Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་ཁྲིད་བསྡུས་པ་ཆམ་ཕུ་དབུ་མཛད་ལ་གནང་བ།
   
   
   
   
   
   
   
   


 
previousཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་ཁྲིད་བསྡུས་པ་ཆམ་ཕུ་དབུ་མཛད་ལ་གནང་བ།next

ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་ཁྲིད་བསྡུས་པ་ཆམ་ཕུ་དབུ་མཛད་ལ་གནང་བ།


CMR051_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་ཁྲིད་བསྡུས་པ་བཞུགས་སོ། །ཆམ་ཕུ་དབུ་མཛད་ལ་གནང་བ་བཞུགས། །


CMR051_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡེ། ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་། །དགའ་རབ་རྡོ་རྗེ་ས་ར་ཧ། །དབྱེར་མེད་དྲིན་ཐོབ་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉམས་རྟོགས་སྐྱེ་བར་བྱིན་གྱིས་རློབས། །ཆམ་ཕུ་དབུ་མཛད་ད་ཞག་སྐོར། །ཡི་གེ་འདི་ལ་ཐུགས་བསམ་ཐོངས། །དལ་འབྱོར་རྙེད་དཀའི་ཆོས་ཐུན་ལ། །བཤད་པ་རྒྱ་ཆེར་གྲངས་མང་ཡང་། །བཤད་པ་མི་དགོས་མིག་གིས་ལྟོས། །རྒྱལ་པོ་མངའ་ཐང་རྒྱས་པ་ཡི། །དམག་ལ་འབུམ་ཕྲག་འབྱུང་བར་དཀའ། །གྲོག་ཚང་རེར་ཡང་འབུམ་ཕྲག་ལྷག །འབུ་སྲིན་གྲངས་ཁ་འདི་ལ་


CMR051_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས། །མི་ལུས་ཐོབ་པ་ཨེ་དཀའ་ལྟོས། །མི་རྟག་བསྒོམ་པའི་ཆོས་ཐུན་ལ། །བཤད་པ་མི་དགོས་རྣ་བས་ཉོན། །རྒས་གཞོན་ངེས་པ་མི་གདའ་ན། །མཐོན་པོ་དང་ནི་དམའུ་གཉིས། །ཐམས་ཅད་རིམ་གྱིས་འཆི་གྲགས་ཉོན། །རང་ལ་མི་འཆི་གདེང་ཅི་ཡོད། །ཚེ་ཚད་ངེས་པ་ཡོད་མེད་བསམ། །སྟོབས་ཆེན་དཔལ་འབྱོར་ཅན་ཚོས་ཀྱང་། །འཆི་བ་བཟློག་ཐབས་མ་རྙེད་ནས། །ཐམས་ཅད་ཤི་རབས་རྣ་བས་ཉོན། །རང་ཉིད་དེ་རིང་སོང་ཙམ་ཡང་། །མི་འཆི་ངེས་ཤེས་ཨེ་ཡོད་བསམ། །ཤི་ནས་གར་འགྲོའི་ངེས་ཏིག་དང་། །ཤི་བས་མི་


CMR051_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་གདེང་ཅི་ཡོད། །རྒྱུ་འབྲས་ཆོས་ཐུན་བསྒོམ་བྱ་ལ། །བཤད་པ་མི་དགོས་བསམ་བློ་ཐོངས། །ཕ་མ་མཉམ་པའི་བུ་ལ་ཡང་། །ཚེ་ཡི་རིང་ཐུང་སྐྱིད་སྡུག་དང་། །ཕྱུག་དབུལ་ལ་སོགས་མི་མཉམ་པ། །ལས་འབྲས་མིན་ན་ཅི་ཞིག་ཡིན། །ད་ལྟའི་སྐྱིད་སྡུག་སྔོན་གྱི་ལས། །ཕྱི་མ་གར་སྐྱེ་ད་ལྟའི་ལས། །གཏན་ནས་གནོད་ངེས་སྡིག་དང་ལྟུང་། །གཏན་དུ་ཕན་ངེས་དགེ་བའི་ཕྱོགས། །གནོད་ངེས་སྤངས་ལ་ཕན་ངེས་སྒྲུབས། །ཞག་བར་འདི་ལ་གོ་བ་ལོངས། །འཁོར་བའི་ཉེས་དམིགས་བསྒོམ་བྱ་ལ། །བཤད་པ་མི་དགོས་ལྟོས་དང་གསལ། །རིགས་དྲུག་མཆོག་གྱུར་མི་ལུས་ལ། །སྐྱེ་རྒ་ན་འཆི་ཅི་འདྲ་ན། །མཛེ་སོགས་ནད་ངན་དམྱལ་བ་འདྲ། །འཁྲུག་རྩོད་ཤི་བསད་ལྷ་མིན་འདྲ། ། མཐོན་པོ་དམའ་ལུགས་ལྷ་དང་འདྲ། །མུ་གེའི་ཤི་ཚད་ཡི་དྭགས་འདྲ། །ཁྲིམས་གཅོད་བཀྱིག་བརྡུང་དུད་འགྲོ་འདྲ། །མི་ཡི་སྡུག་བསྔལ་འདི་འདྲ་ན། །ངན་སོང་སྐྱེ་ན་སྨོས་ཅི་དགོས། །རང་ཐོག་བྱུང་ན་ཅི་འདྲ་སོམས། །དེ་ཡང་རང་བྱས་འབྲས་བུ་སྟེ། །སུ་ཡང་མ་ལེན་རང་གི་ལས། །སྡུག་བསྔལ་ནམ་ཡང་མི་འདོད་ན། །འཁོར་བའི་འདམ་ལ་མ་


CMR051_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པར། །དག་པའི་ཞིང་དུ་ཕྱིན་ཐབས་འབད། །འཁོར་བ་སྡུག་བསྔལ་འབའ་ཞིག་སྟེ། །དེ་ལས་སྐྱོབ་པ་གཞན་མ་མཆིས། །སྐྱོབ་པར་ངེས་པ་དཀོན་མཆོག་གསུམ། །གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ། །པད་ཞྭ་ཆོས་གོས་ཁ་ཊཾ་སོགས། །རྒྱན་དང་ཆ་ལུགས་ཡོངས་རྫོགས་པ། །སྤྱི་བོའི་གཙུག་ཏུ་གསལ་བར་བསྒོམ། །འདི་དང་ཕྱི་མ་བར་དོ་གསུམ། །ཅི་མཛད་ཁྱེད་ཤེས་གློ་སྙིང་གཏོད། །སྐྱབས་འགྲོ་སྤྱི་ལྟར་གང་ཤེས་བྱེད། །རིགས་དྲུག་སེམས་ཅན་ཐམས་ཅད་ཀུན། །ཚེ་རབས་དུ་མའི་ཕ་དང་མ། །རིགས་དྲུག་སྡུག་བསྔལ་སྙིང་རེ་རྗེ། །དེ་དག་ཐམས་ཅད་བདེ་བ་ལ། །རང་ཉིད་ཁོ་ནས་འགོད་སྙམ་པའི། །བློ་སྟོབས་བྱང་ཆུབ་སེམས་བསྐྱེད་དེ། །རང་གིས་དགེ་སྦྱོར་གང་བྱེད་རྣམས། །སེམས་ཅན་སྤྱི་ཡི་དོན་དུ་བསྔོས། །དེ་ནི་ཐེག་ཆེན་ལམ་གྱི་མཆོག །མཐར་ཐུག་སངས་རྒྱས་འགྲུབ་པའི་རྒྱུ། །དེ་ཡི་བསྒོམ་བྱ་འདི་ལྟ་སྟེ། །སྣ་དབུགས་རླུང་ནི་ཕར་འགྲོ་དུས། །རང་གི་དགེ་བའི་རྩི་བོ་རྣམས། །འགྲོ་དྲུག་སེམས་ཅན་ཀུན་ལ་ཐིམ། །ཐམས་ཅད་བདེ་སྐྱིད་ལྡན་པར་བསྒོམ། །རླུང་ནི་ཚུར་ལ་རྩུབ་པའི་


CMR051_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་། །སེམས་ཅན་ཀུན་གྱི་སྡིག་དང་ལྟུང་། །ཐམས་ཅད་རང་ལ་སིབས་སེ་ཐིམ། །འགྲོ་ཀུན་སྡུག་བསྔལ་བྲལ་བར་བསྒོམ། །དེ་ནི་བཏང་ལེན་དམིགས་པ་ཞེས། །བཀའ་གདམས་ཆོས་ཀྱི་རྩ་བ་ཡིན། །ནད་གདོན་བར་ཆད་ཞི་བའི་ཐབས། །བྱམས་པའི་གོ་ཆ་བསྲུང་བའི་མཆོག །རྫོགས་པའི་སངས་རྒྱས་སྒྲུབ་པའི་ཐབས། །ས་བོན་ཆུ་ལུད་ལྟ་བུ་ཡིན། །དེ་ཕྱིར་ནངས་སྔ་ནུབ་ཕྱི་ལ། །དམིགས་པ་རླུང་གི་རྒྱུ་བ་དང་། །སྦྲག་པ་བརྒྱའམ་ཉེར་གཅིག་ཙམ། །ཞག་སྐོར་བསྒོམ་ལ་རྒྱུན་དུ་མཛོད། །དེ་ནས་སྡིག་སྒྲིབ་སྦྱོང་བའི་ཐབས། །སྤྱི་བོའི་པདྨ་འབྱུང་གནས་ཀྱི། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །སྤྱི་བོ་ཚངས་པའི་བུག་ནས་ཞུགས། །ལུས་གང་སྡིག་ལྟུང་དྲི་མ་རྣམས། །དུད་ཁུ་སོལ་ཁུ་ལྟ་བུ་རུ། །རྐང་མཐིལ་བཤང་བའི་ལམ་ནས་ཐོན། །འོག་གི་ས་ལ་ཐིམ་པ་ཡིས། །རང་ལུས་ཤེལ་སྒོང་ལྟར་གྱུར་བསྒོམ། །བཛྲ་གུ་རུ་ཅི་ནུས་བཟླ། །དེ་ནས་བསོད་ནམས་ཚོགས་བསགས་ཐབས། །རང་ལུས་ལོངས་སྤྱོད་དགེ་རྩེར་བཅས། །གླིང་བཞི་རི་རབ་ཉི་ཟླ་དང་། །ལྷ་མིའི་ལོངས་སྤྱོད་ཕུན་ཚོགས་རྒྱུ། །ཨོ་རྒྱན་རྗེ་ལ་ཕུལ་དམིགས་


CMR051_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ས་གཞི་སྤོས་བྱུགས་མ་ལ་སོགས། །མཎྜལ་གང་ཤེས་འབུལ་བར་བྱ། །དེ་ནས་བྱིན་རླབས་འཇུག་པའི་ཐབས། །སྤྱི་བོར་བསྒོམ་པའི་ཨོ་རྒྱན་དེ། །རྩ་བརྒྱུད་བླ་མ་ཀུན་འདུས་དམིགས། །བླ་མ་སྐུ་གསུམ་གསོལ་འདེབས་སོགས། །གསོལ་འདེབས་གང་ཤེས་འདོན་པའམ། །ཡང་ན་བཛྲ་གུ་རུ་བཟླས། །དེ་ནས་དབང་བཞི་བྱིན་རླབས་ནི། །པད་འབྱུང་འོད་དུ་ལྟེམས་སེ་ཞུ། །རང་ལ་དབྱེར་མེད་ཐིམ་པར་བསྒོམས། །དེ་ཡི་སྔོན་འགྲོ་དམིགས་པའི་སྐོར། །མདོར་བསྡུས་ཚང་ཞིང་དངོས་གཞི་སེམས་ལ་ཅི་ཡང་མི་བསྒོམ་པར། །ཞི་གནས་ལྷག་མཐོང་གཉིས་ཡིན་ཏེ། །མདུན་གྱི་ནམ་མཁར་བཅོམ་ལྡན་འདས། །ཤཱཀྱའི་དབང་པོ་གསལ་བར་བསྒོམ། །དེ་ཡི་སྐུ་ལ་རྩེ་གཅིག་ཏུ། །སེམས་གཏད་སེམས་གཞན་མི་འཕྲོ་བར། །རིག་པ་ཅི་ཙམ་གནས་ཐུབ་ལྟ། །མི་གནས་འཕྲོ་ན་ཚུར་བཀུག་ལ། །སྔར་ལྟར་སེམས་དེ་སྟོན་པ་ལ། །ཅི་ཙམ་གནས་གནས་བར་དུ་བཞག །སེམས་གཞན་མི་འཕྲོ་ཐུབ་པ་ལ། །ཡུན་རིང་སེམས་ནི་གནས་པ་ལ། །ཐུན་མོང་ཞི་གནས་བྱ་བ་ཡིན། །ཐུན་མོང་མིན་པའི་ཞི་གནས་ནི། །


CMR051_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་ཅི་ཡང་མི་བསྒོམ་པར། །སེམས་ལ་སེམས་ཀྱིས་ལྟ་བྱས་ལ། །སེམས་དེ་གཞན་དུ་མི་འཕྲོ་བར། །ཀྱི་ལེར་གནས་པ་དེ་དག་ཏུ། །ཅི་ཙམ་གནས་གནས་བར་དུ་བཞག་རྣམ་རྟོག་ཚབ་ཚུབ་མི་འཕྲོ་བར། །སེམས་དེ་ཀྱི་ལེ་མེ་རེ་གནས། །གནས་པ་དེ་ཡང་སེམས་ཀྱིས་རིགས། །ད་ལྟ་ང་ཡི་སེམས་དེ་ནི། །ཀྱི་ལེ་གནས་ནི་ཡོད་སྙམ་པའི། །སེམས་ལ་འཛིན་པའི་ངེས་ཤེས་ཡོད། །དེ་ནི་མཚན་མེད་ཞི་གནས་ཡིན། །དེ་ལ་རེ་ཞིག་ཉམས་ལེན་ཞུ། །དེ་ནས་ལྷག་མཐོང་ལ་ཡང་གཉིས། །དང་པོ་ཐུན་མོང་ལྷག་མཐོང་གི །ཆོས་ཀུན་རྩ་བ་རང་གི་སེམས། །སེམས་ཀྱི་རྩ་བ་ཆོད་པ་ན། །ཆོས་ཀུན་རྩ་བ་ཆོད་པ་ཡིན། །དེ་ཕྱིར་རང་སེམས་ལེགས་པར་ཚོལ། །ལུས་ཀྱི་ཕྱི་ནང་བར་གསུམ་དང་། །ཕྱི་རོལ་སྟེང་འོག་ཕྱོགས་མཚམས་སུ། །རང་སེམས་གར་གདའ་ཚོལ་བར་གྱིས། །སེམས་དེའི་ཁ་དོག་ཅི་ལྟ་བུ། །སེམས་དེའི་དབྱིབས་ནི་ཇི་ལྟ་བུ། ། གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །སེམས་དེའི་རྣམ་པ་ཅི་ལྟ་བུ། །གལ་ཏེ་རང་སེམས་མ་རྙེད་ན། །མ་རྙེད་བསམ་མཁན་སུ་ཞིག་ཡིན། །སེམས་དེ་ཚོལ་མཁན་སུ་ཞིག་


CMR051_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །གལ་ཏེ་སེམས་དེ་ཡོད་ན་ནི། །དངོས་པོ་གཟུགས་བརྙན་ཅི་ལྟར་སྣང་། །གལ་ཏེ་སེམས་དེ་མེད་ན་ནི། །སྐྱིད་དང་སྡུག་པ་ཅི་ལས་བྱུང་། །དུག་ལྔ་ཁོང་ཁྲོ་གང་ནས་བྱུང་། །དད་པ་དག་སྣང་གང་ལས་བྱུང་། །ཆོས་ཞུ་བསམ་མཁན་གང་ནས་བྱུང་། །དེ་འདྲ་ཡིད་ལ་ཕྲེང་བ་ཡི། །རྣམ་རྟོག་མི་དྲན་དགུ་དྲན་དེ། །དང་པོ་གང་ནས་བྱུང་བ་ཡིན། །ད་ལྟ་གང་དུ་གནས་པ་ཡིན། །ཐ་མ་གང་དུ་འགྲོ་བ་རེད། །ད་ལྟ་ལེགས་པར་ཚོལ་བར་གྱིས། །དེ་ནས་གལ་ཏེ་མ་རྙེད་ན། །མ་རྙེད་བསམ་མཁན་དེ་ཉིད་ལ། །ལྟོས་དང་སྡོད་དང་ཅི་འདྲ་འོང་། །དེ་ཚེ་ལེགས་པར་བསམ་བློ་ཐོངས། །དེ་ནས་ཁྱད་པར་ལྷག་མཐོང་ལ། །རེས་འགའ་ཅི་ཡང་མི་བསམ་པར། །སེམས་དེ་ལྷོད་དེར་ཞོག་མཛོད་ལ། །ཅི་ཡང་ཡིད་ལ་མི་དྲན་པ། །ཅི་ཙམ་འདུག་རྒྱུ་གདའ་བར་ཞོག །སེམས་དེ་གར་ཡང་མི་འགྲོ་བར། །ཅི་ཙམ་སྡོད་ཐུབ་ཚད་སྤུ་གྱིས། །རེས་འགའ་གར་འགྲོ་ཐོངས་མཛོད་ལ། །འགྲོ་ས་གར་གདའ་དེ་རུ་ཐོངས། །དེ་ལྟར་སྒྲིམ་ལྷོད་རེས་མོས་གྱིས། །ངོ་བོ་དེ་ལ་ཕྱིན་པའི་དུས། །སེམས་ཀྱི་མདོག་དབྱིབས་གནས་འདུག་དེ། །


CMR051_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་བཤད་རྒྱུ་ཡོད་པར་གྱིས། །ཁ་དལ་ལ་སོགས་མ་ཡེངས་པར། །སེམས་ལ་ཅི་གདའ་ངེས་ཤིག་ཅིག། །ང་ལ་བཤད་རྒྱུ་ཡོད་ངེས་མཛོད། །དམིགས་ཐུན་དང་པོའོ།། ༈ །།དེ་ནས་ཐུན་མོང་མ་ཡིན་པའི། །ཞི་གནས་དང་ནི་ལྷག་མཐོང་གཉིས། །སེམས་ལ་ཅི་ཡང་མི་དྲན་པར། །ཀྱི་ལེ་གནས་ཤིང་གནས་པ་དེ། །རིག་པ་དེ་ནི་ཞི་གནས་ཟེར། །དེ་ཡི་གནས་མཁན་ངོ་བོ་ལ། །བལྟས་པས་དངོས་པོ་ཅི་ཡང་མེད། །སྟོང་པར་མཐོང་བ་ལྷག་མཐོང་ཡིན། །གནས་པ་དེ་དང་སྟོང་པ་གཉིས། །དབྱེར་མེད་ངོ་བོ་གཅིག་པ་ལ། །ཞི་ལྷག་ཟུང་འཇུག་ཟེར་བ་ཡིན། །དེ་ལ་ཡུན་རིང་གནས་པ་ནི། །གནས་པ་ཆགས་ཞེན་བྱ་བ་ཡིན། །གལ་ཏེ་མི་གནས་འཕྲོ་ན་ཡང་། །མ་སྒྲིམ་ལྷོད་ལ་བབ་ཀྱི་ལྟོས། །མང་པོ་བཤད་པའི་སོ་ན་མེད། །ལུས་གནད་བསྲང་ལ་རྩེ་གཅིག་ལྟོས། །རང་སེམས་བཙལ་བས་མ་རྙེད་ན། །དེ་ལ་སྟོང་པ་ཉིད་ཅེས་བྱ། །དབྱིབས་སུ་མ་གྲུབ་ཁ་དོག་མེད། །ལུས་ཀྱི་ཕྱི་དང་ནང་ན་མེད། །ཕྱི་རོལ་ཕྱོགས་བཅུར་བཙལ་ཡང་མེད། །སེམས་དེ་མེད་པ་ཉིད་ཀྱང་མིན། །སྐྱིད་སྡུག་དུག་ལྔ་དད་གུས་སོགས། །སྣ་


CMR051_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དྲན་ཞིང་ཅི་ཡང་འཆར། །ཡོད་མེད་གཉིས་ཀ་མ་ཡིན་པས། །སེམས་ཀྱི་གནས་ལུགས་བརྗོད་མི་ཤེས། །དེ་ཕྱིར་སྨྲ་བསམ་བརྗོད་མེད་ཡིན། །རང་སེམས་ཡེ་ནས་ཕྱག་རྒྱ་ཆེ། །རང་ངོ་ཤེས་པས་ཆོག་པ་ཡིན། །ཡག་འདོད་ཉེས་དོགས་བྱས་ན་འཆིང་། ་།རེ་དོགས་མེད་པར་གང་ཤར་བ། །བཟོ་བཅོས་མེད་པར་ལྷུག་པར་ཞོག །སེམས་ལ་སེམས་ཀྱིས་ཚུར་ལྟ་བ། དེ་ནི་བསྒོམ་ཞེས་བྱ་བ་ཡིན། །རང་སེམས་རང་གིས་ལྟ་མ་ཤེས། །བསྒོམ་ནི་མ་ཤེས་པ་ཡིན་པས། །བལྟས་པས་མཐོང་རྒྱུ་ཡོད་པ་མིན། །མཐོང་རྒྱུ་མེད་པ་མཐོང་བ་དེ། །སེམས་ངོ་ཤེས་པ་ཡིན་ལགས་སོ། །ཕྱག་རྒྱ་ཆེན་པོ་ཟེར་བ་དེ། །རང་གི་སེམས་ལ་ཟེར་བ་ཡིན། །གཞན་ན་མེད་པར་བློ་ཐག་ཆོད་། །དེ་ཉིད་ཉམས་སུ་ལེན་པའི་ཐབས། །སེམས་ལ་སེམས་ཀྱིས་ལྟ་བ་ཡིན། །བསྒོམ་རྒྱུ་མེད་པ་བློ་ཐག་ཆོད། །སེམས་དེ་བལྟས་པས་མ་མཐོང་ན། །སྟོང་ཉིད་དོན་དམ་མཐོང་བ་ཡིན། །དེ་ཉིད་བསྒོམ་དུ་བློ་ཐག་ཆོད། །གནས་ནི་དགའ་དང་འགྱུ་ན་སྡུག །དེ་འདྲ་དང་པོར་མཐོང་ན་ཡང་། །ཆུ་དང་ཆུ་རླབས་བཟང་ངན་མེད། །གནས་འགྱུ་


CMR051_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གདམ་ཀ་མ་བྱེད་པར། །གང་ཤར་རང་ངོ་བལྟ་བ་དེ། །ཉམས་ལེན་ཡིན་པར་བློ་ཐག་ཆོད། །རང་ངོ་རང་གིས་མ་རིག་ན། །བཟང་པོ་ངན་པ་ཅི་དྲན་ཡང་། །འཁྲུལ་བ་ཡིན་པར་བློ་ཐག་ཆོད། །དེ་ཕྱིར་མ་ཡེངས་དྲན་རྫི་ཡི། །མར་ཁུའི་ཕོར་ཁ་འཚོ་བ་ལྟར། །སྤྱོད་ལམ་ཀུན་ཏུ་རང་སེམས་སྲུངས། །དེ་ལྟར་རང་སེམས་འཚོ་ཐུབ་ན། །ཚོང་དུས་ཁ་ཡང་དབེན་པ་ཡིན། །རང་སེམས་འཚོ་ནི་མ་ཐུབ་ན། །མུན་མཚམས་བྱས་ཀྱང་ཕན་པ་མེད། །རང་སེམས་བྱ་ར་ཡང་ཡང་མཛོད། །ཉམས་དང་པོ་རི་གཟར་གྱི་ཆུ་དང་འདྲ། སེམས་སྐད་ཅིག་མི་སྡོད་ཚུབ་ཚུབ་རྒྱུག །བསྒོམ་འོང་ལེ་མི་གདའ་བསམ་པ་འབྱུང་། །བསྒོམ་འོང་རྟགས་ཡིན་ནོ་སྡུག་མི་དགོས། །ཉམས་གཉིས་པ་ས་རོང་གི་ཆུ་དང་འདྲ། སེམས་རེས་འགའ་དལ་ཏེ་རེས་འགའ་བྲེལ། །སེམས་གནས་ན་དགའ་ཞིང་འགྱུ་ན་སྡུག །གནས་འགྱུ་ལ་གདམ་ག་མ་བྱེད་དང་། །དོན་རིག་པས་ཆོག་གོ་བཟང་ངན་མེད། ཉམས་གསུམ་པ་གཙང་པོའི་ཆུ་ཆེན་འདྲ། །སེམས་མེ་རི་འཁྱིལ་ལེ་ཡུན་རིང་གནས། །སེམས་གནས་པའི་ངང་ནས་འགྱུ་བ་ཡང་། །དཔེ་ཆུ་ཆེན་ནང་གི་ཆུ་རླབས་འདྲ། །


CMR051_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་འོང་བ་གདའ་བསམ་སྤྲོ་བ་སྐྱེ། །ཉམས་བཞི་པ་རྒྱ་མཚོ་ཆེན་པོ་འདྲ། །སེམས་མེ་རེ་འཁྱིལ་ལེ་ཡུན་རིང་གནས། །སེམས་གནས་པའི་ངང་ནས་འགྱུ་བ་ཡང་། །མཚོ་དྭངས་བའི་ནང་དུ་ཉ་རྒྱུག་འདྲ། །དེ་སྤྱོད་ལམ་ཕལ་ཆེར་འབྲལ་མེད་འདྲ། །བསྒོམ་ལེགས་པོར་སྐྱེས་ན་དགའ་བ་སྐྱེས། །ཉམས་དེ་རྣམས་ཡུན་ལ་ངེས་པ་མེད། །དུས་ཡུད་ཙམ་རེ་དང་ཉིན་ཞག་ཙམ། །དུས་ཟླ་ཆས་ལོ་ཤས་འདུག་ཀྱང་སྲིད། །དེ་མ་བསྐྱུར་རྒྱུན་དུ་སྐྱོང་བ་ན། །སེམས་བདེ་གསལ་མི་རྟོག་ཉམས་བཟང་འཆར། ། བླ་མའི་བྱིན་རླབས་མ་ཡིན་ཞིང་། །དམ་ཆོས་ཟབ་པས་མ་ཡིན་ཏེ། །བསྐལ་པ་གྲངས་མེད་སྔོན་རོལ་ནས། །སེམས་ཉིད་ཆོས་སྐུ་ཡིན་པར་འདུག །དེ་ཉིད་ཡིན་པར་མ་ཤེས་པས། །སྐྱོན་གྱིས་འཁོར་བར་འཁྱམས་པར་སྣང་། །སེམས་ཉིད་ཆོས་སྐུར་ངོ་སྤྲད་ཀྱང་། །དེ་ནི་མི་བདེན་བསམ་པ་རྣམས། །ལས་ངན་སྒྲིབ་པ་ཡིན་པར་གདའ། །ད་ནི་རང་གི་སེམས་ཉིད་ནི། །ཆོས་སྐུ་ཡིན་པར་ཐག་ཆོད་མཛོད། །སེམས་ལ་སེམས་ཀྱིས་ལྟ་བ་འདི། །ཉམས་ལེན་ཡིན་པར་ཐག་ཆོད་མཛོད། །གནས་པ་ཆོས་སྐུའི་ངོ་བོ་སྟེ། །


CMR051_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ལོངས་སྤྱོད་རྫོགས་པའི་སྐུ། །འགྱུ་བ་སྤྲུལ་པའི་སྐུ་ཡིན་ཏེ། །དེ་གསུམ་ངོ་བོ་དབྱེར་མེད་པ། །ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ། །སངས་རྒྱས་སྐུ་བཞིའི་ངོ་བོ་དེ། །ཡེ་ནས་རང་གི་སེམས་ལ་ཚང་། །དེ་ལྟར་རྟོགས་ན་བདེ་བ་ཆེ། །མ་རྟོགས་འཁོར་བའི་སྡུག་བསྔལ་མཚོ། །འཁོར་བ་དང་ནི་མྱ་ངན་འདས། །རྟོགས་དང་མ་རྟོགས་ཁྱད་པར་ཙམ། །རྣམ་རྟོག་དང་ནི་ཆོས་སྐུ་གཉིས། །རིག་དང་མ་རིག་ཁྱད་པར་ཙམ། །དེ་ཕྱིར་རང་སེམས་རང་གིས་ལྟོས། །སེམས་མ་བཅོས་རང་སར་ཞོག་ཟེར་བ། །ཚིག་བརྗོད་པར་སླ་སྟེ་ཤེས་པར་དཀའ། །སེམས་གནས་ན་དགའ་བའི་རེ་བ་ཅིག །སེམས་འཕྲོ་ན་མི་དགའི་དོགས་པ་གཉིས། །བསྒོམ་ལེགས་པོ་སྐྱེ་བའི་རེ་འདོད་གཅིག །བསྒོམ་མི་སྐྱེ་དོགས་པའི་དོགས་པ་གཉིས། །སེམས་གསལ་ན་དགའ་བའི་རེ་བ་གཅིག །སེམས་སྨུག་ན་མི་དགའི་དོགས་པ་གཉིས། །སེམས་མཐོང་དུ་རེ་བའི་རེ་བ་གཅིག །སེམས་ངོ་བོ་མ་མཐོང་དོགས་པ་གཉིས། །བསྒོམ་སྐྱོན་མེད་སྐྱེ་འདོད་རེ་བ་གཅིག །གེགས་གོལ་ས་ཤོར་དོགས་ཡི་མུག་གཉིས། །སེམས་རྣམ་རྟོག་དེ་ཚོ་ཡོད་རིགས་ལ། །སེམས་མ་བཅོས་མ་


CMR051_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་བཅོས་མ་ཡིན། །ད་སེམས་ལ་སེམས་ཀྱིས་ལྟ་བ་ཡིན། །སེམས་དྲན་རྫི་མ་བརྗེད་ཙམ་དང་ཞིག །གཞན་ཡག་འདོད་ཉེས་དོགས་རྒྱབ་ཏུ་སྒྱུར། །སེམས་ཀློད་དེ་ལྷོད་ལ་རང་བབས་ཞོག །དེ་བཞག་པས་མཐོང་རྒྱུ་གཞན་མེད་པར། །དཔེ་བར་སྣང་སྟོང་པར་བལྟས་པ་བཞིན། །གཟུགས་དངོས་པོ་མེད་པར་སྟོང་པར་མཐོང་། །དེ་མཐོང་ཚུལ་ཡིད་ལ་གསལ་ན་ཡང་། །དོན་དེ་འདྲ་ངག་ནས་བརྗོད་མི་ཤེས། །དཔེ་ལྐུགས་པས་བུ་རམ་ཟོས་པ་ལྟར། །ཚིག་བརྗོད་དུ་མེད་ཀྱང་རང་ལ་གསལ། །སེམས་བདེ་ཉམས་བདེ་ལུས་བདེ་སེམས། །སེམས་འབོལ་ལེ་ཤིག་གེར་གནས་པ་བྱུང་། །སེམས་གསལ་ཉམས་སྟོང་རྗེན་ལྷང་ངེ་བ། །དཔེ་ནམ་མཁའ་དྭངས་པའི་དཀྱིལ་ལྟར་འཆར། །སེམས་སྟོང་ཉམས་ཐམས་ཅད་སྟོང་པ་ཉིད། །ལུས་འདི་ཡང་མེད་པ་འདྲ་ཞིག་འཆར། །ཉམས་བཟང་བ་ལ་མ་ཆགས་ངོ་བོ་ལྟོས། །སེམས་རྩུབ་ཉམས་རྣམ་རྟོག་འཕྲོ་རྒོད་སྐྱོན། །སེམས་ལྟ་རྒྱུ་མེད་པ་རླུང་འཚུབ་འདྲ། །སེམས་མི་བདེ་དུག་ལྔ་ཅི་ཤར་ཡང་། །དེ་སྐྱོན་དུ་མ་ལྟ་ཀློད་ལ་ལྟོས། །སེམས་བྱིངས་བ་སྨུག་འཐིབ་མོག་གེ་བ། །སེམས་


CMR051_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཀྱང་ལྟ་རྒྱུ་མི་རྙེད་ན། །ལུས་ཀྲིམ་མེར་བསྒྲིམས་ལ་ནམ་མཁའ་དང་། །སེམས་དབྱེར་མེད་བསྲེས་ལ་ངོ་བོ་ལྟོས། །སེམས་བལྟ་རྒྱུ་ཧྲིག་གེ་རྗེན་ནེ་བ། །རང་ངེས་ཤེས་གདིང་ནས་སྐྱེས་ཙམ་ན། །སེམས་ངར་འཛིན་མ་ཆེ་རང་བབས་ལྟོས། །དུས་ནམ་ཞིག་བལྟ་རྒྱུ་ལྟ་བ་འདྲེས། །སེམས་འདི་བལྟ་འདི་བསྒོམ་མེད་པ་ཡི། །སེམས་ཐ་མལ་རང་ག་འཇོག་པ་དེ། །བསྒོམ་ཡིན་ནམ་མིན་ནམ་སྙམ་པ་བྱུང་། །དེ་བཅོས་མ་མི་དགོས་དེ་གར་སྐྱོངས། །དེས་ཕྱག་ཆེན་གྱི་ལམ་སྣེ་ཟིན་པའོ། །དེ་ལྟར་བསྒོམས་པས་སངས་རྒྱས་པ། །སྔོན་གྱི་བཀའ་བརྒྱུད་ཐམས་ཅད་ལགས། །བསྒོམས་པས་གྲོལ་བ་སྤྱི་ཡི་ལུགས། །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །མ་བསྒོམས་སངས་རྒྱས་ངོ་མཚར་ཆེ། །ཨོ་རྒྱན་པདྨའི་ཟབ་ཁྱད་ལ། །མ་བསྒོམས་སངས་རྒྱས་ཐབས་བཞི་ཡོད། །དེ་ཡི་ནང་ནས་ཁྱད་པར་དུ། །ཐེག་པ་དགུ་ཡི་ཡང་རྩེའི་ཆོས། །རྫོགས་ཆེན་ཨ་ཏི་སྤྱི་ཏི་ཞེས། །ཀུན་ཏུ་བཟང་པོས་གསུངས་པའི་དོན། །བལྟས་པས་གྲོལ་བ་ཐོད་རྒལ་ཁྲིད། །ཡེ་ཤེས་ལྔ་པོ་དངོས་སུ་མཐོང་། །ཐེ་ཚོམ་ཅན་ལ་གསང་བའི་གནས། །ལོག་ལྟ་སྐྱེས་ན་མནར་མེད་ལྟུང་། །


CMR051_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་ཕལ་ལ་འདི་བཤད་ན། །མ་གཟའ་དམ་གསུམ་བཀའ་ཆད་འབེབས། །དེ་ལྟར་ཟབ་ཅིང་གཉན་པའི་ཆོས། །སྟོན་པའི་སྔོན་འགྲོའི་དམིགས་རིམ་ནི། །རང་གི་སྤྱི་བོར་པད་ཟླའི་སྟེང་། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །རྫོགས་ཆེན་བརྒྱུད་པས་བསྐོར་བར་བསྒོམ། །གསོལ་འདེབས་གང་འོས་བྱ་བའམ། །བཛྲ་གུ་རུ་མ་ཞིག་བཟླས། །སྤྱི་བོའི་ལྷ་ཚོགས་རང་ལ་བསྟིམ། །དབང་དང་བྱིན་རླབས་ཐོབ་པར་བསྒོམ། །དེ་ནས་རང་སེམས་ངོ་བོ་སྐྱོང་། །དེ་ནི་ཁྲེགས་ཆོད་དོན་འདུས་སོ། །ལུས་ངག་ཡིད་གསུམ་འཁོར་བ་དང་། །རུ་ཤན་ཕྱེ་བའི་དོན་བསྡུས་ནི། །རང་ཉིད་དམྱལ་བར་སྐྱེས་ནས་ཀྱང་། །སྡུག་བསྔལ་དཔག་མེད་ཡོད་པར་བསྒོམ། །དེ་བཞིན་ཡི་དྭགས་དུད་འགྲོ་དང་། །ལྷ་མིན་རྣམས་སུ་སྐྱེ་བར་བསྒོམ། །དེ་དག་སྐྱེས་པའི་སྡུག་བསྔལ་དེའི། །ངོ་བོ་སེམས་ལ་སྐབས་སུ་བལྟ། །རང་ཉིད་ལྷ་ཡི་རྒྱལ་པོ་དང་། །མི་ཡི་རྒྱལ་པོ་སྐྱེས་པར་བསྒོམ། །བདེ་སྐྱིད་དཔག་མེད་ཡོད་པར་བསྒོམ། །སྐྱིད་སྙམ་སེམས་ལ་ཧྲིག་གེར་བལྟ། །ལུས་ཀྱང་སྤྱོད་ལམ་རྣམ་འགྱུར་བྱ། །རང་ལ་སེམས་ཅན་ཐམས་ཅད་


CMR051_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །གཤེ་སྐུར་ཚིག་ངན་བརྗོད་པར་བསྒོམ། །རང་ལ་སེམས་ཅན་ཐམས་ཅད་ཀྱིས། །བསྟོད་བཀུར་དཔག་མེད་བྱེད་པར་བསྒོམ། །དེ་གཉིས་སེམས་ཀྱི་ངོ་བོ་ལ། །བལྟས་པས་དངོས་མེད་སྟོང་པར་སྙོམས། །སེམས་ལ་རྣམ་རྟོག་མང་པོ་སྤྲོ། །ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་བཏང་། །སེམས་ལ་ཅི་ཡང་མི་དྲན་འཇུག །འགྱུ་བ་བཀག་ལ་ངོ་བོ་བལྟ། །དེ་གཉིས་སེམས་ཀྱི་ངོ་བོ་ལ། །བཟང་ངན་ཁྱད་པར་ཅི་གདའ་བལྟ། །རིགས་དྲུག་སྐྱེ་སྒོ་ཆོད་པ་དང་། །འཁོར་འདས་རུ་ཤན་ཕྱེ་བའི་ཐབས། །ཤིན་ཏུ་བསྡུས་ཏེ་བསྟན་པའོ། །རྒྱས་པར་ཕྱེ་ན་བསམ་མི་ཁྱབ། །རང་ལུས་སྟོང་པ་སང་ངེར་བསྒོམ། །དེ་དབུས་དབུ་རྐྱང་རོ་གསུམ་རྩ། །ཁང་སྟོང་ཀ་བ་བཙུགས་འདྲ་བསྒོམ། ། གཡས་པར་ཨོཾ་དཀར་ཨཱདམར་གཡོན། །དབུ་མའི་ནང་དུ་ཧཱུྃ་མཐིང་ནི། །སྐུ་གསུམ་ཐུགས་ཀྱི་ངོ་བོ་བསྒོམ། །རྐང་མཐིལ་གཉིས་སུ་དམྱལ་བ་ཡི། །ས་བོན་དུ་ཡིག་ནག་པོ་རེ། །གསང་གནས་ཡི་དྭགས་སྲེ་དམར་པོ། །ལྟེ་བར་དུད་འགྲོར་ཏྲི་དུད་ཁ། །སྙིང་ཁར་མི་ཡི་ནི་ལྗང་གུ། །མགྲིན་པར་ལྷ་མིན་སུ་དམར་སྐྱ། །སྤྱི་བོར་ལྷ་ཡི་ཨ་དཀར་


CMR051_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ཚེ་རབས་འཁོར་བ་ཐོག་མེད་ནས། །རིགས་དྲུག་སྐྱེ་བའི་སྡིག་སྒྲིབ་རྣམས། །ཡི་གེ་དེ་དག་རྣམས་ལ་ཐིམ། །སྙིང་ཁའི་ཨོཾ་ཨཱཿཧཱུྃ་གསུམ་ལས། །མེ་འབར་རིགས་དྲུག་ས་བོན་བསྲེག །དེ་ནས་རང་ལུས་ནང་ཐམས་ཅད། །ཡི་གེ་ཧཱུཾ་ཡིག་སྔོན་པོ་ཡིས། །ཐེམ་འགགས་ནེམ་འགགས་གང་བར་བསྒོམ། །དེ་ནས་དེ་རྣམས་སྒོམ་མཁན་གྱི། །སེམས་ལ་སེམས་ཀྱིས་ཧྲིག་གེར་བལྟ། །དངོས་པོ་ཁ་དོག་མ་མཐོང་བས། །སྟོང་རྗེན་ལྷང་ངེར་སྣང་བ་ནི། །རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཅེས། །གནས་པ་གཞི་ཡི་སྒྲོན་མ་ཡིན། །རང་སེམས་སངས་རྒྱས་ཡིན་པ་ནི། །མདོ་སྔགས་གཉིས་ཀ་མཐུན་ན་ཡང་། །མདོ་ལུགས་ལམ་ཐག་རིང་བ་ནི། །རང་ལུས་སངས་རྒྱས་མ་རྟོགས་སྐྱོན་། །རང་ལུས་ཕུང་ཁམས་རྩ་ཐིག་རླུང་། །སངས་རྒྱས་ཡིན་ཚུལ་གསར་རྙིང་གི །རྒྱུད་སྡེ་ཀུན་ནས་གསུངས་པ་ཡིན། །ཡིན་ལ་ཡིན་བཞིན་གསལ་འདེབས་དགོས། །རང་ལུས་རྡོ་རྗེ་སེམས་དཔར་བསྒོམ། །སྙིང་དབུས་ཀུན་ཏུ་བཟང་པོ་ལ། །ཞི་བ་བཞི་བཅུ་རྩ་གཉིས་བསྐོར། །མགྲིན་པར་པདྨ་གར་དབང་ལ། །རིག་འཛིན་དཔའ་བོ་ཌཱཀྐིའི་


CMR051_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །ཀླད་པ་དུང་ཁང་ནང་དུ་ནི། །ཆེ་མཆོག་ཁྲག་འཐུང་ལྷ་ཚོགས་བསྒོམ། །ཟས་རྣམས་ཐམས་ཅད་མཆོད་པར་དམིགས། །གོས་རྣམས་ཐམས་ཅད་འབུལ་བར་དམིགས། །གདན་ཡང་པདྨ་ཉི་ཟླའི་གདན། །རླུང་ནི་རྡུབ་པ་ཡི་གེ་ཨོཾ། །ཁོག་ཏུ་གནས་པ་ཡི་གེ་ཨཱ། །ཕྱིར་ལ་རྒྱུ་བ་ཡི་གེ་ཧཱུྃ། །དེ་ལྟར་ཤེས་ཤིང་གསལ་ཐེབས་ན། །བྱ་བ་སྤྱོད་ལམ་བྱང་ཆུབ་ལམ། །སྙིང་ག་སངས་རྒྱས་བཞི་བཅུ་གཉིས། །ཡེ་ནས་དངོས་སུ་ལུས་ལྷར་བཞུགས། །བཞུགས་རྟགས་མིག་ནི་མཛུབ་མོ་ཡིས། །མནན་པས་ཐིག་ལེ་གོར་མོ་འཆར། །ཙིཏྟ་ཤ་ཡི་སྒྲོན་མ་ཞེས། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ། །རང་ལ་བཞུགས་པ་ངོ་མཚར་ཆེ། །སྙིང་དང་མིག་གཉིས་འབྲེལ་བའི་རྩ། །དར་དཀར་སྐུད་པ་འདྲ་བ་དོད། །དཀར་འཇམ་རྩ་ཡི་སྒྲོན་མ་ཡིན། །མིག་དབུས་ལུས་བཅུད་ཀུན་འདུས་པ། །གཟུགས་རྣམས་སོ་སོར་མཐོང་བྱེད་པ། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིན། །ཙཀྵུས་ཟིམ་བྱས་ཟེར་གཉིས་དུས། །སུརྻའི་དཀྱིལ་འཁོར་ལ་བལྟས་པས། །འཇའ་ཚོན་ཁ་དོག་སྣ་ཚོགས་འཆར། །རྣམ་དག་དབྱིངས་ཀྱི་སྒྲོན་མ་ཡིན། །དེ་དབུས་འོད་ཟེར་མུ་ཁྱུད་


CMR051_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ར་བ་ཟླུམ་པོར་འཆར་བ་ནི། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིན། །དེ་སྟེང་རྟ་རྔའི་ཉག་མ་ཙམ། །དྲྭ་བ་དྲྭ་ཕྱེད་ལུ་གུ་རྒྱུད། །ལྕགས་ཐག་འདྲ་བ་འཆར་བ་ནི། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ཞི་བའི་ལྷ་ཚོགས་སྙིང་དཀྱིལ་དུ། །བཞུགས་པའི་རང་འོད་ཡེ་ཤེས་ལྔ། །རྩ་ཡི་རྒྱུད་ནས་མིག་ལ་གསལ། །དངོས་སུ་ནམ་མཁའི་དབྱིངས་སུ་མཐོང་། །དེ་ལ་རྒྱུན་དུ་གོམས་བྱས་པས། །བཀྲག་མདངས་ལྟ་བར་མི་བཟོད་པའི། །ཐིག་ལེ་དཀར་སེར་དམར་དང་ལྗང་། །གཅིག་གམ་གསུམ་ཙམ་ལྔ་ཚོམ་འཆར། །ཆོས་ཉིད་མངོན་སུམ་སྣང་བ་ཡི། །ཡིད་ཡུལ་བསྒོམ་པའི་ཕྱག་ཆེན་གྱི། །རྟོགས་པ་གཞན་ལས་ཁྱད་པར་འཕགས། །ཅི་ཕྱིར་ཡེ་ཤེས་མིག་གིས་མཐོང་། །ཡིད་དཔྱོད་ལྟ་བར་རག་མ་ལུས། །དངོས་སུ་མཐོང་བར་ཐེ་ཚོམ་མེད། །དེ་ནས་དེ་ལ་གོམས་བྱས་པས། །འོད་དང་ཐིག་ལེ་ཐིག་ཕྲན་ནི། །ཇེ་ཆེ་ཆེ་ཞིང་ལུང་པ་ཁེངས། །ཐིག་ལེའི་དབུས་ན་རྡོ་རྗེ་དང་། །འཁོར་ལོ་ནོར་བུ་པདྨ་དང་། །ཕྱག་མཚན་ཡིག་འབྲུ་ལ་སོགས་འཆར། །ཉམས་ལེན་གོང་དུ་འཕེལ་བ་ཡིན། །འདི་ཙམ་མཐོང་བ་ཤི་ན་ཡང་། །


CMR051_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོར་རང་ངོ་འཕྲོད་དེ་གྲོལ། །དེ་ནས་གོམས་པར་བྱས་པ་ལ། །ཐིག་ལེའི་དཀྱིལ་ན་ལྷ་ཡི་སྐུ། །རེ་རེའི་གཙོ་འཁོར་སྣ་ཚོགས་པ། རིགས་ལྔ་ཞི་ཁྲོ་ཕལ་ཆེར་འཆར། ། དེ་ཡང་དང་པོ་གསལ་ཙམ་དང་། །དེ་ནས་རྒྱན་དང་ཆ་ལུགས་གསལ། །ཐམས་ཅད་གཏན་ལ་ཕབ་ན་ནི། །བར་དོ་བགྲོད་པར་མི་དགོས་ཏེ། །ཕྱི་དབུགས་ཆད་མ་ཐག་ཏུ་ནི། །རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས། །འོད་ཀྱི་སྦུ་གུ་མིག་ལ་ཟུག །རིག་པ་རྡོར་སེམས་ཐུགས་ཀར་ཐིམ། ། །འདི་ལྟར་རྫོགས་ཆེན་ཐོད་རྒལ་འདི། །བསྒོམ་ཤེས་མི་དགོས་བལྟས་པས་གྲོལ། །ཟླ་དྲུག་མ་ཆག་བལྟས་ན་ནི། །རིག་པ་ཚད་ལ་ཕེབ་པ་སྟེ། །ཞི་ཁྲོའི་ལྷ་ཚོགས་དངོས་སུ་འཆར། །འདི་ལས་སླ་དང་ཟབ་པ་མེད། །གེགས་དང་གོལ་ས་ཅི་ཡང་མེད། །ཅུང་ཟད་མིག་ལ་གནོད་དོགས་ན། །དང་པོ་བལྟ་ཞིང་དེ་ནས་ནི། །གཡས་གཡོན་གང་གསལ་ཁྲིད་ལ་བལྟ། །ཟླ་བ་གཅིག་གཉིས་མ་བསྐྱུར་ན། །ནུབ་མོ་གཉིད་ཁ་ལ་སོགས་འཆར། །ཟླ་བ་མར་མེ་མེ་ལོང་དང་། །གསལ་ཁུང་ལ་ཡང་བལྟས་པས་འཆར། །ཐེག་དགུའི་ཡང་རྩེ་ཀུན་བཟང་བཀའ། །མ་བསྒོམས་སངས་རྒྱས་


CMR051_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་ཆེ། །གསར་མའི་ལུགས་ལ་མེད་པའི་ཕྱིར། །ཕལ་པའི་རྣ་བར་མི་ཤོང་བས། །གཞན་ལ་གསང་བ་དམ་ཚིག་ཡིན། །མ་གསང་བཀའ་སྲུང་ཆད་པ་འོང་། །དེ་ནས་སེམས་ངོ་སྐྱོང་ཤེས་ན། །ཕྱག་རྫོགས་ཟུང་འཇུག་ཉམས་ལེན་ནི། །མིག་གིས་འཇའ་འོད་ཐིག་ལེར་བལྟ། །དེ་ཚེ་རྣམ་རྟོག་མི་འཕྲོ་བས། །འཇའ་ཚོན་རྣམས་ལ་སེམས་གནས་པ། །དེ་ཡི་ངོ་བོ་བལྟས་པ་ཡི། །གསལ་སྟོང་ཟུང་དུ་འཇུག་པ་ནི། །དངོས་སུ་འཆར་ཞིང་བོགས་ཐོན་འགྱུར། །དེ་ལྟར་ཉམས་སུ་བླང་པ་ན། །ཨོ་རྒྱན་ཆེན་པོའི་ཟབ་ཆོས་ལ། །དེ་ལས་ཐེག་པ་མཐོ་བ་མེད། །དེ་བས་ཟབ་པའི་ཆོས་མེད་དོ། །དེ་བས་སླ་བའི་ཆོས་མེད་དོ། །དེ་བས་ལམ་ཐག་ཉེ་བ་མེད། །དེ་ལྟར་ཉམས་ལེན་སྐྱེས་བུ་ལ། །འདས་དུས་འཇའ་འོད་རིང་བསྲེལ་དང་། །གདུང་ལ་ལྷ་སོགས་ངེས་པར་འབྱོན། །དེང་སང་ཚེ་ལོ་ལྔ་བཅུའི་མཐའ། །ཚེ་ལོ་བཅུ་པའི་མཐར་ཐུག་བར། ། ཀུན་བཟང་ཐུགས་ཀྱི་བསྟན་པ་སྟེ། །རྫོགས་ཆེན་རྣམས་ནི་གྲོལ་བར་སླ། །ཤཱཀ་ཐུབ་བསྟན་པ་རྟགས་ཙམ་དུས། །ཡིན་པར་གསར་མ་ཉམས་བླངས་ཀྱང་། །རྟགས་མཚན་


CMR051_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ཉུང་གྲོལ་བར་དཀའ། །དེ་ཚུལ་རྫོགས་ཆེན་རྣམས་ནས་གསུངས། །དེ་ཕྱིར་ཕྱག་རྫོགས་ཟུང་འཇུག་གི །དམིགས་ཐུན་གོ་བདེ་ཚིག་ཉུང་བ། །ལུང་འདྲེན་ལ་སོགས་མ་བྱས་པར། །འཕྲལ་དུ་ཡིད་ལ་གང་ཤར་སྨྲས། །ཆམ་ཕུ་དབུ་མཛད་ལ་ཕན་ཕྱིར། །ཁྲིད་ཀྱི་རིམ་པ་རྫོགས་པ་ཡིན། །ཨ་ནུ་ཨ་ཏིའི་ཉམས་ལེན་འདུས། །མ་ཧཱ་ཡོ་གའི་ཉམས་ལེན་ནི། །ནངས་ནུབ་ནམ་ཁོམ་ཕུར་པ་ཡི། །ལས་བྱང་ལ་སོགས་གཏོར་བསྔོས་སམ། །བསྐྱེད་རིམ་བསྙེན་པ་རྒྱུན་དུ་མཛོད། །དེ་ཙམ་ཉམས་སུ་བླངས་པ་ན། །གསང་སྔགས་རྙིང་མའི་གྲལ་དུ་གཏོགས། །ཨོ་རྒྱན་རྗེས་འཇུག་ཡིན་ཞེས་བཤད། །དེ་སྐད་རཱ་ག་ཨ་སྱ་ཡིས། །སྙིང་གཏམ་གབ་སྦས་སྤངས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་ཁྲིད་བསྡུས་པ་ཆམ་ཕུ་དབུ་མཛད་ལ་གནང་བ།next