Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  expand section
   
   
   
   
   
   
   
   
གྲག་ལུ་ལ་གདམས་པའི་མགུར་མ།
   
   


 
previousགྲག་ལུ་ལ་གདམས་པའི་མགུར་མ།next

གྲག་ལུ་ལ་གདམས་པའི་མགུར་མ།


CMR050_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གྲག་ལུ་ལ་གདམས་པའི་མགུར་མ་བཞུགས་སོ།


CMR050_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། དཔལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །མི་བདག་ལ་འབྲེལ་བའི་འགྲོ་བ་རྣམས། །སྐྱབས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །ཁྱོད་རིག་པ་ཅན་གྱི་གྲག་ལུ་ཡིས། །བདག་སྒྲུབ་པ་བྱེད་པའི་བྱ་བྲལ་ལ། །ཆོས་དམར་ཁྲིད་གྱི་དཔེ་ཆ་བྱིན་པ་དེ། །དེ་སྨོན་ལམ་བཟང་པོས་འབྲེལ་པ་ཡིན། །ད་བཟང་ལེན་དུ་གདམས་ངག་ཚིག་གསུམ་བཤད། །བུ་གྲག་ལུ་མ་ཡེངས་ལྷན་ནེར་ཉོན། །ལུས་དལ་འབྱོར་མི་ལུས་རིན་ཆེན་འདི། །དུས་ད་རེས་མ་གཏོགས་རྙེད་པར་དཀའ། །འདི་དོན་མེད་དུ་ཆུད་ཟོས་མ་བྱེད་ལ། །བུ་


CMR050_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གྲག་ལུ་ཉ་མཚམས་ལ་གདན་གཅིག་སྲུངས། །མི་རྒས་ནས་འཆི་བ་རེ་རེ་ཙམ། །རང་ན་མཉམ་མང་པོ་འཆི་ལུགས་ལྟོས། །རང་མི་འཆིའི་གདེང་ཚོད་ཅི་ཡོད་སོམས། །བུ་གྲག་ལུ་བློ་ཕུགས་ཆོས་ལ་གཏོད། །གཉེན་བཟའ་ཚོའི་དོན་དུ་སྡིག་བྱས་ཀྱང་། །སྡིག་སྤྱི་པས་མི་ཁུར་རང་ལ་སྨིན། །གཉེན་བཟའ་ཚང་ཚོང་དུས་མགྲོན་པོ་འདྲ། །བུ་གྲག་ལུ་རང་མགོ་རང་གིས་ཐོན། །དུས་ད་ལྟ་སྲོག་ཆགས་གཅིག་བསད་ན། །ལན་དགུ་བརྒྱ་གོ་དགུར་ཚུར་ལ་གསོད། །ལས་རྣམ་སྨིན་དམྱལ་བར་ལོ་སྟོང་ཚོ། །དེ་བསམ་གཞིག་ཐོངས་ལ་སྲོག་གཅོད་སྤོངས། །


CMR050_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རི་དྭགས་ཆ་མ་ཆོ་དགུ་འདི། །བཙན་ཡུལ་ལྷ་རྣམས་ཀྱི་སྒོ་ནོར་ཡིན། །འདི་བསད་ན་ནམ་ཞིག་ལྷ་འདྲེས་གནོད། །དོན་དེ་ལ་སེམས་ནས་བག་ཟོན་མཛོད། །རྔོན་རི་དྭགས་མི་ཚེ་ཕུད་ན་ཡང་། །མཐར་ཇེ་ལྟོགས་ཤ་ལྤགས་འཕྲལ་ལ་ཟད། །སྡིག་རི་རབ་ཙམ་དེ་རང་ལ་ལུས། །བུ་སྤྱང་པོ་ཡིན་ན་རང་མགོ་ཐོན། །གནས་ངན་སོང་གསུམ་གྱི་སྡུག་བསྔལ་དེ། །ཚིག་རྣ་བས་ཐོས་ཀྱང་གློ་སྙིང་འདར། །དེ་རང་ཐོག་ཏུ་བྱུང་ན་ཇི་ལྟར་བྱེད། །བུ་བསམ་ཡོད་ཡིན་ན་སྡིག་ལ་འཛེམ། །དགྲ་མི་ཤ་རྟ་སྟོང་བརྒྱ་ཆགས་ཀྱང་། །ལུས་བཙོ་བསྲེགས་ཞག་པོ་གསུམ་མི་བྱེད། །སྡིག་ཆུང་ཆུང་རེས་ཀྱང་ལོ་སྟོང་ཚོ། །བུ་དོགས་ཟོན་མཛད་ན་སྡིག་ལ་འཛེམ། །བྱ་རི་དྭགས་ལ་སོགས་སྲོག་ཆགས་ཀུན། །སྔོན་སྐྱེ་བ་མང་པོའི་ཕ་མ་ཡིན། །དོན་ཕ་མ་བསད་དང་ཁྱད་པར་མེད། །བུ་ཁྲེལ་ཡོད་ཡིན་ན་རྨེ་མ་བྱེད། །ཟས་འབྲེ་ཞིང་ཞིམ་པའི་ཤ་ཁྲག་འདི། །རྒྱུ་མི་གཙང་ཁུ་ཆུ་མངལ་ཁྲག་ཡིན། །འདི་ཟོས་ན་གྲིབ་ཆེ་ལྷ་མི་མཉེས། །བུ་ངོ་ཚ་ཡོད་ན་ཤ་མ་ཟ། །དགྲ་ཇག་རྐུན་ཇི་ལྟར་མགོ་རྒོད་ཀྱང་། །ཚེ་གཞན་གྱི་ཟས་ནོར་འཕྲོག་མི་ཐུབ། །རྐུན་ལན་གཅིག་


CMR050_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་སྐྱེ་བ་སྟོང་། །རང་དབུལ་ཕོངས་འགྱུར་བས་བསམ་བློ་ཐོངས། །རྒྱུ་ཁབ་སྐུད་ཙམ་ཞིག་བརྐུས་པས་ཀྱང་། །ལོ་ལྔ་བརྒྱར་ཡི་དྭགས་ལུས་ལེན་ཏེ། །ཆུ་ཐིགས་གཅིག་རྣ་བས་ཐོས་པ་མེད། །དེ་སོམ་ལ་སོར་བཅུ་བྲང་ལ་ཁོབ། །གནས་འཁོར་བའི་འཇིགས་པ་ཆེན་པོ་འདི། །གཞན་སུས་ཀྱང་སྐྱོབ་པར་མི་གདའ་བས། །སྐྱོབ་ངེས་པའི་དཀོན་མཆོག་གསུམ་པོ་ལ། །བུ་ནངས་ནུབ་རྒྱུན་དུ་སྐྱབས་འགྲོ་གྱིས། །མ་འགྲོ་དྲུག་ཕ་མ་དྲིན་ཆེན་ཡིན། །ཆོས་གཞན་དོན་དུ་བསྔོས་ན་འགྱུར་ཆེ་བས། །བུ་ཆོས་འདོན་དང་ཆོས་སྤྱོད་སྤྱི་བཏོན་པ། །འདི་ཐམས་ཅད་འགྲོ་བའི་དོན་དུ་བསྔོས། །ལས་དགེ་བ་ཅུང་ཟད་རེ་རེས་ཀྱང་། །ཚེ་ཕྱི་མ་བདེ་སྐྱིད་དཔག་མེད་འབྱུང་། །བུ་ཞིང་བཟང་ལ་ས་བོན་བཏབ་པ་བཞིན། །བུ་དེ་ཕྱིར་དགེ་བ་ཆུང་ཡང་བསྒྲུབ། །ལས་སྡིག་པ་ཆུང་ཆུང་རེ་རེས་ཀྱང་། །ཚེ་ཕྱི་མར་གནོད་པ་ཆེན་པོ་བྱེད། །དཔེ་བཙན་དུག་ཁོང་ལ་སོང་བ་ལྟ་འདྲ། །བུ་དེ་ཕྱིར་སྡིག་པ་ཆུང་ཡང་འཛེམ། །བུ་ཁྱེད་རང་སྤྱི་གཙུག་ནམ་མཁའ་ལ། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །ཕ་དྲིན་ཆེན་པདྨ་འབྱུང་གནས་དེ། །སྐུ་དཀར་


CMR050_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མདངས་ལྡན་མཚན་དཔེའི་རྫོགས། །ཞལ་ཁྲོ་འཛུམ་སྤྱན་གཉིས་རང་ལ་གཟིགས། །དབུ་པད་ཞྭ་སྒོ་དར་མེ་ལོང་བརྒྱན། །ཕྱག་རྡོ་རྗེ་བྷནྡྲ་ཁ་ཊཾ་བསྣམས། །སྐུ་ཟབ་བེར་ཆོས་གོས་རྣམ་གསུམ་གསོལ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་ལྷམ་མེར་བཞུགས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དེ་ཐམས་ཅད་སྤྱན་དྲངས་གཉིས་མེད་ཐིམ། །སྙིང་རུས་པའི་གཏིང་ནས་གསོལ་བ་ཐོབ། །མཐར་འོད་དུ་ཞུ་ནས་རང་ལ་བསྟིམ། །དེ་ལན་གཅིག་མིན་པར་ཡང་ཡང་བསྒོམ། །སྐབས་སྐབས་སུ་རང་གི་སེམས་ལ་ལྟོས། །སྐབས་སྐབས་སུ་མདོ་འབུམ་གསུང་རབ་ཐོན། །སྐབས་སྐབས་སུ་ཆོས་སྤྱོད་སྨོན་ལམ་ཐོན། །སྐབས་སྐབས་སུ་བཛྲ་གུ་རུ་ཐོན། །སྐབས་སྐབས་སུ་ཨོ་རྒྱན་ལ་གསོལ་བ་ཐོབ། །སྐབས་སྐབས་སུ་རང་སེམས་གར་གདའ་ཚོལ། །སེམས་མ་རྙེད་ན་དེ་གའི་ངང་ལ་ཞོག །དཔེ་རྫི་བོས་ལུས་ཁྱུ་འཚོ་བ་ལྟར། །སེམས་གར་འགྲོ་ཅི་བྱེད་བྱ་ར་ལྟོས། །བཀའ་མདོ་འབུམ་ཉི་ཤུ་ལྔ་དུས་ནས། །ཆོས་ཤེས་རབ་ཕར་ཕྱིན་ཟེར་བ་དེ། །དོན་རང་སེམས་ཡིན་པར་བློ་ཐག་ཆོད། །སེམས་ཤེས་ན་ཤེས་བྱ་ཀུན་གྱི་མཆོག །དོན་དེ་ཕྱིར་


CMR050_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཕར་ཕྱིན་ཟེར། །ངག་ཤེས་རབ་ཕར་ཕྱིན་འདོན་པ་དང་། །སེམས་ཤེས་རབ་ཕར་ཕྱིན་སྒོམ་པ་གཉིས། །དེ་ཟུང་དུ་འཇུག་ན་ཕན་ཡོན་ཆེ། །བཀའ་རྒྱས་འབྲིང་པུ་སྟི་བཅོ་བརྒྱད་པོ། །དོན་རང་སེམས་ཁོ་ནའི་བསྐོར་རྫོགས་ཡིན། །དེ་སྟོན་ན་ཕན་ཡོན་དཔག་མེད་ན། །དེ་བསྒོམས་ན་ཕན་ཡོན་སྨོས་ཅི་དགོས། །བུ་དེ་ཕྱིར་གསུང་རབ་འདོན་པ་དང་། །དོན་ཉམས་ལེན་གཉིས་ཀ་དོ་དམ་མཛོད། །དེ་ཡན་ཆད་ཉམས་མཚར་ཆོས་འབྲེལ་མཛོད། །བུ་གྲག་ལུས་དཔེ་ཆ་ཕུལ་བའི་དགེ །ཞིང་ཕྱོགས་བཅུའི་སངས་རྒྱས་ཀུན་ལ་འབུལ། །དེར་མཆོད་སྤྲིན་རྒྱ་མཚོ་འབྱུང་བར་ཤོག །དེ་མཆོད་པའི་དགེ་བ་འགྲོ་ལ་སྦྱིན། །མ་འགྲོ་དྲུག་ཆོས་ལ་འཁོད་པར་ཤོག །དེ་བཀོད་པའི་དགེ་བས་གྲག་ལུ་ཁྱོད། །ཚེ་བསོད་ནམས་ཟླ་བ་ཡར་ངོ་བཞིན། །དེ་རྒྱུན་ཆད་མེད་པར་འཕེལ་བར་ཤོག །རྐྱེན་ཕྱི་ནང་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་དངོས་སྒྱུ་གྲུབ་ཐོབ་པར་ཤོག །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །དཔེ་སྐྱེན་པོས་མདའ་འཕངས་ཇི་བཞིན་དུ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་དེར། །གདན་མེ་ཏོག་པདྨའི་ཟེའུ་


CMR050_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ལ། །བུ་བརྫུས་སྐྱེས་སྐྱེ་བ་ལེན་པར་ཤོག །རྗེ་བཅོམ་ལྡན་མགོན་པོ་འོད་དཔག་མེད། །དཔལ་སེམས་དཔའ་འཇིག་རྟེན་དབང་ཕྱུག་སོགས། །ཞལ་མཐོང་ནས་དམ་ཆོས་ཐོས་པར་ཤོག །རང་ལག་པའི་མཐིལ་ནས་རྫུ་འཕྲུལ་གྱིས། །རྫས་མཆོད་སྤྲིན་དཔག་མེད་སྤྲུལ་བྱས་ནས། །རྗེ་རྒྱལ་བ་སྲས་བཅས་མཆོད་པར་ཤོག །དེ་མཆོད་པས་བྱང་ཆུབ་ལུང་བསྟན་ནས། །ས་དང་པོ་རབ་དགའ་ཐོབ་པར་ཤོག །རྗེ་སྐྱབས་གསུམ་ལྡན་པའི་བྱིན་རླབས་དང་། །དོན་ཆོས་ཉིད་རྣམ་པར་དག་པ་དང་། །འཕྲལ་རྒྱུ་འབྲས་བསླུ་མེད་རྟེན་འབྲེལ་གྱིས། །མི་བདག་གི་སྨོན་ལམ་འགྲུབ་པར་ཤོག །ཅེས་ཨ་རཱ་གས་འཕྲལ་དུ་ཁྲུམས་ཟླའི་ཉེར་དྲུག་ཉིན་སྨྲས་སོ།། ༈ །།།དཔོན་ཆུང་ཨ་ནུ་རྣམ་རྒྱལ་ལ་གནང་བའི་ཞལ་གདམས་རྒྱུ་འབྲས་ཆོས་ཐུན་བཞུགས་སོ། །ན་མོ་གུ་རུ་རཏྣ་ཡེ། ཕ་དྲིན་ཆེན་རྗེ་ལ་གསོལ་བ་འདེབས། །ཡང་འཆི་བ་དྲན་པར་བྱིན་གྱིས་རློབས། །ཁྱོད་དཔོན་ཆུང་ཨ་ནུ་རྣམ་རྒྱལ་གྱིས། །ད་ཕྱིན་ཆད་འདི་རུ་མི་འབྱོན་པས། །མཐུ་མ་བྱེད་ཟེར་བའི་གསུང་ཕྲིན་འཕྲོད། །ང་མི་རྟག་འཆི་བས་སེམས་སྐྲག་ནས། །ཚེ་འདི་ཡི་བྱ་བ་རྒྱབ་ཏུ་སྒྱུར། །


CMR050_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྒྲུབ་པར་བརྩོན་འགྲུས་ལྕགས་ཀྱིས་བྲབ། །མཐུ་ངན་སྔགས་སྒྲུབ་པ་ངས་མི་ཁོམ། །མི་ང་ལ་དོགས་ཟོན་མི་དགོས་ཏེ། །དགྲ་འཆི་བདག་ནམ་འོང་ཆ་མེད་པས། །ཁྱེད་ངན་སོང་གསུམ་ལ་དོགས་ཟོན་མཛོད། །དུས་ཁར་ཉིན་ཉི་མའི་གུང་ཐུན་ལ། །སྔོན་ཚེ་རབས་མང་པོའི་མ་རྒན་ཞིག །མི་སྡིག་ཅན་གཤིན་རྗེས་དེད་པ་བཞིན། །ཁྱོད་རྔོན་པ་རྣམས་ཀྱིས་འདེད་པ་ཐོས། །ང་བཟོད་མེད་སྙིང་རྗེ་དྲག་པོ་སྐྱེས། །དུང་བུས་ན་ཨེ་བསྒྱུར་དུང་བུས་སྨྲས། །དུང་བུས་ཀྱང་མ་ཕན་བསད་སོང་ཟེར། །ལམ་ཟབ་མོ་འཕོ་བའི་དམིགས་པ་བསྒོམ། །གནས་དག་པའི་ཞིང་དུ་སྨོན་ལམ་བཏབ། །བུ་དཀར་ལུ་ལ་སྡིག་པ་མ་བྱེད་སྨྲས། །ད་ཕྱིན་ཆད་ང་ཡི་མདུན་རྒྱབ་འདིར། །རྔོན་བྱས་ན་གོས་ཧྲུལ་རྡེབ་ཅེས་བསྡིག །རྒྱ་ང་ལ་ཕུལ་ཞེས་ཆ་ཕྲིན་བསྐུར། །དོན་དེ་ཚོ་ཁར་ཉིན་གྱི་ལོ་རྒྱུས་ཡིན། །བུ་མ་ཡེངས་ང་ཡི་ཚིག་འདི་གསོན། །ཁྱེད་ང་དང་ཡོན་མཆོད་ལ་ཀྱི་འབྲེལ་པ་ཟབ། །ད་དེ་ཕྱིར་སྙིང་གཏམ་ཚིག་གསུམ་བཤད། །འདི་མ་བརྗེད་སྙིང་གི་དཀྱིལ་དུ་ཞོག །དོན་ཨེ་བདེན་བསམ་མནོ་ལེགས་པར་ཐོངས། །སྤྱིར་མི་ལུས་ཐོབ་པ་


CMR050_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ད་རེས་ཙམ། །ཚེ་མི་རྟག་ནམ་མཁའི་གློག་དང་འདྲ། །མི་རྒས་ནས་འཆི་བ་རེ་རེ་ཙམ། །རང་མི་འཆིའི་གདེང་ཚད་ཨེ་ཡོད་སོམས། །ཤ་གནའ་སོགས་རི་དྭགས་ཆེ་དགུ་འདི། །བཙན་ཡུལ་ལྷ་རྣམས་ཀྱི་སྒོ་ནོར་ཡིན། །འདི་བསད་ན་ནམ་ཞིག་གོད་ཁ་ལྡང་། །གྱོང་དེ་བས་ཆེ་ཞིག་ཨེ་ཡོད་སོམས། །ཁོང་འབྲོག་པ་ནོར་གྱིས་ཕྱུག་པ་འདི། །སྔོན་སྡིག་པ་བྱས་པས་ཕྱུག་པ་མིན། །ཚེ་སྔོན་གྱི་སྦྱིན་འབྲས་སྨིན་པ་ཡིན། །ཁྱེད་ཕྱུག་པོ་འདོད་ན་སྦྱིན་པ་ཐོངས། །སྤྱིར་རི་དྭགས་སོགས་སྐྱེ་འགྲོ་སྲོག་ཆགས་ཀུན། །ཚེ་སྔོན་གྱི་ཕ་མ་དྲིན་ཆེན་ཡིན། །མ་གསོད་ནས་ཟ་བ་ཡ་རེ་ང་། །ཁྲེལ་དེ་བས་ཆེ་ཞིག་ཨེ་ཡོད་སོམས། །ཤ་ལྤགས་པ་ཚིལ་བུ་རྐང་དང་ཁྲག །དེ་མི་གཙང་མནོལ་གྲིབ་ཀྱི་རྫས་ལས་གྲུབ། །འདི་ངོ་ཚ་མེད་པར་ཟ་བ་འདི། །སྐྱུགས་དེ་བས་ལོག་ཅན་ཨེ་ཡོད་སོམས། །རྔོན་བྱས་པའི་ཤ་དང་མི་རྩིའི་ཇ། །ཉེ་དུ་དང་ཡུལ་མི་ཀུན་གྱིས་ཟ། །ཚེ་ཕྱི་མར་སྡིག་པའི་ཁུར་རོགས་མེད། །ཁྱེད་སྤྱང་པོ་ཞིག་ཡིན་ན་རང་མགོ་ཐོན། །དུས་ད་ལྟ་སེམས་ཅན་གཅིག་བསད་ན། །ལན་དགུ་བརྒྱ་དང་གོ་དགུ་ཚུར་ལ་གསོད། །ཕམ་དེ་བས་ཁུར་ཞིག་མི་


CMR050_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གདའ་ན། །ཁྱེད་མཁས་པ་ཞིག་ཡིན་ན་ཕམ་ཁ་ཁུར། །ནོར་ཕར་ལ་བཙོང་ནས་ཤ་ཁྱི་ཉོ། །རྟ་མི་དང་བཅས་པའི་གྲ་ཤ་གཅོད། །ཚུར་འོང་སྒོ་དོ་ནུབ་ཤ་ལྷུ་གཅིག །ཚགས་དེ་བས་ཆེ་ཞིག་མི་གདའ་ན། །ཤ་པགས་པ་རྩི་ཇ་མུས་ཀྱིས་ཟད། །སྡིག་རི་བས་ལྗིད་དེ་ཇེ་ཆེར་སོགས། །རང་འཆི་རྒས་ལ་ཐུག་དུས་ཁུར་པོ་ཆེ། །ཕུགས་དེ་བས་ཞེན་ཞིག་མི་གདའ་ན། །རྔོན་བྱས་པས་ཞག་གཉིས་ལྟོ་བ་བརྒྱག །ཚེ་ཕྱི་མར་ལོ་གྲངས་བྱེ་བ་བརྒྱར། །ལུས་གསེ་གཏུབ་བཙོ་བསྲེགས་རྒྱུན་ཆད་མེད། །།བློ་དེ་བས་ཉེས་ཞིག་མི་གདའ་ན། །དགྲ་འཆི་བདག་གཤིན་རྗེས་ཟིན་པའི་དུས། །སྨན་རིམ་གྲོས་མི་ཕན་བརྒྱབ་པ་འདྲ། །དུས་དེ་དུས་སྡིག་ལ་འགྱོད་ཀྱང་འཕྱིས། །བུ་རྣམ་རྒྱལ་ད་ནི་སྡིག་ལ་འཛེམ། །མི་ཉེས་ཆེན་བཙོན་དུ་བཟུང་བ་བཞིན། །དགྲ་གཤིན་རྗེའི་ཕོ་ཉས་འདེད་ཅིང་ཁྲིད། །སྔངས་ཧད་དེ་ཆོས་རྒྱལ་མདུན་དུ་ཕྱིན། །སྡིག་མ་བྱས་ཟེར་ཞིང་སྐྱིད་པ་སྒྱུ་འདར། །ལས་དགེ་སྡིག་གི་འབྲས་བུའི་རྡེའུ་སྤུངས། །ཁས་བཙན་པའི་རྒྱལ་པོ་ཆོས་རྒྱལ་གྱིས། །འདི་མནར་མེད་ཀྱི་གནས་སུ་སྐྱོལ་ཅིག་གསུངས། །སྡིག་བྱས་པས་འགྱོད་དེ་


CMR050_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ངུ་བཞིན་འདར། །མེ་མུར་གྱི་འོབ་ལ་སྤུས་འབོག་དགོས། །ལྕགས་སྲེག་གི་ཐང་ལ་ཡོས་ལྟར་རྔོ། །ལྕགས་སྲེག་གི་རི་དྭགས་མང་པོ་ཡིས། །འཕྲ་ཁ་དང་རྡུང་རྒྱག་བརྫི་བསྣག་བྱེད། །སེང་གེ་དང་སྟག་གཟིག་ཁྱི་སྤྱང་རྣམས། །སྒྱུ་མ་དང་ནང་ཁྲོལ་འདྲེན་ཅིང་ཟ། །ལས་མཁན་རི་དྭགས་ཀྱི་མགོ་ཅན་གྱིས། །ལུས་སོག་ལེས་དྲ་ཞིང་སྣ་རེས་གསེ། །སྟེའུ་ཁས་བཞོག་ཅིང་ཐོ་བས་རྡུང་། །མེ་ནང་དུ་སྲོག་ཅིང་ཆུ་ནང་དུ་བཙོ། །ལོ་བྱེ་བ་དུང་ཕྱུར་འབུམ་ཕྲག་བརྒྱར། །སྡུག་དེ་ལ་བར་སྐབས་ཡུད་ཙམ་མེད། །འདི་བསམ་ན་སྡིག་པ་ཇི་ལྟར་ཕོད། །ཚེ་རྨི་ལམ་ཙམ་འདི་ཅིས་ཀྱང་ཕྱིད། །ཁ་འབུ་ཁུང་ཙམ་འདི་ཅིས་ཀྱང་ཕྱིད། །བུ་རྣམ་རྒྱལ་ད་ནི་སྡིག་ལ་འཛེམ། །ཁྱེད་སྔར་བྱས་ཀྱི་སྡིག་ལ་འགྱོད་པ་གྱིས། །གསུང་ཡི་གེ་དྲུག་པ་རྒྱུན་དུ་བགྲངས། །དུས་ཉ་མཚམས་བརྒྱད་གསུམ་བསྙེན་གནས་སྲུངས། །ཁྱེད་རང་ཕུང་རང་གིས་མ་བསྒྲུབས་ལ། །ཁྱེད་རང་གིས་རང་ལ་སྙིང་རྗེ་ལྟོས། །བུ་རྣམ་རྒྱལ་རང་མགོ་རང་གིས་ཐོན། །བུ་རྣམ་རྒྱལ་རང་གིས་རང་གི་གྱིས། །སྤྲང་བསམ་པ་བཟང་པོའི་ཆ་འཕྲིན་འདི། །བུ་རྣམ་རྒྱལ་གྱིས་མ་བརྗེད་ཐུགས་ལ་ཞོག །ཅེས་དགེ་


CMR050_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སློང་རཱ་ག་ཨ་སྱས་བསྐུར་བའོ། མངྒ་ལཾ།། ༈ །།པད་འབྱུང་བླ་མའི་རྣལ་འབྱོར་ཉམས་ཁྲིད་ཨ་ནུ་ལྷ་སྲུང་ལ་གནང་བ་བཞུགས་སོ། །ན་མོ་གུ་རུ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ནས། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །ཕ་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་དང་། །དོན་དབྱེར་མེད་གུ་རུ་པདྨ་འབྱུང་། །སྐུ་དཀར་དམར་མདངས་ལྡན་མཚན་དཔེས་བརྒྱན། །ཞལ་ཁྲོ་འཛུམ་སྤྱན་གཉིས་ཞི་མ་ཁྲོ། །དབུ་པད་ཞྭ་རྒོད་ཀྱི་ལྡེམ་འཕྲུ་ཅན། །སྐུ་ཟ་བེར་ཆོས་གོས་རྣམ་གསུམ་གསོལ། །ཕྱག་རྡོ་རྗེ་གསོར་ཞིང་བྷན་འཛིན། །ཡུམ་ཌཱཀི་སྦས་ཚུལ་ཁཊཾ་བརྟེན། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྐུ་གཟི་བརྗིད་ཉི་མ་འབུམ་བཞིན་འབར། །སྐུ་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །ཞིང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀུན། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ལྟ་ཅད་པད་འབྱུང་སྐུ་ལ་ཐིམ། །རྗེ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །བཀའ་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །ཚོགས་དགེ་འདུན་ཐམས་ཅད་འདུས་པའི་སྐུ། །


CMR050_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྐྱབས་གསུམ་ཀུན་འདུས་པདྨ་འབྱུང་། །བདག་འགྱུར་མེད་དད་པས་གསོལ་བ་འདེབས། །ལུས་ཐོབ་དཀའི་མི་ལུས་རིན་ཆེན་འདི། །ཚེ་ཡང་ཡེང་ངང་ལ་མི་འཛད་པར། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །དགྲ་འཆི་བདག་ནམ་འོང་ཆ་མེད་ལ། །ཆོས་ད་བྱེད་ངང་ལ་མི་ལུས་པར། །བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །གཉེན་ཉེ་དུ་དགྲ་བོ་གཉིས་ཀ་ཡང་། །དེ་མི་རྟག་ཚོང་དུས་མགྲོན་པོ་འདྲ། །སེམས་ཞེ་སྡང་ཞི་བར་བྱིན་གྱིས་རློབས། །ས་ཡུལ་མཁར་ནོར་རྫས་ཁྱེར་དབང་མེད། །ལས་དགེ་སྡིག་འབྲལ་མེད་གཤིན་ཡུལ་འགྲིམ། །ལས་རྒྱུ་འབྲས་གོ་བར་བྱིན་གྱིས་རློབས། །གནས་ངན་སོང་སྡུག་བསྔལ་ཐོས་ཀྱང་སྔངས། །དེ་ཐོག་ཏུ་བྱུང་ཡང་ཇི་ལྟར་བྱེད། །ལས་སྡིག་པ་ལ་འཛེམ་པར་བྱིན་གྱིས་རློབས། །།ལས་དགེ་བ་སྨན་དང་བདུད་རྩི་འདྲ། །དེ་ཆུང་ཡང་ཕན་ཐོགས་རྒྱ་ཆེན་འབྱུང་། །ལས་དགེ་བ་སྒྲུབ་པར་བྱིན་གྱིས་རློབས། །གནས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལ། །སྐྱོབ་ཐུབ་ངེས་དཔོན་པོ་དཀོན་མཆོག་གསུམ། །དེ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ། །བདག་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །མ་འགྲོ་


CMR050_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སེམས་ཅན་མ་ལུས་པ། །སྔོན་ཚེ་རབས་མང་པོའི་ཕ་མ་ཡིན། །འདི་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར། །མི་བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སྔོན་ཐོག་མེད་དུས་ནས་ད་ལྟའི་བར། །ལས་མི་དགེའི་སྡིག་པ་ཅི་བསགས་ཀུན། །བདག་རབ་ཏུ་འགྱོད་པས་མཐོལ་ལོ་བཤགས། །ལུས་ལོངས་སྤྱོད་དགེ་རྩ་ཅི་ཡོད་པ། །རྗེ་པདྨ་འབྱུང་གནས་སྤྱན་རས་གཟིགས། །བདག་ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས། །བློ་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །མི་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཚེ་བསོད་ནམས་འཕེལ་བར་བྱིན་གྱིས་རློབས། །སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཕ་ཁྱེད་ཀྱི་ཐུགས་དང་བདག་གི་སེམས། །དོན་དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །མི་བདག་གིས་གདུང་ཤུགས་གསོལ་འདེབས་དེས། །ཕ་ཨོ་རྒྱན་ཆེན་པོའི་ཐུགས་རྗེས་གཟིགས། །སྐུ་འོད་དུ་ཞུ་ནས་བདག་ལ་ཐིམ། །བཀའ་མདོ་རྒྱུད་གྲུབ་ཐོབ་མཁའ་འགྲོའི་


CMR050_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། །དེ་ཐམས་ཅད་ས་ཕག་གྲོས་ལྟར་མཐུན། །ཆོས་ཐམས་ཅད་རྩ་བ་རང་སེམས་ཡིན། །སེམས་བཙལ་བས་མི་རྙེད་དངོས་པོ་མེད། །གཟུགས་ཁ་དོག་མེད་པས་མཐོང་རྒྱུ་མེད། །དོན་དེ་ལ་སྟོང་པ་ཉིད་ཅེས་ཟེར། །སེམས་མེད་པ་མ་ཡིན་ཅི་ཡང་དྲན། །སེམས་རྐང་པ་མེད་དེ་ཕྱོགས་བཅུར་རྒྱུག །ལས་དགེ་སྡིག་འཁོར་འདས་དེ་ལས་འབྱུང་། །དོན་དེ་ལ་བདེ་གཤེགས་སྙིང་པོ་ཟེར། །བསྒོམ་དེ་ལ་འདི་བསྒོམ་དེ་བསྒོམ་མེད། །སེམས་མ་ཡེངས་རང་སེམས་སྲུང་བ་ལ། །དོན་དེ་ལ་བསྒོམ་ཞེས་མིང་དུ་བཏགས། །སེམས་བཞག་ན་མི་འདུག་ཕྱོགས་བཅུར་རྒྱུག །དོན་དེ་ལ་འགྱུ་བ་མིང་དུ་བཏགས། །སེམས་གཏད་ན་མི་འགྲོ་ཀྱི་ལེར་གནས། །དོན་དེ་ལ་གནས་པ་མིང་དུ་བཏགས། །སེམས་གནས་འགྱུ་ཅི་བྱེད་སེམས་ཀྱིས་རིག །དོན་དེ་ལ་རིག་པ་མིང་དུ་བཏགས། །སེམས་མ་ཡེངས་རྒྱང་སྲུང་བྱེད་པ་ལ། །སེམས་ཉམས་ལེན་མིང་དུ་བཏགས་པ་ཡིན། །སེམས་བསྒོམ་ཡུན་ཤི་དང་མཉམ་པ་ལ། །དེ་སྒོམ་ཆེན་མིང་དུ་བཏགས་པ་ཡིན། །སེམས་བསམ་པ་བཟང་པོ་བཟུང་བ་ལ། །དེ་ཆོས་པ་མིང་དུ་བཏགས་པ་ཡིན། །སེམས་རང་སེམས་


CMR050_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་ལྟ་བ་ལ། །ཆོས་ལྟ་བ་མིང་དུ་བཏགས་པ་ཡིན། །སེམས་མ་ཡེངས་དྲན་པའི་རྒྱང་སོ་ལ། །ཆོས་སྒོམ་པ་མིང་དུ་བཏགས་པ་ཡིན། །ལས་སྡིག་སྤངས་དགེ་སྒྲུབ་བྱེད་པ་ལ། །ཆོས་སྤྱོད་པ་མིང་དུ་བཏགས་པ་ཡིན། །དོན་རང་སེམས་བརྟན་པ་ཐོབ་པ་ལ། །ཆོས་འབྲས་བུ་མིང་དུ་བཏགས་པ་ཡིན། །སེམས་ཤེས་ན་ཤེས་བྱ་ཀུན་གྱི་རབ། །ཆོས་ཤེས་རབ་ཕར་ཕྱིན་དེ་ལ་ཟེར། །ཆོས་ཐམས་ཅད་སེམས་ལས་འདས་པ་མེད། །ཆོས་ཕྱག་རྒྱ་ཆེན་པོ་དེ་ལ་ཟེར། །ཆོས་མ་འདུས་ཐམས་ཅད་སེམས་ལ་རྫོགས། །ཆོས་རྫོགས་པ་ཆེན་པོ་དེ་ལ་ཟེར། །སེམས་ཡོད་མེད་མཐའ་བཞི་ཡེ་ནས་བྲལ། །ཆོས་དབུ་མ་ཆེན་པོ་དེ་ལ་ཟེར། །ཆོས་སེམས་བསྲུང་སྡུག་བསྔལ་སྟོང་པ་ཞི། །ཆོས་སྡུག་བསྔལ་ཞི་བྱེད་དེ་ལ་ཟེར། །སེམས་རྣམ་རྟོག་ཆོད་ན་བདུད་བཞི་ཆོད། །ཆོས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཟེར། །ཆོས་ཐམས་ཅད་སེམས་ལ་ཚང་བ་འདི། །དཔེ་དབུལ་པོའི་ཁྱིམ་ནས་གཏེར་རྙེད་འདྲ། །དེ་སངས་རྒྱས་ཐུགས་དང་རང་གི་སེམས། །དོན་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གསུམ། །དུས་དེ་རིང་དབྱེར་མེད་གཅིག་ཏུ་གོ །ཚེ་སྔོན་གྱི་


CMR050_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཕྲོ་བཟང་ནས་སྐྱིད། །མི་བདག་གིས་ཚོགས་གཉིས་ཅི་བསགས་མཐུས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་ལོངས་སྤྱོད་ཡར་ངོའི་ཟླ་བཞིན་འཕེལ། །དུས་ནམ་ཞིག་འདི་ནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །དཔེ་དཔག་ཆེན་གཞུ་ནས་མདའ་འཕང་ལྟར། །ལུས་བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །རྗེ་འོད་དཔག་མེད་པའི་ཞལ་མཐོང་ནས། །བདག་བྱང་ཆུབ་མཆོག་ཏུ་ལུང་བསྟན་ཏེ། །དོན་ས་བཅུ་ལམ་ལྔ་བགྲོད་ནས་ཀྱང་། །དཔལ་རྡོ་རྗེ་འཆང་ཆེན་འགྲུབ་པར་ཤོག །ཅེས་པ་ཨ་ནུ་ལྷ་སྲུང་གིས་གསུང་གིས་བསྐུལ་ནས་ཉམས་ལེན་ཞལ་འདོན་བྱ་ཕྱིར། དགེ་སློང་རཱ་ག་ཨ་སྱས་ཆུ་སྦྲུལ་གྱི་ལོ་གྲོ་ཞུན་ཟླ་བའི་ཡར་ཚེས་བཅུའི་ཐུན་མཚམས་ཤིག་ཏུ་སྦྱར་བའོ།། ༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཆི་མེད་ཚེ་ཡི་དངོས་གྲུབ་གནོང་། །ལྷོ་པོ་ཊ་ལ་ཡི་གནས་མཆོག་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་འདེབས་སོ་ལམ་སྣ་དྲོངས། །རིགས་དྲུག་སྐྱེ་སྒོ་བཅད་དུ་གསོལ། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས། །སྤྲུལ་


CMR050_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བར་ཆད་སོལ། །སྣང་སྲིད་ལྷ་འདྲེའི་གནོད་པ་ཟློག །སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ནས། །ཡང་སྤྲུལ་ཇོ་འབྲོམ་རྣམ་གཉིས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚེ་འདི་ཕྱི་བར་གསུམ་ཁྱེད་རང་ཤེས། །ཐོབ་དཀའ་བའི་དལ་འབྱོར་མི་ལུས་ལ། །ད་སྙིང་པོ་ལོན་པར་བྱིན་གྱིས་རློབས། །དགྲ་འཆི་བདག་ནམ་འོང་ཆ་མེད་ལ། །བློ་འགྱོད་མེད་འགྲུབ་པར་བྱིན་གྱིས་རློབས། །ཁས་བཙན་པོ་གཤིན་རྗེའི་ཁྲིམས་ར་ན། །རང་ངོ་གནོང་མེད་པར་བྱིན་གྱིས་རློབས། །མི་བརྒྱ་ཤི་སྟོང་ཤི་ཐོས་ན་ཡང་། །རང་ཤི་སྣང་མེད་པར་ཨ་ཙ་མ། །ད་མི་རྟག་དྲན་པར་བྱིན་གྱིས་རློབས། །གཉེན་ཉེ་དུ་ནོར་རྫས་ཤུལ་དུ་ལུས། །རང་གཅིག་པུར་འགྲོ་དུས་ཨ་ཙ་མ། །དུས་དེ་དུས་བླ་མས་ཐུགས་རྗེས་ཟུངས། །འགགས་དམ་པོ་བར་དོའི་འཕྲང་བརྒྱད་འགྲིམ། །འཇའ་འོད་ཟེར་ཞི་ཁྲོའི་ལྷ་ཚོགས་འཆར། །དུས་དེ་དུས་དམ་པ་


CMR050_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བརྒྱ་མཁྱེན། །ལམ་དམར་ནག་དཀར་སྔོན་དུ་མ་ཤར། །དུས་དེ་དུས་ཐུབ་པ་རིགས་དྲུག་མཁྱེན། །གནས་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག །མར་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས། །དེ་ཐར་དུས་མེད་པ་ཨ་ཙ་མ། །ལྷ་ཐུགས་རྗེ་ཆེན་པོའི་ལམ་སྣ་དྲོངས། །ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག །དུས་ད་ནི་བྱང་ཆུབ་མ་ཐོབ་བར། །མི་ང་རང་རང་རྒྱུད་དུལ་བར་ཤོག །བྱམས་སྙིང་རྗེ་ཕྱོགས་མེད་འབྱོངས་བར་ཤོག །སེམས་རང་ངོ་རང་གིས་ཤེས་པར་ཤོག །ལམ་ཕ་རོལ་ཕྱིན་དྲུག་སྤྱོད་པར་ཤོག །སེམས་ཆོས་སྐུ་རྗེན་པར་རྟོགས་པར་ཤོག །འཇའ་ཐིག་ལེ་ལྷ་སྐུ་མཐོང་བར་ཤོག །ཆོས་རྫོགས་ཆེན་སྣང་བཞི་མཐར་ཕྱིན་ནས། །དོན་འཇའ་ལུས་ཆོས་སྐུ་འགྲུབ་གྱུར་ཅིག །ཅེས་ནམ་ལངས་ཀྱིས་བསྐུལ་ནས་རཱ་ག་ཨ་སྱས་མར་མེའི་ངོགས་སུ་བྲིས་པའོ།། ༈ །།ན་མོ་གུ་རུ། མི་བདག་གི་སྤྱི་བོའི་གཙུག་རུམ་ན། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །ཕ་དྲིན་ཆེན་རྩ་བའི་བླ་མ་དང་། །དོན་དབྱེར་མེད་གུ་རུ་པདྨ་འབྱུང་། །སྐུ་དཀར་དམར་མདངས་ལྡན་འཛུམ་པའི་ཞལ། །ཕྱག་རྡོ་རྗེ་བྷནྡྷ་ཁཊཱཾ་


CMR050_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །སྐུ་ཆོས་གོས་རྣམ་གསུམ་པད་ཞྭ་གསོལ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གཡོ་བ་མེད། །མཚན་དཔེ་བྱད་ཉི་མ་འབུམ་བཞིན་འབར། །སྐུ་དེ་ལ་འོད་ཟེར་ཕྱོགས་བཅུར་འཕྲོས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །སྤྱན་དྲངས་ནས་གུ་རུའི་སྐུ་ལ་ཐིམ། །རྗེ་སངས་རྒྱས་ཀུན་འདུས་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལུས་དལ་འབྱོར་མི་ལུས་རིན་ཆེན་འདི། །དུས་ད་རེས་མ་གཏོགས་ཐོབ་པར་དཀའ། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཚེ་མི་རྟག་རླུང་ནང་མར་མེ་འདྲ། །དུས་ནམ་འཆི་ཚོད་ཟིན་མི་གདའ་བས། །སྤྲང་འཆི་བ་དྲན་པར་བྱིན་གྱིས་རློབས། །ལས་དཀར་ནག་གྲིབ་མ་བཞིན་དུ་འགྲོགས། །རང་གར་འགྲོ་ལས་འབྲས་གཙོ་ཆེ་བས། །བདག་དམ་ཆོས་འགྲུབ་པར་བྱིན་གྱིས་རློབས། །གནས་རིགས་དྲུག་སྡུག་བསྔལ་བཙོན་ར་ན། །གཞན་སུས་ཀྱང་སྐྱོབ་པར་མི་གདའ་བས། །ཕ་ཐུགས་ལྟ་རྗེས་སྐྱོབས་ཤིག་པདྨ་འབྱུང་། །ཆོས་ཀུན་གྱི་རྩ་བ་རང་སེམས་འདི། །ཚེ་སྔར་ནས་འགྲོགས་ཀྱང་ངོ་མ་ཤེས། །བདག་རང་ངོ་ཤེས་པར་བྱིན་གྱིས་རློབས། །ལུས་ཕྱི་ནང་གར་


CMR050_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་གདའ་སྟེ། །དེ་མེད་ཀྱང་ཕྱོགས་བཅུ་ཀུན་ཏུ་རྒྱུག །སེམས་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སེམས་བལྟས་པས་མི་མཐོང་གཟུགས་མི་གདའ། །སེམས་བཞག་ན་མི་འདུག་རྒྱུག་མཆོང་སྐྱེན། །སེམས་ལྷོད་ནས་འཇོག་པར་བྱིན་གྱིས་རློབས། །ཆོས་ཕྱག་ཆེན་དང་རྫོགས་ཆེན་དབུ་མ་རྣམས། །དོན་རང་སེམས་མིང་གི་བཏགས་འདོགས་ལ། །བདག་ངེས་ཤེས་སྐྱེ་བར་བྱིན་གྱིས་རློབས། །སེམས་རྩེ་གཅིག་དད་པས་གསོལ་བཏབ་པས། །ཕ་པདྨ་འབྱུང་གནས་འོད་དུ་ཞུ། །མི་བདག་གི་ལུས་ངག་ཡིད་གསུམ་ལ། །དཔེ་ཆུ་ལ་ཆུ་བཞག་ལྟ་བུར་འདྲེས། །དོན་རང་སེམས་ཆོས་སྐུ་མངོན་དུ་གྱུར། །རང་སེམས་ཀྱིས་སེམས་ལ་ལྟ་བ་འདི། །ཕ་པདྨ་འབྱུང་གནས་ལྟ་བ་ཡིན། །སྤང་བདག་ཀྱང་ལྟ་བ་འདི་ལ་བལྟ། །དོན་བལྟ་བྱ་ལྟ་བྱེད་བྲལ་བར་རྟོགས། །སེམས་མ་ཡེངས་དྲན་པའི་རྒྱང་སོ་འདི། །ཕ་པདྨ་འབྱུང་གནས་སྒོམ་པ་ཡིན། །སྤྱང་བདག་ཀྱང་ཉམས་ལེན་འདི་ལ་བྱེད། །དོན་འབྲལ་མེད་ཉམས་ལེན་གོམས་པར་བྱེད། །ལས་སྡིག་སྤངས་དགེ་སྒྲུབ་བརྩོན་པ་འདི། །ཕ་པདྨ་འབྱུང་གནས་སྤྱོད་པ་ཡིན། །སྤྲང་བདག་ཀྱང་


CMR050_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་འདི་ལ་སྤྱད། །ལས་མི་དགེ་སྲོག་ལ་བབ་ཀྱང་སྤངས། །མཐའ་འབྲས་བུ་ནམ་ཞིག་འཕོ་བའི་ཚེ། །གནས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྤང་བརྫུས་སྐྱེས་སྐྱེ་བ་ལེན་པར་ཤོག །ཅེས་པ་འདི་རས་པ་ཐལ་མགོན་ཁྱེད་རྩ་བའི་བླ་མར་བཟུང་ནས་གུ་དྲག་ཐང་སྐུའི་ཟུར་དུ་སྐུ་འདྲ་བྲིས་པ་ཡིན་ཟེར་ནས། འོ་ན་ང་རྩ་བའི་བླ་མ་ཡིན་ན་གསོལ་འདེབས་དང་ཉམས་ལེན་འདི་ལྟར་གྱིས་ཞེས་འཕྲལ་དུ་ཨ་རཱ་གས་སོ།། །།བསྟན་པ་སྤྱིའི་གསོལ་འདེབས་བཟོ་བོ་བླ་མ་སྐྱབས་ལ་གནང་བ་བཞུགས་སོ། །ན་མོ་མ་ཧཱ་མུ་དྲ་ཡེ། གནས་འོག་མིན་ཆོས་དབྱིངས་བྷི་ཕོ་བྲང་ན། །དཔལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །རྗེ་བློ་གྲོས་རིན་ཆེན་ལ་གསོལ་བ་འདེབས། །གནས་ལྷོ་ཕྱོགས་དཔལ་གྱི་རི་བོ་ནས། །ས་ར་ཧ་པ་ཆེ་ཆུང་ལ་གསོལ་བ་འདེབས། །རི་མེ་ལྟར་འབར་བའི་དགོན་པ་ནས། །རྗེ་མེ་ཏྲི་ཆེན་པོ་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །རྗེ་ལོ་ཙཱ་ཆེན་པོ་ལ་གསོལ་བ་འདེབས། །གནས་ཆུ་བར་སྤྲུལ་སྐུའི་ཕོ་བྲང་ན། །རྗེ་རས་པ་ཆེ་ཆུང་ལ་གསོལ་བ་འདེབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །རྗེ་ལྷ་རྗེ་ཁུ་དབོན་


CMR050_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །དཔལ་ཕག་མོ་གྲུ་ཡི་ནགས་ཁྲོད་ན། །བདེར་གཤེགས་ཁམས་པ་རྡོར་རྒྱལ་ལ་གསོལ་བ་འདེབས། །མཚུར་མདོ་བོ་ལུང་གི་དགོན་པ་ན། །གྲུབ་ཐོབ་ཁམས་པ་དབུ་སེ་ལ་གསོལ་བ་འདེབས། །གནས་སྣ་ཕུ་དཔལ་གྱི་རི་ཁྲོད་ན། །གྲུབ་ཐོབ་གླིང་རྗེ་རས་པ་ལ་གསོལ་བ་འདེབས། །མཚལ་གུང་ཐང་དཔལ་གྱི་གཙུག་ལག་ན། །རྗེ་སྐྱེ་མེད་ཞང་ལ་གསོལ་བ་འདེབས། །གནས་འབྲི་གུང་དཔལ་གྱི་ཡང་དགོན་ན། །རྗེ་རིན་ཆེན་དཔལ་ལ་གསོལ་བ་འདེབས། །གནས་སྟག་ལུང་རྡོ་རྗེའི་གདན་སྟེང་ན། །རྗེ་བཀྲ་ཤིས་དཔལ་ལ་གསོལ་བ་འདེབས། །གནས་ལ་སྟོད་རྒྱལ་གྱི་རྩིབས་རི་ནས། །རྒོད་ཚང་མགོན་པོ་རྡོ་རྗེ་ལ་གསོལ་བ་འདེབས། །གནས་གནམ་མཚོ་སྔགས་ཀྱི་སྒྲུབ་གནས་ན། །རྗེ་ལོ་རས་ཆེན་པོ་ལ་གསོལ་བ་འདེབས། །ཤར་འོད་ཟེར་དམ་པའི་ཕོ་བྲང་ནས། །རྗེ་དྷརྨེ་ཤྭ་ར་ལ་གསོལ་བ་འདེབས། །གནས་ཝེ་རེ་རྡོ་རྗེའི་བྲག་ཕུག་ན། །རྗེ་ཀུན་དགའ་རྣམ་རྒྱལ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་ཚངས་པའི་ཡུལ་ས་ན། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ནུབ་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ན། །


CMR050_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །བདག་མོས་པའི་བུ་ལ་ཐུགས་རྗེས་ཟུངས། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །སེམས་འཆི་བ་དྲན་པར་བྱིན་གྱིས་རློབས། །ལས་རྒྱུ་འབྲས་ཤེས་པར་བྱིན་གྱིས་རློབས། །བྱམས་སྙིང་རྗེ་འབྱོང་བར་བྱིན་གྱིས་རློབས། །སེམས་རང་ངོ་ཤེས་པར་བྱིན་གྱིས་རློབས། །དོན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཉམས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །རྗེ་བཀའ་བརྒྱུད་བླ་མའི་སྐུ་གསུང་ཐུགས། །མི་བདག་གི་ལུས་ངག་ཡིད་དང་གསུམ། །དོན་དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །ཆོས་ཕྱག་ཆེན་ངང་དུ་རོ་གཅིག་ནས། །ཉམས་རྟོགས་པ་ཡར་ངོའི་ཟླ་བ་བཞིན། །མི་བདག་གི་རྒྱུད་ལ་འཕེལ་བར་ཤོག །དེ་འཕེལ་བས་ཁམས་གསུམ་སེམས་ཅན་ལ། །བྱམས་སྙིང་རྗེ་བཟོད་མེད་སྐྱེ་བར་ཤོག། ལུས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ། །ལྷ་བསྐྱེད་རིམ་བརྟན་པ་ཐོབ་པར་ཤོག །ཉམས་རྟོགས་པའི་འབྱུང་ཁུངས་བླ་མ་ལ། །སེམས་བཅོས་མིན་མོས་གུས་སྐྱེ་བར་ཤོག །དོན་


CMR050_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ཕྱག་རྒྱ་ཆེན་པོ་ལ། །ཉམས་གང་ཤར་རང་ངོ་བལྟ་བར་ཤོག །དེ་འཁོར་ཡུག་བརྟན་པ་ཐོབ་ནས་ཀྱང་། །ལུས་མི་ཡི་གཟུགས་སུ་འདུག་ན་ཡང་། །སེམས་མངོན་པར་སངས་ཆུང་རྒྱ་བར་ཤོག །མི་བདག་གི་གསོལ་འདེབས་ཉམས་ལེན་འདི། །མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །དུས་མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་པ་བཟོ་བོ་བླ་མ་སྐྱབས་ཀྱིས་བསྐུལ་ནས་འཕྲལ་དུ་དགེ་སློང་རཱ་ག་ཨ་སྱས་བྲིས་སོ།། །།བསྟན་པ་སྤྱིའི་གསོལ་འདེབས་བྱམས་པ་སྐྱབས་ལ་གནང་བ་བཞུགས་སོ། །ན་མོ་ཤཱཀྱ་མུ་ནེ་ཡེ། གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །དཔལ་ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་མི་མཇེད་དག་པའི་ཞིང་ཁམས་ནས། །དཔལ་ཤཱཀ་ཐུབ་བསྐལ་བཟང་སངས་རྒྱས་སྟོང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་གླིང་དང་རི་རབ་བཅས་པ་ནས། །དཔལ་འཕགས་པ་གནས་བརྟན་བཅུ་དྲུག་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་


CMR050_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་རྒྱ་གར་འཕགས་པའི་ཡུལ་མཆོག་ན། །རྗེ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ལྷོ་ནུབ་སྲིན་པོའི་ཡུལ་དབུས་ན། །རྗེ་པད་འབྱུང་གུ་རུ་མཚན་བརྒྱད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་སྤུ་རྒྱལ་གངས་ཅན་བོད་ཡུལ་ནས། །རྗེ་རྗེ་འབངས་ཉེར་ལྔ་མེས་དབོན་གསུམ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །བོད་གངས་ཅན་གཏེར་གནས་སོ་སོ་ན། །རྗེ་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ལ་སྟོད་གྲམ་པ་ས་སྐྱ་ན། །རྗེ་ས་སྐྱ་འཇམ་དབྱངས་བདུན་བརྒྱུད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ར་སྒྲེང་དཔལ་གྱི་ནགས་ཚལ་ན། །རྗེ་


CMR050_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་འབྲོམ་ཁུ་རྔོག་རྒྱལ་སྲས་གསུམ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ཟངས་རི་མཁར་དམར་དགོན་པ་ན། །མ་ལབ་སྒྲོན་བརྒྱུད་འཛིན་བརྒྱ་རྩ་བརྒྱད། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །རྗེ་དྭགས་པོ་བཀའ་བརྒྱུད་ཡ་བཞི་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །མཚུར་མདོ་བོ་ལུང་གི་དགོན་པ་ན། །རྗེ་ཞྭ་ནག་འཛིན་པ་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་སྒར་ཆེན་ཆོས་ཀྱི་ཕོ་བྲང་ན། །རྗེ་ཞྭ་དམར་འཛིན་པ་ཉེར་གཅིག་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །འབྲུག་ར་ལུང་གཉིས་ཀྱི་དགོན་པ་ན། །རྗེ་རྒྱ་རས་སེང་གེ་དགུ་ཚར་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་འབྲི་གུང་དཔལ་


CMR050_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནགས་འདབས་ན། །རྗེ་སྐྱོབ་པ་སེང་ཆེན་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས་། །གནས་སྟག་ལུང་རྡོ་རྗེའི་གདན་སྟེང་ན། །རྗེ་ཐང་པ་སེང་ཆེན་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ཆོས་ཕུ་ཆོས་ཁྲི་སེར་མོ་ན། །རྗེ་ལོ་ཆེན་སེང་ཆེན་བརྒྱད་པོ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་ན། །རྗེ་མཚན་ལྡན་བླ་མ་ཐམས་ཅད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ནས། །ཆོས་དྲིན་ཐོབ་རྩ་བའི་བླ་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་ལ་པར་བྱིན་གྱིས་རློབས། །ལུས་ཐོབ་དཀའི་དལ་འབྱོར་མི་ལུས་འདི། །ཚེ་སུམ་གཉིས་ཡང་ཡེང་ངང་ལ་ཟད། །སྔར་གང་བྱས་ཟས་གོས་ཚེ་འདིའི་དོན། །ད་ཕྱི་མའི་བརྒྱགས་ཕྱེ་


CMR050_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གྲབས་རན་ཟིན། །ལུས་སྙིང་པོ་ལོན་པ་ཞིག་བླ་མ་མཁྱེན། །མི་ལུས་སྟོང་ལོག་མཁན་ཚོ་ཐུགས་རྗེས་གཟིགས། །ཕྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག །ནང་སེམས་ཅན་མི་རྟག་ལུས་སེམས་བྲལ། །དུས་དབྱར་རྒུན་མི་རྟག་འགྱུར་ཞིང་འགྲོ། །དུས་ཉིན་མཚན་གཉིས་པོ་ཚེ་ལ་བརྐུ། །སེམས་སྐྱོ་ཤས་སྐྱེ་བ་ཞིག་བླ་མ་མཁྱེན། །རྟག་འཛིན་ཕྱི་ཚིས་མཁན་ཚོ་ལ་ཐུགས་རྗེས་གཟིགས། །སྔར་སྐྱེས་ནས་མ་ཤི་གཅིག་ཀྱང་མེད། །མི་རྒས་ནས་འཆི་བ་རེ་རེ་ཙམ། །སང་ཕྱི་མ་ནམ་སྔ་ཆ་མེད་ཀྱང་། །རང་འཆི་གྲབ་ཀྱིས་དམ་ཆོས་མི་སྒྲུབ་པར། །ཕོ་རང་གིས་རང་ལ་མགོ་གཡོག་ཆེ། །ལས་རྒྱུ་འབྲས་མེ་ལོང་གཟུགས་བརྙན་བཞིན། །དེ་བསླུ་མེད་རང་ལ་སྨིན་ངེས་ཀྱང་། །དེ་མི་ཤེས་ཤེས་ཀྱང་འཆོལ་བར་སྤྱོད། །དཔེ་ཤེས་བཞིན་བཙན་དུག་ཟ་བ་འདྲ། །བདག་སྡིག་ལྟུང་མེད་པ་ཞིག་བླ་མ་མཁྱེན། །སྡིག་ཆོག་ཤེས་མེད་ཚོ་ཐུགས་རྗེས་གཟིགས། །ལས་དགེ་བ་མཁོ་སྟེ་བྱེད་མཁན་མེད། །དུས་སྙིགས་མའི་དགེ་བ་སྡིག་དང་འདྲེས། །སྡིག་མེད་པའི་ལུས་ངག་དགེ་སྦྱོར་ལ། །བདག་བརྩོན་འགྲུས་ནུས་པ་ཞིག་བླ་མ་མཁྱེན། །ཁ་སྤྱིན་གྱིས་སྦྱར་འདྲ་


CMR050_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་ཐུགས་རྗེས་གཟིགས། །མར་ངན་སོང་གསུམ་གྱི་སྡུག་བསྔལ་འདི། །གཏམ་རྣ་བར་ཐོས་ཀྱང་འཇིགས་སྐྲག་ན། །དེ་མཐོང་ན་སྙིང་ཕྲིག་ཨེ་མི་དགའ། །དུས་ད་ལྟ་མེ་རྟག་ཕོག་ཀྱང་ཚ། །དུས་རྒྱུན་དུ་ལྕགས་སྲེག་ས་གཞི་ལ། །མེ་ཆེན་པོས་བསྲེགས་ན་ཅི་འདྲའོ། །བདག་རྒྱུ་འབྲས་ཞིབ་པ་ཞིག་བླ་མ་མཁྱེན། །མི་སྡིག་རྔམ་ཅན་ཚོར་ཐུགས་རྗེས་གཟིགས། །དུས་ད་ལྟ་ཞག་གཅིག་འཁྱགས་མི་ཁྱགས། །ལོ་དུང་ཕྱུར་ལ་ཆབ་རོམ་ནང་དུ་འཁེང་། །ལུས་བརྒྱ་སྟོང་དུ་གས་དུས་ཅི་འདྲ་འོང་། །བདག་ཆོས་མགོ་ཐོན་པ་ཞིག་བླ་མ་མཁྱེན། །ཕོ་རྒོད་མདའ་སྐྱེན་ཚོ་ལ་ཐུགས་རྗེས་གཟིགས། །དུས་ད་ལྟ་ཞག་གཅིག་ལྟོགས་མི་ཁྱག །ལོ་སྟོང་ཕྲག་མང་པོར་ཟས་དང་སྐོམ། །ཆུ་ཐིགས་གཅིག་འཐུང་དབང་མེད་པའི་དུས། །ཟས་ཞིམ་པོ་འདོད་པ་ཚོས་ཅི་བྱེད་ཨང་། །བདག་ཚོགས་བསགས་ནུས་པ་ཞིག་བླ་མ་མཁྱེན། །རྐུ་ཇག་འཕྲོག་བཅོམ་མཁན་ཚོར་ཐུགས་ལྟ་རྗེས་གཟིགས། །མར་མཐོ་རིས་ལྷ་མིའི་བདེ་སྐྱིད་ཀྱང་། །ཟས་ཞིམ་པོ་དུག་དང་འདྲེས་པ་བཞིན། །འཕྲལ་སྐྱིད་ཀྱང་ཕུགས་སུ་གནོད་པ་ཆེ། །ཚེ་འདི་ཡི་ཟས་ནོར་སྙན་གྲགས་


CMR050_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བདག་ཞེན་པ་ལོག་པ་ཞིག་བླ་མ་མཁྱེན། །ཆོས་བརྒྱད་ཁེ་གྲགས་མཁན་ཚོར་ཐུགས་རྗེས་གཟིགས། །མི་བདག་དང་བདག་ལ་འབྲེལ་ཐོགས་རྣམས། །ནུབ་བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །ལུས་བརྫུས་སྐྱེས་ཐོབ་པ་ཞིག་བླ་མ་མཁྱེན། །མཐའ་མེད་འཁོར་བར་འཁྱམས་ཚོར་ཐུགས་རྗེས་གཟིགས། །འགྲོ་ཀུན་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཅེས་བྱམས་པ་སྐྱབས་ཀྱིས་བསྐུལ་ནས་ཨ་རཱ་གས་བྲིས་སོ།། ༈ །།ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་རྐྱེན་སེལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱཀྐི་ནཱི། གནས་སྤྱི་བོའི་གཙུག་རོལ་སྟེང་གི་ཆར། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ན། །རྗེ་རྫོགས་པའི་སངས་རྒྱས་པདྨ་འབྱུང་། །སྐུ་དཀར་དམར་སྟོན་ཀའི་ཟླ་རྒྱས་བཞིན། །ཞལ་འཛུམ་མཛེས་སྤྱན་གཉིས་ཞི་མ་ཁྲོ། །དབུ་པད་ཞྭ་རྒོད་ཀྱི་ལྡེམ་འཕྲུ་ཅན། །སྐུ་ཟ་བེར་ཆོས་གོས་རྣམ་གསུམ་གསོལ། །ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་བསྣམས། །ཡུམ་སྦས་ཚུལ་ཁཊཾ་མཆན་ཁུང་བཏོན། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན། །ཡེ་གདོད་ནས་དམ་ཡེ་དབྱེར་མེད་


CMR050_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །ཕྱི་ནམ་མཁས་གར་ཁྱབ་འཁོར་འདས་ཀུན། །རྗེ་པད་འབྱུང་སྐུ་གསུང་ཐུགས་ཀྱིས་ཁྱབ། །གནས་ཞིང་ཁམས་རྒྱ་མཚོ་མ་ལུས་པ། །རྗེ་པད་འབྱུང་སྐུ་ལ་ཐམས་ཅད་རྫོགས། །རྗེ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །ཐུགས་ཆོས་སྐུའི་ངོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ཆོས་སྐུ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །གསུང་ལོངས་སྐུའི་གཙོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ལོངས་སྐུ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགེ་འདུན་ཐམས་ཅད་འདུས་པའི་སྐུ། །སྐུ་སྤྲུལ་སྐུའི་རྒྱལ་པོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ལ་སྤྲུལ་སྐུ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་པད་འབྱུང་སྐུ་ཡི་གནས་ལྔ་ནས། །དཔལ་རིགས་


CMR050_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དཔའ་བོ་ཌཱཀྐིའི་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ཡེ་ཤེས་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་པད་འབྱུང་སྐུ་ཡི་རྩ་གནས་ནས། །ཡུལ་ཉེར་བཞིའི་དཔའ་བོ་ཌཱཀི་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མ་གནས་སྐྱེས་ཞིང་སྐྱེས་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་པད་འབྱུང་སྐུ་ཡི་ཆ་ལུགས་ལ། །མ་ཌཱཀི་འབུམ་ཚོ་ཉི་ཤུ་རྫོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མ་འབུམ་ཕྲག་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ཤར་དུ་བསྐྱོད་ཙ་ན། །ཤར་ཞི་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཤར་རྡོ་རྗེ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ལྷོ་རུ་བསྐྱོད་ཙ་ན། །ལྷོ་རྒྱས་མཛད་རཏྣ་ཐོད་ཕྲེང་རྩལ། །


CMR050_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལྷོ་རིན་ཆེན་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ནུབ་ཏུ་བསྐྱོད་ཙ་ན། །ནུབ་དབང་མཛད་པདྨ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ནུབ་པདྨ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་བྱང་དུ་བསྐྱོད་ཙ་ན། །བྱང་དྲག་མཛད་ཀརྨ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བྱང་ལས་ཀྱི་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་དབུས་སུ་བསྐྱོད་ཙ་ན། །དབུས་ལྷུན་གྲུབ་བྷུདྨ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དབུས་སངས་རྒྱས་མཁའ་སྒྱུ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ཕྱོགས་མཚམས་བསྐྱོད་ཙ་ན། །སྐུ་གང་འདུལ་གུ་རུ་


CMR050_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མཆོག་བརྒྱད། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མ་དུར་ཁྲོད་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་བོད་ཡུལ་བསྐྱོད་ཙ་ན། །དཔལ་རྡོ་རྗེ་གྲོ་ལོད་ཞི་མ་ཁྲོ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སྟེང་བརྟན་མ་བཅུ་གཉིས་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་དྲག་ཏུ་ཁྲོས་ཙ་ན། །དཔལ་གུ་རུ་དྲག་པོ་ཁྲོ་བོའི་རྒྱལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བཀའ་སྣང་སྲིད་ལྷ་འདྲེའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །མི་བདག་གི་ལུས་དང་ལོངས་སྤྱོད་རྣམས། །དཔེ་ཀུན་བཟང་མཆོད་སྤྲིན་ལྟ་བུར་སྤྲུལ། །རྗེ་པད་འབྱུང་མཁའ་འགྲོའི་ཚོགས་ལ་འབུལ། །བདག་དེ་ལྟར་མཆོད་ཅིང་གསོལ་བཏབ་པས། །ཕྱག་ཚེ་བུམ་ནང་ནས་བདུད་རྩི་བབ། །རྐྱེན་ནད་གདོན་བར་


CMR050_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སྡིག་སྒྲིབ་དག །ལུས་དྲི་མེད་ཤེལ་གོང་ལྟ་བུར་གྱུར། །རྗེ་པད་འབྱུང་འོད་ཞུ་བདག་ལ་ཐིམ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །རྗེ་གུ་རུ་ཨོ་རྒྱན་ཚེ་དཔག་མེད། །དུས་སྟན་ཐོག་འདི་ནས་འགྲུབ་གྱུར་ཅིག །བདག་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ཡུསིདྡྷི་ཧཱུྃ་ཧཱུྃ༔ གུ་རུའི་ཚེ་སྒྲུབ་ཀྱི་སྔགས་འདི་ཅི་ནུས་བཟླའོ། ཨོཾ་དྷ་ཀ་ནི་ས་ར་ན་ན་མུ་ཁུ་ས་དུ་ན་ཟློག །སུན་མ་ཟློག་པའི་སྔགས་འདི་དུས་བཟང་དུས་བརྒྱའམ་ཉེར་གཅིག་གམ་ཡུན་ཙམ་བཟླའོ། །ཨོཾ་ཧ་ར་ཧཱུྃ་ཧ། མཁའ་འགྲོ་མ་རྣམས་འབྲོས་པའི་སྔགས་འདི་གལ་ཆེ་ན་ཅུང་ཟད་བཟླའོ། །མང་བར་མི་བྱ། ཞེས་པ་འདི་ནི་བདག་ཨ་རཱ་ག་གློ་བུར་དུ་ནད་དྲག་པོས་བཏབ་ནས་འཆི་བའི་རྟགས་ཀྱང་མང་དུ་ཚང་ནས་བྱུང་དུས་འདི་ལྟར་ཡིད་ཀྱིས་གསོལ་བ་བཏབ་པས། ཕྱིས་ནད་ལས་གྲོལ་དུས་གཞན་ལའང་ཕན་སྲིད་སྙམ་ནས་ཡི་གེར་བཀོད་པའོ།། ༈ །།འོད་དཔག་མེད་ཀྱི་བླ་མའི་རྣལ་འབྱོར་ཀརྨ་ཚེ་བརྟན་ལ་གདམས་པ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱཀྐི་ནཱི་ཧཱུཾ། མི་སྒྱུ་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །སྐྱབས་ཀུན་འདུས་སངས་རྒྱས་འོད་དཔག་མེད། །སྐུ་དམར་གསལ་ཆོས་གོས་རྣམ་གསུམ་གསོལ།


CMR050_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །སྐུ་མཚན་དཔེས་རབ་བརྒྱན་སྐྱིལ་ཀྲུང་བཞུགས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་སྣང་མཐའི་སྐུ་ལ་ཐིམ། །རྗེ་དཀོན་མཆོག་ཀུན་འདུས་རྫོགས་སངས་རྒྱས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དཔེ་བཤའ་ལུག་མགོ་འཁོར་ཇི་བཞིན་དུ། །ད་ནམ་འཆི་ཆ་མེད་ཨ་ཙ་མ། །དཔེ་ནུབ་རིའི་རྩེ་ཡི་ཉི་མ་བཞིན། །དེ་བཤོལ་ཐབས་མེད་པས་ཨ་ཙ་མ། །གཉེན་ཉེ་དུ་ཟས་ནོར་ཤུལ་དུ་ལུས། །རང་གཅིག་པུར་འགྲོ་དུས་ཨ་ཙ་མ། །ས་ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམས། །ས་གར་འགྲོ་ཆ་མེད་ཨ་ཙ་མ། །ལུས་འབྱུང་བཞིའི་ཐེམ་སྡུག་ཟུག་ཟེར་ཆེ། །སེམས་འཁྲུལ་སྣང་འཇིགས་སྐྲག་ཨ་ཙ་མ། །ལས་དགེ་སྡིག་ལུས་དང་གྲིབ་བཞིན་འགྲོགས། །དཔོན་གཤིན་རྗེའི་ཁྲིམས་ར་ཨ་ཙ་མ། །དུས་དེ་དུས་བདག་ལ་སྐྱབས་གཞན་མེད། །ཕ་ཐུགས་རྗེས་ཟུངས་ཤིག་འོད་དཔག་མེད། །དུས་དེང་སང་སྙིགས་དུས་བར་ཆད་མང་། །ཚེ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཡེ་གདོད་ནས་རང་སེམས་ཆོས་


CMR050_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ། །དེ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །དུས་ནམ་ཞིག་འདི་ནས་ཚེ་འཕོས་ཚེ། །ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག །རྗེ་འོད་དཔག་མེད་པ་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །དེ་བལྟས་པས་མ་མཐོང་ངང་ལ་ཞོག །སེམས་བཟོ་བཅོས་མེད་པར་ལྷུག་པར་ཞོག །དབྱིངས་ནམ་མཁའི་མཐོངས་སུ་ཡར་ལྟོས་དང་། །དོན་ཡེ་ཤེས་ལྔ་ཡི་འོད་ཟེར་ལྔ། །འཇའ་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད། །ལྷ་དམ་པ་རིགས་བརྒྱ་དངོས་སུ་མཇལ། །དེ་ལྟོས་ལ་རང་སེམས་དབྱེར་མེད་སྲེས། །སྒོམ་གསལ་སྟོང་དབྱེར་མེད་ངོ་མཚར་ཆེ། །དེ་གོམས་ན་བར་དོར་མངོན་འཚང་རྒྱ། །ཆོས་ཐེག་པ་དགུ་ཡི་ཡང་རྩེ་ཡིན། །ཆོས་འདི་ལས་ཟབ་པ་གཅིག་ཀྱང་མེད། །ལམ་དེ་ལས་མྱུར་བར་གསུངས་པ་མེད། །ཁྱེད་ཀརྨ་ཚེ་བརྟན་ཉམས་ལེན་མཛོད། །ཚིག་དེ་སྐད་རཱ་ག་ཨ་སྱས་ཡིས། །ས་ཀེ་སྟོད་ཆུ་ཆེན་སྒྱུ་ཐོག་ཏུ་སྨྲས།། ༈ །།ཀརྨ་དོན་གྲུབ་ལ་གདམས་པ་བཞུགས། ན་མོ་གུ་རུ་ག་ག་ན་དྷ་ཛ་ཡེ། འཇམ་དབྱངས་བླ་མ་ཆོས་ཀྱི་དབང་ཕྱུག་ལ། །རྩེ་གཅིག་གུས་པའི་ཡིད་


CMR050_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གསོལ་བ་འདེབས། །རྗེས་འཇུག་བུ་ལ་ཐུགས་རྗེས་སྤྱན་གྱིས་གཟིགས། །མི་ཤེས་རྨོངས་པའི་དྲི་མ་བསལ་དུ་གསོལ། །བུ་ཆུང་ནས་སྐྱོང་བའི་ཀརྨ་དོན་འགྲུབ་ཉོན། །སྐྱེ་བར་དཀའ་བའི་འཛམ་བུ་གླིང་དུ་སྐྱེས། །ཐོབ་པར་དཀའ་བའི་མི་ལུས་རིན་ཆེན་ཐོབ། །རིགས་བཟང་ཁུངས་བཙུན་སྨུག་པོ་གདོང་གི་རིགས། །གྲུབ་ཆེན་མཁའ་ལ་སྤྱོད་པའི་རིགས་སུ་སྐྱེས། །ཆུང་ནས་རབ་བྱུང་ཆེ་ནས་ཚུལ་ཁྲིམས་བསྲུང་། །བླ་མ་བསྟེན་ཅིང་དབང་ལུང་ཟབ་དགུ་ཐོབ། །ཇོ་ཤཱཀ་གཉིས་སོགས་དབུས་གཙང་གནས་རི་འཁོར། །དེང་སང་མཚམས་དང་སྒྲུབ་པ་བྱེད་པ་འདི། །ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་དང་། །སྨོན་ལམ་བཟང་པོ་བཏབ་པའི་འབྲས་བུ་ཡིན། །མཚམས་ལ་འདུག་ཕྱིར་རི་ཁྲོད་ཕྱོགས་སུ་ནི། །གོམ་པ་བདུན་ཙམ་སྤོ་བར་བྱས་ན་ཡང་། །བསྐལ་པ་སྟོང་གི་སྡིག་པ་དག་པར་གསུངས། །འཇམ་དབྱངས་དཀར་པོ་རྒྱུན་དུ་བསྙེན་པ་ནི། །ཚེ་གཅིག་ལུས་གཅིག་སངས་རྒྱས་ཐོབ་པར་གསུངས། །བཅོམ་ལྡན་ཀུན་རིག་འདི་ཉིད་ཉམས་སུ་བླངས། །མཚམས་མེད་ལྔ་ཡི་སྡིག་སྒྲིབ་དག་པ་དང་། །འཁོར་བ་ངན་སོང་སྐྱེ་སྒོ་ཆོད་པར་


CMR050_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཀུན་རིག་སྒོ་ནས་ཚེ་འདས་དོན་བྱེད་པའི། །མི་དེ་སངས་རྒྱས་སྤྲུལ་པ་ཡིན་པར་གསུངས། །སྙིགས་མའི་དུས་འདིར་རིན་ཆེན་སྣ་བདུན་གྱིས། །འཇིག་རྟེན་བཀང་ནས་སྦྱིན་པ་བཏང་བ་བས། །དམ་ཆོས་ཚིག་བཞི་བློ་ལ་བཟུང་བ་ན། །བསོད་ནམས་བརྒྱ་སྟོང་འགྱུར་གྱིས་ཆེ་བར་འགྱུར། །ངན་སོང་སྦྱོང་བ་ཀུན་རིག་དཀྱིལ་འཁོར་འདི། །ཕྱི་མའི་ལམ་སྣ་འདྲེན་པའི་བླ་མ་ཡིན། །མཆོག་གི་དངོས་གྲུབ་སྩོལ་བའི་ཡི་དམ་ཡིན། །བདེ་སྐྱིད་ཕུན་ཚོགས་སྒྲུབ་པའི་མཁའ་འགྲོ་ཡིན། །རྐྱེན་ངན་བར་ཆད་སེལ་བའི་ཆོས་སྐྱོང་ཡིན། །ལོངས་སྤྱོད་འཛད་མེད་འབྱུང་བའི་ནོར་ལྷ་ཡིན། །འདི་ཕྱི་གཉིས་ཀའི་དོན་འབྱུང་ནོར་བུ་ཡིན། །དེ་ཕྱིར་དད་གུས་སྤྲོ་བ་སྐྱེད་མཛོད་ལ། །ཀུན་རིག་དཀྱིལ་འཁོར་བློ་ལ་འཛིན་པ་དང་། །ནངས་ནུབ་འཇམ་དབྱངས་དཀར་པོའི་བསྙེན་པ་དང་། །སྐབས་སུ་རང་སེམས་ངོ་བོ་སྐྱོང་བར་མཛོད། །ཅེས་དོན་འགྲུབ་མཚམས་ལ་འདུག་དུས་སྤྲོ་བ་ལྟའཕེལ་ཕྱིར་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགྲག་ལུ་ལ་གདམས་པའི་མགུར་མ།next