Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  expand section
   
   
   
   
   
   
གསུང་མགུར་སྐོར། ན་མོ་གུ་ར་ཝེ། སྐྱབས་གནས་ཕྱོགས་བཅུའི་རྒྱལ་བ་སོགས།
   
   
   
   


 
previousགསུང་མགུར་སྐོར། ན་མོ་གུ་ར་ཝེ། སྐྱབས་གནས་ཕྱོགས་བཅུའི་རྒྱལ་བ་སོགས།next

གསུང་མགུར་སྐོར། ན་མོ་གུ་ར་ཝེ། སྐྱབས་གནས་ཕྱོགས་བཅུའི་རྒྱལ་བ་སོགས།


CMR050_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། སྐྱབས་གནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མང་ལགས་ཀྱང་། །རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་རང་ཡིན་པར་འདུག་གོ །དམ་ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་མང་ཡང་། །དམ་ཆོས་ཀུན་འདུས་ཡི་གེ་དྲུག་པ་རང་ཡིན་པར་འདུག་གོ །ཚོགས་བསགས་སྒྲིབ་བྱང་བྱ་ཐབས་བརྒྱད་སྟོང་ཁྲི་འབུམ་ཡོད་ཀྱང་། །སྟབས་བདེ་ཕན་ཡོན་ཆེ་བ་ནི་ཕྱག་དང་བསྐོར་བ་རང་ཡིན་པར་འདུག་གོ །གདམས་ངག་ཟབ་མོ་ཁུངས་བཙུན་སྐར་ཚོགས་དང་འདྲ་ཡང་། །མོས་གུས་གསོལ་བ་འདེབས་པ་ནི་ཟབ་ཆོས་གཏིང་པོ་རུ་འདུག་གོ །ཕྱག་རྒྱ་ཆེན་པོ་ལ་བཤད་ཆོས་བརྒྱ་ཕྲག་བས་མང་བར་གདའ་སྟེ། །དོན་རྩ་རང་གི་སེམས་ཉིད་རིག་རིག་ཏུར་ཏུར་པོ་འདི་ཡིན་པར་འདུག་གོ །ཉམས་ལེན་སྐྱོང་ཚུལ་ལོ་ཡག་གི་སྙེ་མ་འདྲ་སྟེ། །མ་ཡེངས་རང་ངོ་རྒྱུན་དུ་སྐྱོངས་བ་ཉམས་ལེན་གྱི་དངོས་པོ་འདི་རང་ཡིན་པར་འདུག་གོ །གནས་པ་གནས་པ་ཟེར་ཡང་མི་དྲན་ཀྱི་ལེ་གནས་པ་འདི་ཡིན་པར་འདུག་གོ །འགྱུ་བ་འགྱུ་བ་ཟེར་ཡང་མི་དྲན་དགུ་དྲན་མི་འཕྲོ་དགུ་འཕྲོ་འདི་ཡིན་པར་འདུག་གོ །མ་རིག་མ་རིག་ཟེར་ཡང་རང་སེམས་


CMR050_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མ་རིག་པ་འདི་ཡིན་པར་འདུག་གོ །སེམས་ངོ་མ་མཐོང་མ་མཐོང་ཟེར་ཡང་སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པ་འདི་ཡིན་པར་འདུག་གོ །སྒོམ་ཆེན་སྒོམ་ཆེན་ཟེར་ཡང་འདི་སྒོམ་གྱི་དམིགས་གཏད་མེད་པ་འདི་ཡིན་པར་འདུག་གོ །ལྟ་བ་ལྟ་བ་ཟེར་ཡང་རང་སེམས་རང་གི་ལྟ་བ་འདི་ཡིན་པར་འདུག་གོ །སྤྱོད་པ་སྤྱོད་པ་ཟེར་ཡང་དགེ་སྒྲུབ་སྡིག་སྤང་བརྩོན་པ་འདི་ཡིན་པར་འདུག་གོ །འབྲས་བུ་འབྲས་བུ་ཟེར་ཡང་རང་སེམས་ལ་གཏན་པ་ཐོབ་ནས་སངས་རྒྱས་པ་འདི་ཡིན་པར་འདུག་གོ །དེ་སྐད་ཀརྨ་ཨ་རཱ་གས་སྨྲས་པ་ལྕི་རྒྱ།། ༈ །ན་མོ་གུ་རུ། དལ་འབྱོར་མི་ལུས་ཐོབ་པར། །ན་སྨོན་སྡུག་སྐད་མ་འདོན། །ནམ་འཆི་ངེས་པ་མེད་པས། །འགྱོད་མེད་དགེ་ལ་བརྩོན་ཅིག །ཕྱི་མ་མི་ལུས་ཐོབ་ཕྱིར། །ཉ་སྡོམ་བསྙེན་གནས་སྲུངས་ཤིག །བོད་ཀྱི་ལྷ་སྐལ་ཡིན་པས། །ཡིག་དྲུག་རྒྱུན་དུ་ཐོན་ཅིག །བསྒོམ་གྱི་རྩ་བ་ཡིན་པས། །སེམས་ཀྱིས་སེམས་ལ་ལྟོས་ཤིག །མཐོང་རྒྱུ་ཅི་ཡང་མེད་ན། །དེ་ཡི་ངང་ལ་ཞོག་ཅིག །མི་དྲན་དགུ་དྲན་འཚུབས་ན། །དྲན་པའི་ངོ་བོར་ལྟོས་ཤིག །བལྟས་པས་དྲན་པ་ཡལ་ན། །དེ་ཡི་ངང་


CMR050_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོག་ཅིག །བཞག་པས་མི་འདུག་རྒྱུག་ན། །གར་འགྲོ་ལྟོས་ལ་ཐོངས་ཤིག །ནམ་ཞིག་འཆི་བའི་དུས་དེར། །ཕྱི་དབུགས་ཆད་པའི་མཚམས་ནས། །གསལ་སྟོང་ཚུར་ལ་འཆར་བ། །དེ་དུས་ངོས་བཟུང་གྱིས་ཤིག །དུས་དང་རྣམ་པ་ཀུན་ཏུ། །སྐྱེ་སླ་ཕན་ཡོན་ཆེ་བའི། །བདེ་བ་ཅན་དུ་སྐྱེ་བར། །རྒྱུན་དུ་སྨོན་ལམ་ཐོབ་ཅིག །ཅེས་དྲག་མགོན་གྱིས་བསྐུལ་ངོར། རཱ་ག་ཨ་སྱས་ཚེས་བཅུའི་སྔ་དྲོ་བྲིས་པའོ།། ༈ །།ན་མོ་པདྨ་ཀ་ར་ཡེ། ཕ་པདྨ་འབྱུང་གནས་ཞབས་ལ་འདུད། །ཕ་ཁྱེད་ཀྱི་གསུངས་ལ་བློ་གཏད་ནས། །སྤྱང་རྩེ་གཅིག་བསྒྲུབས་པ་བྱས་པ་ལ། །ད་བསམ་ཞིང་བློ་སེམས་བདེ་བར་བྱུང་། །ཡུལ་རྒྱ་ནག་ལོངས་སྤྱོད་གནས་པ་དེར། །རྗེ་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་དེས། །ས་འཛམ་གླིང་ཕྱེད་ཀྱི་བདག་པོ་བྱས། །དུས་དེང་སང་མཐའ་མིས་ཕུད་ཅེས་ཐོས། །དེ་བསམ་ཞིང་རྣལ་འབྱོར་སྐྱོ་བ་སྐྱེས། །སྟོབས་མངའ་ཐང་ལ་སྙིང་པོ་མི་འདུག་པས། །རང་སྒྲུབ་པ་བྱས་པ་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །འཇང་ས་ཐམ་རྒྱལ་པོའི་ཕོ་བྲང་ན། །དངུལ་རིན་ཆེན་དག་ལ་བོང་བ་བདུན། །དེ་མཐའ་མི་


CMR050_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་འཕྲོག་གོ་ཞེས། །དེ་བསམ་ཞིང་སྐྱོ་བ་སྙིང་ནས་སྐྱེས། །ནོར་ལོངས་སྤྱོད་ལ་སྙིང་པོ་མི་འདུག་པས། །རང་སྒྲུབ་པ་བྱས་པ་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །རྗེ་མཁས་གྲུབ་ལུང་རིགས་ཉི་མ་དེ། །གནུབ་སངས་རྒྱས་ཡེ་ཤེས་སྤྲུལ་པར་གྲགས། །ལྷ་ཁྲོ་ཆུ་བསྒྲུབ་པའི་བརྒྱུད་པར་འཁྲུངས། །དཔལ་རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཚེ། །སྐུ་དངོས་སུ་བསྟན་ནས་རོལ་རྩེད་མཛད། །ལྷ་འཇམ་དཔལ་དུག་གདོང་ལོ་གསུམ་སྒྲུབ། །ཡུལ་ཚ་བའི་བརྟན་མས་དམ་བཅའ་ཕུལ། །ཁོང་དེ་འདྲའི་ནུས་ལྡན་རྣལ་འབྱོར་ལ། །གཞན་ཕལ་པས་མཐུ་སྡིག་བྱས་ཞེས་ཐོས། །ད་ཞིང་ཁམས་གཤེགས་པས་བདེན་བདེན་འདྲ། །འདི་བསམ་ཞིང་སྐྱོ་བ་སྙིང་ནས་སྐྱེས། །ཚེ་མི་རྟག་འཆི་བ་མ་དྲན་ན། །ཆོས་བྱས་པས་ཚེ་ཡི་ཆེ་ཐབས་རེད། །རང་འཆི་བ་དྲན་པ་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རམ་རྟོགས་ལྡན་པ། །རྒྱུད་མན་ངག་ནང་ལ་བལྟས་ན་ཡང་། །ཆོས་ཟབ་ལམ་གཏུམ་མོའི་གདམས་ངག་དང་། །ཆོས་གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཉིས། །ཆོས་འདི་ལས་ཟབ་པ་མི་འདུག་པས། །རང་ཉམས་ལེན་མ་ནོར་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རམ་


CMR050_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལྡན་པ། །བུ་བརྩོན་འགྲུས་བསྐྱེད་དེ་བལ་པོ་བ། །ཁ་བྱིང་བ་སེང་བླའི་དབྱངས་ཆུང་འདི། །སེམས་སྐྱོ་ཤས་སྐྱེས་ནས་བུ་ལ་སྤྲིང་། །ཞེས་རཱ་ག་ཨ་སྱས་སྨྲས་པའོ། །ན་མོ་གུ་རུ་ཤིནྟཾ་ཀྲོ་དྷ་ཡེ། དཔོན་དད་ལྡན་ཀརྨ་ཚེ་བརྟན་པས། །ཆོས་ཉིད་བར་དོ་དྲུག་གི་ངོ་སྤྲོད་ལ། །སྔོན་དེ་ལས་མང་ཙམ་དགོས་གསུངས་པས། །དུས་ད་ལྟ་ངེད་རང་ཡོན་མཆོད་རྣམས། །དུས་སྐྱེ་གནས་བར་དོའི་གནས་སྐབས་ཡིན། །ད་འདི་ལ་ངོ་སྤྲོད་ཅུང་ཙམ་ཞུ། །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །སྔོན་ཚེ་རབས་མང་པོའི་ཕ་མ་ཡིན། །དེ་མ་ཤེས་དགྲ་དང་སྡང་སེམས་ཚེ། །བྱ་རི་དྭགས་གཡུང་དྭགས་ཟས་ཕྱིར་གསོད། །འདི་བར་དོའི་འཁྲུལ་སྣང་ཆེ་ཤོས་ཡིན། །བྱམས་སྙིང་རྗེ་སྒོམས་ཤིག་རིགས་ཀྱི་བུ། །རང་གཅིག་པུར་འགྲོ་བ་མ་ཤེས་ནས། །གཉེན་བུ་ཚ་གྲོགས་ལ་གདུང་སེམས་ཆེ། །དེ་མི་རྟག་དབང་མེད་སོ་སོར་འགྲོ། །གྲོགས་སེམས་མཐུན་གཅིག་ཀྱང་ཁྲིད་དབང་མེད། །སེམས་སྐྱོ་བ་སྐྱེད་ཅིག་རིགས་ཀྱི་བུ། །ནོར་མི་རྟག་སྒྱུ་མར་མ་ཤེས་ན། །ནོར་ཆོག་ཤེས་མེད་པ་སེར་སྣས་བཅིངས། །མི་གཞན་གྱི་ནོར་


CMR050_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྐུ་འཕྲོག་བྱེད། །རང་ཤི་ཚེ་ལག་པ་སྟོང་པར་འགྲོ། །ཁབ་སྐུད་པ་ཙམ་ཡང་འཁྱེར་དབང་མེད། །ད་དགོས་མེད་བསྒོམ་ཞིག་རིགས་ཀྱི་བུ། །ཚེ་འཁོར་བ་ཐོག་མ་མེད་པ་ནས། །གནས་ངན་སོང་བཙོན་རར་འཕེན་པའི་དགྲ། །ལས་མི་དགེ་སྡིག་ལ་མི་འཚེར་པ། །འདི་བར་དོའི་འཁྲུལ་སྣང་ཆེ་ཤོས་ཡིན། །དགྲ་ཐུབ་ཅེས་སྡིག་པའི་ལས་ཡིན་པས། །དགྲ་འདི་ལ་དགྲ་ལེན་བཤགས་སྦྱོང་མཛོད། །ཚེ་འདི་དང་ཕྱི་མ་བར་དོ་ལ། །རང་བདེ་སྐྱིད་སྦྱིན་པའི་གཉེན་བཤེས་དེ། །ལས་དགེ་བཅུ་ཁོ་ནར་ཡིན་ངེས་པས། །གཉེན་འདི་ལ་འཚོ་སྐྱོངས་གང་དྲག་མཛོད། །ལར་འཁོར་བ་མཐའ་མེད་འཁྱམས་པ་འདི། །ཕྱི་དགྲ་བགེགས་སུ་ཡང་མ་ལེན་ཏེ། །ནང་རང་སེམས་འཁྲུལ་པ་གཅིག་པུའི་ལེན། །སེམས་རྩ་བ་ཆོད་ཅིག་རིགས་ཀྱི་བུ། །དོན་རང་སེམས་རང་གིས་མ་རྟོགས་ན། །བཀའ་མདོ་རྒྱུད་ཤེས་ཀྱང་ཁ་བཤད་ཙམ། །དོན་རང་སེམས་ལྟོས་ཤིག་རིགས་ཀྱི་བུ། །སེམས་བལྟས་པས་གཟུགས་དང་ཁ་དོག་མེད། །དེ་སྟོང་ཉིད་ཡིན་ནོ་རིགས་ཀྱི་བུ། །དེ་སྟོང་ལྟ་ཧད་པོ་མ་ཡིན་ཏེ། །སེམས་རང་རིག་རང་གསལ་ས་ལེ་བ། །དེ་འོད་གསལ་


CMR050_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་རིགས་ཀྱི་བུ། །སེམས་ཡོད་མེད་གང་དུ་མ་གྲུབ་པ། །དེ་དབུ་མ་ཡིན་ནོ་རིགས་ཀྱི་བུ། །དེ་ཤེས་ན་ཤེས་བྱ་ཀུན་གྱི་རབ། །དོན་ཤེར་ཕྱིན་ཡིན་ནོ་རིགས་ཀྱི་བུ། །སེམས་བཅོས་བསླད་མེད་པར་རང་ངོ་ལྟ། །དེ་ཕྱག་ཆེན་ཡིན་ནོ་རིགས་ཀྱི་བུ། །དོན་དེ་ལ་མ་རྫོགས་གཅིག་ཀྱང་མེད། །ཆོས་རྫོགས་ཆེན་ཡིན་ནོ་རིགས་ཀྱི་བུ། །དེ་སྐྱོང་ན་འཁོར་བའི་སྡུག་བསྔལ་ཞི། །ཆོས་ཞི་བྱེད་ཡིན་ནོ་རིགས་ཀྱི་བུ། །སེམས་རྣམ་རྟོག་གང་ཤར་ཐད་ཀར་གཅོད། །ཆོས་གཅོད་ཡུལ་ཡིན་ནོ་རིགས་ཀྱི་བུ། །སེམས་དགའ་སྡུག་གང་ཤར་ངོ་བོར་ལྟ། །དེ་རོ་སྙོམས་ཡིན་ནོ་རིགས་ཀྱི་བུ། །སེམས་ཀྱི་ལེ་གནས་པ་ཞི་གནས་ཏེ། །དེ་སྟོང་པར་རྟོགས་ན་ལྷག་མཐོང་སྟེ། །དེ་ཟུང་འཇུག་ཡིན་ན་རིགས་ཀྱི་བུ། །ཕྱི་སྣང་བ་སྣ་ཚོགས་སྣོད་བཅུད་འདི། །ནང་རང་སེམས་ཀྱི་འོད་ཟེར་ཕྱི་ལ་འཆར། །དོན་རང་སེམས་ཡིན་ནོ་རིགས་ཀྱི་བུ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །དོན་ཉམས་ལེན་ཡིན་ནོ་རིགས་ཀྱི་བུ། །དུས་ད་རེས་དབང་ཆོས་གསན་པ་སོགས། །ཁྱེད་དུས་གསུམ་དགེ་བ་ཅི་བསགས་མཐུས། །དཔོན་ཀརྨ་ཚེ་བརྟན་ཚེ་རིང་


CMR050_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །དཔལ་འབྱོར་པ་མངའ་ཐང་འཕེལ་ཞིང་རྒྱས། །ལམ་བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ལྷ་རིག་འཛིན་གོ་འཕང་མྱུར་ཐོབ་ཤོག །ཨ་རཱ་གས་སོ།། ༈ །།ན་མོ་གུ་རུ་མཉྫའི་ཡེ། ཤེས་བྱའི་མཁའ་ལ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །རྒྱལ་བའི་བསྟན་པ་རབ་ཏུ་གསལ་མཛད་ཅིང་། །འགྲོ་བའི་མ་རིག་མུན་པ་སེལ་མཛད་པ། །འཇམ་དབྱངས་བླ་མ་ཆོས་ཀྱི་དབང་ཕྱུག་བདག་ལ་དགོངས། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །འཁོར་གསུམ་དག་པའི་སྦྱིན་པ་བཏང་འདོད་ཀྱང་། །བཀྲེས་པའི་རིགས་གྱུར་སེར་སྣའི་མདུད་པས་བསྡམས། །སེར་སྣའི་མདུད་པ་གྲོལ་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །ཉེས་ལྟུང་བྲལ་བའི་ཚུལ་ཁྲིམས་བསྲུང་འདོད་ཀྱང་། །ཉོན་མོངས་མི་ཤེས་བྱིས་པའི་དབང་དུ་སོང་། །གཉེན་པོ་མཐུ་དཔུང་བསྐྱེད་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །ཁོང་ཁྲོ་བྲལ་བའི་བཟོད་པ་བསྒོམ་འདོད་ཀྱང་། །དུས་སྤྱོད་ངན་དང་རང་རྒྱུད་རྩུབ་པ་གདའ། །བཟོད་པའི་གོ་


CMR050_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་རྩོལ་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །ལེ་ལོ་བྲལ་བའི་བརྩོན་འགྲུས་བརྩམ་འདོད་ཀྱང་། །གཉིད་དང་ལོང་གཏམ་སྙོམས་ལས་སྒྲོགས་སུ་ཚུད། །བརྩོན་འགྲུས་རྟ་མཆོག་སྩོལ་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །ཞི་ལྷག་ཟུང་དུ་འབྲེལ་བ་སྒོམ་འདོད་ཀྱང་། །ཆོས་དང་ཆོས་མིན་བྱ་བས་རྣམ་པར་གཡེང་། །བདེ་སྟོང་ཏིང་འཛིན་སྩོལ་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །རྒྱལ་བའི་གསུང་རབ་རྒྱ་མཚོ་སྦྱང་འདོད་ཀྱང་། །མི་ཤེས་གཏི་མུག་མུན་པའི་ནང་དུ་བྱིངས། །ཤེས་རབ་ཉི་འོད་སྩོལ་ཅིག་ཆོས་ཀྱི་དབང་། །སྐྱེས་ཆེན་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་བློའི་མི་ཤེས་གཏི་མུག་རབ་བསལ་ནས། །བཀའ་དང་བསྟན་བཅོས་ཇི་བཞིན་རྟོགས་པ་ཡི། །བློ་གྲོས་ཤེས་རབ་མྱུར་དུ་བསྩལ་དུ་གསོལ།། །།ན་མོ་གུ་རུ་སརྦ་ཡེ། རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཕྱི་འཇིག་རྟེན་རྒྱ་ཆེ་རྔམས་འཐུག་པ། །འདི་མི་རྟག་མེ་ཆུས་འཇིག་ཐོས་ནས། །ལུས་


CMR050_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་གང་ཙམ་འདི་ག་ལ་རྟག །ནང་བཅུད་ཀྱི་སེམས་ཅན་མ་ལུས་པ། །དེ་གཅིག་ཀྱང་མི་འཆི་མི་སྲིད་ན། །བདག་གཅིག་པུ་ཅི་ལ་ཚེ་ཐར་ལུས། །སྔར་སྲིད་པ་ཆགས་ནས་ད་ལྟའི་བར། །མི་མ་ཤི་ལུས་པ་གཅིག་མི་གདའ། །རང་འཆི་བ་མ་དྲན་ཅི་ཡིན་ཨང་། །སྔོན་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྐུ། །དེ་མི་རྟག་འདས་ཚུལ་བསྟན་དགོས་ན། །ལུས་མི་གཙང་རྐྱལ་པ་ག་ལ་རྟག །སྔོན་ཉན་རང་དགྲ་བཅོམ་རྫུ་འཕྲུལ་ཅན། །དེ་ཐམས་ཅད་མྱ་ངན་འདས་ཐོས་ན། །རང་འཁོར་བའི་སེམས་ཅན་སྨོས་ཅི་དགོས། །སྔོན་དྲང་སྲོང་མངོན་ཤེས་རྫུ་འཕྲུལ་ཅན། །དེ་རྣམས་ཀྱང་འབྲོས་ས་མ་རྙེད་འདས། །ད་མི་འཆི་ས་རུ་འགྲོ་ས་མེད། །དུས་ནམ་ཟླ་མི་སྡོད་འགྱུར་ཞིང་འགྲོ། །ལོ་ཟླ་བ་མི་སྡོད་ཡད་ཡུད་ཟད། །རང་འཆི་དང་ཉེ་བར་མ་ཚོར་རམ། །ཚེ་ཡད་ཡུད་ཟད་པ་མི་ཤེས་པར། །དུས་ནམ་ཟླ་སླ་ཞིང་འོང་ན་དགའ་སྙམ་བྱེད། །ཨ་བསམ་ཆུང་སྙིང་མེད་སྙིང་རེ་རྗེ། །དཔེ་བཤའ་ལུག་ཤན་པས་བཟུང་བ་བཞིན། །ཁོ་འཆི་བདག་ལས་ཀྱི་ཤན་པ་དེས། །དུས་ནམ་ཞིག་བཟུང་ངེས་ཨ་ཙ་མ། །སྨན་རིམ་གྲོ་བྱས་ཀྱང་ཕྱིར་ཕྱིར་ཐུ། །ཕན་རེ་བའི་སྨན་


CMR050_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཝ་བྲོས་བྱེད། །ཐབས་སྡུག་པའི་དུས་ཤིག་ནམ་འོང་ན། །ནད་འདུ་བ་རྣམ་བཞི་ཁོང་ནས་འཁྲུགས། །གདོན་དྲི་ཟ་རྣམས་ཀྱིས་འཇབ་བུ་སྟོན། །ཐབས་སྡུག་པའི་དུས་ཤིག་ནམ་འོང་ན། །ཡར་མཆོད་གནས་ལྷ་ཡི་བསྲུང་སྐྱབས་ཡལ། །མར་བཀར་བའི་འདྲེ་གདོན་ཡར་ལ་བསྡོང་། །སེམས་མྱོས་ཤིང་འཁྲུགས་པ་ཅིག་ནམ་འོང་ན། །སྡུག་སྡིག་པས་བསྒྲུབས་པའི་ཟས་དང་ནོར། །སེམས་ཆགས་ཀྱང་ཡུད་ཙམ་ཁྱེར་དབང་མེད། །རང་ལག་སྟོང་འགྲོ་དུས་ཤིག་ནམ་ཡོང་ན། །གོས་དྲོ་འཇམ་བཀོན་ཀྱང་ཨ་རི་བས་ལྗི། །ཟས་ཁ་ལ་འགྲོ་བ་ཆུ་ཐིགས་ཤིག །གཏམ་ཁ་ཆེམ་འཇོག་དུས་ཤིག་ནམ་འོང་ན། །ཕྱི་སྒྱུ་ལུས་བཟོད་མེད་ན་ཚས་མནར། །ནང་རྣམ་ཤེས་འཁྲུལ་སྣང་འཇིགས་སྐྲག་ཆེ། །གནམ་རྡིབ་པ་འདྲ་ཅིག་ནམ་འོང་ན། ལུས་གཅེས་ཤིང་འཕང་བ་ཐག་པས་སྒྲོག །གོས་དྲོ་འཇམ་བྲག་ཕུག་སྟོང་པ་དོར། །མལ་ཕྱགས་མས་ཕྱགས་དུས་ཅིག་ནམ་འོང་ན། །ལུས་མེར་སྲེག་ཐལ་བ་རླུང་གིས་ཁྱེར། །དེ་ཡང་ན་བྱ་ཁྱི་གཅན་གྱིས་ཟོས། །གཏན་ཡུལ་མེད་རེད་དུས་གཅིག་ནམ་འོང་ན། །གཉེན་བྱམས་པས་མིག་ནས་མཆི་མ་


CMR050_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན། །སྡང་དགྲ་བོ་ཡི་བློ་བདེ་ཁོག་བགད་ཤོར། །མིང་ཙམ་ལས་མེད་པ་ཞིག་ནམ་འོང་ན། །ལས་དེ་འདྲ་ཞིག་ངེས་པར་འོང་རྒྱུ་རེད། །འཆི་གྲབ་ཀྱིས་ཤོག་ཅིག་མི་བྱེད་པར། །སྡོད་ཆེས་རང་བྱེད་པ་ཨ་ཙ་མ། །དེ་མི་འཆི་ཁྲིག་ཆ་མི་གདའ་བ། །གློ་བུར་དུ་ཐོག་ལྟར་བརྒྱབ་པ་ལ། །ལོང་ཡོད་རང་བསམ་ན་ཨ་ཙ་མ། །དམ་པའི་ཆོས་ཤིག་མ་གཏོགས་པ། །དེ་དུས་སུ་ཕན་པ་མི་གདའ་བས། །སྙིང་ནས་ལྷ་ཆོས་མཛོད་ཅིག་མ་རྒན་རྣམས། །སྒྱུ་ལུས་འདི་ངེས་པར་འགྱུར་དགོས་པས། །དུས་འདི་ད་རེས་སྙིང་པོ་ལོངས། །གཏན་གྱི་སོ་ནམས་ད་རེས་རེམ། །མི་རྟག་འཆི་བ་སྙིང་གཟེར་གླུ། །དགེ་སྦྱོར་ལྕགས་འདེབས་རཱ་ག་ཨ་སྱས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསུང་མགུར་སྐོར། ན་མོ་གུ་ར་ཝེ། སྐྱབས་གནས་ཕྱོགས་བཅུའི་རྒྱལ་བ་སོགས།next