དམར་གསུམ་ཕུལ་བ་རྨིས། །གྲྭ་སློབ་རིམས་ནད་བྱུང་བའི་ཚེ། །ལོ་མ་གྱོན་མ་ཞག་བདུན་བསྒྲུབ། །ཞོར་ལ་ལྷ་མོའི་མདོས་ཀྱང་བཅས། །རྨི་ལམ་བུད་མེད་རྒྱན་ལྡན་གཅིག །དགའ་ཞིང་དྲུང་དུ་བྱུང་བ་དང་། །ཆོས་ཀྱི་དབང་ཕྱུག་ཕྱག་ཕྲེང་ལ། །བརྒྱབ་པའི་བྱིན་རླབས་རྟེན་ཡིན་སྙམ། །ཆུ་ཤེལ་རྟོག་པོ་མེད་པ་རྨིས། །དེ་ནས་ཞག་དགུ་ཉི་མ་བཅུར། །ཁྲོ་ཆུའི་སྒྲུབ་ཆེན་རྒྱས་པར་བྱས། །དངོས་སུ་བག་དྲོ་བྱིན་འཐིབས་ཤིང་། །མཚན་ཐུན་གཅིག་གི་ཉིན་མཚན་གཉིས། །བལྟམས་པའི་ཆོད་པར་འཛིན་པ་དང་། །ཐུན་པ་འགའ་ཡི་རྨི་ལམ་དུ། །གཞུང་ནས་བཤད་ལྟར་རྟགས་ཐོན་ཅིང་། །ཁྲོ་ཆུ་ལྷ་མང་བསྐུལ་རིང་བརྩམས་། །རྨི་ལམ་ཨུ་རྒྱན་རིན་པོ་ཆེ། །སྟོད་འགག་སྔོན་པོ་པད་ཞྭ་དམར། །ཇོ་བོ་རྗེ་ཡི་ཆ་ལུགས་མཇལ། །བྲག་ཕུག་ཐེའུ་རང་དོད་པ། །ཀུན་ལ་གནོད་པ་ཡིན་ཟེར་


CMR050_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བ། །སྦྲུལ་གཉིས་ང་ལ་འཕང་བྱུང་བ། །དེ་གཉིས་རྒྱང་རིང་དོར་བྱས་ནས། །བྲག་འབུར་སྟེང་དུ་རྐང་པ་བཞག །གཟིར་བའི་དམིགས་པ་བྱས་པ་ཡིས། །བཙུན་པ་གཅིག་གིས་བདག་ཉིད་ལ། །རབ་ཏུ་སྐྲག་ཅིང་ངོ་ཕབ་ནས། །འདུག་མི་བཅུག་ན་འགྲོ་ཟེར་དང་། །བཙུན་པ་གཅིག་གིས་འདི་སྐད་དུ། །ཁྱོད་རང་ཚང་ན་ལེགས་འདུག་ཅེས། །ཀུན་གྱིས་ཟེར་ཞིང་འདུག་པའི་ཕྱིར། །ང་ནི་ཅི་གྱུར་ཡིན་ཅེས་ཟེར། །ཡང་ནི་བཙུན་པ་གཅིག་གིས་ནི། །ཨུ་རྒྱན་ལུང་བསྟན་མཐོང་སྐད་ཀྱིས། །ལོ་གཉིས་ནས་ནི་སྤྲུལ་སྐུ་དང་། །བདག་ལ་བར་ཆད་མེད་པ་ཡི། །ལོ་རྒྱུས་ཟུར་ཙམ་སྨྲ་བ་རྨིས། །དགུ་གཏོར་ནུབ་པར་ཚོགས་ཡིན་ཟེར། །ཤ་ཚོ་ཞིམ་པོ་དྲངས་བྱུང་ཟེར། །བསྒྲུབ་པའི་ཁང་ནས་གསར་པ་ཡི། །ཐུན་གཅིག་འགའ་ལ་སེམས་ངོ་འཕྲོད། །ཁྱད་པར་སྒྲོལ་དཀར་བསྙེན་པའི་དུས། །རང་གི་དྲུང་དུ་འོད་ཟེར་བསྙལ། །དེ་ཚེ་ཉམས་དང་རྨི་ལམ་མཚམས། །བྱིས་པ་འདི་ལ་ད་རེས་ཀྱིས། །བསྒྲུབ་པ་འདི་ལས་དགོས་ལེ་མེད། །ཟེར་བས་བག་ཆགས་སད་པར་གོ །ཕྱི་དེ་ཉིད་ནས་སེམས་ངོ་འཕྲོད། །བྱིས་པས་ནམ་


CMR050_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་མཐོངས་ནས་ནི། །སྒྲོལ་མའི་སྔགས་སྒྲ་སྒྲོག་པ་ནི། །ཉི་མ་གཉིས་བར་དངོས་སུ་ཐོས། །དེ་ནས་ཐོས་པར་མ་གྱུར་ཏོ། །དེ་ཕྱིར་ཡི་གེ་འདོན་འདོད་སོགས། །བག་ཆགས་སད་པའི་དངོས་རྟགས་བྱུང་། །རྒྱལ་བ་རྒྱ་མཚོ་སྒྲུབ་པའི་ཚེ། །དགུན་ཉི་ལྡོག་དགོང་ཡིན་ན་ཡང་། །བྱིས་པའི་མདུན་དུ་ལྗང་བུ་སྐྱེས། །བྱིས་པ་འོད་ཟེར་འདི་ཉིད་ནི། །མི་ཏྲ་ཁྲིད་དྲུག་ལ་སོགས་པའི། །བདག་གིས་དམ་ལས་འགའ་ཞིག་ནི། །བདག་པོ་ཡིན་ཅེས་ཟེར་བ་ཅིག །བདག་གི་རྨི་ལམ་སྐབས་སུ་ཐོས། །གཞན་ཡང་བྱིས་པ་ནམ་མཁའ་ལའང་། །སེམས་ངོ་འཕྲོད་ཅིང་གནས་འགྱུ་ཤེས། །ལུས་གནད་སྒོམ་སྒྲུབ་བྱེད་ཚུལ་སྟོན། །བྱིན་རླབས་ཞུགས་པ་འདྲ་བ་བྱུང་། །དེ་ལྟར་ཟླ་བ་ཧྲིལ་གཉིས་ལ། །སྒྲུབ་ཆེན་བློ་ཁ་ཚིམ་པར་འགྲུབ། །དགེ་བས་སྤྲུལ་སྐུའི་གཙོར་བྱས་པའི། །བདག་ཅག་འཁོར་དང་བཅས་པ་ཡི། །བར་ཆད་རྐྱེན་ངན་ཀུན་ཞི་ནས། །རང་གཞན་དོན་གཉིས་མཐར་ཕྱིན་ཤོག །ཨ་རཱ་གས་སོ།། ༈ །།རྨི་ལམ་གྱི་སྐོར་ཚན་བཞི་ལྔ་ཙམ་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡེ། ཐུགས་རྗེ་ཆེན་པོའི་རྡོ་སྐུ་རང་བྱོན་ཅིག །


CMR050_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམ་མེད་གཅིག་ནི་ལག་ཏུ་བྱུང་བ་ལ། །རང་བྱོན་ཡིན་མིན་བརྟག་ཚེ་རྨི་ལམ་ན། །གསེར་གྱི་གླིང་བུ་གསུམ་བཞི་གཅིག་གི་ནང་། །རྡོ་ཡི་སཱཙྪ་རང་བྱོན་མཐེ་བོང་ཙམ། །རྩེ་ལ་ཤེལ་གྱི་རིང་བསྲེལ་གཉིས་ཡོད་པ། །དེ་འདྲ་གཅིག་ནི་རྙེད་ཚེ་རང་བཞིན་གྱིས། །སྒྲ་སྐད་སྙན་གསལ་བཞིན་དུ་འདི་སྐད་ཐོས། །དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡི། །རྣམ་འཕྲུལ་མཛད་པ་བསམ་མི་ཁྱབ། །འགྲོ་དོན་བསམ་གྱིས་མི་ཁྱབ་འབྱུང་། །རང་བྱུང་རྡོ་ཡི་མཆོད་རྟེན་རྙེད། །དེ་སྐད་ཟེར་བའི་སྣང་བ་བྱུང་། །དེ་མ་ཐག་ཏུ་གཉིད་སད་པས། །ནམ་མཁའ་གསལ་གྱིས་ལངས་ནས་འདུག །ལུས་ནི་སེང་གེ་ཉལ་སྟབས་ལ། །དུས་ནི་ཐོ་རངས་ཁ་ཡིན་ལ། །དེ་ནུབ་དགུ་གཏོར་མཆོད་གཏོར་གཟབ། །མི་ཏྲ་ཛོ་ཀིའི་གདམས་ངག་ལྟར། །གཙང་སྦྲ་བཅས་པས་ལེགས་པར་བཏགས། །དེ་ཕྱིར་འཁྲུལ་པ་མེད་དམ་སྙམ། །དེ་སྐད་མཚམས་ཀྱི་ཁུང་ནས་སྨྲས། །རྟེན་གྱི་གང་ཟག་བཙལ་བ་འདི། །འཕགས་པའི་ཐུགས་རྗེ་མ་ལགས་སམ། །ཨེ་མ་ངོ་མཚར་མི་ཆེའམ། །།ཞེས་ཨ་རཱ་གས་སོ།། །།རྨི་ལམ་དུ་ལུང་པ་འོད་གསལ་གྱི་


CMR050_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཅུང་ཟད་ཉམས་སུ་བླངས་པའི་ཉམས་ཡིག་ཉུང་ངུ་གཅིག་བཞུགས་སོ། །ན་མོ་མ་ཧཱ་མུ་ཏྲ་ཡེ། མཚུངས་མེད་བླ་མའི་ཞབས་ལ་འདུད། །ནུབ་གཅིག་ཉལ་བའི་རྨི་ལམ་ལ། །ཁང་པ་འདྲ་བ་གཅིག་གི་ནང་། །སྐྱེས་མཆོག་མར་པ་ལོ་ཙཱ་དེ། །མཁའ་སྤྱོད་གནས་སུ་བྱོན་གྲོགས་རེད། །བྷན་གཅིག་གི་ནང་དུ་ནི། །ནས་གསར་ཐུལ་ཧྲུལ་བཀང་བྱས་ནས། །དེ་ལ་བདུད་རྩི་རིལ་བུ་ཡི། །ཕབས་ཅིག་བཏབ་ནས་བཞག་འདུག་པའི། །བསྣམ་ཡང་ཆང་དྲི་ཆེར་མི་གདའ། །དེ་ནས་ལེགས་པར་བལྟས་ཙ་ན། །བྷནྡྲ་ནང་གི་༼གཤོང་རྣམས་སུ། །བདུད་རྩི་སླད་མེད་ཅུང་ཟད་གདའ། །རང་གི་ལྕེ་ལ་བཞག་པ་རྨིས། །དེ་ཕྱིན་དྭགས་པོའི་བཀའ་འབུམ་ནས། །ལྟ་བའི་བོགས་ཀྱང་བྱུང་བ་དང་། །ཆོས་ཀྱི་གནད་གསང་མང་དུ་གོ །དེ་ཡང་བརྡ་ཆོས་མཚན་རབ་གདའ། །གུ་རྒྱ་བརྡ་ཐིམ། ཡང་ནུབ་གཅིག་གཉིད་པའི་རྨི་ལམ་ན། །གསང་བ་འདུས་པ་མི་བསྐྱོད་པའི། །བྲིས་སྐུ་ཆེ་ཞིང་ལེགས་པ་གཅིག །མཐོང་ནས་རྐྱེན་བྱས་རང་ཉིད་ཀྱང་། །གསང་འདུས་མི་བསྐྱོད་རྡོ་རྗེ་བསྒོམ། །དེ་ནས་དབུ་ཞབས་ནས་འདུས་ནས། །ཧཱུྃ་དང་ཐིག་ལེ་ནཱ་ད་དང་། །


CMR050_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་འོད་གསལ་ཆེན་པོའི་བར། །ཤིན་ཏུ་གསལ་བར་བསྒོམ་པ་རྨིས། །ཕྱིར་ནངས་འདི་དང་བར་དོ་རུ། །འོད་གསལ་བསྒོམ་པའི་མན་ངག་གིས། །གོ་བ་བླ་ན་མེད་པ་རྙེད། །རྒྱལ་པོ་ཨིནྡྲ་བོ་དྷི་དང་། །དབྱེར་མེད་བླ་མ་ཀརྨ་པ། །གསོལ་བ་བཏབ་པའི་ཐུགས་རྗེར་གོ །དེ་སྔོན་གསང་འདུས་མི་བསྐྱོད་པའི། །བསྐྱེད་རྫོགས་བསྒོམས་པར་མ་བྱས་ཀྱང་། །རྒྱལ་བ་གཅིག་སྒྲུབ་ཀུན་གྱི་ངང་། །གསུངས་པའི་དོན་དང་མཐུན་ནས་སྙམ། །གུ་ཧྱ། ཡང་རང་ལོ་སོ་ལྔ་མགོ་ཟླ་ལ། །ནུབ་གཅིག་ཉལ་བའི་གཉིད་ཁུང་ནས། །མིག་གི་ཐད་ཀ་འདི་ཉིད་དུ། །བྲག་སྐྱིབ་བྱ་མལ་ཙམ་པ་ཅིག །གསལ་བར་མངོན་སུམ་ལྟ་བུར་གསལ། །དེ་ཡིས་རྐྱེན་བྱས་འོད་གསལ་ནི། །ཤིན་ཏུ་གསལ་བར་ཟིན་པར་བྱུང་། །གཞན་ཡང་མཚམས་དང་སྒྲུབ་པའི་དུས། །གཉིད་དང་རྨི་ལམ་འོད་གསལ་ནི། །ལན་གྲངས་དུ་མར་ཟིན་པར་བྱུང་། །གུ་ཧྱ།། །།ཡང་རང་ལོ་སོ་དྲུག་རྒྱལ་ཟླ་ཡི། །མར་ངོ་ནུབ་གཅིག་གཉིད་ཁུང་ན། །མིག་གི་ཐད་ཀ་དེ་ཉིད་ན། །ཁང་མལ་ཙམ་ཞིག་གསལ་བ་ཡིས། །ཉི་མ་ཤར་ལྟར་


CMR050_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་མཐོང་། །དེ་ཡིས་རྐྱེན་བྱས་སེམས་ངོ་ལ། །ཧྲིག་གེ་ས་ལེ་གནས་པ་བྱུང་། །ཆེད་དུ་འོད་གསལ་མ་བཟུང་ཡང་། །རྗེ་བཙུན་བླ་མའི་བཀའ་དྲིན་གྱིས། །འབད་མེད་ཡང་ཡང་ཟིན་ཅིང་གདའ། །བདག་ཕོ་སྒོ་བཟང་བ་མ་ལགས་ཏེ། །བློ་གཏད་རྗེ་ལ་བྱས་པས་ཡིན། །གུ་ཧྱ། ཡང་རང་ལོ་སོ་དྲུག་ལོན་པ་ཡིས། །ནག་པ་ཟླ་བའི་ཉེར་གཅིག་ལ། །ལུས་རབ་ཏུ་དུལ་བས་རྐྱེན་བྱས་ནས། །དུས་ཉིན་མཚན་མེད་པར་ཉལ་བའི་ཚེ། །སྲོད་གཉིད་དུ་སོང་དང་མ་སོང་མཚམས། །མདུན་དུ་ནག་དང་ཡོ་རེ་བ། །ཅིག་བྱུང་སྙམ་པའི་གྲིབ་གནོན་འདྲའི། །ཤིན་ཏུ་སྐྲག་ཅིང་ལུས་པོ་འདར། །ན་བ་སིང་སྒྲ་འུར་སྒྲས་གང་། །དེ་ཚེ་བསྐྱེད་རིམ་བསྒོམ་སྙམ་ཡང་། །གསལ་བར་ཟིན་པར་དཀའ་བ་བྱུང་། །སྐག་མཁན་སེམས་ཀྱི་ངོ་བོ་ལ། །གཅེར་རེ་བལྟས་ནས་ལྕམ་མེར་བཞག །འཇིགས་སྐྲག་ཞི་ནས་བདེ་བར་གནས། །ང་ཡང་ཤི་བ་ཡིན་ནམ་སྙམ། །དེ་མ་ཐག་ཏུ་སྐར་ཁུང་ནས། །ཟླ་ཐིག་ཤར་བྱུང་སྙམ་པ་ཡི། །དཀར་དྭངས་ཏ་ལེ་བྱུང་བའི་མོད། །འཇིགས་སྐྲག་སྔར་ལྟར་བྱུང་བ་ལ། །འདི་ཉིད་དཀར་ལམ་ཡིན་འདུག་སྙམ། །


CMR050_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མཁན་སྟེང་དུ་ཧྲིག་གེར་བཞག །དེ་མ་ཐག་ཏུ་འཇིག་སྐྲག་ཞི། །བདེ་བའི་ངང་ལ་ལྷན་ནེ་གནས། །དེ་ནས་རང་མདུན་ཕ་ཀི་ན། །མེ་སྟག་འཚུབ་མ་ལྟ་བུ་ཡིས། །དམར་དང་ཚུབས་ཚུབས་བྱུང་བའི་མོད། སྔར་ལྟར་འཇིགས་སྐྲག་ཆེ་བར་བྱུང་། །འདི་ཉིད་དམར་ལམ་ཡིན་འདུག་སྙམ། །འཇིགས་མཁན་སྟེང་དུ་ཧྲིག་གེར་བཞག །དེ་ནས་བདེ་བའི་ངང་དུ་ཞི། །ལུས་པོ་འགུལ་སྐྱོད་བྱ་སྙམ་དུ། །ཤིན་ཏུ་བརྗིད་ཅིང་འགུལ་མ་ཐུབ། །འདི་ཉིད་ནག་ལམ་ཡིན་འདུག་ཀྱང་། །འཆི་དུས་ཀྱི་སྣང་མཆེད་མིན་པ་འདྲ། །གཉིད་ཀྱི་སྣང་མཆེད་ཡིན་པ་འདྲ། །གཉིད་ལས་སད་པ་འདྲ་དགོས་སྙམ། །ཤིན་ཏུ་ལུས་ནི་འགུལ་བ་ཡིས། །དེ་ནས་གཉིད་ལས་སད་པ་ན། །ལུས་པོ་ཙོག་པོར་མེ་ཐབ་ཚུལ། །ཅུང་ཟད་རྒྱབ་སྔས་བརྟེན་ནས་སྣང་། །བཤད་པ་རྣམས་དང་ཕྱོགས་མཐུན་ཕྱིར། །ཉམས་མཚར་ཡི་གེ་བྲིས་པའོ། །རྒྱུད་དང་འགྲེལ་པ་མང་པོ་ནས། །གཉིད་དང་མ་གཉིད་སོ་མཚམས་ན། །སྣང་མཆེད་ཐོབ་གསུམ་ཐིམ་པ་རྣམས། །ཅུང་ཟད་མི་གསལ་ཚུལ་དུ་འབྱུང་། །གསུངས་པའི་དོན་ཡང་ཡིད་ལ་ཤར། །དོན་


CMR050_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རློམ་སེམས་བྱ་དོགས་མེད། །ས་མཱ་ཡ་གྱ་ཧྱ། ༈ ཡང་ཤིང་སྤྲེལ་རང་ལོ་སོ་དྲུག་སར། །མཚམས་དམ་པོ་འདག་སྦྱར་བྱས་པའི་དུས། །ནུབ་གཅིག་གཉིད་མ་ཐག་ཏུ་ནི། །མིག་གི་ཐད་ཀ་དེ་ཉིད་དུ། །འོད་ཀྱིས་རྣམ་པ་འདྲ་བ་ཡིས། །ཉིན་མོ་བལྟས་ལྟར་གསལ་བར་སྣང་། །དེ་ནས་དེ་ཡི་ངང་ཉིད་ལ། །གསལ་མཁན་དེ་ཡི་ངོ་བོ་ལ། །ཧྲིག་གེ་རྗེན་ནེ་བཞག་པ་ཡིས། །གསལ་སྟོང་འདྲེས་པའི་ངང་དེ་ལ། །ཡུན་རིང་བར་དུ་གནས་པར་བྱུང་། །དེ་ནས་ཁྲུམས་སྟོད་ཚེས་གསུམ་ནུབ། །ཡིན་ཅིང་ཚེས་བཞིའི་ནུབ་པར་ལའང་། །སྔར་བྱུང་འདྲ་བ་ཡུན་རིང་དུ། །གསལ་ཉམས་ཤར་ཅིང་འོད་གསལ་ཟིན། །མཚམས་ཀྱི་བཅད་རྒྱ་དམ་པ་དང་། །ཨོ་རྒྱན་རྗེ་ཡི་ཟབ་ཆོས་ལ། །རྩེ་གཅིག་བསྒྲུབ་པའི་བྱིན་རླབས་ཡིན། །ཆེད་དུ་འོད་གསལ་མ་བཟུང་ཡང་། །འབད་མེད་ཟིན་པར་མི་མཚར་རམ། །ས་མ་ཡ་གུ་བྱ།། མོ་མནྡྷ་གུ་ཧྱ་ཡེ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །སྤྲང་གསང་སྔགས་རྒྱུད་སྡེ་མང་པོ་ལ། །སྔར་ཡང་ཡང་ལན་འགའ་མཇལ་མོད་ཀྱང་། །རྒྱུད་ཆ་ཚང་ཞིག་ད་རུང་ལྟ་


CMR050_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས། །སེམས་འགྱུ་བ་ལན་གྲངས་དུ་མ་འཕྲེང་། །རྒྱུད་སྡེ་ཕས་ཨི་གཡར་ཐེ་ཚོམ་ཆེ། །གསེར་དངུལ་བཀྲ་མའི་གླེགས་བམ་ཆུང་ངུ་ཞིག །ང་ཡི་ལག་ཏུ་འདུག་པའི་ཉམས་སྣང་བྱུང་། །གླེགས་བམ་ལེགས་པར་གཡར་བར་འདུག་གི་སྙམ། །ཕྱི་ཉིན་གླེགས་བམ་གདན་འདྲེན་སྔ་མོར་སོང་། །ད་ལྟ་གདན་འདྲེན་ཕྱིན་ཡོད་སྙམ་ཙམ་ན། །ཉམས་ཀྱི་སྐབས་ལ་གར་གདའ་མཐོང་སྣང་བྱུང་། །དེ་ནས་གླེགས་བམ་རྣམས་ལ་སྤྲོས་རུམ་དང་། །བརྒྱ་ཕྱག་འགའ་དང་མཎྜལ་བརྒྱ་རྩ་ཕུལ། །དེ་ནས་རྒྱུད་སྡེ་རྣམས་ལ་མཇལ་བ་ལས། །འབྱམས་ལྟས་གླེགས་བམ་གླེགས་ཤིང་བལྟས་པ་ཡིས། །ཉིན་གཅིག་གླེགས་བམ་བཅུ་གསུམ་ཁ་ཕྱེས་ནས། །ཧང་སེ་བལྟས་ནས་སླར་ཡང་གླེགས་ཐག་དཀྲིས་། །དེ་ནས་མོས་ཀྱི་ཞིབ་པར་བལྟས་པ་ལ། །ནུབ་གཅིག་རབ་རིབ་འཁྲུལ་པའི་རྨི་ལམ་ན། །སྐྱིལ་ཀྲུང་བཅས་ནས་བར་སྣང་ཁམས་སུ་འཕུར། །ཤིན་ཏུ་ཡུན་རིང་ཡུལ་ཁམས་མང་པོ་བཅད། །ས་ཆ་ཡུལ་རིས་བྲག་སོགས་དཀར་པོ་དང་། །ས་ཆ་བྲག་དང་གྲོང་ཁྱེར་ནག་པོ་སོགས། །མང་པོ་བཅད་ནས་ཨོ་རྒྱན་ཡུལ་དུ་ཕྱིན། །ཨོ་རྒྱན་གནྡྷོ་ལ་


CMR050_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཙུག་ལག་ཕྱིན། །གཙུག་ལག་ཁང་ཆེན་བསམ་གྱིས་མི་ཁྱབ་པའི། །ཕྱི་ཡི་ཁྱམས་ལ་བདག་ཉིད་ཕྱིན་ནས་བལྟས། །ཀ་བ་ཀ་ཞུ་འདོམ་པས་མི་ཁྱིག་ཙམ། །ཐམས་ཅད་རྡོ་ལས་གྲུབ་པ་འདྲ་བ་འདུག །གཙུག་ལག་འདི་ཡི་ཆེ་ཆུང་ཅི་ཡིན་སྨྲས། །དེ་ཚེ་གཅིག་གིས་བདག་ལ་འདི་སྐད་སྨྲས། །གཙུག་ལག་འདི་ལ་རྩག་གསུམ་ཡོད་པ་ཡིན། །སྟེང་ཁང་ཆུང་བ་དེ་ཡི་ཚད་དང་ནི། །རི་བོ་ཆེ་ཡི་ལྷ་ཁང་མཉམ་པ་ཡིན། །གཙུག་ལག་ཁང་ཆེན་དེ་ཡི་ནང་ན་ནི། །གསང་སྔགས་རྒྱུད་སྡེའི་གླེགས་བམ་ཁོ་ན་ཡིན། །གཙུག་ལག་རིམ་གསུམ་ཁེངས་ནས་ཡོད་དོ་སྐད། །དེ་ལ་བདག་གིས་དད་པ་ཆེར་སྐྱེས་ནས། །བསྐོར་བ་ཅིག་ནི་ཨེ་ཐུབ་སྙམ་ནས་བཏུད། །ཅི་ལྟར་བྱས་ཀྱང་བསྐོར་བ་མ་ཐུབ་རྨིས། །རྒྱུད་དོན་མཐའ་དག་མི་རྟོག་བརྡ་རུ་གོ། ༈ །།ཡང་ནི་ཁང་བཟང་མང་པོའི་ནང་དུ་ཕྱིན། །མཛོད་ནི་མང་པོ་སྒོ་ལྕགས་རྒྱབ་པ་དང་། །དེ་ཡི་ནང་དང་ཉེ་ལོགས་ཐམས་ཅད་དུ། །ཨོ་རྒྱན་གྱིས་སྦས་གཏེར་ཁ་དཔག་མེད་འདུག །འགའ་ཞིག་བདག་གིས་འདོན་གྲབ་བྱས་ཙམ་ན། །གཏེར་སྲུང་གཡག་ནག་འཇིགས་སུ་རུང་བ་འགས། །རྭ་


CMR050_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་འཇིགས་ཚུལ་སྟོན་པའི་རྨི་ལམ་བྱུང་། །གསང་སྔགས་རྒྱུད་སྡེ་ཤིན་ཏུ་གཉན་པར་གོ །ཚོགས་འཁོར་ལན་འགའ་བསྐོར་ཞིང་གསོལ་བ་བཏབ། །འཇམ་པའི་དབྱངས་དང་རྡོ་རྗེ་རྣལ་འབྱོར་མ། །ནམ་མཁར་བྱོན་ནས་བྱིན་གྱིས་བརླབས་སྣང་ནི། །ཉམས་དང་རྨི་ལམ་སྐབས་སུ་གསལ་བར་བྱུང་། །མ་ནོར་གོ་བ་ཅུང་ཟད་སྐྱེས་སམ་སྙམ། །རྩེ་གཅིག་དད་པས་རྒྱུད་ལ་བལྟས་པ་ཡི། །རང་གི་རྐང་པ་གཡོན་པའི་མཐིལ་ནས་ནི། །ཁྲག་ནི་དཔག་ཏུ་མེད་པ་ཐོན་པ་དང་། །སོ་ནས་སྲིན་བུ་འགའ་རེ་བུད་པ་རྨིས་། །སྒྲིབ་པ་ཅུང་ཟད་དག་པའི་བརྡ་རུ་གོ །རྣམ་རྒྱལ་སྒང་གིས་དཀོར་བདག་དེ། །གླེགས་བམ་རྗེས་འབྲང་གནོད་པ་བྱེད་པ་ཡི། །ལྟས་བྱུང་དམིགས་པས་གཟིར་བས་ཞི་བར་གྱུར། །རྒྱུད་དོན་གོ་བ་དག་སྣང་ཆེན་པོ་དང་། །རྡོ་རྗེ་འཆང་དང་དངོས་སུ་མཇལ་འདྲ་བའི། །བློ་ཁ་རྫོགས་ཤིང་ཐེ་ཚོམ་ཆོད་པར་བྱུང་། །རྨི་ལམ་ཡུལ་དུ་ཞྭ་དམར་སྤྲུལ་པའི་སྐུ། །ཆོས་ཀྱི་དབང་ཕྱུག་མཇལ་ཞིང་གསུང་གླེང་མཛད། །ཁྱད་པར་རྒྱལ་བའི་དབང་པོ་ཀརྨ་པ། །ཆོས་གྲགས་རྒྱ་མཚོ་ཞྭ་ནག་ཆོས་གོས་ཅན། །བདག་སོགས་འགྲོ་བ་


CMR050_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་ལ། །གསང་སྔགས་ཆོས་ནི་དཔག་མེད་གསུངས་པར་རྨིས། །རྒྱུད་འབུམ་བལྟས་ཚེ་འཁྲུལ་སྣང་བྱུང་ཚུལ་ཏེ། །གཞན་ལ་བཤད་ན་ཧ་ཧའི་གད་རྒྱང་འཕེལ། །འོན་ཀྱང་བདག་གིས་དད་པའི་ཤུགས་དང་ནི། །གསང་སྔགས་རྒྱུད་སྡེའི་བྱིན་རླབས་ཡིན་ནམ་སེམས། །ཉམས་མཚར་ཡི་གེའི་རིས་སུ་བྱས་པ་ཡིན། །ཞེས་པ་གནས་མདོ་ཀརྨ་ཆགས་མེད་ཀྱིས་བགྱིས་པའོ།། ༈ །།ཡང་རྨི་ལམ་ལུང་བསྟན་ལ། ན་མོ་གུ་རུ་ཀརྨ་ཀ་དྷརྨ་དྷཆུ་བཛྲ་ཡེ། བདག་རང་ལོ་ཞེ་གཉིས་པ་ས་སྟག་ལོ་འབྲུག་གི་ཟླ་བའི་ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ་སྔ་དྲོ་དང་དགོང་མོ་ཞི་བ་དང་དྲག་པོའི་སྦྱིན་སྲེག་ཀྱང་བྱས། མཚམས་དམ་པའི་ངང་ནས་ཐུགས་རྗེ་ཆེན་པོ་ཞི་བའི་དམིགས་རིམ་བྱེད་ཅིང་རྒྱལ་བ་རྒྱ་མཚོ་ལྷ་དགུ་བསྙེན་ཅིང་མནལ་དུ་སོང་བའི་རྨི་ལམ་ན། རྗེ་ཆོས་དབྱིངས་རྡོ་རྗེ་དང་མཇལ་ཏེ། རྒྱབ་ནས་འདེད་མཁན་འགའ་ཡང་འདུག་ནས། སང་འབྱོན་ཞོར་ང་ཡི་རི་ཁྲོད་ན་ཡང་ཕེབས་དགོས་ཞུས་པས། དེ་ག་འོང་གསུངས་ནས་འདེད་མི་དང་དགུག་མི་འགའ་ཡང་གདའ་ནས་ཅི་དྲག །སྐུ་འོ་བརྒྱལ་ཞུས་ཤིང་ང་རང་ཡང་སྐྲག་ཛབ་བེ་འདུག་པ་ལ། རྒྱལ་


CMR050_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་པོའི་ཞལ་ནས། རང་ལུས་རྡོ་རྗེ་ཕག་མོའི་ཐུགས་ཀར་བསྒོམ་ལ། སྐུའི་བ་སྤུའི་བུ་ག་ནས་མཚོན་ཆ་སྣ་ཚོགས་འཕྲོས་པས་གནོད་བྱེད་ཐམས་ཅད་ཕྱེ་མར་བརླགས་ཏེ། རི་རབ་དང་ཁྲོ་ཆུའི་ཕ་བང་མང་པོ་སྤྲོས་ནས་མནན་པར་བསྒོམ། དམིགས་པ་འདི་བསྒོམ་ལ་ཕ་རོལ་གྱི་གནོད་པ་འོང་མི་སྲིད་ཅིང་། གཤེད་མའི་ནང་དུ་སོང་ཡང་མཐོང་མི་སྲིད་པར་འདུག་གསུངས་ནས། ལྷོ་བྲག་སོག་པོས་རྐུ་མ་མཐོང་དུས་ཡང་འདིའི་ཏིང་ངེ་མཛད་པ་ཡིན་པ་འགྲུབ་གཅིག་གསུངས། དམིགས་པ་དེ་མཚན་རིང་ལ་ཉམས་སུ་ལེན་པ་གཅིག་བྱུང་བས། ཕྱིར་ནངས་ཡི་གེར་བཀོད་པའོ། །ས་མ་ཡ། ཁ་ཐཾ། སྤྱི། རྒྱ་རྒྱ་རྒྱ༔ རྒྱལ་དབང་བཅུ་པ་འཇང་ཡུལ་དུ་སོག་དམག་གིས་རྐྱེན་གྱི་མྱུར་ཕེབས་དགོས་པའི་རྨིས་ལྟས་ཨ་རཱ་གས་ཉམས་སྣང་ཡིན་པར་འདུག །བཀྲ་ཤིས་དགེའོ།། ༈ །།དགུང་ལོ་སོ་ལྔ་སྐབས་སྒྲུབ་ཁང་རྨིས་ལྟས་ནི། ན་མོ་ལོ་ཀེཌཤྭ་ར་ཡེ། ཀུན་མཁྱེན་པདྨའི་ཞབས་ལ་འདུད། །སྤྱན་དང་མངོན་ཤེས་མི་ལྡན་ཞིང་། །ལྷ་ཡི་ལུང་བསྟན་མ་མཆིས་ཀྱང་། །རྨི་ལམ་འཁྲུལ་བའི་རྫུན་སྣང་ལ། །བདེན་བདེན་འདྲ་བ་འགའ་རེ་བྱུང་། །རང་ལོ་སོ་ལྔ་


CMR050_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པའི་དུས། །མཚམས་བསྡམས་བསྙེན་སྒྲུབ་བྱེད་པའི་ཚེ། །སྒྲུབ་ཁང་འདི་ཉིད་རྨིང་སྟེང་ནུབ། །རབ་རིབ་འཁྲུལ་བའི་རྨི་ལམ་ན། །མཆོད་རྟེན་འདྲ་བའི་བང་རིམ་ནི། །བཅུ་གསུམ་དཀར་གསུམ་ཟས་ཀྱིས་ཁེངས། །དེ་ལ་འཛེགས་ནས་སྟེང་དུ་ཕྱིན། །དེ་ལ་ལུང་བསྟན་ཡི་གེ་གཅིག །སྣང་བའི་ཚིག་ལ་འདི་སྐད་གདལ། །བཅུ་གསུམ་སྒྲུབ་པའི་བང་རིམ་ལ། །བྱང་ཆུབ་སྙིང་པོའི་ཕོ་བྲང་གདའ། །ཟེར་བའི་ཡི་གེ་གསལ་བར་མཐོང་། །སྒྲུབ་ཁང་འདི་ལ་བེད་ཆོད་ཅིང་། །མཚམས་སྒྲུབ་འགྲུབ་པའི་ལྟས་སུ་གོ །གནས་ཀྱི་ལུང་བསྟན་བརྡ་ཙམ་མོ།། །།མ་འོངས་གནས་འདི་བྱུང་ཚུལ་ནི། །རྒྱལ་བ་རྒྱ་མཚོའི་ནང་སྒྲུབ་ཀྱིས། །ས་གཞི་གནས་ཁང་གདན་ཁྲི་རྣམས། །བྱིན་རླབས་དམིགས་རིམ་བྱེད་པའི་ཚེ། །རྨི་ལམ་འཁྲུལ་པའི་སྣང་བ་ལ། །མ་འོངས་པ་ན་གནས་འདི་རུ། །གནས་མདོ་བླ་མའི་གདན་ས་ཡིན། །ཟེར་བ་གཅིག་ནི་ཨེ་འོང་ཙམ། །དེ་སྐད་བདག་གིས་སྨྲས་པའི་ཚེ། །རང་བཞིན་སྟོང་པའི་སྒྲ་སྒྲོག་པ། །དེ་ལྟར་འོང་ངོ་གསལ་བར་ཟེར། །བདག་གིས་གནས་ཁང་འདི་ཉིད་ལ། །གསེར་འཕྲུ་མི་


CMR050_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བཙུགས་པ་རྨིས། །མ་འོངས་གནས་ཀྱི་ལུང་བསྟན་ཡིན། །དགོན་གནས་ལུང་བསྟན་བརྡའ་ཙམ་མོ།། །།ཨེ་མ་ཧོ། སྣོད་ལྡན་སློབ་མ་ལུང་བསྟན་ནི། །བླ་མ་ཐུགས་རྗེ་ཆེན་པོ་ལ། །རྩེ་གཅིག་གསོལ་བ་བཏབ་པའི་དུས། །འཁྲུལ་པའི་རྨི་ལམ་རྫུན་སྣང་ལ། །རེ་མགོ་ཁེབ་པའི་ཡིག་ཆེན་ལ། །ཡིག་འབྲུ་དབང་གི་ཁ་དོག་ཅན། །བདག་གི་སློབ་མའི་ལུང་བསྟན་མཐོང་། །ད་ལྟའི་རྩ་གྲྭ་བཞི་པོ་འདི། །མི་ཐེ་བ་ཡི་འདི་ཕྱོགས་སུ། །ཁྱོད་ལ་སློབ་མ་བླ་མ་བཅུ་གསུམ་འབྱུང་། །ཀཿཐོག་བླ་མ་དང་བཅས་པའི། །ཕྱོགས་རྣམས་ཀུན་ཏུ་ཁྱོད་སློབ་བླ་མ་ནི། །ཉེར་བདུན་ཡང་ན་བཅུ་བདུན་འབྱུང་། །དེ་སྐད་ཟེར་བའི་ཡི་གེ་ཞིག །གསལ་བར་མཐོང་བའི་སྣང་བ་བྱུང་། །སྐལ་ལྡན་སློབ་མའི་ལུང་བསྟན་ཡིན། །རྨི་ལམ་འཁྲུལ་པ་ཤིན་ཏུ་རྫུན། །འོན་ཀྱང་སྤྲོ་བ་འཕེལ་ཕྱིར་བྲིས།། ༈ །།ཨེ་མ་ཧོ། བདག་གི་ཆོས་བརྒྱུད་ལུང་བསྟན་ནི། །ཐུགས་རྗེ་ཆེན་པོ་སྒྲུབ་པའི་དུས། །རྨི་ལམ་འཁྲུལ་པའི་ཉིང་འཁྲུལ་ལ། །མཚུངས་མེད་ཨོ་རྒྱན་རིན་པོ་ཆེ། །སྐུ་ནི་མི་མངོན་ནམ་མཁའི་


CMR050_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །གསུང་ནི་གསལ་དག་སྒྲ་དང་བཅས། །ནད་གདོན་བར་ཆད་མི་འབྱུང་ཞིང་། །མི་རབས་བཅོ་ལྔའི་བར་དུ་ནི། །ཕ་རྗེས་བུ་ཡིས་སླེབས་པ་འོང་། །དེ་སྐད་གསལ་བར་ཚིག་ཏུ་གསུངས། །དེ་ལ་འཁྲུལ་པ་མི་མངའ་ན། །བདག་གི་ཆོས་བརྒྱུད་འཛིན་བྱེད་ཅིང་། །སྤྲང་པོ་བདག་དང་མཉམ་པ་ཡི། །བླ་རབས་བཅོ་ལྔ་འབྱུང་ངམ་སྙམ། །ད་ལྟ་སྨྲས་ན་ཀུན་གྱིས་འཕྱ། །མ་འོངས་ང་ཡི་བརྒྱུད་འཛིན་རྣམས། །ཚིག་འདི་གཅེས་པར་འཛིན་ཡང་སྲིད། །དེ་ཕྱིར་ཡི་གེར་བྲིས་པ་ཡིན།། ༈ །།ཨེ་མ་ཧོ། ཆོས་བརྒྱུད་འཁོར་སློབ་བྱུང་ཚུལ་ནི། །གྲ་ཡི་ཚུལ་དུ་འདི་ལྟར་མཐོང་། །མགོན་པོའི་བསྙེན་པ་བྱེད་པའི་དུས། །གཏི་མུག་འཁྲུལ་པའི་རྨི་ལམ་ན། །རྡོར་དྲིལ་སུམ་བརྒྱ་ལྷག་ཙམ་ཞིག །ཐམས་ཅད་བསྒྲིགས་ནི་འདུག་པ་ལ། །གཅིག་ནི་རང་གིས་དཀྲོལ་བྱས་ཤིང་། །རྡོར་དྲིལ་དེ་ཡི་མགོ་གྲངས་ནི། །གྲྭ་པ་མང་པོ་ཡོད་སྙམ་ཞིང་། །རྡོར་དྲིལ་འདི་དག་ཐམས་ཅད་ནི། །ངེད་ཚང་དཔོན་སློབ་མགོ་གྲངས་ཡིན། །སྨྲས་ཤིང་དགའ་དགའ་བྱས་པ་རྨིས། །བདག་ལ་དེ་ལྟར་འོང་བ་དཀའ། །བླ་རབས་བཅོ་ལྔའི་བར་


CMR050_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི །གྲོ་བའི་གྲངས་ཁ་ཡིན་ནམ་སྙམ། །འཁྲུལ་པའི་རྨི་ལམ་བདེན་ཆ་མེད། །བདེན་ཞེན་རློམ་སེམས་མ་མཆིས་ཀྱང་། །ཉམས་མཚར་སྤྲོ་བ་སྐྱེད་ཕྱིར་བྲིས། །ཐོག་ཏུ་ཕོག་རུང་མ་ཕོག་རུང་། །རྨི་ལམ་རྨིས་རབས་ཡིན་པའི་ཕྱིར། །བདག་ལ་རྫུན་གྱི་ཉེས་པ་མེད། །ཨ་རཱ་གས་སྨྲས་དོན་ཡོད་པར་གྲུབ་པའོ། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསུང་མགུར་ལོ་རྒྱུས་འདྲ།next