Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་སློང་རཱ་ག་ཨ་སྱས་རང་ལོ་ལྔ་བཅུ་ང་གཉིས་སྤྲེལ་ཟླའི་ཉི་ཤུ་ལྔ་ཚུན་ཆད་བར་སྐབས་ཀྱི་ཉམས་མགུར་འགའ་རེ་ཡོད།
   


 
previousདགེ་སློང་རཱ་ག་ཨ་སྱས་རང་ལོ་ལྔ་བཅུ་ང་གཉིས་སྤྲེལ་ཟླའི་ཉི་ཤུ་ལྔ་ཚུན་ཆད་བར་སྐབས་ཀྱི་ཉམས་མགུར་འགའ་རེ་ཡོད།next

དགེ་སློང་རཱ་ག་ཨ་སྱས་རང་ལོ་ལྔ་བཅུ་ང་གཉིས་སྤྲེལ་ཟླའི་ཉི་ཤུ་ལྔ་ཚུན་ཆད་བར་སྐབས་ཀྱི་ཉམས་མགུར་འགའ་རེ་ཡོད།


CMR051_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་རཱ་ག་ཨ་སྱས་རང་ལོ་ལྔ་བཅུ་ང་གཉིས་སྤྲེལ་ཟླའི་ཉི་ཤུ་ལྔ་ཚུན་ཆད་བར་སྐབས་ཀྱི་ཉམས་མགུར་འགའ་རེ་ཡོད་དོ།།


CMR051_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་རཱ་ག་ཨ་སྱ་རང་ལོ་ང་གཉིས་བྱི་བའི་ལོར། །གཞན་རྐྱེན་འགའ་ཡིས་རྐྱེན་བྱས་ནས། །བདག་གི་འཇིག་རྟེན་མི་ཤེས་པས། །བསམ་པ་བཟང་བའི་ཡོན་བདག་འགས། །ཁ་ད་བྱེད་མཁན་མང་དུ་བྱུང་། །ལ་ལས་གྲྭ་པ་ཀུན་གཏོར་ལ། །གཅིག་པུར་སྐུ་མཚམས་བསྡམས་ན་ཟེར། །ལ་ལས་འགྲོ་དོན་བློས་ཐོངས་ལ། །རང་གི་ཡུལ་དུ་བཞུགས་ན་ཟེར། །ལ་ལས་གནས་སྐབས་འཚོ་བ་ཟེར། །ཟང་ཟིང་འབུལ་བ་མ་བསྡུ་ཟེར། །


CMR051_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རིས་དཔོན་རིགས་འགའ་རེ་ཡིས། །ངེད་ཀྱི་ཡུལ་དུ་བྱོན་བཞུགས་ཟེར། །བླ་མ་དཔོན་རིགས་འགའ་རེ་ཡིས། ། འདིར་བྱོན་ཆོས་འབྲེལ་གནང་དགོས་ཟེར། །གཏེར་སྟོན་བདུད་འདུལ་རྡོ་རྗེ་ལ། །མཚམས་ཀྱི་དམ་བཅའ་ཕུལ་བ་ལ། །ཁྱོད་ནི་རིག་འཛིན་རྒད་པོ་རེད། །ད་ནི་མཚམས་ཀྱི་དགོས་པ་མེད། །དབང་ལུང་གང་འཕེལ་མཛོད་ཅིག་གསུངས། །ང་རང་བློ་ལ་འདི་ལྟར་ཤར། །དྲུག་ཅུ་ཚེ་འཕྲང་དམ་པའི་ཕྱིར། །ལྔ་བཅུ་ང་དགུ་ཚུན་ཆད་ལ། །སྒྲུབ་པ་འགྲོ་དོན་སྤེལ་མར་བྱེད། །དེ་ནས་ཚེ་དང་སྒྲུབ་པ་མཉམ། །དེ་རིང་དམར་


CMR051_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཚེས་པ་བཅུ། །འགྲུབ་སྦྱོར་དུས་བཟང་འཛོམ་པའི་ཉིན། །རྩ་བ་གསུམ་དང་དཀོན་མཆོག་གསུམ། །བདེན་པར་གྲུབ་པ་ཐམས་ཅད་ཀྱིས། །ཐུགས་རྗེས་སྤྱན་གྱིས་འདིར་གཟིགས་ལ། །སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་བྱང་ཆུབ་བར། །བདག་ནི་གར་ཕྱིན་གར་བསྡད་དུ། །ནད་མུག་མཚོན་འཁྲུག་ཞི་བ་དང་། །ཆར་ཆུ་དུས་འབབ་ལོ་ལེགས་ཤོག །བདག་ནི་མཐོང་དང་རེག་པ་དང་། །ཐོས་ནས་གུས་པ་ཐམས་ཅད་ལ། །ནད་གདོན་བར་ཆད་འཕྲལ་དུ་ཞི། །ཚེ་བསོད་བདེ་སྐྱིད་འཕེལ་བ་དང་། །བྱང་ཆུབ་ས་བོན་ཐོབ་པར་ཤོག །ཆོས་དང་ཟང་ཟིང་ལ་སོགས་ཀྱི། །འབྲེལ་པ་ཐོབ་པ་ཐམས་ཅད་ནི། །བར་ཆད་ཞི་ཞིང་ཉམས་རྟོགས་འཕེལ། །མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཤོག །མིང་ཡིག་ཐོས་ཚད་ཚེ་འདས་ཀུན། །བར་དོའི་འཇིགས་པ་ཀུན་བྲལ་ཞིང་། །སྐྱེན་པོའི་མདའ་འཕང་ཇི་བཞིན་དུ། །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །ལ་ལ་གནོད་སེམས་རྐུ་འཕྲོག་དང་། །གཤེ་སྐུར་ལ་སོགས་ངན་འབྲེལ་ཡང་། །དེ་ཡི་ཉེས་པས་ཁོང་རྣམས་ནི། །ངན་སོང་འགྲོ་བར་མ་གྱུར་ཅིག །ཚེ་འདིར་ཕན་པའི་སྐལ་མེད་


CMR051_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ནམ་ཞིག་དུས་ལ་བབ་པའི་ཚེ། །བདག་ཉིད་ཁོ་ནས་འཁོར་བ་ནས། །དྲངས་ཏེ་སངས་རྒྱས་སར་འགོད་ཤོག །རྟ་ཁལ་དུད་འགྲོ་ཐམས་ཅད་དང་། །དེ་ཡིས་བརྫིས་པའི་འབུ་སྲིན་སོགས། །ལས་ཀྱི་སྒྲིབ་པ་ཀུན་བྱང་སྟེ། །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །མདོར་ན་འབྲེལ་ཐོགས་མ་ལུས་པ། །འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །དེ་འདྲའི་སྐལ་མེད་སྡིག་ཆེན་ཡང་། །བདག་གི་སྤྲུལ་པ་ཡང་སྤྲུལ་གྱིས། །རིམ་གྱིས་བདེ་ཆེན་ཞིང་ཁམས་སུ། །ཐམས་ཅད་མ་ལུས་ཁྲིད་པར་ཤོག །བདག་ཀྱང་འདི་ནས་འཕོས་མ་ཐག །བདེ་ཆེན་ཞིང་དུ་བརྫུས་སྐྱེས་ཤོག །དེ་རུ་ས་བཅུ་མངོན་བྱས་ནས། །སྤྲུལ་པས་འགྲོ་བ་འདྲེན་པ་ལ། །སྤྱན་རས་གཟིགས་དང་དབྱེར་མེད་ཤོག །ཅེས་སྨྲས་སོ།། །།ན་མོ་ལོ་ཀེ་ཤྭ་ར་ཡེ། འགྲོ་བ་འདུལ་མཛད་ཐུགས་རྗེ་ཅན། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་ཐོབ་དཀའི་མི་ལུས་ཐོབ། །མཇལ་དཀའི་མཁས་གྲུབ་མང་པོ་བསྟེན། །ཐོབ་དཀའི་དབང་ལུང་རྒྱ་མཚོ་ཐོབ། །རྟོགས་དཀའི་རང་སེམས་ཆོས་སྐུ་རྟོགས། །ད་ནི་ལོ་ནི་འགའ་


CMR051_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་ཙམ། །དམ་པའི་ཆོས་སྦྱིན་བྱེད་ན་བསམ། །མཆོག་དམན་བར་མའི་འགྲོ་བ་ལ། །བསྔོ་སྨོན་འབྲེལ་པ་འཇོག་ན་བསམ། །བདག་གིས་ལྷག་བསམ་རྣམ་དག་ལ། །བར་ཆད་མེད་པར་དོན་འགྲུབ་པར། །ཐུགས་རྗེ་ཆེན་པོའི་བྱིན་གྱིས་རློབས། །ཨོ་རྒྱན་རྗེ་ཡིས་བར་ཆད་སོལ། །བཀའ་སྲུང་ཀུན་གྱིས་ཕྲིན་ལས་སྒྲུབས། །ལྷ་སྲིན་ཀུན་གྱིས་སྡོང་གྲོགས་མཛོད། །བདག་ལ་རང་འདོད་ཁོང་སྲིན་མེད། །དཀའ་ལས་ངལ་དུབ་ཁྱད་བསད་ནས། །བསྟན་དང་འགྲོ་བའི་དོན་ཁོ་ན། །ཡིན་མིན་ཡེ་ཤེས་སྤྱན་གྱིས་གཟིགས། །གལ་ཏེ་བསམ་སྦྱོར་རྣམ་དག་ན། །ཁྱེད་བཞེད་འགྲོ་དོན་འདི་ལགས་པས། །བསམ་པ་འགྲུབ་པར་ཐུགས་རྗེས་ཟུངས། །ཐུགས་རྗེ་ཐུགས་དམ་དུས་ལ་བབ། །ཅེས་སྨྲས་སོ། །ཅེས་པ་འགྲོ་དོན་ཞིག་ལ་འགྲོ་སྙམ་དུས། ཉམས་རྨི་ལམ་མཚམས་སུ་སྤྱན་རས་གཟིགས་བཞུགས་པ་སྒྲུབ་པ་བས་བཞེངས་པ་བསྒྲུབ་པ་དགའ། བཞེངས་བ་བསྒྲུབ་པ་བས་མཆོད་པ་བསྒྲུབ་པ་དགའ། ཞེས་པའི་སྒྲ་གཅིག་ཞགས་པས། དེ་བསྒྲུབ་པ་བས་རེ་ཞིག་འགྲོ་དོན་དགའ་ཞེས་བདུད་འདུལ་རྡོ་རྗེའི་གསུངས་པ་བདེན་པའི་བརྡར་གོ་ནས་སྨྲས་སོ། །དེ་ནས་སྒར་པ་བཀྱག་ཁ་རྨི་ལམ་ལ། །རྒྱལ་པོའི་ཆོ་འཕྲུལ་བྱུང་བའི་ཕྱི་ཉིན་དེར། །ཁལ་མ་བརྩད་གུལ་ཀ་ཆ་ཚུར་ཤོར་


CMR051_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཅུང་ཟད་ཁ་སྨྲས་བྱུང་ཞིང་དེ་ནུབ་ལ། །རྨ་དབྲ་འགག་ཏུ་ཞག་ནུབ་ཉམས་རྨིས་མཚམས། །བུད་མེད་རལ་པ་ཅན་དང་རྒྱན་ཆ་ཅན། །སུམ་ཅུ་ཙམ་གྱིས་བདག་ལ་གུས་ཚུལ་བསྟན། །ས་ཆ་དེ་ཡི་གནས་བདག་མཚོ་སྨན་རྣམས། །ཡིན་པ་འདྲ་སྙམ་དེ་ནུབ་བསམ་པ་ལ། །དེ་ལོ་ས་སྒང་སྡེ་བ་ཆུང་བ་ལ། །དབང་དགོས་ཟེར་ཡང་ང་རང་ན་བས་བཤོལ། །ད་ལོ་ཟེར་ན་མ་བསྐུར་ཀོ་ལོང་བྱེད། །བསྐུར་ན་དཔོན་པའི་ཐུགས་དང་འགལ་དོགས་སྐྲག །གདེང་ལ་དད་པ་ཡོད་མེད་མི་ཤེས་སྙམ། །དེ་ཚེ་ཐོ་རངས་ཉམས་དང་རྨི་ལམ་མཚམས། །གཟུགས་མེད་སྒྲ་འདི་བར་སྣང་ཁམས་ནས་གྲག །དབང་དུ་མ་འདུས་པའི་མིའི་མགོར་གཏོར་མ་བཞག་ན་དགོས་པ་མེད། དེ་ལྟ་ཤིང་གྱིས། ཞེས་ཟེར་ཕྱིར་ནངས་དབང་དགོས་མི་ཟེར་རོ། །ནང་རྟེན་མཇལ་ཞིང་དྲུང་ཆེན་མཁའ་སྤྱོད་པའི། །ང་འདྲ་མ་ལ་སྙན་དར་སྨོན་ལམ་ཞུས། །དེ་ནུབ་རག་མོ་ཕུ་རུ་སྒར་པ་ཞིག །ཉམས་ཀྱི་སྣང་བ་བུད་མེད་རལ་པ་ཅན། །རྒན་མོ་མིག་ཡ་ཞར་བ་གཅིག་བྱུང་ནས། །ཕྱག་འཚལ་ནས་ཐུམ་གཅིག་གིས་འབུལ་བ་བྱས། །ས་ཆ་དེ་ཡི་གཞི་བདག་ཡིན་ནམ་སེམས། །ཕྱིར་ནངས་ཐོ་རངས་ཉམས་དང་རྨི་ལམ་མཚམས། །རྣམ་རྒྱལ་དགོང་གི་དགོན་པ་དེ་ཉིད་ནི། །ཞྭ་དམར་བ་ལ་འབུལ་རྒྱུ་ཡིན་ནོ་ཞེས། །ཟེར་ཞིང་དེ་ལྟར་ཡིན་ནོ་སྙམ་པ་རྨིས། །དེ་ཕྱིར་རྟེན་འབྲེལ་གསོལ་འདེབས་འདི་བྱས་སོ། །ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། དཔལ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །


CMR051_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྟོབས་བཅུའི་མངའ་བདག་ཏེ་ལོ་པ། །གནས་འཕགས་ཡུལ་གཙོ་བོ་ནཱ་རོ་པ། །བོད་གངས་ཅན་སྒྲོན་མེ་ལྷོ་བྲག་པ། །ཆོས་བསྒྲུབ་པའི་སྲོག་ཤིང་མི་ལ་རྗེ། །དོན་སྙིང་པོའི་མངའ་བདག་སྒམ་པོ་པ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །ད་བསྟན་པ་དར་བར་ཁྱེད་རང་མཁྱེན། །རྗེ་བསྐལ་བཟང་སངས་རྒྱས་དུས་གསུམ་མཁྱེན། །དཔལ་མ་ཧཱ་ཀཱ་ལ་རས་ཆེན་པ། །ཕ་ཧཱུཾ་ཆེན་ཀ་ར་སྤོམ་བྲག་པ། །དཔལ་རྟ་མཆོག་རྒྱལ་པོ་པཀྵིའི་ཞབས། །དཔལ་ནག་པོ་སྤྱོད་པ་ཨོ་རྒྱན་པ། །སྐྱབས་པད་འབྱུང་དངོས་ཉིད་རང་བྱུང་བ། ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །ད་བསྟན་པ་དར་བར་ཁྱེད་རང་མཁྱེན། །རྗེ་དགའ་རབ་རྡོ་རྗེ་གཡུང་སྟོན་མཚན། །དཔལ་སྤྱན་རས་གཟིགས་དངོས་རོལ་པའི་མཚན། །རྗེ་འོད་དཔག་མེད་མགོན་མཁའ་སྤྱོད་དབང་། །དཔལ་ཤཱཀ་ཐུབ་དངོས་ཉིད་དེ་བཞིན་གཤེགས། །རྗེ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་པ། སྲས་མཁས་གྲུབ་ཆོས་ཀྱི་རྒྱལ་མཚན་པ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་


CMR051_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །ད་བསྟན་པ་དར་བར་ཁྱེད་རང་མཁྱེན། །དཔལ་ཡི་དམ་འཁོར་ལོ་བདེ་བའི་མཆོག །ཤྲཱི་མ་ཧཱ་ཀཱ་ལ་བྱ་རོག་མཚན། ། །བཀའ་བསྟན་པ་སྲུང་མཛད་རྡོ་རྗེ་ལེགས། །ཀླུ་གྷ་ཡ་དྷ་ར་བྱིས་པའི་གཟུགས། །ཁྱེད་ཐམས་ཅད་མཐུ་དང་དཔུང་བསྐྱེད་ལ། །ངོམ་རྣམ་རྒྱལ་དགོན་གྱི་གདན་ས་འདིར། །ཆོས་སྒྲུབ་བརྒྱུད་བསྟན་པ་དར་ནས་ཀྱང་། །ཕ་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་པའི། །ཐུགས་དགོངས་པ་ཡོངས་སུ་རྫོགས་པ་ཞིག །ད་འགྲུབ་པར་ལྷ་སྲུང་ཁྱེད་རྣམས་མཁྱེན། །ཞེས་པ་འདི་ཕྱིར་ཉིན་བྲིས་སོ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། བུང་བ་འདི་ཚོས་རྩི་བཅུད་ལེན་པ་ལ་ལྟོས་ལ། །བླ་མའི་དྲུང་ནས་གདམས་ངག་ཟབ་མོ་ཚོ་ལོངས་ལ། ། འདི་དང་ཕྱི་མའི་བརྒྱག་ཕྱེ་རེ་སྒྲུབ་མཛོད། །མེ་ཏོག་འདི་ཚོ་བ་མོས་འཁྱེར་བ་ལ་ལྟོས་ལ། །གཞོན་ནུ་བཀྲག་མདངས་ལྡན་པའི་ལུས་འདི་ཡང་རྒས་འཁོབ། །ད་ལྟ་དབང་པོ་གསལ་དུས་འགྱོད་མེད་ཀྱི་སློབ་གཉེར་རེམཛོད་ཅིག །དགུ་གཏོར་སྒར་པ་ཇོ་བོའི་དྲུང་དུ་གཤར་བ་འདིར་ལྟོས་ལ། །ངེད་རང་དཔོན་སློབ་ཚོ་བདེ་ཆེན་གྱི་ཞིང་དུ་འགྲོ་བས། །ད་


CMR051_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཚོགས་གཉིས་བསགས་པའི་ཁེ་སྤོག་ལ་འབད་མཛོད། །ད་ནང་གི་ནམ་མཁའ་སྤྲིན་ཐག་ཆད་པ་དེ་ལྟོས་ལ། །རང་སེམས་སྤྲིན་མེད་ནམ་མཁའ་དང་འདྲ་བའི། །འོད་གསལ་རྗེན་པའི་ཉམས་ལེན་ལ་འབུངས་དང་། །ཡེ་ཤེས་ཀྱི་རང་རྩལ་ཉི་མ་ཤར་བ་བཞིན་དུ། །བསྟན་པ་དང་འགྲོ་བའི་མུན་པ་ནི་སེལ་ལོ། །མེ་ཏོག་གི་གླིང་འདི་སྣང་བ་ཡང་དགའ་བས། གྲྭ་པ་རྣམས་ལ་ཉམས་དགའ་རུ་སྨྲས་སོ། །ཞེས་གནས་ཆེན་སྨན་རིའི་ཉེ་ལོག་ཞིག་ཏུ་སྨྲས་སོ།། ༈ །།ན་མོ་གུ་རུ་དྷརྨ་དྷ་ཏུ་བཛྲ་ཡེ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་ནི། །རྒྱལ་བ་རྒྱ་མཚོ་དགེ་སློང་ཚུལ་འཛིན་པ། །རྒྱལ་དབང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ནི། །ཡིན་ལ་ཡིན་པའི་ཐུགས་རྗེའི་དཔུང་བསྐྱེད་ལ། །བསྐལ་པའི་བར་དུ་བརྟན་པར་བཞུགས་སུ་གསོལ། །དཔལ་ཆེན་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །ཡིན་ལ་ཡིན་བཞིན་མཐུ་སྟོབས་དཔུང་བསྐྱེད་ལ། །མ་རུང་བདུད་དང་དམ་སྲི་ཚར་བཅད་ནས། ། གསང་སྔགས་བསྟན་པ་རྒྱས་པར་མཛད་དུ་གསོལ། །དབང་གི་རང་བཞིན་བཛྲ་ཝཱ་ར་ཧི། །ཉིད་ཀྱི་ཐུགས་ལས་གཞན་དུ་མ་གྲུབ་པའི། །དངོས་རྟགས་འཛམ་གླིང་སྤྱི་དང་གངས་


CMR051_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལྗོངས། །དབང་དུ་བསྡུས་ནས་སྨིན་པར་མཛད་དུ་གསོལ། །སྣང་སྲིད་ཟིལ་གནོན་གུ་རུ་པདྨ་འབྱུང་། །ཡིན་པར་ངེས་པའི་རྟགས་མཚན་ཕྱུང་ནས་ཀྱང་། །འགོང་པོ་དམ་སྲི་ཐམས་ཅད་ཟིལ་མནན་ནས། །སྒྲུབ་བརྒྱུད་བསྟན་པ་རྒྱས་པར་མཛད་དུ་གསོལ། །མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་པོ། །ཡིན་ལ་ཡིན་པའི་མངོན་སྤྱོད་དྲག་པོ་ཡིས། །བསྟན་དགྲ་རུ་ཏྲེ་ཐམས་ཅད་མྱུར་བརླགས་ནས། །ཀཾ་ཚང་བསྟན་པ་རྒྱས་པར་མཛད་དུ་གསོལ། །བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ། །བདེན་ལྡན་ཇི་སྙེད་བདེན་པའི་བདེན་སྟོབས་ཀྱིས། །ཆོས་དབྱིངས་རྡོ་རྗེ་བསྐལ་པར་ཞབས་བརྟན་ཅིང་། །སྙིང་པོ་དོན་གྱི་བསྟན་པ་འཕེལ་གྱུར་ཅིག །ཅེས་པ་དང་།། ༈ །།ན་མོ་པྲ་ཝ་ཀཱ་ར་ཡེ། པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱ་དང་། །མཚོ་རྒྱལ་རྗེ་འབངས་དེ་ཡི་གྲངས་མཉམ་པ། །དེང་འདིར་ཐུགས་རྗེའི་སྤྱན་གྱིས་ཉེར་གཟིགས་ལ། །མི་འགྱུར་རྡོ་རྗེའི་སྐུ་ཚེ་བརྟན་པ་དང་། །བར་ཆད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །བཀའ་དགོངས་ཕུར་གསུམ་ཞི་ཁྲོ་རབ་འབྱམས་དང་། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས། །མཐུ་


CMR051_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ནུས་པའི་དཔུང་ཆེན་ད་བསྐྱེད་ལ། །མི་འགྱུར་རྡོ་རྗེའི་སྐུ་ཚེ་བརྟན་པ་དང་། །བར་ཆད་ཞི་ཞིང་ས་གཏེར་མྱུར་ཐོན་ནས། །འགྲོ་ཀུན་སྨིན་གྲོལ་ལམ་ལ་འགོད་པར་མཛོད། །ཅེས་པའི་བརྟན་བཞུགས་ཚན་པ་གཉིས་པོ་འདི། །བཅུ་གཉིས་ལོ་ཡི་མགོ་བོ་བྱི་བའི་ལོ། །འབྲུ་བཅུད་སྨིན་པའི་མགོ་བོ་སྟོན་ར་བ། །རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་ཉིན་པར་ལ། །ལྷ་རྩེ་ཞེས་པའི་ས་ཆར་བྲིས་པ་དགེ །དེ་ལྟར་རྣམ་རྒྱལ་དགོང་གི་དགོན་པ་ན། །སྒྲུབ་བརྒྱུད་བསྟན་པ་དར་བའི་གསོལ་འདེབས་སོགས། །བྲིས་ནས་ཡུད་ཙམ་འཐུམ་པའི་ཉམས་སྣང་ལ། །སྒྲུབ་བརྒྱུད་བསྟན་པ་མི་དགའ་བར་གཅོད་མཁན། །རྒྱལ་འགོང་བཙུན་པའི་གཟུགས་ཅན་རོ། ངན་གཅིག །མདུན་དེར་བྱུང་ནས་བདག་ལ་མི་དགའ་བའི། །རྣམ་འགྱུར་སྟོན་ཞིང་ཁྲེལ་བགད་བྱེད་པར་སྣང་། །ཀྱེ་མ་ནག་ཕྱོགས་འདི་ཡི་ཁ་དུག་ལ། །དེ་ཙམ་གཅིག་ཀྱང་ཁོ་ཡི་རིག་པ་མཚར། །སྙམ་ཞིང་སེམས་ཡང་རབ་ཏུ་སྐྱོ་བར་གྱུར། །དེ་ནུབ་སྐེ་ཡི་མདའ་རུ་ཞག་པའི་ནུབ། །གེ་མོ་རུ་བར་ཆོས་ར་ཚུགས་མི་ཚུགས། །བསམ་ཞིང་གཉིད་པའི་རྨི་ལམ་ཟ་ཟི་ལ། །བདག་ནི་ལོ་བརྒྱ་རུ་བར་ཕྱིན་འདུག་པས། །མི་འགས་གུས་པས་བདག་ལ་ཐལ་མོ་སྦྱར། །དེ་ཚེ་བདག་ནི་ཐ་མལ་མ་ཡིན་པར། །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཉིད་ཀྱི། །སྐུ་རུ་གྱུར་ནས་མདོག་ཀྱང་ངང་ཙེ་རེ། །


CMR051_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་རྨི་ལམ་ཡད་ཡུད་ཙམ་ཞིག་བྱུང་། །དེ་ནས་བྱ་བ་སུམ་མདོར་ཞག་པའི་ནུབ། །ཉམས་ཀྱི་སྣང་བས་བཙུན་གཟུགས་ཆས་བཟང་བ། །ངོ་ཡི་ཚད་ཀྱང་འདོམ་ཕྱེད་ལོང་ཡོད་ཙམ། །མཛེས་ཤིང་བརྗིད་ཆགས་པ་ཞིག་བདག་ལ་བལྟ། །འཛུམ་ཞིང་དགའ་བའི་རྣམ་འགྱུར་སྟོན་པ་མཐོང་། །དཀར་ཕྱོགས་གཞི་བདག་ཞིག་ནི་ཡིན་ནམ་སྙམ། །རྨི་ལམ་ཡུལ་དུ་ཆོས་ར་ཚུགས་ཟེར་བའི། །གཟུགས་མེད་སྒྲ་སྐད་ཅིག་ཀྱང་གྲག་པར་བྱུང་། །དེ་ནས་མཁར་དམར་མདོ་རུ་སྒར་ཕེབས་ནུབ། །བཀའ་སྲུང་ལྷ་མོ་རྒྱན་དང་ལྡན་པ་དང་། །མི་གཞོན་མཛེས་པ་འགའ་ཡི་དབང་ཞུ་དང་། །སྐྱེས་པ་རྒས་གཞོན་ཉི་ཤུ་ཙམ་ཞིག་ལ། །ལྭ་བ་དཀར་པོ་ཞིག་གིས་བྱིན་བརླབས་བྱས། །དེ་དག་ཡུལ་ལྷ་དཀར་ཕྱོགས་ཡིན་ནམ་སེམས། །ཀོང་པོས་མགྲོན་པོ་ནོར་ནད་ཡོད་དམ་ཞེས། །ཐེ་ཚོམ་བྱུང་ཞིང་རང་ཡང་སྐྲག་པའི་ཚེ། །ཐུགས་རྗེ་ཆེན་པོའི་སྒོ་ནས་བརྟག་པ་བྱས། །ནོར་མུ་སྣ་ཅེས་ཟེར་བའི་སྒྲ་གྲག་ཅིང་། །ཁག་ཁུར་ཟེར་བ་རང་ལ་མི་སྐྱོན་སྙམ། །ཞོ་ནི་གུར་ཙམ་ཞིག་ལ་སྤྱོད་པའང་རྨིས། །༧ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་བདག་ཉིད་ཀྱི། །པང་དུ་བཞུགས་པ་རྨིས་པ་རྟེན་འབྲེལ་ལེགས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་པཱ་ཎི་ཡེ། སྐྱབས་གནས་བསླུ་བ་མེད་པའི་དཀོན་མཆོག་གསུམ། །བདེ་གཤེགས་སྨན་ལྷ་སྒྲོལ་མ་ཉི་ཤུ་གཅིག །ཐུགས་རྗེ་ཆེན་པོ་པད་འབྱུང་ལོ་མ་ཅན། །ཆོས་ཉིད་ཆོས་ཅན་འགོགས་དང་


CMR051_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་བདེན། །བདེན་ལྡན་ཅི་སྙེད་མཆིས་པའི་བདེན་སྟོབས་ཀྱིས། །ཕྱུགས་ནད་ཧོན་གྱི་གནོད་པ་མེད་པར་ཤོག །སྐྱེས་བུ་ཆེན་པོ་ལྷ་སྨན་གཡུ་སྒྲོན་མ། །དཔལ་མགོན་བདུན་ཅུ་ཡུལ་ལྷ་གཞི་བདག་ཚོགས། །སློབ་དཔོན་པདྨའི་དམ་ལས་མ་འདའ་བར། །ནོར་ནོད་ཧོན་གྱིས་གནོད་པ་བཟློག་པར་མཛོད། །ཁྱད་པར་རྣམ་སྲས་ནོར་ལྷ་མཆེད་བརྒྱད་ཚོགས་། །སྔོན་གྱི་ཐུགས་དམ་དམ་བཅའ་མ་བསྙེལ་བར། །ནོར་ཕྱུགས་རྣམས་ལ་བསྲུང་ཞིང་སྐྱབས་མཛོད་ཅིག །ནོར་ནད་ལ་སོགས་འཁོར་བའི་སྡུག་བསྔལ་ཀུན། །ཡེ་ནས་མ་གྲུབ་སྟོང་ཉིད་བདེ་བ་ཆེ། །སྐྱེ་མེད་ཆོས་སྐུ་ངང་དུ་བཛྲ་མུཿ །ཞེས་པའང་དེ་དུས་སྨྲས་སོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །དེ་ཉིད་བོད་ཡུལ་མིར་སྤྲུལ་པ། །རིག་འཛིན་རྒྱལ་བ་མཆོག་དབྱངས་ལ། །གསོལ་བ་འདེབས་སོ་བར་ཆད་སོལ། །བསྟན་པ་འཕེལ་བར་བྱིན་གྱིས་རློབས། །རྗེ་འབངས་ཤུད་བུ་དཔལ་སེང་ཉིད། །དེང་སང་འགྲོ་བའི་དོན་ལ་བྱོན། །རིག་འཛིན་མི་འགྱུར་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་བསྐྱེད། །བསྐལ་པའི་བར་དུ་འཚོ་གཞེས་ཤིང་། །


CMR051_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གཏེར་བསྟན་པ་འཕེལ་མཛད་གསོལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །བདག་དང་འགྲོ་ལ་ཐུགས་རྗེས་གཟིགས། །འགྲོ་དོན་ཕྱོགས་མེད་ནམ་མཁའ་བཞིན། །ཀུན་ལ་ཁྱབ་པར་བྱིན་གྱིས་རློབས། །འགྲོ་དྲུག་སེམས་ཅན་འདྲེན་པ་དང་། །སྤྱན་རས་གཟིགས་དང་དབྱེར་མེད་ཅིང་། །འཁོར་བ་མ་སྟོང་བར་དུ་ནི། །སྤྲུལ་པས་འགྲོ་བ་འདྲེན་པར་ཤོག །ཉམས་དང་རྟོགས་པ་ཆོས་ཀྱི་རྒྱུད། །གང་གཱའི་རྒྱུན་བཞིན་འཕེལ་གྱུར་ཅིག །ཅེས་པ་ཞི་ཁྲོའི་དབང་ཁྲིད་བསྐུར་བ་འབྲིང་པོའི་དབུ་བཙུགས་པའི་ནུབ་བར་རྨི་ལམ་ཟ་ཟི་ལ། བདག་གི་ཐུལ་པ་འདྲ་བའི་གོས་ཤིག་གྱོན། །གཞོགས་གཡས་ངོས་སུ་མི་འགྱུར་རྡོ་རྗེ་རུམ། །གཞོགས་གཡོན་ངོས་སུ་རྒྱལ་བ་མཆོག་དབྱངས་རུམ། །དེ་ཚེ་སྤྲུལ་སྐུའི་ཞལ་ནས་འདི་སྐད་གསུངས། །རྒྱལ་བ་མཆོག་དབྱངས་ངེད་གཉིས་གཡས་ཕྱོགས་འདིར། །ཕྱོགས་གཅིག་ཞོག་དང་རྟེན་འབྲེལ་བཟང་ངོ་གསུངས། །དེ་ནས་གཟུགས་ནི་མ་མཐོང་ཚིག་འདི་ཐོས། །ཁྱོད་ཀྱི་མིང་ནི་ནམ་མཁའ་ཆགས་མེད་ཡིན། །ཟེར་སྙམ་བདག་ཀྱང་དེ་ལྟར་ཡིན་སྙམ་བྱེད། །བདག་གི་བླ་བྲན་དབང་ལུང་ཆོས་གསུམ་གྱི། །འགྲོ་དོན་འཕེལ་བ་བྱུང་ན་དགའ་སྙམ་པས། །ཁྱོད་ཀྱི་མིང་ཅན་བརྒྱ་ཕྲག་འབྱུང་གྱུར་ཏེ། །དེ་ལྟར་འོང་བ་ཁྱེད་རང་བྲིས་འདུག་ཟེར། །དེ་འདྲ་མ་བྲིས་ཅི་ཡིན་སྙམ་པ་


CMR051_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཆོས་བརྒྱུད་སློབ་རྒྱུད་འདྲ་ལ་ལྟའམ་སྙམ། །དེ་ཕྱིར་གསོལ་འདེབས་འདི་ཉིད་ཕྱིར་ནངས་བྲིས། །བརྒྱ་ཕྲག་དེ་ནི་བླ་བྲན་དབང་ལུང་དང་། །ཆོས་བཤད་ཁྲིད་འཇུག་འགྲོ་དོན་ཆེ་བ་ནི། །ཁོ་ན་ཡིན་ནོ་སྙམ་པ་ཡིད་ལ་ཤར།། ༈ །།བྷཻ། འདས་པའི་དེ་བཞིན་གཤེགས་པ་རིན་ཆེན་མང་། །མ་འོངས་སངས་རྒྱས་རྒྱལ་བ་རིན་ཆེན་གདུགས། །ད་ལྟ་རྣམ་པར་སྣང་མཛད་ཐུགས་ལས་སྤྲུལ། །རྒྱལ་ཆེན་རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད། །གྲངས་མེད་གོང་ནས་མངོན་པར་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་ས་བརྒྱད་སེམས་དཔའི་ཚུལ། །ཚད་མེད་ཐུགས་རྗེས་འགྲོ་ལ་བུ་བཞིན་གཟིགས། །རྒྱལ་ཆེན་རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ཡབ་ནི་ལྷ་ཆེན་དབང་ཕྱུག་ཆེན་པོ་སྟེ། །ཡུམ་ནི་ལྷ་མོ་དཔལ་གྱི་སྲས་སུ་འཁྲུངས། །གླིང་བཞི་དབང་བསྒྱུར་སེང་གེ་དཀར་མོ་ཆིབས། །འཇིག་རྟེན་སྐྱོང་བ་ཁྱེད་ལ་ཕྱག་འཚལ་བསྟོད། །ལྷ་མིན་དམག་གི་ལྷ་གནས་འཕྲོག་པའི་ཚེ། །སྐུ་མདོག་སྔོན་པོ་གསེར་གྱི་གོ་བགོས་ནས། །ལྷ་མིན་དཔུང་བཅོམ་ལྷ་དམག་དབུགས་ཕྱུང་བ། །གནོད་སྦྱིན་ལུས་ངན་པོ་ལ་ཕྱག་འཚལ་བསྟོད། །ནོར་ལྷ་ཕོ་བརྒྱད་མོ་བརྒྱད་ལ་སོགས་པ། །གནོད་སྦྱིན་བྱེ་བ་


CMR051_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་འབུམ་འཁོར་དང་བཅས། །གླིང་བཞི་གླིང་ཕྲན་ཀུན་གྱི་བདག་པོ་སྟེ། །མགོན་པོ་རྣམ་སྲས་འཁོར་དང་བཅས་ལ་བསྟོད། །གཏེར་བདག་འཁོར་བཅས་བསྟོད་པའི་བྱིན་རླབས་ཀྱིས། །ཕྱུགས་ནད་གོད་ཡམས་ཐམས་ཅད་ཞི་བ་དང་། །བསོད་ནམས་དཔལ་དང་མངའ་ཐང་འཕེལ་ཞིང་རྒྱས། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཁྱད་པར་བདག་དང་བདག་གི་རྗེས་འཇུག་རྣམས། །ཚེ་རབས་ཀུན་ཏུ་འབྱོར་པ་ཕུན་ཚོགས་ནས། །དཀོན་མཆོག་མཆོད་ཅིང་དབུལ་ཕོངས་སྐྱོང་བ་ཡི། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་སྡོང་གྲོགས་མཛོད། །རྒྱལ་ཆེན་སྲས་མཆོག་ཨཱརླ་ཛ་བྷ་ལ། །ཡུམ་གཅིག་ལྷ་མོ་ནོར་གྱི་རྒྱུན་མ་སོགས། །རྒྱལ་བ་ཀུན་གྱི་སྦྱིན་པའི་སྟོབས་ཆེན་པོའི། །རང་གཟུགས་ནོར་ལྷའི་ཚུལ་དུ་སྣང་ལ་བསྟོད། །ཤཱཀ་ཐུབ་ལ་སོགས་སངས་རྒྱས་ཐམས་ཅད་ཀྱང་། །ཁྱོད་ལ་བརྟེན་ནས་སྦྱིན་པའི་ཕར་ཕྱིན་རྫོགས། །དེ་ནས་བླ་མེད་བྱང་ཆུབ་མཆོག་བརྙེས་ཕྱིར། །རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་ལ་བསྟོད། །བསོད་ནམས་གཏེར་གྱུར་ཡབ་ཡུམ་བསྟོད་པའི་མཐུས། །ཕྱུགས་ནད་གོད་ཡམས་གནོད་པ་ཞི་བ་དང་། །


CMR051_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བདག་གི་རྗེས་སུ་ཞུགས་པ་རྣམས། །དཔལ་འབྱོར་བསོད་ནམས་ཡེ་ཤེས་འཕེལ་བར་མཛོད། །ཅེས་པ་འདི་ཕྱུགས་ནད་ཀྱི་འཚེ་བའི་འཇིགས་པས་ཐམས་ཅད་སྐྲག་ཅིང་བསྔངས་བའི་ཚེ་སེ་སྨད་མཁར་དམར་མདོ་རུ་ཡར་ཚེས་བརྒྱད་ཉིན་བྲིས་པའོ།། ༈ །།ན་མོ་བཛྲ་དྷརྨཱ་དྷ་ཏུ་ཡེ། བྱང་སྒོ་སྲུང་བའི་པཎྜི་ཏ། །མཁས་པ་ཛྙཱ་ན་སིདྡྷི་ལ། གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱང་ཕྱོགས་རྒྱུད་དུ་ཁྱེད་ཀྱི་བསྟན། །དར་བར་བྱིན་རླབས་ལུང་བསྟན་ཀྱང་། །དེང་སང་ནུབ་པར་གྱུར་ལ་གཟིགས། །སྒྲུབ་བརྒྱུད་སྙིང་པོ་འཕེལ་མཛད་གསོལ། །སྣང་སྲིད་ཟིལ་གནོན་ཧེ་རུ་ཀ །པྲ་ཝ་ཀ་ར་ལ་གསོལ་བ་འདེབས། །ཁྱེད་སྤྲུལ་དྷརྨཱ་དྷ་ཏུ་ཡི། །བསྟན་པ་དར་བར་ལུང་བསྟན་ཀྱང་། །ནུབ་ཡུན་རིང་བ་འདི་ལ་གཟིགས། །ད་ནི་མྱུར་དུ་དར་མཛད་གསོལ། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །བཛྲ་དྷམཱདྷཱ་ཏུ་ལ། གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །གང་འདུལ་སྤྲུལ་པ་སྣ་ཚོགས་ཀྱིས། །བསྟན་ལ་སྤེལ་བར་ལུང་བསྟན་ཀྱང་། །བག་ལ་ཞ་བ་འདི་ལ་གཟིགས། །ད་ནི་ཐུགས་རྗེས་མྱུར་དུ་བསྐྱེད། །སྒྲུབ་བརྒྱུད་བསྟན་པ་སོར་ཆུད་མཛོད། །གར་གྱི་


CMR051_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སྤྲུལ་པའི་སྐུ། །ཤྲཱི་སེང་མིར་སྤྲུལ་སི་ཏུ་པ། །ལྷ་ཡི་མེ་ཏོག་སྤྲུལ་པའི་སྐུ། །མཆོག་སྤྲུལ་གསུམ་ལ་གསོལ་བ་འདེབས། །སྒྲུབ་བརྒྱུད་བསྟན་པ་འཛིན་སྐྱོང་སྲུང་། །ཞལ་བཞེས་ཐུགས་དམ་དུས་ལ་བབ། །ད་ནི་མ་གཡེལ་མཐུ་དཔུང་བསྐྱེད། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །སྙིང་པོ་ཀཾ་ཚང་དོན་བརྒྱུད་འདི། །མྱུར་དུ་འཕེལ་ཞིང་རྒྱས་མཛད་གསོལ། །བཅོམ་ལྡན་བཛྲ་ཝཱ་ར་ཧི། །ཁྱོད་ཞབས་དྲན་པས་འཇིགས་པ་ཀུན། །ཞི་བར་རྒྱུད་ལས་གསུངས་མོད་ཀྱང་། །ཁྱོད་ཉིད་ཡི་དམ་བྱེད་པ་རྣམས། །འཇིགས་པ་དུ་མས་འཚེ་བ་གཟིགས། །ད་ནི་འཇིགས་པ་བསལ་དུ་གསོལ། །མ་ཧཱ་ཀཱ་ལ་རྡོ་རྗེ་བེར། །མ་གཅིག་ལྷ་མོ་རང་བྱུང་མ། །སྒྲུབ་ཐབས་ལ་སོགས་མི་ཤེས་ཀྱང་། །ཇི་སྲིད་བསྟན་པ་གནས་ཀྱི་བར། །རྗེས་འཇུག་ཕྲིན་ལས་བསྒྲུབ་པ་དང་། །གདན་ས་སྐྱོང་བར་ཞལ་བཞེས་ལྟར། །ད་ནི་དམ་བཅའ་མ་བསྙེལ་བར། །བསྟན་པ་མྱུར་དུ་རྒྱས་པར་མཛོད། །རྩ་བརྒྱུད་བླ་མའི་ཐུགས་རྗེ་དང་། །ཡི་དམ་ཆོས་སྐྱོང་ནུས་མཐུ་ཡིས། །སྒྲུབ་བརྒྱུད་བསྟན་པ་འཕེལ་བ་དང་། །བསམ་པ་ཡིད་བཞིན་འགྲུབ་གྱུར་


CMR051_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཅེས་པ་འདི་ནི་རིང་པོར་མི་ཐོགས་པར་རྒྱལ་བ་ཡབ་སྲས་མཇལ་བའི་ལྟས་ཤིག་རྨིས་པས་སྤྲོ་བ་སྐྱེས་ཏེ་བྲིས་པའོ།། ༈ །།ན་མོ་གུ་རུ་ཧཱུྃ་ཀ་ལ་ཛྭ་ལ་རཾ། སྣང་བ་མཐའ་ཡས་ཐུགས་རྗེས་མཁའ་ཀློང་ནས། །པདྨ་འབྱུང་གནས་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །སྤྲུལ་པའི་འོད་ཟེར་འགྲོ་བའི་མུན་སེལ་བ། །ལས་འཕྲོ་གླིང་པའི་ཞབས་ལ་གསོལ་བ་འདེབས། ། ཧཱུྃ་ནག་མེ་འབར་སྣང་སྲིད་འདུལ་བའི་གཉེན། །རྫུ་འཕྲུལ་མཐུ་སྟོབས་ཐོགས་མེད་གློག་ལྟར་འཁྱུགས། །གང་འདུལ་དེར་སྟོན་སྤྲུལ་པའི་རིག་འཛིན་མཆོག །འཇའ་ཚོན་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །ཁྱེད་ལ་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བར་ཆད་རྐྱེན་ངན་ཐམས་ཅད་ཞི་བ་དང་། །སྤྲོས་བྲལ་རྫོ་གས་ཆེན་རྟོགས་པ་མངོན་གྱུར་ནས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་ཞི་ཁྲོའི་དབང་ཁྲིད་དུས། ནུབ་གཅིག་རིག་འཛིན་འཇའ་ཚོན་སྙིང་པོ་པད་ཞྭ་ཆོས་གོས་སོགས་རབ་བྱུང་གི་ཆ་ལུགས་རྟ་ལ་ཆིབས་ནས་ཆུ་བོ་རབ་ཏུ་རྒྱས་པ་ལ་རྫུ་འཕྲུལ་ཉ་ལྟར་འཕྱོ་བ་ཞིག་རྨི་ལམ་དུ་མཇལ་བས་གསོལ་བ་བཏབ་པའོ།། ༈ །།ན་མོ་ཤཱཀྱ་མུ་ན་ཡེ། སྟོབས་བཅུའི་མངའ་བདག་བཅོམ་ལྡན་འདས། །བཅོམ་ལྡན་ཤཱཀྱ་


CMR051_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་ལ། །རྟ་རྣམས་སྐྱབས་སུ་མཆི་ལགས་པས། །རྟ་ནད་ཀུན་ལ་བསྲུང་དུ་གསོལ། །ས་གནས་བྱང་ཆུབ་སེམས་དཔའ་ཆེ། །ཅང་ཤེས་ཉི་མའི་སྙིང་པོ་ལ། །རྟ་རྣམས་སྐྱབས་སུ་མཆི་ལགས་སོ། །རྟ་འདི་རྣམས་ལ་སྐྱབས་སུ་གསོལ། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །འཕགས་པ་རྟ་མགྲིན་རྒྱལ་པོ་ཡིས། །རྟ་འདི་རྣམས་ཀྱི་བར་ཆད་སོལ། །ཉི་མའི་སྲས་པོ་གཟི་བརྗིད་ཅན། །འཕགས་པ་རེ་མནྟ་ཁྱོད་ཀྱིས། །རྔོག་ཆགས་འདི་རྣམས་བསྲུང་བ་དང་། །སྐྱབས་ཤིང་སྤེལ་བའི་ཕྲིན་ལས་མཛོད། །གནོད་སྦྱིན་ཆེན་པོ་ཀུ་བེ་ར། །སྔོན་གྱི་དམ་བཅའ་མ་གཡེལ་བར། །བདག་གི་རྔོག་ཆགས་འདི་རྣམས་ཀྱི། །སྲུང་སྐྱོབ་འཚོ་རྫི་མ་གཡེལ་ཞིག །སྐྱེས་བུ་བཛྲ་སཱ་དྷུ་ཁྱོད། །རང་གི་འོག་རྟ་གྲྭ་ཁལ་ལ། །འཚོ་རྫི་བསྲུང་སྐྱབས་མ་གཡེལ་ཞིག །རྟ་ནད་ནོར་ནད་ལ་སོགས་པ། །འཁོར་བའི་སྡུག་བསྔལ་ནད་དང་གདོན། །བདེན་པར་མ་གྲུབ་སྟོང་པ་ཉིད། །སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་ངང་། །སྐྱེ་འགགས་གནས་པའི་མཐའ་དང་བྲལ། །རོ་གཅིག་ཆོས་སྐུ་ངང་དུ་ཐིམ། །སྟོང་ཉིད་ངང་དུ་ལམས་སེ་ལམ། །སྐྱེ་མེད་ངང་དུ་ཐ་ལ་


CMR051_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གང་ཤར་རང་སྣང་ངོ་བོ་སྟོང་། །ཡུམ་ཆེན་ཀློང་དུ་བཛྲ་མུཿ །ཞེས་པ་རྟ་ནད་ཀྱི་འཚེ་བ་ཞིག་བྱུང་དུས་སྨྲས་སོ། ༧ །དེ་ལྟར་རྟ་ཕྱུགས་ནད་དང་ཐོག་སེར་སོགས། །ཆོ་འཕྲུལ་ཆེ་ཡང་ཉེས་སྐྱོན་མ་བྱུང་ཞིང་། །ཞག་པོ་བཅོ་བརྒྱད་དབང་ཁྲིད་འགྲོ་དོན་འཕེལ། །དགེ་བ་ཁས་ལེན་བྱེད་པ་ཙམ་དུ་བྱུང་། །དེ་ཚེ་འགྲོ་དོན་འགྲུབ་པའི་ནུབ་བར་ལ། །ཉམས་དགའི་དབྱངས་ཆུང་འདི་ལྟར་འཐེན་པར་བྱས། ན་མོ་ལོ་ཀི་ཤྭ་ར་ཡེ། ། བླ་མ་ཡི་དམ་དབྱེར་མེད་པའི། །རྒྱལ་བ་རྒྱ་མཚོ་སྤྱན་རིས་གཟིགས། །བསླུ་མེད་སྐྱབས་ཀྱི་དམ་པར་བཟུང་། །ཅི་མཛད་ཁྱེད་ཤེས་བློ་སྙིང་གཏད། །མཐོང་ཐོས་འབྲེལ་ཐོགས་འགྲོ་བ་རྣམས། །བདེ་ཆེན་ཞིང་དུ་ཁྲིད་པ་ཡི། །སེམས་བསྐྱེད་སྨོན་ལམ་རྒྱ་ཆེན་བཏབ། །གསར་རྙིང་བཀའ་གཏེར་དབང་དང་ཆོས། །རྒྱ་ཆེར་སྤེལ་བའི་གོ་ཆ་ཡི། །ངལ་དུབ་དཀའ་ཚེགས་ཁྱད་དུ་བསད། །མཁར་དམར་མདོ་རུ་འོང་ཙ་ན། །དུས་ངན་སྙིགས་མའི་དུས་བབ་པས། །མི་ནད་ཕྱུགས་ནད་ཕྱོགས་ཀུན་ཁྱབ། །ཆུ་འཁྱག་སེར་བ་ཡང་ཡང་ཚ། །སྒར་ལ་གནམ་ལྕགས་ཐོག་མདའ་ཚད། །དེ་འདྲ་རྩུབ་སློང་ཆེ་བའི་ཚེ། །རྣལ་འབྱོར་རཱ་ག་ཨ་སྱ་བདག །མ་རྒན་འགྲོ་ལ་བྱམས་པ་དང་། །སྙིང་རྗེའི་དབང་གིས་


CMR051_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཆི་མ་འཁྲུགས། །ལུས་ནི་ཡི་དམ་ལྷ་ཡི་སྐུ། །སྣང་སྟོང་སྒྱུ་མར་རྫོགས་ལ་ཞེན། །ངག་ནི་སྙིང་པོ་ལྷ་ཡི་སྔགས། །བཟླས་བརྗོད་ཆོས་བཤད་རྒྱུན་ཆད་མེད། །སེམས་ནི་བསྐྱེད་རྫོགས་ཟུང་དུ་འཇུག །འདི་བསྒོམ་གཏད་སོ་མེད་པར་བཞག །ཚོགས་དང་གཏོར་མ་མཆོད་པ་ཡིས། །རྩ་གསུམ་ལྷ་ཡི་ཐུགས་རྒྱུད་བསྐུལ། །དེ་ཚེ་ལྷ་དང་མཁའ་འགྲོ་ཡི། །ཐུགས་རྗེ་བྱིན་རླབས་ཅུང་ཟད་བྱུང་། །ནད་གདོན་འཇིགས་པའི་འཕྲང་ལས་ཐར། །གནམ་ལྕགས་ཐོག་མདའ་གཞན་དུ་འཁྱར། །མཁའ་ལ་ཉིན་གང་འཇའ་སྤྲིན་འཁྲིགས། །མཚན་མོ་སྒར་ལ་འཇའ་གུར་ཟུག །མར་མེ་ལན་གྲངས་འགའ་རེ་འཛིན། །དབང་ཁྲིད་དགེ་བ་ཁས་ལེན་འཕེལ། །དཀར་པོའི་ཕྱོགས་ཀྱི་མི་མ་ཡིན། །དད་ཅིང་འདུན་པའི་རྨིས་ལྟས་མཐོང་། །ཁྱད་པར་ཆོས་ར་ཚར་བའི་དུས། །ཕྱི་རུ་ནམ་མཁའ་གཡའ་དག་ཅིང་། །ནང་དུ་སེམས་ཉིད་མཁའ་ལྟར་དག །བར་དུ་ཚོགས་དྲུག་སྣང་བ་འདི། །ཆུ་ཟླ་འཇའ་ཚོན་བཞིན་དུ་མཐོང་། །འདུ་འཚོགས་ཟང་ཟིང་འུར་སྒྲིབ་ཀུན། །རྨི་ལམ་སྒྱུ་མ་ལྟ་བུར་མཐོང་། །གདུལ་བྱ་ནོར་དང་ལོངས་སྤྱོད་ནི། །


CMR051_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་བཞིན་དུ་བབས་ན་ཡང་། །དཀོན་མཆོག་ཕྱོགས་སུ་ཨེ་ཐེང་བསམ། །བདག་ཏུ་བཟུང་བ་ཅུང་ཟད་མེད། །སྙིང་ནས་གཞན་དོན་བྱེད་བསམ་པས། །ངན་སོང་ལྟུང་ཡང་སྐྲག་པ་མེད། །དབང་ཁྲིད་གདམས་པ་སྣ་ཚོགས་པ། །འགྲོ་ལ་ཨེ་ཕན་མ་གཏོགས་པ། །གདམས་ངག་ནོར་ལ་བཙོང་བསམ་མེད། །ལམ་དུ་ལུང་བསྟན་ཚིག་འགའ་རེ། །བྱུང་བ་ཐོག་ཏུ་བབ་གྱུར་ཀྱང་། །རྟེན་འབྲེལ་ཆོས་ཉིད་མཚར་བསམ་ལས། །མཆོག་འཛིན་ང་རྒྱལ་སྐྱེས་པ་མེད། །ད་དུང་ལོ་ཤས་འགྲོ་དོན་ལ། །སྐྱོ་དུབ་མེད་པར་བྱེད་པར་སྨོན། །བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སྨྲས་སོ།། །།ས་ཆ་དེ་རུ་གེ་མོ་ཆུང་ཚང་དང་། །བ་སོགས་ཤོག་ཁས་བརྒྱ་འབུལ་རེ་རེ་བཀྱགས། །དད་འདུན་ཆེ་ཞིང་བརྗེ་འགའ་རེ་བྱུང་། །ཞི་ཁྲོའི་དབང་ཁྲིད་ལེགས་པར་ཚར་བའི་དོན། །ན་མོ་བཛྲ་སཏྭ་ཧཱུྃ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཅུད། །ཐེག་པ་རིམ་པ་དགུ་ཡིས་རྩེ། །དམ་ཆོས་དགོངས་པ་རང་གྲོལ་གྱི། །དབང་ཁྲིད་འབྲིང་པོ་མཐའ་རུ་ཐོན། །མར་མེ་སྟོང་ཕྲག་གཉིས་ཙམ་སོགས། །བཀའ་བརྒྱུད་ཀུན་གྱི་ཐུགས་ཀྱི་བཅུད། །ལྔ་ལྡན་ཉུང་ཁྲིད་བློ་ནས་བཤད། །ཁྲིད་དཔེ་ལུང་འདྲེན་མ་ལྟོས་


CMR051_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པར། །སྣང་བ་དཔེ་རུ་ཤར་བ་འདྲ། །ཐ་མལ་སྐྱེ་བོ་འགའ་རེ་ལ། །སེམས་ལ་དམ་ཆོས་གླེན་རེས་བབས། །བཀའ་བརྒྱུད་བྱིན་རླབས་ཡིན་ནོ་བསམ། ། གཞན་ལ་དབང་ལུང་མང་དྲགས་ཀྱང་། །རང་གི་ཉམས་རྟོགས་འགྲན་ས་མེད། །ནད་ཅན་གདོན་ཅན་མང་པོ་ལ། །བཀའ་བསྒོ་བྱིན་རླབས་མང་དྲགས་ཀྱང་། །རང་ལ་གྲིབ་ཀྱིས་གོས་པ་མེད། །རང་ལ་ཡོན་ཏན་ཆེར་མེད་ཀྱང་། །གཞན་གྱིས་སངས་རྒྱས་འདྲ་བར་མཐོང་། །རང་ལ་མཁོས་ཁ་མེད་ན་ཡང་། །གཞན་གྱིས་ས་སྟེང་ཆོས་རྗེར་མཐོང་། །བདུད་འདུལ་རྡོ་རྗེའི་གསུངས་པ་ལྟར། །འགྲོ་དོན་དུས་བབས་ཡིན་ནོ་སྙམ། །ཞི་ཁྲོའི་དབང་ཁྲིད་བྱེད་པའི་ཚེ། །རང་ལུས་རྡོ་རྗེ་སེམས་དཔའི་སྐུ། །དམ་པ་རིགས་བརྒྱ་ལུས་ལ་རྫོགས། །མེ་ལོང་གཟུགས་བརྙན་བཞིན་དུ་བསྒོམ། །གཞན་ལ་དེ་འདྲའི་གདམས་པ་བསྟན། །ཕྱག་རྫོགས་དབྱེར་མེད་སྤྲོས་དང་བྲལ། །བསྒོམ་བྱ་སྒོམ་བྱེད་བློ་དང་བྲལ། །འདི་བསྒོམ་གཏད་སོ་མེད་པ་རུ། །ཁྲེགས་ཆོད་ཐ་མལ་རྗེན་པར་བུད། །སྣང་བ་ཆུ་ཟླ་འཇའ་ཚོན་བཞིན། །འཛིན་མེད་སྒྱུ་མ་ལྟ་བུར་བཞག །དེ་ཚེ་ཆབ་རོམ་ཆུར་ཞུ་བཞིན།


CMR051_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སྟོང་ཉིད་ངང་དུ་རོ་གཅིག་འདྲེས། །ཉམས་ཀྱི་རོ་གཅིག་ཡིན་ནམ་སེམས། །དྲིན་ཅན་བླ་མའི་ཐུགས་རྗེ་ཡིས། །རྟོགས་པའི་རོ་གཅིག་འཆར་བ་དང་། །ཆུ་བོའི་རྒྱུན་གྱི་རྣལ་འབྱོར་པ། །མྱུར་དུ་འབྱུང་བར་བྱིན་གྱིས་རློབས། །ཞེས་པའང་དེ་དུས་སྨྲས་པ་དགེ་ལེགས་ཤོག། ༈ །།ན་མོ་གུ་རུ་པུརྱ་རཏྣ་ཡེ། ཤཱཀྱའི་རྒྱལ་པོའི་ལུང་བསྟན་པའི། །ཕྱག་རྒྱ་ཆེན་པོའི་བསྟན་པའི་བདག །མཉམ་མེད་ཟླ་འོད་གཞོན་ནུ་ལ། །མི་འབྲལ་སྙིང་ནས་གསོལ་བ་འདེབས། །ཁྱེད་ཀྱི་རྗེས་འཇུག་རྣལ་འབྱོར་བདག །ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །ཐ་མལ་ཤེས་པ་རྗེན་པར་རྟོགས། །ཁྱེད་ཀྱི་རྣམ་ཐར་བསྐྱང་འདོད་པས། །སྤྱོད་པ་བཀའ་གདམས་ལུགས་བཞིན་བྱས། །ལྟ་བ་ཕྱག་ཆེན་སྙིང་ལ་འཆང་། །བསམ་པ་བྱང་ཆུབ་སེམས་བསྐྱེད་སྦྱངས། །རྒྱལ་བས་ལུང་བསྟན་མཆོག་གི་ཞྭ། །ཞྭ་ཡང་ཁྱེད་ཀྱི་ལུགས་འདི་གྱོན། །རང་གིས་ཉམས་སུ་ལེན་པ་དང་། །གཞན་ལ་ཕན་སེམས་འཆང་བ་དང་། །ཁྱེད་ཀྱི་བཀའ་སྲོལ་ཇི་བཞིན་དུ། །ཟབ་མོ་ལྔ་ལྡན་ཁོག་ཕུབ་སྟེ། །མན་ངག་མཆོག་གི་དམ་པར་


CMR051_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །དེ་ལ་གདེང་ཚད་ཅུང་ཟད་ཤར། །ཉམས་ལེན་དགེ་སྦྱོར་གང་བྱེད་དང་། །འདུས་བྱས་དགེ་བ་གང་བསྒྲུབ་པ། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་ལས། །རང་དོན་ཁོ་ནར་མ་དམིགས་པས། །སེམས་བསྐྱེད་བསྒོམ་པའི་གྲུབ་རྟགས་ཡིན། །མདོ་ལུགས་གྲུབ་རྟགས་ངོ་མཚར་ཆེ། །ལམ་ལྔའི་སྣེ་མོ་ཟིན་ངེས་པས། །དངོས་རྟགས་ཐེག་ཆེན་མདོ་དང་མཐུན། །ཡི་དམ་ལྷ་སྐུ་བསྒོམ་ཙམ་ན། །སྣང་ལ་རང་བཞིན་མ་གྲུབ་པ། །ཆུ་ཟླ་ནམ་མཁའི་འཇའ་ཚོན་ལྟར། །སྦྱང་གཞི་སྦྱོང་བྱེད་ངོ་ཡང་ཤེས། །འདི་ནི་བསྐྱེད་རིམ་གྲུབ་རྟགས་ཡིན། །བར་དོར་ལོངས་སྐུ་ཐོབ་པ་ཡི། །རྟགས་མཚན་ཡིན་པར་རྒྱུད་ལས་གསུངས། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་དེ། །འབྲལ་མེད་སྤྱི་བོའི་གཙུག་ཏུ་བཀོད། །རྒྱལ་བ་འོད་དཔག་མེད་པ་དངོས། །ཡིན་ལ་ཡིན་པའི་ངེས་ཤེས་ཀྱིས། །མཁས་བཙུན་བཟང་དགུ་སུ་མཐོང་ཡང་། །དེ་ཡི་སྤྲུལ་པ་ཡིན་སེམས་ལས། ། དེ་བས་ལྷག་པ་ཡོད་མི་སེམས། །དེ་ནི་མོས་གུས་བསྒོམ་པ་ཡི། །གྲུབ་རྟགས་ཡིན་པར་བཀའ་བརྒྱུད་གསུངས། །ལྟ་བ་རྟག་ཆད་མུ་བཞི་དང་། །འཇིགས་ཚོགས་ལྟ་བ་ཉི་ཤུ་


CMR051_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྟ་ལོག་སུམ་བརྒྱ་དྲུག་ཅུ་དང་། །གྲུབ་མཐའ་བཞི་ཡི་ལྟ་བ་དང་། །ཐེག་རིམ་དགུ་ཡི་ལྟ་བ་སོགས། །མི་མཐུན་རྒྱ་ཆེན་གྲངས་མང་ཡང་། །ཐམས་ཅད་ཆུ་ལ་ཆུ་བཞག་ལྟར། །སྤྲོས་བྲལ་ཆོས་སྐུའི་ཀློང་དུ་ཐིམ། །བལྟ་བྱ་ལྟ་བྱེད་རང་སར་ཞི། །བྱ་བ་གྲུབ་པའི་སྐྱེས་བུ་བཞིན། །རང་གར་བཞག་པས་ཆོག་པར་བྱུང་། །བཤད་རྒྱུད་ཟད་པ་མ་མཆིས་ཀྱང་། །རང་གི་ཉམས་ལེན་ངོ་བོ་འདི། །གཞན་ལ་ཇི་བཞིན་བཤད་མ་ཤེས། །ཡིད་ལ་གསལ་ཡང་སྨྲ་བརྗོད་བྲལ། །འོན་ཀྱང་གང་དྲན་སྨྲས་པ་དེས། །ཁྲོམ་པ་འགའ་རེ་འཕྲིགས་ཚུད་ནས། །གནས་འགྱུ་བསྲུང་བདེ་འགའ་རེ་སྣང་། །རང་སེམས་རྗེན་པར་རྟོགས་པ་དེ། །ཕྱག་ཆེན་བསྒོམ་པའི་གྲུབ་རྟགས་ཡིན། །རང་གཞན་དགེ་རྩ་ཐམས་ཅད་པ། །ཉམས་ལེན་ངང་ནས་བསྔོ་བྱེད་ཅིང་། །དག་པའི་ཞིང་དུ་སྐྱེ་བ་དང་། །བྱང་ཆུབ་ཐོབ་ཕྱིར་མ་གཏོགས་པ། །ལྷ་མི་བདེ་སྐྱིད་འདོད་པ་དང་། །ཉན་རང་ས་རུ་མ་བསྔོས་པ། །བསྔོ་བ་བྱས་པའི་གྲུབ་རྟགས་ཡིན། །ལོངས་སྤྱོད་ཆར་ལྟར་བབ་ན་ཡང་། །ཆོས་ཕྱོགས་ཨེ་ཐེང་བསམ་པ་ལས། །འཚགས་འདོད་བདག་བཟུང་མེད་པ་


CMR051_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ཞེན་ལོག་བསྒོམ་པའི་གྲུབ་རྟགས་ཡིན། །དབང་ལུང་གདམས་པ་ཟབ་དགུའི་ཚོགས། །སྤེལ་ས་གང་རྙེད་བྱས་ན་ཡང་། །གཞན་ཕན་གང་ཆེ་བསམ་པ་ལས། །ཡོན་དང་མཎྜལ་མི་སེམས་པ། །འགྲོ་དོན་བྱས་པའི་གྲུབ་རྟགས་ཡིན། །བདུད་འདུལ་རྡོ་རྗེའི་ས་གཏེར་དང་། །མི་འགྱུར་རྡོ་རྗེའི་གནམ་ཆོས་ལས། །ལས་ཅན་ཆོས་ཀྱི་བདག་པོ་རུ། །སྤྲང་རྒན་ཁོ་བོ་ལུང་བསྟན་པ། །ལས་འཕྲོ་བཟང་བའི་གྲུབ་རྟགས་ཡིན། །དེ་ལྟར་གྲུབ་རྟགས་བརྒྱད་པོ་དེ། །མདོ་རྒྱུད་རྒྱལ་བའི་གསུང་དང་མཐུན། ། དེ་ལ་ལྷད་མེད་གསེར་དང་འདྲ། །དེ་མིན་ཐུན་མོང་གྲུབ་རྟགས་ཀྱང་། །གར་བསྡད་འཇའ་གུར་ཕུབ་པ་དང་། །ཉམས་དང་རྨི་ལམ་མཚམས་ཤེད་དུ། །ལེགས་ཉེས་ལུང་དུ་སྟོན་པ་དང་། །སོ་ལ་རིང་བསྲེལ་བྱུང་བ་དང་། །གཏོར་མ་མར་མེ་ཡོན་ཆབ་འཛིན། །ཉམས་དང་རྨི་ལམ་ལན་མང་དུ། །ཡི་དམ་ཆོས་སྐྱོང་ཞལ་གཟིགས་དང་། །ཞི་རྒྱས་དབང་དྲག་ལས་ཕྲན་རྣམས། །དམིགས་པ་གཏད་པས་ཕལ་ཆེར་འགྲུབ། །དེ་འདྲ་མང་དུ་མཆིས་ན་ཡང་། །བར་ཆད་དངོས་གྲུབ་འབྱེད་དཀའ་བས། །མཆོག་ཏུ་མི་འཛིན་


CMR051_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་བཞག །ཕྱི་ལྟར་དགེ་སློང་འདུལ་ཁྲིམས་ལྡན། །ནང་ལྟར་བསྐྱེད་རྫོགས་ཟུང་དུ་འཇུག །གསང་བར་རང་སེམས་ངོ་བོ་རྟོགས། །བྱ་བ་གཞན་ཕན་སྙིང་ནས་བསམ། །དེང་སངས་སྙིགས་མའི་མཐར་ཐུག་ལ། །ཆོས་པའི་གྲལ་མཐར་བསླེབས་པ་ཙམ། །གྲུབ་རྟགས་མེད་ཀྱང་འགྱོད་པ་མེད། །བདུད་ཀྱིས་བྱིན་གྱིས་རླབས་པ་དང་། །རྫས་སྣ་ཕྱུག་པའི་སྦྱོར་སྡེ་དང་། །མི་མ་ཡིན་པའི་གྲོགས་བྱེད་དང་། །མངོན་ཤེས་གྲུབ་རྟགས་ལྟར་སྣང་ལ། །ཁོ་བོ་ཞེ་འདོད་མེད་པའོ། །བདུད་ཀྱིས་བྱིན་གྱིས་བརླབས་པ་དང་། །རྫ་སྣ་ཕྱུག་པའི་སྦྱོར་སྡེ་དང་། །མི་མ་ཡིན་པས་གྲོགས་བྱེད་པའི། །མངོན་ཤེས་གྲུབ་རྟགས་ལྟར་སྣང་ལ། །ཁོ་བོ་ཞེ་འདོད་མི་སྐྱེའོ། །སྤྱན་ལྔ་མངོན་པར་ཤེས་པ་དྲུག །དབང་བཅུ་སྟོབས་བཅུའི་གྲུབ་རྟགས་ནི། །ནམ་ཞིག་འགྲུབ་པར་སྨོན་ལམ་འདེབས། །བཏབ་པ་བཞིན་དུ་འགྲུབ་པར་ཤོག །ཅེས་པ་འདི་ནི་མཁར་དམར་མདོར། །ཕྱག་ཆེན་ལྔ་ལྡན་ཁྲིད་འཛུགས་དུས། །བརྒྱ་འབུལ་འགའ་ཟུང་བྱུང་བའི་ཚེ། །བན་ཆུང་བཟོད་པའི་རྨི་ལམ་དུ། །མདང་ནི་མི་འགས་ཁྱེད་ལ་ནི། །བརྒྱ་འབུལ་བཀྱག་ཅིང་འདུག་པ་ལ། །བརྒྱ་འབུལ་བཀྱག་དུས་གྲུབ་རྟགས་ནི། །བཞག་རེ་ཡོད་


CMR051_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདག་གིས་ནི། །གྲུབ་རྟགས་མི་དགོས་གསུངས་ནས་ནི། །བསྔོ་བ་བྱེད་ཅིང་བཞུགས་རྨིས་ཟེར། །དེ་ལ་མཚར་སྣང་བྱུང་ནས་བྲིས། ༧ །དེ་ནས་དབོན་པོ་ལྷ་འབུམ་གྱིས། །སྔར་ནས་སྙན་ཞུས་ཡོད་པ་དང་། ། ཞལ་ངོ་གཅིག་གིས་ཐོན་གསུང་ཞིང་། །གེ་མོ་དབོན་པོ་ཁུ་ཚན་དང་། །པར་ངེ་བླ་མ་ལ་སོགས་ཀྱིས། །འཕྲལ་དུ་བསྙེན་བཀུར་མཛད་པའི་ཚེ། །རྟེན་འབྲེལ་ལེགས་ཚོགས་འགྲིགས་པ་དང་། །རྨི་ལམ་དུ་ཡང་དེ་ཕྱོགས་སུ། །དབང་ལུང་འཕེལ་བའི་ལྟས་བྱུང་བས། །སྒར་པ་རྡོར་ཤུལ་ནང་དུ་ཐེག །གཟར་ཐུང་ལ་མདའ་སྒར་ཞག་པས། །རྟ་ཞིག་འཐིང་ནས་བཞག་དགོས་བྱུང་། །དེ་ལ་དམིགས་པ་ཅུང་ཟད་གཏད། །ཉིན་གུང་ཉམས་སྣང་ཟ་ཟི་ལ། །མོ་གདོན་ཡིན་ནམ་སྙམ་པ་ཡི། །རྒན་མོ་མགོ་སེ་ཤ་ཆེ་བ། །ལུས་ནི་གོས་མེད་གཅེར་བུ་གཅིག །ཆེ་ཆུང་མི་ལས་སུམ་ལོག་ཆེ། །མདུན་དུ་ཙོག་པུར་འདུག་ནས་ཀྱང་། །རྟ་ནི་འཐིང་ནས་ལུས་པ་དེ། །ཁྱེད་རང་ཉིད་ཀྱི་སྐུ་གླུད་དང་། །ནོར་ཕྱུགས་རྣམས་ཀྱི་གླུད་ཡིན་པ། །ཕན་ནི་ཕན་ཏེ་ད་ཟེར་ནས། །ད་རྟ་དེ་ཤི་ན་ལེགས་རྒྱུ་ཡིན། །གཏམ་གཅིག་ཟེར་ཏེ་བདེན་འཛིན་མེད། །མོ་ཡི་ཁ་ལ་ཡིད་མ་ཆེས། །ན་མོ་གུ་རུ་ཨཱ་ཡུ་ཛྷ་ན་ཡེ། གནས་ནུབ་ཕྱོགས་བདེ་བ་ཆེན་པོ་ནས། །མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །བུ་མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །གནས་པོ་


CMR051_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཊ་ལ་ཡི་ཕོ་བྲང་ནས། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བུ་མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །གནས་ཟངས་མདོག་དཔལ་གྱི་རི་བོ་ནས། །མགོན་ཨོ་རྒྱན་རྗེ་ལ་གསོལ་བ་འདེབས། །བུ་མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །གནས་དག་པ་མཁའ་སྤྱོད་ཞིང་ཁམས་ནས། །མ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །བུ་མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ལྷ་བཀའ་དགོངས་ཕུར་གསུམ་ལ་གསོལ་བ་འདེབས། །བུ་མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །གནས་ཐོད་མཁར་མེ་རླུང་འཚུབ་དཀྱིལ་ནས། །མགོན་མ་ནིང་སྡེ་ལྔ་ལ་གསོལ་བ་འདེབས། །བུ་མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །སྐྱབས་རྩ་བ་གསུམ་གྱི་ཐུགས་རྗེ་དང་། །སྔོན་ཐུགས་བསྐྱེད་སྨོན་ལམ་བདེན་སྟོབས་དང་། །མི་བདག་གི་གསོལ་བ་བཏབ་པའི་མཐུས། །བདག་བསམ་པ་ལྷུན་


CMR051_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགྲུབ་གྱུར་ཅིག །ཅེས་པ་སྟེ་སྟོད་ཆོས་རའི་དུས། རྒྱལ་པོ་བྱི་བའི་ལོ། ཁྲུམས་ཟླ་བའི་ཚེས་བཅུ་ལ་རིག་སྔགས་འཆང་བའི་རྣལ་འབྱོར་པ་རཱ་ག་ཨ་སྱས་གསོལ་བ་བཏབ་པའོ། །མངྒ་ལཾ།། ༈ །།དེ་ནས་སྐེ་སྟོད་ས་ཆ་དེར། ཞི་ཁྲོ་དབང་ཁྲིད་སྦྲེལ་མ་དང་། །ཉུང་ཆོས་ལྷན་ཅིག་སྐྱེས་སྦྱོར་བཙུགས། །ཁྲོམ་པ་སྟོང་དང་སུམ་བརྒྱ་ལྷག །བླ་ཚང་བླ་མ་ཁུ་དབོན་དང་། །རི་པ་ཁག་དང་པར་ངེ་བ། །སེར་རུ་ལ་སོགས་སེར་མོ་བ། །དབང་ལུང་མང་དུ་འཕེལ་བ་དང་། །སྐྲ་ཕུད་ཕུལ་བའི་བན་ཆུང་མང་། །དགེ་ཚུལ་ཡང་ནི་བཅོ་ལྔ་བསྒྲུབས། །སྒར་ལ་འཇའ་ཚོན་ལན་འགའ་ཟུག །ཟུག་པ་འགའ་རེས་མཐོང་བར་འདུག །ཁྲོམ་པ་ནད་མེད་བདེ་བ་བྱུང་། །ཉམས་དང་རྨི་ལམ་མཚམས་ཤེད་དུ། །བཀའ་སྲུང་ལྷ་མོ་དེ་ཉིད་ནི། །ཆས་བཟང་རིན་ཆེན་རྒྱན་ཕྱུག་པ། །ལན་གྲངས་མང་དུ་མཐོང་བ་བྱུང་། །གཞི་བདག་ཡིན་ནམ་སྙམ་པ་ཡི། །མི་སྐྱ་རལ་པ་ཅན་མང་པོ། །མདུན་དུ་བྱུང་བས་གུས་འདུད་བྱེད། །རིན་ཆེན་དངུལ་ནི་ཁོ་ན་ཡིས། །བརྒྱན་པའི་བུད་མེད་མཛེས་སྡུག་གཅིག །མདུན་དུ་བྱུང་ནས་ཕྱག་གསུམ་འཚལ། །དེ་འདྲ་ཉམས་རྨི་མཚམས་སུ་མཐོང་། །འོད་གསལ་ཟིན་པའི་ངང་དེ་ལ། །ས་ཕྱོགས་རྒྱུས་མེད་འགའ་རེ་མཐོང་། །དངོས་སུ་བཅོས་མིན་སྙིང་རྗེ་ནི། །རང་དབང་མེད་པར་ཤུགས་ལ་སྐྱེས། །སྲོག་རླུང་ཅན་ཞིག་དམིགས་པས་གཟིར། །སྐྱེས་བུ་དང་ནི་སྤྲག་བཙན་གྱི། །གནོད་པ་ཡིན་པར་རྨི་ལམ་དུ། །གསལ་པོ་གཅིག་


CMR051_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐོས་ཤིང་མཐོང་། །རང་ཉིད་དྲུག་ཅུ་རེ་ལྔའི་བར། །མི་འཆི་འཚོ་བའི་ལྟས་ཤིག་བྱུང་། །འོན་ཀྱང་མི་རྟག་འཆི་བ་ཉིད། །བཅོས་མིན་འཆི་བས་ཡིད་བསྔངས་པ། །ཤུགས་འབྱུང་རྒྱུད་ལ་འཆར་བ་བྱུང་། །བརྒྱ་འབུལ་བྱེད་མི་མང་པོ་སོགས། །འདུ་ལོང་གདུལ་བྱ་ཆེ་བར་བྱུང་། །ཞལ་གདམས་སྨོན་ལམ་མང་དུ་བྲིས། །གནས་དེར་འགྲོ་དོན་ཆེན་པོ་འགྲུབ། །དེ་ནས་དབྱི་ཤོད་འཛི་ཆུའི་འགྲམ། །རི་གཉིས་ཐང་དུ་ཞག་གཉིས་བསྡད། །བླ་ཆེན་སྟོབས་ལྡན་གཅིག་གིས་ནི། །བདག་ལ་བདག་རྐྱེན་བྱེད་ཟེར་ནས། །གོས་ཆེན་དམར་པོ་གསར་པ་ཡི། །ཁེར་སོགས་བསྐོ་ཇ་གནང་བ་དང་། །མི་ནག་རལ་པ་ཅན་ཞིག་ལ། །བདག་གིས་དབང་ཞིག་བསྐུར་བྱས་ཀྱང་། །འབྲུ་ནི་ནག་པོ་འཐོར་བར་བྱས། །གཞན་ཡང་མི་གཞོན་མང་པོ་འགས། །གུ་རུ་ཞི་དྲག་ཞུ་ཟེར་ནས། །གུས་འདུད་ཆེན་པོ་བྱེད་པ་ལ། །ཞི་དྲག་དབང་ལུང་བྱས་རྨིས་ཏེ། །དཀར་ཕྱོགས་ལྷ་འདྲེ་ཡིན་ནམ་སེམས། །དེ་ནས་ཆུ་གར་ལ་རྩ་རུ། །རི་དམར་ཞིག་གི་ཞོལ་དུ་བསྡད། །ཉིན་གུང་ཉམས་ཀྱི་སྣང་བ་ལ། །དཔོན་རིགས་རལ་པ་ཕྲུག་སྔོན་ཅན། །ང་ཡི་སྔོན་དེར་བྱུང་བསྡད་ནས། །རྐང་པ་ཅུང་ཟད་ན་བ་ལ། །བྱིན་རླབས་བཀའ་བསྒོ་དགོས་ཟེར་བར། །བྱིན་རླབས་ལ་སོགས་བྱས་པར་སྙམ། །ཡུལ་དེའི་གཞི་བདག་ཡིན་ནམས་སེམས། །དེ་ནུབ་སྲོད་ཙམ་ཉམས་རྨིས་མཚམས། །ཚོང་དཔོན་དྲེལ་ཁྱུ་མང་པོ་ཅན། །ཕ་ཀི་ལམ་ནས་གཤར་སོང་བ། །ཀླུ་བདུད་དགེ་བསྙེན་ཡིན་ནམ་སེམས། །དེ་ནས་ལྡིག་གི་ས་ཡི་


CMR051_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཆ། །མི་མགོ་ཐང་དུ་ཞག་གཉིས་བསྡད། །ཉིན་གུང་ཉམས་ཀྱི་སྣང་བ་ལ། །ཇོ་བོ་ཚོགས་བདག་གླང་སྣ་ཡིས། །གནོད་བྱེད་ཁྲུམ་ཁྲུམ་གསོལ་བར་མཐོང་། །དེ་ཡི་ལྷ་བདག་རཱ་ཛ་ཡིས། །ཕྱིར་ནང་འཁྲུག་རྩོད་བསླང་འདོད་པའི། །བསམ་པ་ཐུགས་ལ་རྒྱུ་ཚུལ་ཐོས། །དེ་ནུབ་ཉམས་དང་རྨི་ལམ་མཚམས། །དཔོན་རིགས་ཆས་བཟང་ཕྲུག་སྔོན་ཅན། །རྟ་ནི་དཀར་པོ་གཡུ་རྔོག་ཆིབས། །འཁོར་ཚོགས་སྐྱ་པ་འགའ་དང་བཅས། །གུས་པའི་ཚུལ་དུ་མདུན་ནས་བསྐོར། །དབང་ཁྲིད་འཛུགས་པའི་ཞུ་བ་ཕུལ། །ཀླུ་བདུད་དགེ་བསྙེན་ཡིན་ནམ་སྙམ། །རེ་ཞིག་དུས་ལ་མ་བབ་ཀྱང་། །མ་འོངས་ལྕི་ཡི་ས་ཆ་རུ། །དབང་ཁྲིད་འགྲོ་དོན་འཕེལ་ལམ་སེམས། །དེ་ལྟར་ཚུག་མ་གསུམ་དུ་ཡང་། །དབང་འབྲེལ་བསྔོ་བ་སྨོན་ལམ་སོགས། །གནས་སྐབས་གདུལ་བྱ་འགྲོ་དོན་འཕེལ། །ཁྲོམ་ཡང་ཉེ་སྐོར་འཕྲལ་དུ་འདུས། །དེ་ནས་ལྕི་སྨད་མངར་གྱི་ས། །རུ་དར་ཐང་གི་ས་རུ་བསྡད། །མི་རྒན་རོད་ངན་རལ་པ་ཅན། །འགའ་རེས་ལན་ཆགས་གླུད་གཏོར་བསྙགས། །དེ་ཕྱིར་གླུད་གཏོར་ལུས་སྦྱིན་བྱས། །གཏོར་འབུལ་རྟེན་འབྲེལ་འགའ་བྱས་པས། །ཐུབ་རྟགས་འདྲ་བའི་རྨིས་ལྟས་དང་། །ཕ་རོལ་དགྲ་ཡི་ཕྲག་དོག་གིས། །ད་ནི་སྐྱོན་མེད་ཟེར་བར་སྙམ།། ༈ །།ན་མོ་ལོ་ཀི་ཤྭ་ར་ཡེ། །གནམ་ལོ་རྒྱལ་པོ་མཚན་གསོལ་བ། །བཅུ་གཉིས་ལོ་མགོ་བྱི་བའི་ལོ། །སྟོན་ཟླ་འབྲིང་པོའི་དམར་པོའི་ཕྱོགས། །ཚེས་


CMR051_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྒྱལ་ཕུར་འཛོམ་པ་ལ། །སྒར་བཏེག་རྒྱལ་ཁམས་ཉུལ་དུ་ཕྱིན། །མཆོག་དམན་སྐྱེ་དགུ་མང་པོ་ལ། །དབང་ལུང་ཁྲིད་ཀྱི་འབྲེལ་པ་བཞག །དམིགས་མེད་བསྔོ་བས་རྒྱས་འདེབས་བྱས། །ཟང་ཟིང་ལོངས་སྤྱོད་ཆར་ལྟར་བབ། །ཆགས་ཞེན་སྤར་མོས་མ་བསྡམ་པར། །བསྡུ་དངོས་བཞི་དང་ཕྱོགས་མཐུན་བྱས། །གསུང་མཆོག་ཡི་གེ་དྲུག་པ་སོགས། །དགེ་བའི་བསྐུལ་མ་རྒྱ་ཆེན་འགྲུབ། །རིགས་རུས་ལྡན་པའི་བླ་བརྒྱུད་དང་། །བླ་མ་སྐུ་སྐྱེ་དཔོན་རིགས་སོགས། །དབང་ལུང་རྒྱ་ཆེན་ཕུལ་གྲུབ་པས། །ཟླ་ངོ་གཉིས་ཙམ་བར་མེད་ཀྱི། །འགྲོ་དོན་རྒྱ་ཆེན་ཡིན་ནོ་བསམ། །དཔོན་རིགས་ཆེ་དགུས་གུས་པས་བཏུད། །བདག་ལ་ཡོན་ཏན་མ་མཆིས་ཀྱང་། །བླ་མ་ཡི་དམ་དབྱེར་མེད་པའི། །ཐུགས་རྗེ་ཅན་ལ་བློ་གཏད་པས། །བྱིན་རླབས་ཅུང་ཟད་ཞུགས་སམ་སེམས། །ཀུན་གྱིས་སངས་རྒྱས་ལྟར་བཀུར་ཡང་། །ང་རྒྱལ་ཅུང་ཟད་མི་སྐྱེ་ཞིང་། །ལྷག་པར་དམན་ས་འཛིན་པར་བྱས། །གལ་ཏེ་སྨད་ཅིང་སྐུར་བཏབ་ཀྱང་། །ཞེ་སྡང་ཁོང་ཁྲོ་མི་ལྡང་ཞིང་། །རང་གི་སེམས་ལ་ཡ་ང་བྲལ། །བསྟོད་དང་སྨད་དང་རྙེད་མ་རྙེད། །འཇིག་


CMR051_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འདི་ཡི་བྱ་བ་ཀུན། །སྒྱུ་མ་རྨི་ལམ་ཇི་བཞིན་དུ། །མི་བདེན་རྫུན་པའི་གནད་གཅིག་གོ །སྒྱུ་མའི་སྐྱེས་བུ་ཇི་བཞིན་དུ། །ཞེན་མེད་འགྲོ་དོན་བྱེད་སྙིང་འདོད། །རྨི་ལམ་དྲི་ཟའི་གྲོང་ཁྱེར་ལྟར། །མེད་བཞིན་སྣང་བའི་སེམས་ཅན་ལ། །བཅོས་མིན་སྙིང་རྗེ་ཤུགས་ལ་སྐྱེས། །ཆེད་དུ་གཏད་ནས་མ་བསྒོབས་ཀྱང་། །ཤུགས་འབྱུང་གསལ་སྟོང་རྗེན་པར་ཤར། །ངོ་མཚར་ཉམས་ལ་འཆར་ཚུལ་ཡིན། །མངྒ་ལཾ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། རུ་དར་ཐང་གི་ཐང་སྟོད་ན། །དགེ་བསྙེན་ཆེན་པོའི་ཕོ་བྲང་དྲུང་། །རྒྱུ་སྐར་མགོ་ལ་བབ་པའི་ཉིན། །ཉམས་ཀྱི་སྣང་བ་འདི་ལྟར་མཆིས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སྙིང་ནས་འགྲོ་དོན་བྱེད་བསམས་པས། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །སྒྱུ་ལུས་བཏང་ཡང་མི་ཕོངས་སྙམ། །འགྲོ་དོན་བྱ་ཕྱིར་སེམས་བསྐྱེད་པས། །དཀོར་སྒྲིབ་ལ་སོགས་ཀྱིས་བསྒྲིབས་ནས། །དམྱལ་བར་ལྟུང་ཡང་མི་སྐག་སྟེ། །དམྱལ་བ་རང་བཞིན་མེད་པར་རྟོགས། །འཁོར་འདས་ཆོས་རྣམས་མ་ལུས་པ། །རང་གི་སེམས་སུ་ངེས་པར་རྟོགས། །རང་སེམས་སངས་རྒྱས་ཐག་ཆོད་


CMR051_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པས་། །འབྲས་བུ་ཐོབ་འདོད་ཨ་འཐས་བྲལ། །ས་རྡོ་རི་བྲག་ལ་སོགས་ཀུན། །རྣམ་པ་གསལ་ཡང་ངོ་བོ་སྟོང་། །ཆུ་ཟླ་འཇའ་ཚོན་བཞིན་དུ་མཐོང་། །ཨ་ལ་ལ་ཉམས་ཀྱི་མཚར་བ་ལ། །སྐྱེ་འཆི་ལ་རང་དབང་མ་ཐོབ་ཀྱང་། །འཆི་བ་ལ་འཚེར་བ་མེད་སྙམ་བགྱི། །ས་ཐོབ་ཀྱི་སེམས་དཔའ་མ་ལགས་ཀྱང་། །ངན་སོང་ལ་འཇིགས་པ་མེད་སྙམ་བགྱི། །བསམ་བཞིན་དུ་སྤྲུལ་སྐུ་མ་ལགས་ཀྱང་། །འགྲོ་དོན་ལ་སྐྱོ་དུབ་མེད་སྙམ་བགྱི། །རོ་གཅིག་གི་རྟོགས་པ་མ་སྐྱེས་ཀྱང་། །སྣོད་བཅུད་ཀུན་སེམས་སུ་འདྲེས་སྙམ་བགྱི། །བསྒོམ་མེད་ཀྱི་རྟོགས་པ་མ་སྐྱེས་ཀྱང་། །འདི་སྒོམ་གྱི་གཏད་སོ་མ་མཆིས་སོ། །ཆོས་བརྒྱད་ཀྱི་མགོ་བོ་མ་སྙོམས་ཀྱང་། །བསྟོད་སྨད་ལ་དགའ་སྡུག་མེད་སྙམ་བགྱི། །དག་པའི་སྒྱུ་ལུས་མ་འབྱོང་ཡང་། །སྣོད་བཅུད་ཀུན་ལྷ་རུ་འཆར་སྙམ་བགྱི། །དེ་རིང་གི་ཉམས་ལ་ཤར་ཚུལ་ལགས། །རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར། །སྟོང་སྒྲོབ་ཀྱི་འུད་དུ་མི་དགོངས་འཚལ། །ཞེས་པ་རུ་དར་ཐང་དུ་ཁྲུམས་ཟླའི་ཉེར་གཉིས་ལའོ།། ༈ །།ན་མོ་ལོ་ཀི་ཤྭ་ར་ཡེ། མདངས་གསུམ་གཉིད་པའི་རྨི་ལམ་ན། །སངས་རྒྱས་ཀུན་གྱི་ཕྲིན་ལས་པ། །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་དེ། །སྐུ་ཤ་སྔར་ལས་རྒྱས་པ་ལ། །ན་བཟའ་སྣུམ་བག་ཆགས་པ་མནབས། །བླ་བྲན་ངོ་མི་ཤེས་པ་ཞིག །བདག་དང་གཉིས་ལ་བསྟོད་བསྔགས་གནང་། །བླ་མ་གཅིག་པོ་དེ་ལ་ནི། །ས་ནི་མང་པོ་ཐོབ་འདུག་གསུངས། །ཕྱག་གིས་ཐལ་སྦྱར་དགྱེས་ཚུལ་བཅས། །ཁྱོད་


CMR051_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བ་མཆོག་ཉིད་ཀྱིས། །ཕྲིན་ལས་བསྒྲུབ་པར་གྱིས་གསུངས་ནས། །བསྐོ་འཇའ་བཀའ་སྩལ་འགྲོ་དོན་གནང་། །དེ་ལ་བདག་གིས་བསམ་པ་ལ། །བདག་ནི་ན་སོ་རྒས་པ་ཡིས། །ཡུན་རིང་འགྲོ་དོན་མི་འཁྱོངས་ཏེ། །ལོ་གསུམ་བཀའ་སྩལ་མི་བཅག་ཅེས། །ཡིད་ལ་བསམ་ཞིང་ངག་ཏུ་སྨྲས། །རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །སྤྱན་རས་གཟིགས་དབང་ཀརྨ་པ། །དེ་ཡི་གཞན་དོན་ཕྲིན་ལས་རྣམས། །བདག་གིས་མྱུར་དུ་འགྲུབ་པར་ཤོག །རྨི་ལམ་འཁྲུལ་པ་ག་ལ་བདེན། །བདེན་འཛིན་རློམ་སེམས་མ་མཆིས་ཏེ། །མངོན་སུམ་འདི་ཡང་སྒྱུ་མ་དང་། །རྨི་ལམ་བཞིན་དུ་བདེན་པས་སྟོང་། །འཁོར་འདས་སྣང་སྲིད་ཐམས་ཅད་ཀུན། །ངོ་བོའི་ཆ་ནས་ཆོས་སྐུར་


CMR051_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ། །མ་འགགས་ཐུགས་རྗེ་སྤྲུལ་པའི་སྐུ། །ཡེ་ནས་སྐུ་གསུམ་རང་ཆས་སུ། །ད་ཞག་སེམས་ལ་འཆར་ཞིང་འདུག །རྒྱལ་བ་རྒྱ་མཚོའི་རྣལ་འབྱོར་པ། །རཱ་ག་ཨ་སྱས་དེ་སྐད་སྨྲས། །དེ་ནས་མངའ་རང་ཞེས་པར་ཞག །སྤང་ལྗོངས་མཛེས་ཤིང་རྩ་ཤིང་འཛོམ། །བྲག་རི་ཁྲོ་བོའི་ཆ་བྱད་འདྲ། །ན་བུན་སྦྲང་ཆར་སྣང་བ་སྤྲོ། །ཕྱི་ནང་རྟེན་འབྲེལ་གཅིག་པའི་ཕྱིར། །སེམས་དགའ་བདེ་གསལ་ཉམས་རྟོགས་འཕེལ། །དེ་ནས་རེ་རྒྱབ་དགོན་གྱི་མདུན། །ཨ་ཡིག་རང་བྱོན་གསལ་བའི་དྲུང་། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །མི་སྐྱ་དྲུག་བདུན་མཇལ་དུ་བྱུང་། །གཙོ་བོ་མི་ཆེན་རལ་པ་ཅན། །རལ་པ་དེ་དང་ཕྲུལ་ལེ་བ། །ལག་ཏུ་ཞིམ་ཇ་ཕོར་གང་བཟུང་། །བདག་ལ་མཛུབ་མགོས་མཆོད་པར་བྱེད། །བཙུན་པ་ཆོས་བཟང་ཅན་གཅིག་གིས། །ཇ་ཞུས་བྱེད་རྒྱུ་ཡིན་ཟེར་ནས། །གསོལ་ཏིར་ཁྱེར་ནས་ཐལ་བ་ལ། །ཕྱི་ནུབ་ཁ་ཆར་ཚན་ཆེན་བབས། །མཛུབ་མགོ་མཆོད་བྱེད་ནོར་བདག་དང་། །བཙུན་པ་ཆུ་བདག་ཡིན་ནམ་སེམས། །རེ་རྒྱབ་དགོན་པའི་དགེ་བཤེས་ཤིག །བདག་ལ་དད་


CMR051_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་རྩེ་གཅིག་པས། །ཡོད་པ་རྨི་ལམ་སྐབས་སུ་མཐོང་། །བདག་གིས་སྐྱབས་གནས་དམ་པ་མཆོག །གར་དབང་ཆོས་ཀྱི་དབང་ཕྱུག་གི །གསོལ་དཔོན་བཙུན་པ་ཆས་བཟང་ཞིག །བདག་གི་གསོལ་དཔོན་བྱེད་འདུག་པས། །འདི་ནི་རྟེན་འབྲེལ་ལེགས་སྙམ་ནས། །ཡིད་ལ་དགའ་བ་ཆེར་སྐྱེས་རྨིས།། ༈ །།ན་མོ་དྷརྨེ་ཤྭ་ར་ཡེ། འོད་དཔག་མེད་མགན་སྤྲུལ་པའི་སྐུ། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་ལ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲེལ་ཐོགས་བླ་མ་མང་ལགས་ཀྱང་། །རྩ་བའི་བླ་མ་ཁྱེད་གཅིག་པུ། །དགེ་བའི་བཤེས་གཉེན་མང་མཇལ་ཡང་། །བདག་གི་མཁན་པོ་ཁྱེད་གཅིག་པུ། །སར་གནས་སེམས་དཔའ་མང་མཇལ་ཡང་། །བྱང་ཆུབ་སེམས་དཔའ་ཁྱེད་ཀྱི་དྲིན། །དབང་བསྐུར་ཞུས་པ་མང་ལགས་ཀྱང་། །རིགས་ཀྱི་བདག་པོ་ཁྱེད་གཅིག་པུ། །སྤྲུལ་པའི་སྐྱེས་ཆེན་མང་མཇལ་ཡང་། །ཤཱཀ་ཐུབ་དངོས་ཉིད་ཁྱེད་འདྲ་དཀོན། །རིག་གནས་བསླབས་པ་མང་ན་ཡང་། །གོ་བའི་ཀློང་ཡངས་ཁྱོད་ཀྱི་དྲིན། །ཉམས་ཁྲིད་ཞུ་པ་མང་ལགས་ཀྱང་། །ཐ་མལ་རྗེན་པ་ཁྱེད་ཀྱི་དྲིན། །གེགས་


CMR051_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བོགས་འདོན་མང་ཐོབ་ཀྱང་། །གནད་འགག་ལུང་བསྟན་ཁྱེད་ཀྱི་དྲིན། །སྔར་ཡང་ཐུགས་རྗེས་དངོས་སུ་བཟུང་། །ད་ཡང་རེ་ས་གཞན་མ་མཆིས། །མཐོར་བཏང་དམར་བཏང་ཁྱེད་རང་མཁྱེན། །ད་ལམ་རྒྱུ་ལུས་འདི་ཉིད་དང་། །མ་འོངས་བདག་གི་སྐྱེ་རྒྱུད་ཀྱིས། །ཁྱེད་ཀྱི་ཐུགས་ཀྱི་དགོངས་རྫོགས་ཤིང་། །བསྟན་པ་ཕྱོགས་བཅུར་སྤེལ་ནུས་པར་། །རྒྱལ་བ་ཁྱེད་ཀྱིས་བྱིན་གྱིས་རློབས། །ཞེས་སྨྲས་སོ།། ༈ །།དེ་ནས་འདམ་འགྱོའི་གྲུ་ལ་བུད། །དེ་དོན་ཚིགས་སུ་བཅད་པ་ནི། །ན་མོ་མ་ཧཱ་མུ་དྲ་ཡེ། ས་འགགས་ལམ་འཕྲང་དོག་པོ་དེ་མཐོང་བས། །བྱང་ཆུབ་ལམ་གྱི་གེགས་དང་བར་ཆད་དེ་དྲན་ནོ། །རྩྭ་ཆུ་ཤིང་སོགས་འཛོམ་པའི་སྒར་པ་དེ་དཀོན་པས། །དལ་འབྱོར་ཆོས་ལྡན་མི་ལུས་དཀོན་པ་དེ་དྲན་ནོ། །ཆུ་ཆེན་རབ་མེད་བགྲོད་པ་དཀའ་བ་དེ་མཐོང་ཛ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་བརྒལ་དཀའ་དེ་དྲན་ནོ། །ཆུ་བྲན་ཐམས་ཅད་རྒྱུག་ཅིང་ཆུ་ཆེན་བསྙགས་པ་དེ་མཐོང་ཛ། །ཚེ་འདི་མི་སྡོད་ཕྱི་མ་བསྙགས་པ་དེ་དྲན་ནོ། །སྡོང་གྲུ་བཟང་པོའི་ཆུ་ཆེན་བགྲོད་པ་དེ་མཐོང་བས། །སྡོམ་པ་དམ་ཚིག་གཙང་ན་འཁོར་བ་ནས་ཐར་བ་དེ་དྲན་ནོ།


CMR051_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་དག་སྔ་ཤིང་ཕྱི་ཤིང་སྐྱོན་མེད་དགོས་པ་དེ་མཐོང་ཛ། །སྡོམ་པ་དམ་ཚིག་ཕྲ་ཞིབ་ལ་གཅེས་སྤྲས་དགོས་པ་དེ་དྲན་ནོ། །གྲུ་དང་གྲུ་པ་འཛོམ་ཡང་སྐྱ་བ་མེད་ཐབས་མེད་པ་དེ་མཐོང་ཛ། །མཚན་ལྡན་བླ་མ་མེད་ཐབས་མེད་པ་དེ་དྲན་ནོ། །ནམ་མཁའི་འགྱུ་མདོག་གསལ་འདྲའི་སྣ་ཚོགས་དེ་མཐོང་ཙ། །རྣལ་འབྱོར་རྣམས་ལ་མི་འཆར་དགུ་འཆར་དེ་དྲན་ནོ། །ཇི་ལྟར་ཤར་ཡང་ནམ་མཁའ་འགྱུར་བ་མེད་པ་དེ་མཐོང་ཛ། །ཆོས་ཉིད་འགྱུར་བ་མེད་པའི་ལྟ་བ་དེ་དྲན་ནོ། །དཀའ་ཚེགས་ཆེ་ཡང་ཉེས་སྐྱོན་མེད་པ་རུ་ཐལ་བས། །ལྷ་དང་བླ་མའི་ཐུགས་རྗེ་ལ་ངེས་ཤེས་གཅིག་སྐྱེས་སོ། །འོ་བརྒྱལ་ཆེའམ་ཆེའམ་ཟེར་མཁན་ནི་མང་ཡང་། །དཀའ་ལས་ངལ་དུབ་ཀྱང་སྒྱུ་མ་རྨི་ལམ་ལྟ་བུར་མཐོང་ངོ་། །ཞེས་སྨྲས་སོ།། །།དེ་ནས་འདམ་འགྱོར་ཞག་པའི་ནུབ། །འོག་མིན་ཀརྨའི་གནས་མཆོག་གི །ལྷ་ཁང་དབྱེར་མོ་ཆེ་ཡི་ནང་། །ཞག་འགའ་སྒྲུབ་པ་བྱས་ནས་ཀྱང་། །སྐུ་མཚམས་སྡོམ་ཤོམ་བྱེད་པ་རྨི། །འདི་རུ་ཞག་འགའ་བསྒྲུབས་ན་ཡང་། །འགྱུར་དང་ཕན་ཡོན་ཆེ་སྙམ་ནས། །སེམས་ལ་དགའ་བ་རབ་ཏུ་སྐྱེས། །གདན་ས་མཆོག་དེར་ཕྱག་ཕྱི་དང་། །རང་ཉིད་ཉམས་ལེན་བོགས་ཐོན་པ། །ནམ་ཞིག་འོང་ངམ་ཡིད་ལ་ཤར། །


CMR051_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ན་མོ་གུ་རུ་ཀརྨ་ཀ་ཡེ། སྤྱན་རིས་གཟིགས་དབང་སྤྲུལ་པའི་སྐུ། །དཔལ་ལྡན་དུས་གསུམ་མཁྱེན་པ་ནས། །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་བར། །ངོ་མཚར་ཞྭ་ནག་ཅོད་པན་ཅན། །ན་རིམ་བཅུ་ལ་གསོལ་བ་འདེབས། །ཡེ་ཤེས་མགོན་པོ་མིར་སྤྲུལ་པ། །མཐུ་སྟོབས་མངའ་བདག་རས་ཆེན་ནས། །ཆོས་རྒྱལ་མི་ཕམ་མཚན་ཅན་བར། ། སི་ཏུ་རྣམས་ལ་གསོལ་བ་འདེབས། །དཀྱིལ་འཁོར་ཀུན་བདག་ཝཱ་ར་ཧཱུྃ། །རྒྱལ་བའི་བསྟན་སྲུང་མ་མགོན་གཉིས། །རྟ་མཆོག་ཐུགས་སྤྲུལ་སྐྱེས་བུ་ཆེ། །ས་དྲུག་སེམས་དཔའ་སྔགས་ཀྱི་བདག །བླ་མ་ཡི་དམ་ཆོས་སྐྱོང་ལ། །ཡིད་གཉིས་སྤངས་ཏེ་གསོལ་བ་འདེབས། །བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། །འགྲོ་ཀུན་བདེ་ལ་འགོད་པར་ཤོག །ཁྱད་པར་བདག་གི་སྒྱུ་ལུས་འདིས། །རྒྱལ་བ་ཡབ་སྲས་ཞལ་མཇལ་ཞིང་། །བསྟན་ལ་ཕན་པ་ཆེར་ནུས་ཤིང་། །བཞེད་དགོངས་བདག་གིས་འགྲུབ་གྱུར་ཅིག །ཅེས་སྨྲས་སོ།། ༈ །།ན་མོ་གུ་རུ་བེ་རོ་ཙ་ན་ཡེ། པདྨ་འབྱུང་གནས་ཁྲོས་པའི་སྐུ། །རྡོ་རྗེ་གྲོ་ལོད་དགོངས་སུ་གསོལ། །


CMR051_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྤྱན་གྱིས་ད་གཟིགས་ཤིག །འཇམ་དཔལ་གཤིན་རྗེ་ཆེར་ཁྲོས་པ། །ཀིང་ཀང་དམར་ནག་དགོངས་སུ་གསོལ། །ཕྲིན་ལས་ནུས་པ་ད་ཕྱུང་ཞིག །འཁོར་ལོ་སྡོམ་པའི་ཡང་སྤྲུལ་པ། །དུར་ཁྲོད་བདག་པོ་ཡབ་ཡུམ་དགོངས། །མྱུར་མགྱོགས་ནུས་པའི་རྩལ་སྤྲུགས་ཤིག །སྙིང་པོ་དོན་གྱི་བསྟན་པ་དང་། །བསྟན་འཛིན་བརྒྱུད་པར་བཅས་པ་དང་། །བདག་གི་བསྲུང་བྱ་ཐམས་ཅད་ལ། །གནོད་ཅིང་འཚེ་བར་བྱེད་པ་རྣམས། །གནོན་ཅིང་གཟིར་དང་བཅིངས་པ་དང་། །གནོད་སེམས་གདུག་པ་ཞི་བར་མཛོད། །སྔོན་གྱི་དམ་བཅའ་དམ་ཚིག་རྣམས། །དུས་ལ་བབ་བོ་ས་མ་ཡ། །ཞེས་པ་ཉི་ནག་ཉིན་པར་བསྐུལ་བ་རྟེན་འབྲེལ་ལོ།། ༈ །།ན་མོ་ལོ་ཀི་ཤྭ་ར་ཡེ། འགྲོ་བ་སེམས་ཅན་འདྲེན་པ་ལ། །སྐྱོ་ངལ་མེད་པའི་ཐུགས་རྗེ་ཅན། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །འགྲོ་དོན་བྱེད་པར་སེམས་བསྐྱེད་ནས། །དབང་ཁྲིད་གདམས་པ་སྤེལ་བའི་ཕྱིར། །རྣལ་འབྱོར་རྒྱལ་ཁམས་འགྲིམ་པ་ལ། །འོ་བརྒྱལ་ཆེའམ་འདྲི་མཁན་མང་། །གཅིག་མིན་གཉིས་མིན་ཀུན་གྱིས་ཟེར། །དེ་ལ་སྤྱི་ལན་ཚིག་འགའ་ཞུ།


CMR051_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་འགྲོ་བ་སེམས་ཅན་ཀུན། །ཐོག་མེད་དུས་ནས་ད་ལྟའི་བར། །འོ་བརྒྱལ་ཆེ་བའི་ངང་ལ་གདའ། །ལན་གྲངས་དུང་ཕྱུར་གྲངས་མེད་ལ། །སྐྱེ་བའི་སྡུག་བསྔལ་འོ་རེ་བརྒྱལ། །མ་ཡི་ལྟོ་ལ་གནས་པའི་ཚེ། །མུན་གླིང་མི་གཙང་ནང་དུ་ཚུད། །བརྒྱག་དུས་བྲག་བར་བཅར་བ་འདྲ། །ལྟོགས་དུས་གཡང་ལ་བརྐྱང་བ་འདྲ། །བུ་ག་དགུ་པོ་དོད་པའི་དུས། །རྣོན་པོས་མཚོན་གྱིས་ཕུག་པ་འདྲ། །ལས་རླུང་མགོ་མཇུག་སྒྱུར་བའི་དུས། །གནམ་ས་ཁ་ཞབས་ལོག་པ་འདྲ། །མ་ཡི་མངལ་ནས་སྐྱེ་བའི་དུས། །ཟུར་མའི་བར་ནས་དྲངས་བ་འདྲ། །སྟན་གྱི་ཁ་ན་བྲུལ་བའི་དུས། །ཚེར་དོང་ནང་དུ་བྲུལ་བ་འདྲ། །མ་ཡིས་ཕྲུ་མ་བཤུས་པའི་དུས། །ལུས་ཀྱི་པགས་པ་བཤུས་པ་འདྲ། །ལྟེ་བ་གྲི་ཡིས་བཅད་པའི་དུས། །སྲོག་རྩ་རྒལ་ནག་བཅད་པ་འདྲ། །མ་ཡིས་པང་ན་བླངས་བའི་དུས། །བྱིས་ཕྲུག་ཁྲ་ཡིས་ཁྱེར་བ་འདྲ། །གོག་རྒྱུག་ལང་གསུམ་བྱུང་ཙམ་ན། །བསམ་མེད་སྨྱོན་པ་ནག་པོ་འདྲ། །དེ་འདྲའི་འོ་བརྒྱལ་གྲངས་མེད་བྱུང་། །ཚར་ནས་བསམ་ལུས་འཕྲོད་ཙམ་ན། །ཡོད་པ་འཚོ་སྐྱོང་མི་ཐུབ་པ། །སེམས་སྡུག་ལུས་ལ་དལ་དུས་


CMR051_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །རྒན་མོའི་ཕྱུགས་ལུག་འཚོ་བ་འདྲ། །མེད་པ་བཙལ་བས་མི་རྙེད་སྡུག །ཁ་འཐོར་ཡི་དྭགས་འཁྱམས་པོ་འདྲ། །གཉོམ་ཆུང་དགྲ་ཡིས་གནོད་པས་སྡུག །རི་ཕྲུག་བྱ་འཁྱུས་འཚེ་བ་འདྲ། །དབང་ཡོད་དགྲ་མགོ་མཐོ་དོགས་སྡུག །ལྷ་མ་ཡིན་གྱི་རྒྱལ་པོ་འདྲ། །ལུས་པོ་བདེ་ཡང་སེམས་མི་བདེ། །ན་ཚས་གཉེན་འདུན་ཤི་ཚད་སྡུག །རྔ་མོང་རྔའུ་གཏོར་བ་འདྲ། །འོ་བརྒྱལ་དེ་འདྲ་བྱུང་བཞིན་པ། །རྒན་རྒོག་བུ་ཚས་བརྙས་པས་སྡུག །ཤི་དོགས་ཆེ་ཞིང་ཤི་སྨོན་འདེབས། །དབང་པོ་མི་གསལ་གོམ་སྟབས་འཁྱོར། །ལྷ་ལ་ཕམ་ལྟུང་ཕོག་པ་འདྲ། །འོ་བརྒྱལ་དེ་འདྲ་བྱུང་ཞིང་སྣང་། །འཆི་ཁ་གནད་གཅོད་འོ་བརྒྱལ་ཆེ། །སྨན་དཔྱད་མི་ཟུག་རིམ་གྲོས་ཐུ། །ཉེ་དུ་ཐམས་ཅད་འཛོམ་ན་ཡང་། །སྲོག་འཆད་ཚོར་བ་རང་གིས་མྱོང་། །ཟུག་གཟེར་ཉི་མ་ནམ་མི་ཆོད། །ཤི་བར་ཤེས་ཀྱང་བྱེད་ཐབས་མེད། །ཡུལ་དང་ཉེ་དུ་ལ་ཆགས་པས། །ང་ལ་ལྟ་ཆུག་ཟེར་ཞིང་བལྟ། །ཕྱི་ཡི་རྣམ་ཤེས་ཚོགས་བརྒྱད་འགགས། །དཀར་ལམ་དམར་ལམ་ནག་ལམ་དང་། །འོད་གསལ་འཆར་ཏེ་ངོས་མ་ཟིན། །བེམ་རིག་བྲལ་ནས་


CMR051_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོར་འཁྱམས། །འོ་བརྒྱལ་དེ་འདྲ་གྲངས་མེད་བྱུང་། །བར་དོར་སྒྲ་འོད་ཟེར་གསུམ་དང་། །ཞི་ཁྲོའི་ལྷ་ཚོགས་ནམ་མཁའ་གང་། །ལྷ་རུ་མ་ཤེས་གཤིན་རྗེར་མཐོང་། །ཉེས་ཆེན་བཙོན་དུ་བཟུང་བ་འདྲ།། །བསྔངས་སྐྲག་འཇིགས་སྣང་བརྒྱལ་ཞིང་འབོག །འོ་བརྒྱལ་ཆེན་པོ་དེ་ན་གདའ། །སྲིད་པ་བར་དོར་འཁྱམས་ཙམ་ན། །བྱིས་པ་ཐང་སྟོང་འཁྱམས་པ་འདྲ། །གར་འགྲོ་ཆ་མེད་སྐྱོ་ཞིང་སྐྲག །དབང་མེད་ལས་ཀྱི་རླུང་གིས་ཁྱེར། །རིགས་དྲུག་འཁོར་བའི་སྐྱེ་སྒོ་འགྲིམ། །དེ་འདྲའི་འོ་བརྒྱལ་ཡང་ཡང་བྱུང་། །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་དྲུང་། །དགེ་སྡིག་རྡེའུ་དཀར་ནག་སྤུངས། །དགེ་སྡིག་བསོག་མི་ལྷ་དང་འདྲེ། །ཡང་ལྡི་གཤིན་རྗེའི་རྒྱ་མར་བཤན། །ལོ་རྒྱུས་ཡིག་ཆུང་ནང་ན་གསལ། །གང་བྱས་ལས་ཀྱི་མེ་ལོང་གསལ། །སྡིག་པ་འཕྲལ་དུ་བསྒྱུར་ཐབས་མེད། །དགེ་བ་ཉོ་སྐྱི་ཚོལ་ཁུངས་མེད། །འོ་བརྒྱལ་འཇིགས་པ་དེ་ན་ཡོད། །གཤིན་རྗེའི་ལས་མཁན་བཙན་སྤུས་ཞན། །རང་བྱས་ཡིན་ནོ་ཟེར་ཞིང་བཙོ། །ཐལ་ཚན་ཆུ་བོ་གྲུ་རབ་མེད། །སྤུ་གྲིའི་ལམ་ལ་བར་མཚམས་མེད། །རལ་གྲིའི་ལོ་མ་རླུང་ལྟར་འཚུབ། །


CMR051_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་མ་རི་བོ་རྣོ་ངར་ཆེ། །ལྕགས་ཀྱི་བྱ་རོག་མཆུ་རེ་རྣོ། །ཁྱི་དང་སེང་གེ་མཆེ་དུག་ཆེ། །ནགས་མཐའ་མེས་འཁོར་འབྲོས་ལམ་མེད། །ཁྲོ་ཆུ་ཁོལ་མས་ནང་ཁྲོལ་མྱག །ལྕགས་སྲེག་སྟེ་མོ་རལ་གྲི་དང་། །སོག་ལེ་ལ་སོགས་རབ་ཏུ་རྣོ། །ལྕགས་སྲེག་ཆོས་རྩིག་རབ་ཏུ་ལྗིད། །ཟངས་ཆེན་ཁྲོ་ཆུ་བར་མེད་ཁོལ། །འོ་བརྒྱལ་ཆེན་པོ་དེ་འདྲ་ལ། །སྔར་ཡང་གཏན་ཡུལ་འོ་བརྒྱལ་བཀུར། །ད་རེས་འགྲིམ་གཅིག་འདིར་ཕྱིན་ཏེ། །ད་རུང་སྔགས་མུན་འོ་བརྒྱལ་དོགས། །མུན་གླིང་འཁྱག་སྦུག་ནང་དུ་ཚུད། །རླུང་འཚུབ་སེར་བུ་གཟེར་ལྷང་སྡང་། །འཁྱག་པས་ཆུ་བུར་སྣག་ཁྲག་འཛག །ལུས་པོ་བརྒྱ་སྟོང་དུ་མར་གས། །སྡུག་ལ་ཚེ་རིང་འཆི་རྒྱུ་མེད། །ལན་སྟོང་ཤི་ཡང་ལན་སྟོང་སོས། །སྔར་ཡང་དེ་འདྲའི་འོ་བརྒྱལ་མང་། །ད་ཡང་འོ་བརྒྱལ་འབྱུང་ཉེན་གདའ། །ཚད་རོང་བྱེ་མའི་ས་ཕྱོགས་ན། །ཆུ་ཞེས་བྱ་བ་མིང་ཡང་མེད། །ལོ་བརྒྱར་ཆུ་ཐིགས་གཅིག་མི་མྱོང་། །ལུས་སྐམ་ཁོ་ཤོག་སྐམ་པོ་འདྲ། །རླུང་གིས་ཕྱོགས་རྣམས་ཀུན་ཏུ་ཁྱེར། །ཁོག་ནས་མེ་འབར་ནང་ཁྲོལ་སྐམ། །ལྷུ་ཚིག་འཐབ་པས་ཁྲག་ཁྲག་ཟེར། །དེ་འདྲའི་འོ་


CMR051_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་གྲངས་མེད་མྱོང་། །ད་རུང་དེ་འདྲའི་འོ་བརྒྱལ་དོགས། །མུན་གླིང་རྒྱ་མཚོའི་ནང་ཤེད་ན། །བཀྲེས་སྐོམ་རང་ལུས་རང་གིས་ཟ། །ཆེ་ཆེས་ཆུང་ཆུང་གྱུར་མིད་བྱེད། །ཆུང་རྣམས་ཆེ་བར་རུབ་ནས་ཟ། །དེ་འདྲའི་འོ་བརྒྱལ་མང་དུ་མྱོང་། །ད་རུང་འོ་བརྒྱལ་འབྱུང་ཉན་གདའ། །ལྷ་མིཟ་ཕྲག་དོག་སེམས་ནད་ཆེ། །ལོ་རེ་ལན་གཉིས་གཡུལ་ཆེན་འགྱེད། །སྨྲས་པ་མུན་པའི་གླིང་དུ་སྦས། །འཆི་མི་ནུས་པའི་སྡུག་བསྔལ་ཆེ། །དེ་འདྲའི་འོ་བརྒྱལ་ལན་མང་མྱོང་། །ད་རུང་འོ་བརྒྱལ་དེ་འདྲ་དོགས། །འོ་བརྒྱལ་མེད་པའི་བདེ་སྐྱིད་ཅན། །ལྷ་ལུས་བདེ་སྐྱིད་ཡུན་རིང་ཡང་། །ཚེ་ཚད་རྫོགས་ནས་སྒྲ་ངན་གྲག །མེ་ཏོག་རྒྱུན་རྙིང་དར་གོས་རུལ། །དྲི་ངན་བྲོ་ནས་གྲོགས་ཀྱིས་སྤངས། །ངན་སོང་ལྟུང་བ་མཐོང་ལགས་ཀྱང་། །བྱ་ཐབས་མེད་པར་སྡུག་བསྔལ་ཆེ། །མི་ལོ་དྲུག་ཅུར་སྡུག་བསྔལ་མྱོང་། །དེ་ནས་ཚེ་འཕོས་འོག་ཏུ་ལྟུང་། །དེ་འདྲའི་འོ་བརྒྱལ་སྔར་ཡང་མང་། །ད་རུང་དེ་འདྲ་མྱོང་དོགས་གདའ། །གཟུགས་ཁམས་གཟུགས་མེད་ཁམས་ཀྱི་ལྷ། །རེ་ཞིག་སྡུག་བསྔལ་མ་མཆིས་ཀྱང་། །ཚེ་ཚད་རྫོགས་ནས་ངན་སོང་འགྲོ། །དེ་འདྲ་འོ་བརྒྱལ་


CMR051_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཡང་མྱོང་། །ད་དུང་ཡང་ནི་འབྱུང་དོགས་གདའ། །ཁོ་དེ་ཁམས་འདྲི་བྱེད་མི་ཚོ། །འོ་བརྒྱལ་མེད་པ་འདོད་ལགས་ན། །འཁོར་བ་འདི་ནས་ཐར་ཐབས་མཛོད། །འོ་བརྒྱལ་མེད་པར་མཛད་པའི་ལྷ། །ཐུགས་རྗེ་ཆེན་པོ་སྒྲུབ་པར་མཛོད། །འོ་བརྒྱལ་མེད་པར་བྱེད་པའི་སྔགས། །རྡོ་རྗེ་འབྲུ་དྲུག་བཟླས་པ་བྱ། །འོ་བརྒྱལ་མེད་པའི་གདམས་ངག་མཆོག །རང་སེམས་དྲི་མེད་ངོ་བོ་ལྟོས། །འོ་བརྒྱལ་མེད་པའི་སྤྱོད་པ་མཆོག །སྡོམ་གསུམ་དྲི་མེད་མིག་བཞིན་སྲུངས། །འོ་བརྒྱལ་མེད་པའི་ཞིང་ཁམས་མཆོག །བདེ་བ་ཅན་དུ་སྨོན་ལམ་ཐོབ། །ཅེས་པ་སྤྱི་ཡི་ཚིག་ལན་དུ་དགེ་སློང་རཱ་ག་ཨ་སྱས་སྨྲས་སོ།། །།ན་མོ་གུ་རུ་རཏྣ་ཡེ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་། །རྗེས་འཇུག་རྣམས་ལ་ཐུགས་རྗེས་ཟུངས། །མ་ཡེངས་གསོན་དང་གྲྭ་པ་རྣམས། །སྙིང་ནས་དམ་ཆོས་བྱེད་མི་བྱེད། །སྙིང་ནས་དམ་ཆོས་བྱེད་དགོངས་ན། །ནམ་འཆི་ཆ་མེད་དྲན་མཛོད་ལ། །རྒྱུན་དུ་དགེ་སྦྱོར་ཐུགས་དམ་འབུང་། །མི་ལུས་ཐོབ་དཀའ་དྲན་མཛོད་ལ། །སྡོམ་པ་དམ་ཚིག་གཙང་མར་བསྲུང་། །ལས་འབྲས་བསླུ་མེད་


CMR051_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་མཛོད་ལ། །སྡིག་ལྟུང་གཉིས་ལ་དུག་ལྟར་འཛེམ། །འཁོར་བའི་སྡུག་བསྔལ་དྲན་མཛོད་ལ། །དམ་ཆོས་བསྒྲུབ་ལ་སྤྲོ་བ་བསྐྱེད། །གསང་སྔགས་ཉེ་ལམ་དྲན་མཛོད་ལ། །བསྐྱེད་རྫོགས་གཉིས་ལ་ཉམས་ལེན་འབུང་། །བླ་མའི་རྣལ་འབྱོར་དྲན་མཛོད་ལ། །ཆགས་ཕྱི་བཀའ་ལས་ཆོས་སུ་བསྒོམ། །ཆོས་ཐོས་ཕན་ཡོན་དྲན་མཛོད་ལ། །དབང་ལུང་ཚར་བརྒྱ་ཐོབ་ཀྱང་ཞུས། །སྒྲུབ་ཆེན་ཕན་ཡོན་དྲན་མཛོད་ལ། །བློ་ཕུགས་འདུན་པ་དེ་ལ་གཏོད། །མཆེད་གྲོགས་དམ་ཚིག་དྲན་མཛོད་ལ། །མཆེད་གྲོགས་རྣམས་ལ་འཛིང་རྩོད་སྤོངས། །སྡོམ་པ་དམ་ཚིག་དྲན་མཛོད་ལ། །བསྟན་ལ་གནོད་པའི་བྱ་བ་སྤོངས། །རང་དོན་ཡིན་པར་དགོངས་མཛོད་ལ། །རྩ་བཞི་ཆང་ལྔ་སྲོག་ལྟར་སྲུངས། །ཉམས་ཁྲིད་ཟབ་མོ་དྲན་མཛོད་ལ། །རང་སེམས་བྱ་ར་དྲན་རྫི་བརྟེན། །ཞིང་དེའི་ཕན་ཡོན་དྲན་མཛོད་ལ། །བདེ་ཆེན་ཞིང་གི་སྨོན་ལམ་ཐོབ། །དེ་སྐད་རཱ་ག་ཨ་སྱས་སྨྲས།། ༈ །།ན་མོ་དྷརྨ་ཤྭ་ར་ཀརྨ་ཡེ། དམ་ཆོས་མཐའ་རྒྱ་གཅོད་ན་མདོ་སྔགས་གཞུང་ལུགས་ཐམས་ཅད་དགོས་པར་གདའ་སྟེ། །དམ་ཆོས་སྙིང་ནས་བྱེད་ན་འཆི་བ་ངེས་པར་


CMR051_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་གཅིག་པུས་ཀྱང་ཆོག་པར་གདའ་བས། །ནམ་འཆི་ནམ་འཆི་བསམ་པ་འདི་ཉིན་རེ་ལན་གསུམ་དྲན་པར་མཛོད་ཅིག །མཁས་པའི་མིང་སྙན་འདོད་ན་ཤེས་རབ་གོ་བ་རྒྱ་ཆེན་གཅིག་དགོས་པར་གདའ་སྟེ། །ཉམས་རྟོགས་སེམས་ལ་འཆར་ཐབས་བླ་མའི་མོས་གུས་གཅིག་པུས་ཆོག་པར་འདུག་པས། །རྒྱལ་བ་ཡབ་སྲས་སྤྱི་གཙུག་ཏུ་བསྒོམ་ལ་སྙིང་ནས་གསོལ་བ་རེ་ཐོབ་ཅིག །མཐུ་ནུས་ཀྱི་སྙན་གྲགས་ཤིག་འདོད་ན་ཆོས་སྐྱོང་བཀའ་སྲུང་ཀུན་འདུསུ་བསྒྲུབ་དགོས་གདའ་སྟེ། །དམ་ཆོས་ཚུལ་བཞིན་བསྒྲུབས་ན་ཆོས་སྐྱོང་ཡང་ཤུགས་ལ་འཁོར་བར་ནི་གདའ་བས། །རྩ་བཞི་སྲོག་ལྟར་བསྲུངས་ནས་རང་ཉིད་དགེ་འདུན་གྱི་གྲ་རུ་ཚུད་ངེས་རེ་མཛོད་ཅིག །རྩ་རླུང་གནད་དུ་བསྣུན་ན་རླུང་བཟུང་དང་འཁྲུལ་འཁོར་ཀུན་དགོས་པར་གདའ་སྟེ། །རླུང་སེམས་དྷ་ཏི་རུ་ཚུད་པ་ནི་བརྒྱ་ཕྱག་མང་པོས་ཀྱང་འགྲུབ་པར་གདའ་བས། །སྐབས་སུ་བརྒྱ་ཕྱག་རེ་འཚོལ་ལ་འཕྲལ་གྱི་གནས་ཉམས་ཀྱི་ངོ་བོ་ལ་ལྟོས་ཤིག །ཟབ་ཆོས་དང་ཟབ་ཁྲིད་ཀྱི་མཐའ་རྒྱ་བཅད་ན་ཁྲིད་སྟོང་ཞུས་ཀྱང་མི་རྫོགས་པར་གདའ་སྟེ། །དོན་གྱི་རྩ་བ་རང་སེམས་དྲན་རྫི་ས་སྐྱོང་བ་ལ་ཐམས་


CMR051_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འདུས་པ་རུ་འདུག་པས། །མ་ཡེངས་དྲན་རྫིའི་གསལ་འདེབས་ཡང་ཡང་མ་བརྗེད་པར་མཛོད་ཅིག །ཆོས་དང་འཇིག་རྟེན་ཀུན་གྱི་བར་ཆད་ཀྱི་བདུད་ནི་བློ་སེམས་མི་མཐུན་པ་འདི་ཡིན་པས། །གྲྭ་པ་ཀུན་བདག་གི་བློ་སེམས་གར་གཏད་ལ་ཕྱོགས་གཅིག་ཏུ་གཏོད་ཅིག །བློ་སེམས་གཏད་ས་ནོར་ན་འདི་ཕྱིའི་འདུན་མ་ཀུན་འཆུག་ཉེས་གདའ་སྟེ། །ང་ཡི་བློ་ཕུག་དང་གྲོས་ཕུག་ལ་ཨོ་རྒྱན་པདྨ་ཁོང་ཡོད་པས། །འདི་ཕྱིའི་བྱ་བ་ཀུན་བློ་ཉེས་ལ་མི་འགྲོ་བའི་གདེང་ཚོད་གཅིག་ཡོད་དོ། །དེ་སྐད་འཕྲལ་དུ་གྲྭ་པ་སྤྱི་ལ་སྨྲས་པ་ཡིན་པས། ། ཐམས་ཅད་ཀྱི་ཐུགས་ལ་ངེས་པར་མཛད་གལ་ནི་ཆེའོ། །ཞེས་སྨྲས་སོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། དེ་རིང་ཉམས་དགའ་རིག་པ་དྭངས། །སྙིགས་དུས་བྱུང་བའི་དགེ་སློང་བདག །རྩ་བཞི་སྲོག་ལྟར་བསྲུང་བའི་ཕྱིར། །དཀོར་ལ་བདག་པོའི་ཚུལ་ལ་སྤྱོད། །འཇུ་བར་འདུལ་བའི་ལུང་ནས་གསུངས། །འགྲོ་དོན་སེམས་བསྐྱེད་བྱང་སེམས་བདག །ལུས་ངག་ཡིད་གསུམ་འགྲོ་ལ་བསྔོས། །དཀོར་ལ་གླ་རྔན་ཚུལ་དུ་སྤྱོད། །འཇུ་བར་མདོ་སྡེ་ལུང་ནས་གསུངས། །དམ་ཚིག་ལྡན་པའི་སྔགས་འཆང་བདག་


CMR051_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ལྡན། །དཀོར་ལ་དངོས་གྲུབ་ཚུལ་དུ་སྤྱོད། །འཇུ་བར་རྒྱུད་སྡེའི་ལུང་ནས་གསུངས། །སྟོང་ཉིད་རྟོགས་པའི་རྟོགས་ལྡན་བདག །དཀོར་ལ་མཆོད་པའི་ཚུལ་དུ་སྤྱོད། །འཇུ་བར་སྡེ་སྣོད་མདོ་ནས་གསུངས། །བདག་གིས་དཀོར་ལ་སྤྱོད་པ་ལྟར། །གྲྭ་པ་རྣམས་ཀྱང་སྤྱོད་པར་མཛོད། །བདེ་བ་ལྷ་ཡི་ཕ་འབབ་ཡིན། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །འཁོར་ལོས་སྒྱུར་རྒྱལ་ལྔ་བརྒྱ་རུ། །སྐྱེ་རྒྱུའི་བསོད་ནམས་དངོས་པོ་དེ། །ཉན་ཐོས་རྣམས་ལ་བསྔོས་པ་ཡིན། །དེ་ཕྱིར་ལོངས་སྤྱོད་འབྱུང་བ་ཡིན། །རང་ཉིད་སྡོམ་གཙང་ཡིན་ངེས་ན། །དཀོར་གྱི་ལོངས་སྤྱོད་ཟད་པ་མེད། །སྡོམ་པ་མེད་པར་ཡོད་བརྫུ་བའི། །རྩ་རླུང་ལས་སུ་མི་རུང་བའི། །སྡོམ་པ་ལྐོག་ཤོར་གོས་བཟང་གྱོན། །དཀོར་ལ་སྤྱོད་པར་བྱེད་པ་ནི། །བྱིས་པས་མེ་མདག་འགམ་པ་འདྲ། །ཟས་ནི་ཁམ་བུ་དུ་ཟོས་གྲངས། །ལྕགས་སྲེག་ཐོ་ལུམ་ཟ་དགོས་སོ། །སྐོམ་ནི་ཧུབ་གང་གང་འཐུང་གྲངས། །ཁྲོ་ཆུ་ཁོལ་མ་འཐུང་དགོས་སོ། །དེ་ནས་ཐར་བར་གྱུར་ན་ཡང་། །སེམས་ཅན་ཆེན་པོའི་ལུས་བླངས་ནས། །ཚེ་འདས་འབུ་


CMR051_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་མང་པོ་ལ། །སྐྱེས་ནས་ལུས་ལ་ཟ་བར་བྱེད། །དཀོར་ལ་བག་མེད་ཧབ་ཁྱེར་ན། །ཡི་དྭགས་ལུས་ནི་ལྔ་བརྒྱ་ལེན། །ལོ་སྟོང་ཆུ་ཐིགས་གཅིག་མི་མྱོང་། །ལུས་པོ་ཁོ་ཤོག་སྐམ་པོ་ལྟར། །རླུང་གི་ཕྱོགས་བཅུར་འཁྱེར་བར་བྱེད། །དོན་མེད་ཉེ་དུ་མཐུན་གྲོགས་ལ། །དཀོར་ལ་སྤྱད་ཅིང་བྱིན་པ་ན། །རང་ཉིད་རྔ་མོང་ལུས་བླངས་ནས། །མཐུན་གྲོགས་རྗེའུ་ལ་སྐྱེས་ནས། །བུ་ལ་གདུང་སེམས་ཆེན་པོ་འབྱུང་། །རྐང་ལག་ཆད་ཅིང་རྣག་ཁྲག་འབབས། །མི་ཁྱག་ཁལ་ལྗིད་འགེལ་བར་འགྱུར། །དབང་ཡོད་དཀོར་ལ་ཧབ་གཅོད་ན། །རྒྱལ་འགོང་བཙན་རིགས་ཆེན་པོར་སྐྱེ། །ལྟོག་སྐོམ་སྡུག་རྩུབ་རང་དབང་མེད། །སྐྱེ་འགྲོའི་སྲོག་དབུགས་འགམ་པར་བྱེད། །དེ་ནས་མནར་མེད་དམྱལ་བར་ལྟུང་། །དེ་ཕྱིར་ཤུགས་འབྱུང་དཀོར་ཟས་རྣམས། །དཔོན་སློབ་ཐམས་ཅད་སེམས་མཉམ་པར། །དགེ་བའི་ཕྱོགས་ལ་གང་འགྲོ་མཛོད། །བདག་ནི་ཆོས་གོས་ལྷུང་བཟེད་དང་། །ཁ་ཕོར་ཆབ་རིལ་མ་གཏོགས་པ། །སེམས་ཀྱིས་བདག་ཏུ་བཟུང་བ་མེད། །དགེ་འདུན་གྲྭ་པ་འདུ་རྟེན་དང་། །སྒྲུབ་ཆེན་སྒྲུབ་ཕྲན་མཐུན་རྐྱེན་དང་། །བསྟན་ལ་གང་


CMR051_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་མ་གཏོགས་པ། །ང་རང་དོན་དུ་འཚག་པ་མེད། །དེ་དོན་གྲྭ་པ་ཀུན་གྱིས་དགོངས། །དཀོར་ཡེབ་ཆེ་བར་མི་དགོངས་འཚལ། །ཁྱད་པར་ད་ཞག་ཉམས་སྣང་ལ། །བདག་བས་གཞན་གཅེས་ཉམས་ཤིག་སྐྱེས། །རང་དོན་བསྒྲུབ་པའི་དམ་ཆོས་ཀྱང་། །བྱང་ཆུབ་བསྒྲུབ་པའི་གེགས་སུ་རྟོགས། །བདག་ནི་འཁོར་བ་ཇི་སྲིད་དུ། །རང་དོན་ཞི་བར་མི་འཇུག་པར། །འགྲོ་བའི་གཡོག་པོ་བྱེད་པར་འདོད། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་ལས། །མི་འཇིགས་འཁོར་བ་འདིར་གནས་ནས། །གང་འདུལ་སྤྲུལ་པ་སྣ་ཚོགས་ཀྱིས། །མ་རྒན་འགྲོ་དྲུག་འདྲེན་པ་ལ། །སྤྱན་རས་གཟིགས་ཀྱི་ཚག་འཕྲོག་གིས། །ཕྱག་གཡོག་བདག་གིས་བྱེད་སྙིང་འདོད། །སྙིང་ནས་བསམ་པ་དེ་བསམས་པས། །དཀོར་གྱི་སྒྲིབ་པ་མེད་དམ་སེམས། །དེ་ཚོ་སྤྱོད་པའི་ངོས་ནས་ལགས། །ལྟ་བའི་ངོས་ནས་བསམ་པ་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །མེད་བཞིན་སྣང་བ་ཆུ་ཟླ་འདྲ། །སྣོད་བཅུད་སེམས་དང་དབྱེར་མེད་འདྲེས། །རང་སེམས་དང་པོའི་སངས་རྒྱས་དངོས། །དངོས་སུ་རྟོགས་ཏེ་གོ་བ་མིན། །འཁོར་གསུམ་ཡོངས་དག་བསྔོ་


CMR051_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤེས། །བསྔོ་བས་རྒྱས་བཏབ་ཚར་མ་ཐག །སྦྱིན་བདག་དོན་འབྲས་འགྲུབ་པ་སྟེ། །བླ་མེད་བྱང་ཆུབ་ས་བོན་ཐེབས། །སྐྱེ་བ་ཀུན་ཏུ་སྦྱིན་པའི་འབྲས། །ལོངས་སྤྱོད་འདོད་དགུ་འབྱུང་བ་ནི། །མདོ་རྒྱུད་གཉིས་ཀྱི་དགོངས་པ་ཡིན། །སེམས་ལ་རང་དོན་འཁྲིས་མེད་པས། །བདག་ལ་དཀོར་སྒྲིབ་མེད་པར་ངེས། །རང་འདོད་ཧམ་པ་ཡིན་ནམ་མིན། །བདག་གི་ལྟ་སྤྱོད་བསམ་པ་དང་། །མདོ་རྒྱུད་བསྡུར་ལ་དཔྱད་པར་གྱིས། །དཀོར་ཟན་རཱ་ག་ཨ་སྱ་ཡིས། །རང་འདོད་འདྲ་བའི་གཏམ་འདི་ནི། །འོདམ་འགྱོ་ཞེས་བྱའི་ས་རུ་སྨྲས།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། ཁོ་ཐག་ཆོད་པའི་བན་རྒན་ངས། །ཁོ་ཐག་ཆོད་པའི་གཏམ་ཞིག་སྨྲ། །དམ་ཚིག་གཙང་མར་མ་བསྲུང་ན། །ཚེ་འདིར་བཀྲ་མི་ཤིས་པ་དང་། །མནར་མེད་སྐྱེ་བར་ཁོ་ཐག་ཆོད། །དམ་ཚིག་གཙང་མར་བསྲུང་བ་ལ། །སྡོམ་པ་གཙང་དགོས་ཁོ་ཐག་ཆོད། །རྩ་རླུང་ལས་སུ་མི་རུང་བའི་། །བྱི་ཕོ་ལྐོག་རྒྱུག་བྱེད་པ་ཚོ། །དམ་ཉམས་ཡིན་པ་ཁོ་ཐག་ཆོད། །དམ་ཉམས་བསྙེན་སྒྲུབ་རེམ་ན་ཡང་། །དམ་སྲི་སྐྱེ་བ་ཁོ་ཐག་ཆོད། །ཆོས་འདོད་བླ་མ་མི་འདོད་


CMR051_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །རྒྱུ་འབྲས་དམ་ཚིག་མི་བརྩི་བར། །མཁའ་འགྲོ་ཆོས་སྐྱོང་བསྟེན་ན་ཡང་། །གཏོར་མ་ལྷ་ཡིས་ལེན་མི་སྲིད། །བགེགས་དང་འབྱུང་པོས་ཟ་བར་གསུངས་། །ནད་ཞི་གདོན་ཞི་ལ་སོགས་པ། །འཕྲལ་གྱི་ངག་ནུས་ཕྲན་བུ་ནི། །བེ་ནག་རྒྱལ་པོའི་བསླུ་བྲིད་ཡིན། །འབྲེལ་ཚད་ངན་སོང་ཁོ་ཐག་ཆོད། །སྡོམ་པ་བསྲུང་ཞིང་དམ་ཚིག་གཙང་། །བླ་མ་སྤྱི་བོར་བཀུར་བའི་མི། །ཚེ་འདིར་ཅི་བསམ་འགྲུབ་པ་དང་། །ཕྱི་མ་བདེ་བ་ཁོ་ཐག་ཆོད། །སྡོམ་པ་དམ་ཚིག་གཙང་བ་དང་། །དད་པ་དག་སྣང་ཆེ་བ་ན། །མཁའ་འགྲོ་ཆོས་སྐྱོང་མ་བསྒྲུབས་ཀྱང་། །ཤུགས་ལ་འཁོར་བར་ཁོ་ཐག་ཆོད། །གལ་ཏེ་བསྒྲུབ་ལ་བརྩོན་པ་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདིར་འགྲུབ་པར་ཁོ་ཐག་ཆོད། །ཚོགས་གཏོར་མཆོད་པ་བརྩོན་པ་ན། །མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འདུ། །ཅི་བསམ་འགྲུབ་པར་ཁོ་ཐག་ཆོད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལུས་ངག་ཡིད་གསུམ་གཞན་དོན་དུ། །ཚོགས་བསགས་སྒྲིབ་སྦྱོང་ལ་འབད་ན། །རྫོགས་སངས་རྒྱས་པ་ཁོ་ཐག་ཆོད། །བླ་མ་རྡོ་རྗེ་འཆང་དུ་བལྟ། །ཅི་མཛད་


CMR051_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བལྟ་བ་དང་། །ཅི་གསུངས་ཚད་མར་འཛིན་བྱེད་ཅིང་། །སྙིང་ནས་གསོལ་འདེབས་ལ་བརྩོན་ན། །ཕྱག་རྒྱ་ཆེན་པོ་རྟོགས་པ་ནི། །མངོན་སུམ་རྟོགས་པར་ཁོ་ཐག་ཆོད། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་སེམས་ཉིད་དུ་ཁོ་ཐག་ཆོད། །སེམས་ཉིད་སྐྱེ་བ་མེད་པ་འདི། །ཆོས་སྐུ་ཡིན་པར་ཁོ་ཐག་ཆོད། །འཇིག་རྟེན་བྱ་བ་ཐམས་ཅད་ཀུན། །འཁྲུལ་པ་ཡིན་པར་ཁོ་ཐག་ཆོད། །བཀའ་དྲིན་ཐོབ་པའི་བླ་མ་དེ། །རྡོ་རྗེ་འཆང་དུ་ཁོ་ཐག་ཆོད། །ཁོ་ཐག་ཆོད་པའི་དབྱངས་ཆུང་འདི། །འདམ་འགྱོ་གྲུ་ཁའི་ཉེ་ལོགས་སུ། །དལ་སྐབས་ཡིད་ལ་ཤར་ནས་སྨྲས།། ༈ །།ཧཱུྃ། འཁོར་ལོ་སྡོམ་པ་ཡབ་དང་ཡུམ། །པདྨ་བཛྲ་སྤྱན་སྔ་རུ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་སྲུང་། །སོ་ས་གླིང་གི་ཞིང་སྐྱོང་བ། །དུར་ཁྲོད་བདག་པོ་ཡབ་དང་ཡུམ། །ཁྱོད་ནི་སྲུང་མ་ཐུགས་དམ་ཅན། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །བདག་ཅག་འཁོར་དང་ལོངས་སྤྱོད་བཅས། །བསྲུང་བའི་སྲུང་མ་ཁྱོད་ལ་བཅོལ། །དེ་ལ་གནོད་བྱེད་དགྲ་རྐུན་ཇག །འཆིངས་བའི་ཞགས་པ་ཁྱོད་


CMR051_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོས་སོ། །མ་གཡེལ་མ་འདའ་མཐུ་རྩལ་ཅན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་རྨི་ལམ་དུ་མི་སྐྱ་སྐྱ་མྱ་གེ་བ་བཅུ་ཙམ་དབང་ཞུ་ཟེར་བས། ཁོང་རྣམས་ཀྱིས་ལྷ་དེ་མི་འདོད་པ་འདྲ་ཞིག་འདུག་ཀྱང་ངན་བྱས་ནས་དུར་ཁྲོད་བདག་པོའི་དབང་བསྐུར་བ་དེ་ཇག་རྐུན་བཟློག་པའི་རྟགས་སུ་གོ་ནས་བསྟོད་པ་བྱས་སོ།། ༈ །།ན་མོ་ཤན་ཏིང་ཀྲོ་དྷ་ཡེ། མདངས་གསུམ་མུན་ཆུ་རུག་ཙམ་ན། །ཡོད་པ་འཚོ་སྐྱོང་སྡུག་བསྔལ་ལ། །བར་དོའི་ངོ་སྤྲོད་དངོས་སུ་བྱུང་། །ནམ་མཁའ་ཆུ་འཛིན་ནག་པོས་བསྒྲིབས། །ཁ་ཆར་དྲག་པོ་བྱོས་བཞིན་བབས། །རྔོག་ཆགས་རྟ་རྣམས་གར་སོང་མེད། །ཇག་རྐུན་རྦབ་གཡང་འཇིགས་པ་ཆེ། །ས་དུག་ནད་ཀྱིས་དུད་འགྲོ་འགུམ། །ཆར་རླུང་འུར་སྒྲ་ཐུག་ཆོམ་ཆེ། །གྲྭ་པ་རྣམས་ཀྱང་འོ་བརྒྱལ་ཆེ། །དེ་ཚེ་རྣལ་འབྱོར་བདག་ཉིད་ཀྱང་། །བློ་མ་བདེ་ཞིང་ཤེས་པ་འཚུབ། །དེ་ཚེ་རང་ལ་གསལ་བཏབ་པ། །ཀྱེ་མ་ཡོད་པ་འཚོ་སྐྱོང་གི །སྡུག་བསྔལ་དག་གི་དཔེ་བཞག་ན། །རྒན་མོའི་ཕྱུགས་ལུག་འཚོ་བ་འདྲ། །ཁྱད་པར་དོ་ནུབ་གྲྭ་པ་ཚོ། །སྲིད་པ་བར་དོར་འཁྱམས་པ་འདྲ། །རྐྱེན་ངན་ཅུང་ཟད་འདི་ཙམ་ལ། །ཉམས་ལེན་རྩི་


CMR051_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་མ་ཟིན་ན། །བར་དོ་བགྲོད་དུས་གང་ལྟར་བྱེད། །བསམ་ནས་རྣལ་འབྱོར་བདག་ཉིད་ནི། །ལུས་ནི་ལྷ་ཡི་དཀྱིལ་འཁོར་བསྒོམ། །ཏིང་ངེ་འཛིན་གྱི་ལྷ་སྲུང་རྣམས། །རྟ་ཕྱུགས་གྲྭ་པ་བསྲུང་ཕྱིར་མངག །མི་བདེ་སེམས་ཀྱི་ངོ་བོ་བལྟས། །སྣང་སྲིད་དག་པ་རབ་འབྱམས་དང་། །བསྐྱེད་རྫོགས་ཟུང་འཇུག་དགོངས་པ་བསྐྱེད། །བར་ཆད་མ་བྱུང་བོགས་སུ་ཐོན། །ཕྱི་ནང་སྣོད་བཅུད་དངོས་པོ་ཀུན། །བཟང་ངན་ཅི་ཤར་ངོ་བོ་སྟོང་། །བདེན་པར་མ་གྲུབ་སྒྱུ་མ་འདྲ། །འུར་སྒྲ་ཐུག་ཆོམ་སྟོང་པའི་སྒྲ། །གྲག་སྟོང་ཡི་གེ་དྲུག་པ་དངོས། །སྤྲིན་ནག་ཁ་ཆར་སྟོང་པའི་རྩལ། །བདེན་མེད་སྟོང་པའི་དབྱིངས་སུ་ཡལ། །མི་བདེ་རྣམ་རྟོག་ཆོས་ཀྱི་སྐུ། །ངོ་བོ་བལྟས་པས་བདེ་སྟོང་ངང་། །གང་ཤར་དེས་ཆོག་མ་བྱུང་ན། །ཉམས་བཟང་སྐྱིད་པའི་དུས་ཀྱི་གྲོགས། །བཟང་ངན་བདེ་སྡུག་ཅི་ཤར་ཡང་། །མ་བཅོས་བཞག་པས་ཆོས་སྐུར་གྲོལ། །ཕྱི་ནང་སྣོད་བཅུད་འཁོར་འདས་ཀུན། །ཡེ་ནས་སྐུ་གསུམ་ལྷུན་གྲུབ་ཏུ། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགགས་མེད་ཅིར་ཡང་འཆར། །ངོ་བོ་སྟོང་པ་དོན་དམ་གྱི། །བདེན་པ་ཡིན་པར་ཧྲིག་


CMR051_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གེར་རྟོགས། །རྣམ་པ་རྒྱུ་འབྲས་རྟེན་འབྲེལ་ཙམ། །ཀུན་རྫོབ་བདེན་པའི་གནད་མཚངས་རྟོགས། །དེ་གཉིས་མི་འགལ་ཟུང་འཇུག་པ། །ངོ་མཚར་ཡ་མཚན་ཨེ་མ་ཧོ། །སྙིགས་དུས་དམ་པའི་ཆོས་སྨྲ་བའི། །བཙུན་པ་རཱ་ག་ཨ་སྱ་ཡིས། །ཐོལ་བྱུང་འཆལ་གཏམ་འཕྲལ་དུ་སྨྲས།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། འདམ་འགྱོ་གྲུ་སོའི་མར་ཐང་ན། །སྲོད་འཁོར་ཙམ་གྱི་དུས་ཚོད་ལ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རང་དབང་མེད་པའི་སྙིང་རྗེ་སྐྱེས། །བདག་བས་གཞན་གཅེས་བྱང་ཆུབ་སེམས། །འདི་ག་ཡིན་པར་འདུག་པ་ལ། །སྔོན་ཆད་གོ་བ་སྐམ་པོར་སོང་། །སྙམ་ནས་བདག་གཞན་བརྗེ་ནུས་པའི། །ཉམས་ཀྱི་འཆར་ཚུལ་ངོ་མཚར་ཆེ། །དེ་ཚེ་ཡིད་ལ་འདི་ལྟར་ཤར། །བདག་དང་བརྒྱུད་པར་བཅས་པ་ཡི། །མ་རྒན་འགྲོ་དྲུག་སེམས་ཅན་ལ། །ནམ་ཡང་གནོད་པ་སྤངས་བར་ཤོག །སྐྱེ་བ་འདི་ནས་ཚེ་རབས་ཀུན། །གཞན་ཕན་གཞི་བཅས་བསྒྲུབ་པར་ཤོག །བདག་ནི་འཁོར་བ་ཇི་སྲིད་དུ། །རང་དོན་ཞི་བདེར་མི་འཇུག་པར། གང་འདུལ་སྤྲུལ་པ་དཔག་མེད་ཀྱིས། །འགྲོ་བ་བདེ་ལ་འགོད་


CMR051_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །འགྲོ་དྲུག་སྡུག་བསྔལ་སེལ་བ་ལ། །སྤྱན་རས་གཟིགས་དང་དབྱེར་མེད་ཤོག །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །འགྲོ་བའི་བློ་མུན་སེལ་བ་ལ། །འཇམ་དཔལ་དབྱངས་དང་དབྱེར་མེད་ཤོག །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །འགྲོ་བའི་སྐྱབས་མགོན་བྱེད་པ་ལ། །གསང་བའི་བདག་དང་དབྱེར་མེད་ཤོག །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །གདུལ་དཀའ་མ་ལུས་འདུལ་བ་ཡི། །ཨོ་རྒྱན་རྗེ་དང་དབྱེར་མེད་ཤོག །བདག་ནི་སྐྱེ་བ་ཐམས་ཅད་དུ། །གང་གིས་མཐོང་བ་ཐམས་ཅད་ནི། །མཐོང་གྲོལ་ཉིད་དུ་སངས་རྒྱས་ཤོག །གང་གིས་ཐོས་པ་ཐམས་ཅད་ནི། །ཐོས་གྲོལ་ཉིད་དུ་སངས་རྒྱས་ཤོག །གང་གིས་དྲན་པ་ཐམས་ཅད་ནི། །དྲན་གྲོལ་ཉིད་དུ་སངས་རྒྱས་ཤོག །གང་གིས་རེག་པ་ཐམས་ཅད་ནི། །རེག་གྲོལ་ཉིད་དུ་སངས་རྒྱས་ཤོག །སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །ཅེས་བསམ་ཕྱིར་ནངས་ཡི་གེར་བཀོད། མངྒལཾ།། ༧ དེ་ནས་ཉམས་ཀྱི་སྣང་བ་ལ། །གཡོན་དེར་མི་ཆེན་གཅིག་ཀྱང་འདུག །དེ་རྗེས་གཉིད་པའི་རྨི་ལམ་ན། །མི་སྐྱ་མང་པོ་འགའ་ཞིག་གིས། །བདག་ལ་གུས་


CMR051_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འདུད་དབང་ཞུ་བྱུང་། །ཀུན་རིག་དབང་བསྐུར་བྱས་པ་རྨིས། །མི་མ་ཡིན་འགའ་ཡིན་ནམ་སེམས། །དེ་ནས་གྲུབ་ཆེན་ཀརྨ་པས། །དཔལ་ལྡན་ལྷ་མོ་ཞལ་གཟིགས་ཤིང་། །རྩི་ཤིང་ནགས་ཚལ་ཐམས་ཅད་ཀུན། །ལྷ་མོའི་སྐུ་རུ་གཟིགས་པའི་ས། །ཏིང་ཐོག་ཁ་རུ་ཡུད་ཙམ་ཕྱིན། །ལྷ་མོའི་སྔགས་བཟླས་བསྟོད་པ་བྱས། ༈ ། ཀ་ཡེ་གསོན་དང་དཔལ་ལྡན་རང་བྱུང་མ། །ཁ་དོག་ཆར་སྤྲིན་གཏིབ་པ་ལྟ་བུའི་མདོག །ག་ཤལ་ཐོད་རློན་ཕྲེང་བས་རྒྱན་དུ་བྱས། །ང་རོ་མ་བྷོ་རུ་ལུའི་འབྲུག་སྒྲ་སྒྲོག །ཅ་ཅོའི་སྒྲ་སྒྲོག་སྲིད་གསུམ་མ་མོའི་ཚོགས། །ཆ་ལུགས་སྲིན་མོའི་གཟུགས་འཆང་འཁོར་བཅས་ལ། །ཇ་ཆང་ཕུད་དང་ཚོགས་དང་གཏོར་མས་མཆོད། །ཉ་རྒྱས་ཟླ་ལྟར་འགྲོ་བའི་མུན་སེལ་བ། །ཏ་ཐཱ་ག་ཏའི་བསྟན་པ་རྒྱས་པར་མཛོད། །ཐ་མལ་སྐྱེ་བོས་བསྟན་ལ་གནོད་བྱེད་རྣམས། །ད་ནི་ཚར་གཅོད་ཕྲིན་ལས་མ་གཡེལ་ཅིག །ན་མེད་བསྟན་པ་འགགས་ལ་ཐུག་པ་གཟིགས། །པ་དེ་པུ་དེའི་ཆོ་འཕྲུལ་ཕན་པ་མེད། །ཕ་རོལ་དགྲ་དཔུང་མ་ལུས་རྡུལ་དུ་རློགས། །བ་མོར་ཉི་ཟེར་ཕོག་བཞིན་མྱུར་དུ་ཐུལ། །མ་གཡེལ་མ་གཅིག་ཐུགས་


CMR051_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དུས་ལ་བབ། །ཙ་རླུང་བྱང་ཆུབ་སེམས་ལ་བརྟན་བཞུགས་ནས། །ཚ་གྲང་འབྱུང་བའི་ནད་རྣམས་ཞི་བ་དང་། །ཛ་ཡེའི་གོ་འཕང་ཚེ་འདིར་ཐོབ་པར་མཛོད། །ཝ་ལེར་སྲིད་གསུམ་གཟིགས་པའི་ལྷ་མོ་ཁྱོད། །ཞ་ནག་ཅོད་པན་འཛིན་པའི་བསྟན་པ་སྲུངས། །ཟ་བྱེད་ཕོ་ཉའི་ཚོགས་རྣམས་ལས་ལ་ཆས། །འ་རེ་འུ་རེའི་སྙན་གྲགས་ཕྱོགས་བཅུར་སྒྲོག །ཡ་མཚན་ཆེ་བའི་རྟགས་མཚན་སྣ་ཚོགས་སྟོན། །ར་ལ་ཞོན་པའི་རྡོ་རྗེ་ལེགས་པ་སོགས། །ལ་ཆེན་བཀའ་སྲུང་ཐམས་ཅད་ལས་ལ་ཆོས། །ཤ་ཟ་སྲིན་མོ་སྲོག་ལ་རྔམ་པ་རྣམས། །ས་ཆ་གང་དུ་འདུག་ཀྱང་བསྟན་དགྲ་ཟོ། །ཧ་ཡ་གྲི་ཝའི་དམ་ལས་མ་འདའ་བར། །ཨ་ལ་ལ་ཧོ་ཐུགས་དམ་དུས་ལ་བབས། །ཞེས་པ་ཏིང་ཐོག་ཁའི་ཉེ་ལོགས་སུ་རྟེན་འབྲེལ་བྱས་ནས་བསྟོད་པའོ།། ༈ །།བྷཻ། འདས་པའི་སངས་རྒྱས་བཅོམ་ལྡན་རིན་ཆེན་མང་། །ད་ལྟ་རྣམ་པར་སྣང་མཛད་ཐུགས་ལས་སྤྲུལ། །མ་འོངས་དེ་བཞིན་གཤེགས་པ་རིན་ཆེན་གདུགས། །ད་ལྟ་ས་བརྒྱད་ལ་གནས་སེམས་དཔའ་ཆེ། །གནོད་སྦྱིན་རྒྱལ་པོ་སྐུ་སྤྲུལ་རྣམ་ཐོས་སྲས། །དབང་གི་ལས་མཛད་པདྨ་རཱ་གའི་མདོག །ཁྱོད་ནི་སྣང་བ་


CMR051_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་སྤྲུལ་པ་སྟེ། །འཇིག་རྟེན་ཀུན་རྫོབ་ལམ་ལས་རིང་དུ་འདས། །དོན་དམ་རྒྱལ་བ་ཀུན་དང་དགོངས་པ་མཉམ། །དེ་ཕྱིར་མི་གཙང་རྫས་ཀྱི་ཤ་ཁྲག་དང་། །ཀུན་རྫོབ་ཤོག་བུ་སྣག་ཚའི་རི་མོ་ལ། །རྫོགས་པའི་སངས་རྒྱས་ཁྱེད་ནི་མ་ཆགས་པར། །དོན་དམ་རྣལ་འབྱོར་ལུས་ཀྱི་དཀྱིལ་འཁོར་ལ། །འབྲལ་བ་མེད་པར་རྟག་ཏུ་བཞུགས་པར་མཛོད། །གལ་ཏེ་རྟེན་འབྲེལ་ཁྱད་དུ་མི་གསོད་ན། །བདག་གིས་བསྐལ་པ་གྲངས་མེད་དུ་མ་རུ། །དཔའ་གཏུམ་ལྡན་པའི་མི་གཞོན་དུ་མར་སྐྱེས། །དེ་ཚེ་གཡུལ་དུ་གྲི་རྒོད་ཤི་བ་ཡང་། །མགོ་བོ་བྱང་དུ་བསྟན་ནས་ལན་བརྒྱ་ཤི །དེ་ཕྱིར་བདག་གི་ཙིཏྟ་རིན་ཆེན་འདི། །གྲི་རྒོད་ཙིཏྟ་ཡིན་པས་འདི་ལ་བཞུགས། །ཐ་མལ་སྡིག་ཆེན་སྙིང་ལ་ཁྱེད་མ་ཆགས། །བདག་གི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ། །རྩ་མདུད་ཐམས་ཅད་ཡི་གེའི་ཚུལ་དུ་གནས། །ནོར་བུ་མེ་ཤེལ་གདན་གྱི་མདོག་བསྒྱུར་ལྟར། །ལྷ་ཚོགས་གང་བསྒོམ་དེ་ཡི་སྔགས་སུ་གསལ། །དེ་ཕྱིར་བདག་གི་རྩ་རླུང་ཐིག་ལེ་ལ། །ཡེ་ཤེས་ལྷ་ཁྱོད་མི་འབྲལ་བརྟན་པར་བཞུགས། །ཤོག་སྣག་རི་མོ་ཙམ་གྱིས་ཅི་ཞིག་བྱ། །མདོར་ན་ས་


CMR051_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སེམས་དཔའ་ཆེན་པོ་ཁྱོད། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །རྣལ་འབྱོར་བོདག་དང་མི་འབྲལ་འགྲོགས་མཛོད་ལ། །མཁའ་མཉམ་འགྲོ་རྣམས་བླ་མེད་བྱང་ཆུབ་ལ། །འགོད་པའི་ཕྲིན་ལས་ཁྱོད་ཀྱིས་འགྲུབ་པར་མཛོད། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་དགེ་འདུན་མངའ་ཐང་འཕེལ་བ་དང་། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་པ་ལས། །གཞན་པའི་རང་འདོད་རྣལ་འབྱོར་བདག་ལ་མེད། །ལྷ་མཆོག་ཁྱེད་ཀྱི་བཞེད་པ་དེ་མིན་ནམ། །རྣལ་འབྱོར་བདག་དང་ལྷ་མཆོག་ཁྱེད་གཉིས་ནི། །ཐུགས་རྒྱུད་ཐ་དད་གྱུར་ཀྱང་དམ་ཚིག་གཅིག །དེ་ཕྱིར་རྟེན་རྫས་སོགས་ལ་མ་ལྟོས་པར། །རྟག་ཏུ་བདག་དང་འབྲལ་མེད་མཛད་དུ་གསོལ། །ཞེས་པ་རྟེན་རྫས་གཅིག་བོར་ཤོར་ནས་བློ་སེམས་ཅུང་ཟད་མ་བདེ་དུས་ངེས་དོན་གྱི་དགོངས་པས་བསྐྱེད་ནས་བྲིས་སོ།། ༈ །།ན་མོ་ཀརྨ་ཀ་ཡེ། སྤྱན་རས་གཟིགས་དབང་དགེ་སློང་ཚུལ། །བཛྲ་དྷརྨཱ་དྷཱ་ཏུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ལོ་ཡི་རྒྱལ་པོ་བྱི་བའི་ལོ། །འབྲས་དྲུག་སྨིན་པ་སྟོན་གྱི་ཟླ། །ཐ་སྐར་ཁྲུམས་ཀྱི་ཉེར་དགུ་ལ། །མགོ་གཏུམ་དགུ་གཏོར་


CMR051_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བསྔོས་སྐབས། །གཉིད་པ་མ་ཡིན་ཉམས་སྣང་ལ། །ངག་དབང་བཀྲ་ཤིས་དཔལ་གྲུབ་དེ། །རྒྱང་རིང་ཞིག་ནས་ཞལ་མཐོང་ལ། །ཕེབས་བྱུང་བདག་གི་མདུན་དེ་རུ། །ཕེབས་བྱུང་ལེགས་པར་ཞལ་མཇལ་བས། །སྟག་ལུང་ཞབས་དྲུང་མ་ཡིན་པར། །ཆོས་དབྱིངས་རྡོ་རྗེ་དངོས་སུ་སྣང་། །ཞལ་རས་དཀར་ཞིང་གཞོན་ཤ་ཆགས། །སྔར་དུས་མཇལ་དང་ཁྱད་མེད་པར། །སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ། །བཞེངས་ཐབས་དགྲ་བཅོམ་དུལ་བའི་ཚུལ། །མངོན་སུམ་མཇལ་དང་ཁྱད་མེད་པ། །མཇལ་བས་ཡིད་ལ་དགའ་བདེ་རྒྱས། །དད་པའི་གསོས་སུ་གྱུར་པ་བྱུང་། །སྐུ་ཚེ་བསྐལ་པར་ཞབས་བརྟན་ཅིང་། །གཞན་སྣང་འགྲོ་དོན་ཕྲིན་ལས་རྣམས། །ཕྱོགས་བཅུར་འཕེལ་ཞིང་རྒྱས་པ་གཅིག །ཐུགས་བསྐྱེད་སྨོན་ལམ་ལུང་བྱང་རྣམས། །ད་ནི་མྱུར་དུ་དུས་ལ་བབས། །ཞེས་འཕྲལ་ཉིད་དུ་བྲིས་སོ།། ༈ །།ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། ཡང་དེ་ནུབ་ཉལ་བའི་རྨི་ལམ་ན། །དྲིན་ཅན་ཆོས་ཀྱི་དབང་ཕྱུག་དེ། །མངོན་སུམ་ལྟ་བུར་གསལ་བར་མཇལ། །སྐུ་ལ་ཟ་འོག་བེར་ཕྱམ་གསོལ། །ཞལ་རས་ལ་སོགས་དངོས་


CMR051_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་། །དེ་ཡི་སྐུ་གཞོགས་གཡོན་ངོས་ན། །ང་ཡི་མ་རྒན་ཡིན་སྙམ་པའི། །བུད་མེད་གཅིག་ཀྱང་བཞེངས་ནས་སྣང་། །དེ་ཚེ་མཆོག་གི་སྤྲུལ་པའི་སྐུའི། །ཞབས་གཉིས་ཅུང་ཟད་བསྙུང་ཚུལ་གྱིས། །ང་ལ་ཕུ་སུ་ཐོབ་གསུངས་བཏབ། །ཞབས་ལ་ཕན་པའི་དགོངས་གཏེར་གཅིག །སྤྲུལ་སྐུ་ལ་ནི་ཞུ་ཆོག་ཞུས། །དེ་ལ་ཁོང་གིས་ཞུ་འདོད་གསུངས། །ང་ལ་ཐུགས་རྩིས་དགྱེས་ཚོར་མཛད། །བདག་སེམས་རབ་ཏུ་ཚིམ་པར་རྨིས། །འདི་ནི་རྟེན་འབྲེལ་གནད་འགགས་ཤིག །ཡིན་ནམ་སྙམ་པ་ཡིད་ལ་ཤར། །ཆེ་དཔག་མེད་པ་སྤྲུལ་པའི་སྐུ། །ཡིན་ལ་ཡིན་ངེས་ཐུགས་རྗེ་ཡིས། །སྐུ་ཚེ་བསྐལ་པར་ཞབས་བརྟན་ཅིང་། །བསྟན་པ་ཕྱོགས་བཅུར་འཕེལ་བ་ཞིག །ད་ནི་ཐུགས་རྗེ་དུས་ལ་བབས། །ཞེས་པ་ཕྱི་དེ་ཉིད་ལ་བྲིས། །གཞན་ཡང་སྐྱེར་པ་ཐང་དེ་རུ། །ཞག་གཅིག་བསྡད་པའི་དང་པོ་ཉིད། །ལུས་ཀྱང་རབ་ཏུ་མ་བདེ་ནས། །ལྷ་མོའི་མདོས་ཆུང་གཅིག་ཀྱང་བཏང་། །དམིགས་པ་དཀར་འགྱེད་དམར་འགྱེད་བྱས། །དེ་ནས་ཉལ་བའི་རྨི་ལམ་དུ། །དབང་བསྐུར་ཞུ་མཁན་འགའ་བྱུང་བར། །རྗེས་གནང་གསུམ་འབྲེལ་གཅིག་ཀྱང་


CMR051_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །དབང་ནི་ཞུ་མཁན་དེ་རྣམས་ཀྱི། །གཟུགས་ནི་གསལ་པོར་མ་མཐོང་ལ། །ཕྱིར་ནུབ་ལ་ཡང་དེ་བཞིན་དུ། །དབང་ཞུ་ཟེར་བ་འགའ་བྱུང་བས། །སྔར་ཡང་ལན་གཅིག་མཇལ་མྱོང་སྟེ། །ད་རེས་ཞལ་ལྟ་འོང་བ་ཡིན། །ཟེར་བའི་མཇལ་མི་ཚོ་གཅིག་ལ། །དབང་བསྐུར་ཞིག་ནི་བྱས་པ་ལ། །དབང་ནི་ཞུ་མཁན་དེ་རྣམས་ཀྱིས། །གཟུགས་ནི་གསལ་པོར་མི་སྟོན་དེ། །མི་མ་ཡིན་དང་ཀླུ་ཡི་རིགས། །མཐོང་བའི་དུག་ཅན་ཡིན་པའི་ཕྱིར། །ང་ལ་དུག་ནི་ཕོག་དོགས་ཀྱིས། །གཟུགས་དེ་མི་སྟོན་དེ་ཡི་དོན། །ཡིན་པ་འདྲའོ་བསམ་པ་ཤར། །འབྲེལ་ཐོགས་མི་དང་མི་མིན་ཀུན། །ཚེ་འདིར་བདེ་སྐྱིད་ཕུན་ཚོགས་ཤིང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་གྱི་ཞིང་ཁམས་སུ། །བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །ཅེས་སྨྲས་སོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། གནས་འོག་མིན་བདེ་ཆེན་ཞིང་ཁམས་ན། །དཔལ་པདྨ་གར་དབང་སྣང་མཐའ་ཡས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ལར་མེད་བཞིན་སྣང་བའི་འགྲོ་དྲུག་རྣམས། །དེ་རང་སེམས་ཀློང་དུ་དབང་འདུས་ནས། །དེ་


CMR051_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་མཁྱེན་ས་ལ་འགོད་པར་ཤོག །གནས་ལྷོ་ཕྱོགས་རི་བོ་གྲུ་འཛིན་ནས། །དཔལ་ཐུགས་རྗེས་བདག་པོ་སྤྱན་རས་གཟིགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སྔོན་ཚེ་རབས་དུ་མའི་མ་རྒན་རྣམས། །དེ་སྙིང་རྗེ་ཆེན་པོས་དབང་བསྡུས་ནས། །ནུབ་བདེ་ཆེན་ཞིང་དུ་ཁྲིད་པར་ཤོག །གནས་རྔ་ཡབ་ཟངས་མདོག་དཔལ་རི་ནས། །དཔལ་སྣང་སྲིད་ཟིལ་གནོན་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དུས་ད་དུས་གདུལ་དཀའི་འགྲོ་བ་རྣམས། །དེ་ཕྲིན་ལས་རྣམ་བཞིས་དབང་བསྡུས་ནས། །དོན་སྙིང་པོའི་བསྟན་ལ་འགོད་པར་ཤོག །གནས་སྒར་ཆེན་ཆོས་ཀྱི་ཕོ་བྲང་ནས། །དཔལ་བསྟན་པའི་བདག་པོ་ཉི་ཟླ་ཟུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྗེ་ཁྱེད་ཀྱི་ཐུགས་རྗེས་འོད་ཟེར་གྱིས། །དོན་སྙིང་པོའི་བསྟན་པ་གསལ་བར་ཤོག །གནས་ཆོས་དབྱིངས་ལྷུན་གྲུབ་གཞལ་ཡས་ནས། །དཔལ་རྟ་མཆོག་རྒྱལ་པོ་རྣལ་འབྱོར་མ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དོན་སྣང་སྲིད་དབང་གི་དངོས་གྲུབ་ཀྱིས། །དུས་སྙིགས་མའི་འགྲོ་བ་འདུལ་བར་ཤོག །


CMR051_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱང་ཕྱོགས་དུར་ཁྲོད་ཆེན་པོ་ནས། །དཔལ་མ་མགོན་ལྕམ་དྲལ་མཐུ་སྟོབས་བདག །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དུས་སྙིགས་མའི་དུས་ཀྱི་འདུལ་དཀའ་རྣམས། །དེ་མྱུར་དུ་ཚར་གཅོད་རྗེས་འཛིན་ཤོག །ཅེས་པ་དམིགས་རིམ་ཞིག་གི་རྟེན་འབྲེལ་ལ་བརྟེན་ནས། སྒྲུབ་གནས་འབྲོག་རྫོང་གི་ཞོལ་དུ་ཕྱིན་མ་ཐག་བྲིས་སོ།། ། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། ལྟ་བ་ལ་འདོད་ཚུལ་མང་ན་ཡང་། ་།བལྟ་བྱ་ལྟ་བྱེད་གཉིས་སུ་མེད། །ལྟ་བའི་གནས་ཚུལ་སྨྲ་མི་ཤེས། །སྒོམ་པ་ལ་འདོད་ཚུལ་མང་ལགས་ཀྱང་། །འདི་བསྒོམ་གྱི་གཏད་སོ་སྤུ་ཙམ་མེད། །མ་ཡེངས་ཀྱི་དྲན་རྫིས་གསལ་འདེབས་ཙམ། །སྤྱོད་པ་ལ་ས་མཚམས་མང་ལགས་ཀྱང་། །མ་ཡེངས་གི་དྲན་རྫིསཟིན་བཞིན་དུ། །སྡོམ་གསུམ་ལ་གཅེས་སྤྲས་བྱེད་པ་ཙམ། །འབྲས་བུ་ལ་བཞེད་པ་མང་ལགས་ཀྱང་། །འོད་གསལ་ལ་རྒྱུན་ཆད་མེད་པ་ན། །གསང་སྔགས་ཀྱི་སངས་རྒྱས་ཡིན་པར་བསམ་། །ལྟ་སྒོམ་དང་སྤྱོད་པ་འབྲས་བུའི་གླུ། །སྒྲུབ་གནས་འབྲོག་རྫོང་གི་ཞོལ་དུ་བྲིས།། ༈ །།ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། འཆི་བ་འདི་སྙིང་ནས་མ་གཟེར་ན། །


CMR051_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་དང་སྒོམ་སྒྲུབ་འབད་ལགས་ཀྱང་། །ཚེ་འདིའི་ལག་ཆར་གོལ་ཉན་གདའ། །ནམ་འཆི་འདི་ཚ་མེད་མ་བསྒོམས་ན། །གོ་རྟོགས་དང་ཤེས་རབ་ཆེ་ལགས་ཀྱང་། །བྱེད་བསམ་གྱི་ངང་ལ་ལུས་ཉན་གདའོ། །འཆི་དུས་ལ་ཅི་བྱེད་མ་བསམ་ན། །ཟུག་གཟེར་གྱིས་ཉམས་ལེན་གཏོར་ཉེན་གདའ། །བར་དོ་རུ་ཅི་བྱེད་མ་བསམ་ན། །འཁྲུལ་པའི་དབང་དུ་འགྲོ་ཉེན་གདའ། །བར་དོ་ནས་གར་འགྲོ་མ་བསམ་ན། །གར་འགྲོ་ཆ་མེད་ཅིག་འོན་ཉེན་གདའ། །སེམས་བསྐྱེད་ཀྱི་གནད་གསང་འདི་མ་གོ་ན། །ཆོས་གང་བྱས་ཐེག་དམན་དུ་གོལ་ཉན་གདའ། །ངེས་འབྱུང་གི་བསམ་པ་མ་སྐྱེས་ན། །འདུལ་ཁྲིམས་ཡང་ངོ་ཚར་གོལ་ཉེན་གདའ། །དགོས་མེད་ཀྱི་བསམ་པ་མ་སྐྱེས་ན། །ཆོས་གང་བྱས་དེ་ཆོས་བརྒྱད་དུ་གོལ་ཉེན་གདའ། །བཅོས་མིན་གྱི་སྙིང་རྗེ་མ་སྐྱེས་ན། །བཏང་ལེན་ཡང་གཏོ་ཆོས་སུ་གོལ་ཉེན་གདའ། །མི་རྟག་པ་བཅོས་མིན་མ་སྐྱེས་ན། །རྟེན་བཞེངས་ཡང་གྲགས་འདོད་དུ་གོལ་ཉེན་གདའ། །བསྔོ་བའི་ཕན་ཡོན་དེ་མ་གོ་ན། །འབུལ་བ་ཡང་བྱས་ཡུས་སུ་འགྲོ་ཉེན་གདའ། །འཛིན་ཆགས་འདི་གདེང་ནས་མ་གྲོལ་ན། །དཀོར་གྲིབ་


CMR051_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁུར་ཚ་ལྡི་ཉེན་གདའ། །རང་བབས་ཀྱི་ཀློད་ཚུལ་མ་ཤེས་ན། །སྡུག་བཙིར་གྱིས་སེམས་གཅོང་འཇུག་ཉེན་གདའ། །གང་བྱུང་དེས་ཆོག་གཅིག་མ་བྱུང་ན། །ཉམས་བཟང་ལ་ཆགས་པ་སྐྱེ་ཉེན་གདའ། །མ་བཅོས་ཀྱི་དོན་དེ་མ་རྟོགས་ན། སྟོང་ཉིད་དེ་ངོ་བོར་རློམ་ཉེན་གདའ། །བསྐྱེད་རིམ་གྱི་གནད་འགགས་མ་ཤེས་ན། །དཀའ་ཐུབ་ཀྱི་རྩ་ལྟུང་ཁུར་ཉེན་གདའ། །མདོ་རྒྱུད་ཀྱི་དགོངས་པ་མ་གོ་ན། །དོན་ཆུང་ལ་དཀའ་ལས་བྱེད་ཉེན་གདའ། །མོས་གུས་ཀྱི་གནད་འགག་མ་གོ་ན། །ཕོ་རུས་དང་དད་པ་ནོར་ཉེན་གདའ། །ཉམས་ལེན་གྱི་བླ་མ་མ་བསྟེན་ན། །གོ་བ་དང་རྟོགས་པ་ནོར་ཉེན་གདའ། །རང་དོན་གྱི་སེམས་འཁྲིས་མ་ཆོད་ན། །འགྲོ་དོན་ཡང་རྙེད་ཚུལ་དུ་གོལ་ཉེན་གདའ། །བསྟན་འགྲོ་ལ་སྙིང་ནས་མ་བསམ་ན། །དབང་ལུང་ཡང་ཚོང་པར་གོལ་ཉན་གདའ། །བླ་མའི་བསྟེན་ཚུལ་མ་ཤེས་ན། །སློབ་མ་ཡང་གླ་པར་གོལ་ཉེན་གདའ། །གཞན་གནོད་ཀུན་རྩད་ནས་མ་སྤངས་ན། །བསྟན་དོན་ཡང་སྡིག་རྩར་གོལ་ཉེན་གདའ། །དམིགས་མེད་ཀྱི་སྙིང་རྗེས་མ་ཟིན་ན། །ངག་ནུས་ཡང་སྲིན་པོར་གོལ་ཉེན་གདའ། །


CMR051_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འབྲས་ལ་ཕྲ་ཞིབ་མ་ཕྱེད་ན། །ཁ་ལྟ་ཀུན་རུ་ཏྲར་གོལ་ཉེན་གདའ། །འཛིན་པ་ཀུན་ནང་ནས་མ་ཞིག་ན། །བྱ་བ་བཏང་ཡང་ཇོ་བསྡུར་གོལ་ཉེན་གདའ། །དེ་ཀུན་རང་ཉིད་ལ་སྨྲས་པ་ཡིན། །གཞན་ལ་ནི་ཞུ་བ་མ་ལགས་པས། །སུ་ཡིན་ཡང་ཐུགས་རྟོག་མི་མཛད་ཞུ། །ཞེས་ཨ་མྱེ་འབྲོག་རྫོང་གི་ཞོལ་དུ་སྨྲས་སོ། །གནས་དེར་གཉིད་དང་རྨི་ལམ་མཚམས། །ཉམས་ཀྱི་སྣང་བ་ལྟ་བུ་ལ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཡིས། །གནས་སྒོ་ཕྱེས་པའི་ས་ཡི་ཆ། །རྫ་ཡི་སྤྱི་འབྱམས་ཉེ་ལོགས་སུ། །སྤང་རི་འདྲ་བ་ཞིག་གི་ཞོལ། །སྔར་དུས་དགོན་སྡེ་ཆགས་པའི་ཤུལ། །གྱང་ཧྲལ་དམར་དང་ཐ་རེ་བ། །དེ་འདྲ་མཐོང་བའི་སྣང་བ་བྱུང་། །ཡང་ནི་འབྲོག་རྫོང་ཞོལ་ཉིད་དུ། །ཉམས་དང་རྨི་ལམ་མཚམས་ཤེད་ན། །བཀའ་སྲུང་ལྷ་མོ་ཡིན་ནམ་སྙམ། །བུད་མེད་རྒྱན་གྱིས་བརྒྱན་པ་བདུན། །རང་མདུན་གུས་པའི་ཚུལ་དུ་སྣང། །མི་སྐྱ་ཤས་ཆེའི་ཁྲོམ་པ་ནི། །བཅུའམ་ཉི་ཤུ་རྩ་གཅིག་ནི། །བདག་ལ་གུས་འདུད་མདུན་དུ་འཁོད། །དབང་བསྐུར་ཆོས་བཤད་མང་བྱས་སོ། །དེ་དག་ཡུལ་དེའི་མི་མ་ཡིན། །འགའ་ཞིག་ཡིན་པ་འདྲའོ་སྙམ།། ༈ །།ན་མོ་གུ་


CMR051_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཨཀྟ་བྷེ། བླ་མ་མི་འཁྲུགས་རྒྱལ་པོ་ལ། གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཀླུ་བདུད་ར་དཀར་གཉན་གྱི་ཞོལ། །སྡེ་འཁྲུག་བསླང་རྐྱེན་ལང་བ་ཡིས། །ཆུ་འདྲེ་གནས་པའི་རྐང་རབ་སོར། །དབག་ཐུག་མདའ་ཡི་ཐང་སྣེ་རུ། །སྒར་པ་བརྒྱབས་ནས་འདུག་མ་ཐག །གསང་སློང་སེམས་ཀྱི་ཟུག་རྔུ་ལྡང་། །དོན་མེད་ཞེ་སྡང་ཁོང་ཁྲོ་སྐྱེས། །ངག་གིས་གྱོང་ཚིག་ཅུང་ཟད་སྨྲས། །སེམས་ནི་གདེང་ནས་མ་བདེ་འཁྲུགས། །ཡི་དམ་མངོན་རྟོགས་འགའ་ཞིག་བཏོན། །དེ་རྗེས་ས་ཆའི་སློང་དུ་རིག །རིག་མ་ཐག་ཏུ་ངོ་བོ་བལྟས། །བལྟས་མ་ཐག་ཏུ་གསལ་སྟོང་ངང་། །རང་སེམས་སྟོང་རྗེན་ལྷང་ངེར་གནས། །བག་དྲོ་བྱིན་ཆགས་རིག་པ་དྭངས། །གཅོད་དམིགས་ལ་སོགས་མ་བྱས་ཀྱང་། །དོན་གྱིས་ཚར་སློང་གཉིས་ཀ་དེ། །ཇ་ཡུན་གཅིག་ལ་འགྲིགས་པར་བྱུང་། །གསང་གཅོད་སེམས་ཀྱི་རྣམ་རྟོག་ལ། །གཅོད་པའི་མྱོང་བ་ལེགས་པར་སྐྱེས། །དེ་ཚེ་སྔོན་གྱི་ལོ་རྒྱུས་དྲན། །ལོ་ནི་ཉི་ཤུ་ལྷག་ཙམ་གོང་། །བདག་གིས་གྲོང་ཆོག་བྱེད་པའི་དུས། །ཡུལ་ཕྱོགས་དེ་རུ་མི་གཅིག་ཤི །དེ་ལ་འཕོ་བ་བདག་གིས་བཏབ། །དེ་


CMR051_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཉིད་པའི་རྨི་ལམ་ན། །སྒར་པའི་མདུན་ཐད་ཆུ་ནང་ནས། །སྡིག་པ་ར་ཙ་གཡག་ཙམ་ཞིག །ལང་ནས་བྱུང་བ་བདག་དང་འཛིངས། །བདག་ཀྱང་གུ་རུ་དྲག་པོ་ཡི། །སྤྲུལ་པའི་ལྕགས་ཀྱི་སྡིག་རྒོད་ནི། །ཁོ་ལས་ཆེ་བ་གཅིག་ཏུ་བསྒོམ། །བདག་ནི་དེ་ཉིད་དངོས་སུ་གྱུར། །མཚན་རིང་ཁོ་དང་འཛིངས་བ་ཡིས། །མཇུག་དེ་ཁོ་ཉིད་སྙི་ཉོལ་སོང་།། ད་ནི་ཅུང་ཟད་ཉམས་ཐུབ་སྙམ། །དེ་མ་ཐག་ཏུ་གཉིད་ལས་སད། །ཆུ་དེས་སྔར་ནས་མི་བདུན་ཁྱེར། །དེ་ཡི་ཆུ་འདྲེ་དེ་ཉིད་ནི། །སྔ་མོ་ཅུང་ཟད་ཐུལ་ལགས་ཀྱང་། །ཐུལ་ཡག་རང་ནི་མེད་པ་ལ། །ད་རེས་ལེགས་པར་ཐུལ་ལམ་སེམས། །དེ་ནུབ་ཉལ་བའི་རྨི་ལམ་དུ། །གླེགས་བམ་ཅུང་ཟད་མ་ཚང་བ། །དང་པོ་དཔེ་ཕྲན་གཅིག་རྙེད་པ། །དེ་ནས་དངུལ་བྲིས་མཐིང་ཤོག་ཅན། །ཆུ་ཡིས་བང་བ་གཅིག་འདུག་པ། །འཆར་ཁའི་རྒྱུད་དང་སྒྲུབ་ཐབས་རྙེད། །དེ་མ་ཐག་ཏུ་མདུན་དེ་ན། །འཆར་ཁོའི་ངོ་བོ་ཡིན་པ་ལ། །མཚོ་ཆེན་རྦ་རླབས་འཁྲུགས་པ་མཐོང་། །དེ་ནི་ངང་པ་ཐང་དུ་འོ། །ཡང་སྔར་དུས་གྲོང་ཆོག་བྱེད་པའི་དུས། །ཐང་ཕོ་ཆེ་ཡི་ལ་ཁ་ན། །སེར་བ་དྲག་པོ་གཅིག་གིས་བརྡུངས། །


CMR051_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

མུན་རུབ་ཐང་ཤིང་རྩ་རུ་ཉལ། །རླུང་ཐོག་ལ་སོགས་ཆོ་འཕྲུལ་ཆེ། །ཉམས་དང་རྨི་ལམ་མཚམས་ཤེད་ན། །གཞི་བདག་ཇོ་མོ་རྨེ་དིལ་དེ། །བུད་མེད་རྒྱན་ལྡན་ཐང་ཤིང་ཙམ། །མཆེ་བ་ལན་ཕུར་ཙམ་གཙིགས་ནས། །བདག་ལ་འཛིང་ཚུལ་སྟོན་དུ་བྱུང་། །དེ་ཚེ་བསྐྱེད་རིམ་ངང་ལ་གནས། །ཕྱིས་ཀྱང་ས་དེར་ནམ་ཕྱིན་ལ། ། གནམ་ངོ་རྩུབ་ཅིང་མི་དགའ་བསྟན། །ད་ལམ་ཨ་མྱེ་འབྲོག་རྫོང་གི །དྲུང་དུ་སྒར་པ་བསྡད་པའི་དུས། །ཇོ་མོ་རྨེ་དིལ་རི་མཐོང་བས། །ང་ལ་གར་སོང་གཞི་བདག་རྣམས། །དགའ་ཞིང་དད་གུས་བྱེད་པ་ལ། །ང་ལ་མི་དགའི་གཞི་བདག་ནི། །ཇོ་མོ་རྨེ་དིལ་འདི་ཡིན་སྨྲས། །དེ་ནུབ་ཉལ་བའི་རྨི་ལམ་དུ། །ཇོ་མོ་རྨེ་དིལ་དེ་ཉིད་ནི། །ཐ་མལ་བུད་མེད་རྒྱུན་ལྡན་གཟུགས། །མདུན་དུ་བྱུང་ནས་ཕྱག་གསུམ་འཚལ། །འོན་ཀྱང་ཕྱག་ནི་འཚལ་ཚེ་ཡང་། །སོ་གཙིགས་ཁ་སོ་བཀྲུལ་ཞིང་གདའ། །མོ་ལ་དམིགས་པ་མ་བྱས་ཀྱང་། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི །ཉམས་ལེན་ཅུང་ཟད་བརྟན་པ་དེས། །མོ་ཡང་གུས་ཚུལ་བསྟན་ན་ཡང་། །ཐུལ་ཡག་རང་གཅིག་མི་འདུག་སྙམ། །དེ་ནས་རང་


CMR051_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་རི་ཁྲོད་སླེབ། །ཞག་གཉིས་ངལ་གསོས་མཚམས་བསྡམས་སོ།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །ཤཱཀྱའི་གཙོ་ལ་ཕྱག་འཚལ་ལོ། །བདག་ནི་ཁྱེད་ཀྱི་བསྟན་ལ་ཞུགས། །ཁྱེད་ཀྱི་གསུང་ལ་དཔང་པོ་བྱས། །འོན་ཀྱང་དུས་ངན་སྙིགས་མའི་མི། །ཕྲག་དོག་དབང་གིས་ཅི་ཡང་སྨྲ། །བསམ་ལུས་འཕྲོད་ནས་ད་ལྟའི་བར། །རང་གི་སྲོག་གཅོད་སྤངས་བྱས་ཏེ། །གཞན་ཡང་སྲོག་གཅོད་སྤངས་ལ་བསྐུལ། །སྲོག་གཅོད་སྤངས་བའི་བསྔགས་པ་བརྗོད། །འགྲོ་བ་སེམས་ཅན་ཐམས་ཅད་ནི། །སྲོག་གཅོད་སྤངས་ལ་དགོད་པར་ཤོག །བཤས་ཚོང་བྱེད་པའི་བསམ་པ་ནི། །རྨི་ལམ་དུ་ཡང་དྲན་མ་དྲན། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་མཁྱེན་། །འོན་ཀྱང་བཤས་ཚོང་ཕབ་བོ་ཟེར། །དེ་ལྟར་མ་ཉེས་ཁ་ཡོག་གིས། །ནམ་མཁའི་མཐར་ཐུག་འགྲོ་བ་ཡི། །བཤས་ཚོང་གང་བྱས་སྡིག་སྒྲིབ་རྣམས། །བདག་ཉིད་ཁོ་ནས་ཁུར་ནས་ཀྱང་། །འགྲོ་བ་བདེ་ལ་འགོད་པར་ཤོག །བདག་ནི་གསུམ་ལ་སྐྱབས་སོང་བས། །དེང་སང་དགེ་སློང་བརྒྱ་སྟོང་གི །མཁན་པོར་གྱུར་པའི་ཆོས་རྗེ་ལ། །


CMR051_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ཕྱུགས་བརྒྱ་ཕྲག་ལྷག་ཕུལ་བས། །དགེ་འདུན་མཆོད་པ་ཡིན་པར་སེམས། །དྭངས་བའི་དད་པ་བསྐྱེད་པར་བྱས། །མི་དམིགས་བསྔོ་བས་རྒྱ་ཡིས་བཏབ། །དངོས་སུ་དེ་ལྟར་བྱས་པ་དེ། །ཡིད་ཀྱིས་ཐུགས་རྗེ་ཆེན་པོ་ལ། །མཎྜལ་མཆོད་པའི་རྫས་སུ་ཕུལ། །གཞན་ཡང་ནོར་ཕྱུགས་སྟོང་ཕྲག་ལྷག །དད་པས་བདག་ལ་ཕུལ་བ་ཀུན། །དུད་འགྲོའི་སྐྱེ་སྒོ་གཅོད་པའི་ཕྱིར། །སྐྱེ་བདུན་རིལ་བུ་ཁ་ལ་བྱིན། །བདེ་ཆེན་སྐྱེ་བའི་སྨོན་ལམ་བཏབ། །ཡོན་བདག་གསོན་པོ་ཐམས་ཅད་ལ། །དབང་ལུང་བཀའ་བསྒོ་བསྟབ་པ་སོགས། །སོ་སོའི་བསམ་པ་རྫོགས་པར་བྱས། །ཤི་གསོན་བྱང་བུ་ཐམས་ཅད་ཀྱང་། །ཏིང་ངེ་འཛིན་གྱི་བྱང་བཞུས་ནི། །བསྔོ་བའི་དུས་ནས་སོ་སོར་བྱས། །སྟོང་ད་རྩི་དང་མ་བྲལ་བར། །འཁོར་གསུམ་ཡང་དག་བསྔོ་བ་བྱས། །དེ་ལྟར་བསྔོ་བ་ཚར་མ་ཐག །བྱང་ཆུབ་ས་བོན་ཐེབ་ཚར་ནས། །ཕུལ་བས་དཀོར་རྗེ་ས་ནོར་ཕྱུགས་སོགས། །འགྲོ་ས་བཟང་ངན་གར་སོང་ཡང་། །ཕུལ་བའི་དགེ་བ་ཆུད་མི་ཟ། །སླར་ཡང་ཆོ་ག་ཆ་ཚང་བས། །ཤི་གསོན་བྱང་བུ་སྤོག་བཞུས་ཀྱང་། །དམིགས་པ་སོ་སོར་


CMR051_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པར་བྱས། །སླར་ཡང་ཤི་གསོན་མིང་ཡིག་ཀུན། །སྒྲིབ་སྦྱོང་སྦྱིན་སྲེག་གཞུང་ལྟར་བྱས། །འབྲེལ་པ་ཐོགས་ཚད་སེམས་ཅན་ཀུན། །བདེ་ཆེན་ཞིང་དུ་སྐྱེ་བ་ཡི། །བསྔོ་བ་སྨོན་ལམ་ཡང་ཡང་བྱས། །དེ་ལྟར་བྱས་པའི་དཀོར་རྫས་རྣམས། །ཆོས་ཀྱི་ཕྱོགས་སུ་མ་ཐེང་ཡང་། །སྦྱིན་བདག་རྣམས་ཀྱིས་བྱིན་པ་དེ། །འཕྲོ་བརླག་རང་དུ་མི་འགྲོ་སྙམ། །ཐུབ་པའི་གསུངས་ལ་དཔང་པོ་ཡིན། །འོན་ཀྱང་དཀོར་རྫས་ནོར་ཕྱུགས་སོགས། །རང་ཉིད་གར་ཕྱིན་བླ་མ་དང་། །དགོན་སྡེ་ཀུན་ལ་དཀོར་ཕུད་ཀྱི། །འབྲེལ་པ་སྣ་རེ་མ་ཐེངས་མེད། །ཡིག་དྲུག་བརྐོ་དང་གསུང་རབ་དང་། །མང་ཇ་བསྐང་གསོལ་སྒྲུབ་ཆེན་སོགས། །དགེ་བའི་ཕྱོགས་ལ་གང་ཐེངས་བྱས། །དད་པས་ཕུལ་བའི་ནོར་ཕྱུགས་རྣམས། །རྐང་གཏད་བཤས་ལ་བཙོང་བ་མེད། །དགོན་པ་གཞན་གྱི་སྤྱན་ལྟོས་ལྟར། །ཚ་འགེལ་ཁེ་སྤོག་བྱས་པ་མེད། །འོན་ཀྱང་བླ་མ་དགོན་སྡེ་ལ། །ཕུལ་ནས་ཅི་མཛད་ཁྱེད་རྣམས་ཤེས། །བཤས་ཀྱང་ང་ལ་ལན་ཁག་མེད། །བླ་མ་དང་ནི་དགོན་པ་ལ། །འབུལ་ཆེན་བཀྱགས་པའི་དོན་གྱི་ཕྱིར། །འབྲོག་ནོར་ཡུལ་དུ་ཕབ་པ་ལ། །ཚད་


CMR051_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རོང་ཉེས་པ་ཆེ་བོ་སྐད། །བདག་གིས་ཚོགས་ཤ་མ་གཏོགས་པའི། །ཤ་ནི་ཟ་བར་མི་བྱེད་ཅིང་། །བསྔོས་ཤ་གཏན་ནས་སྤངས་བ་དང་། །སྒོ་བཤས་གཏན་ནས་མི་བྱེད་དང་། །རྐང་གཏད་བཤའ་རྒྱུ་མི་བཙོང་དང་། །ཚ་ནི་འགེལ་བར་མི་བྱེད་པ། །འདི་ནི་ཁོ་བོའི་རྣམ་ཐར་ཡིན། །དེ་མིན་དུད་འགྲོའི་ལུས་བླངས་ནས། །སྡུག་བསྔལ་ཅི་ཡང་མི་མྱོང་བ། །སངས་རྒྱས་ཀུན་གྱིས་མི་ཐུབ་ན། །བདག་གིས་ཐུབ་པ་ག་ལ་ཞིག །སྔོན་ཚེ་ཇོ་བོ་ཨ་ཏི་ཤ །ནོར་ཕྱུགས་མང་པོ་ཕུལ་བ་རྣམས། །འདི་དག་ཕ་མ་དྲིན་ཅན་ཏེ། །ཕ་མ་བཙོང་བར་མི་རུང་གསུངས། །བྱུང་ཚད་འཚག་པས་ཁྱུ་ཆེན་བྱུང་། །དེ་ཚེ་ཐ་མལ་མི་རྣམས་ཀྱིས། །པཎྜི་ཏ་འདི་ནོར་སྲེད་ཆེ། །གཅིག་ཀྱང་བཙོང་བར་མི་བྲ་ཞེས། །མི་རྣམས་ཕལ་ཁྱེར་འབར་ཤ་བྱས། །དེ་ནས་ནོར་ལུག་མང་དྲགས་ནས། །ཉ་ར་འཚོ་རྫི་མ་ཐུབ་ནས། །བྱང་ཕྱོགས་རྩྭ་ཆུ་བཟང་ས་རུ། །རྒྱོབ་ལ་ཞོག་གསུངས་བདག་མེད་རྒྱབ། །དེ་ཡང་གཅན་སྤྱང་ཇག་རྐུན་སོགས། །སུ་འདོད་ཁྱེར་བས་སྡིག་པ་གྱུར། །ཚེར་ལུང་ཀུན་དགའ་རྣམ་རྒྱལ་བས། །རྐང་བཞི་འབུལ་བ་མ་བླངས་


CMR051_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཡང་རི་དྲུང་པ་དེ་ཉིད་ཀྱིས། །ཚེར་ལུང་དྲུང་པས་ཅི་མནོག་ཤེས། །རྟ་ནོར་སྒག་སྒོག་ཁོས་མི་ལེན། །གསེར་དངུལ་ཇ་དར་གང་བྱུང་ལེན། །ཟེར་ནས་འཕྱ་ཞིང་སྐུར་པ་བཏབ། །འབྲུག་ཆེན་ཀརྨ་བསྟན་འཕེལ་གྱིས། །ཚེ་སྟོད་སྒྲུབ་པ་གཙོར་བྱེད་ཚེ། །རྐང་བཞི་འབུལ་བ་མི་ལེན་བཀག །ཚེ་སྨད་གདུལ་བྱ་དུས་བབ་ཚེ། །དུད་འགྲོ་དཀར་སྔོ་ནག་དང་ཁྲ། །སྤུ་རིགས་མཐུན་པའི་ཁྱུ་མང་འཚག །དེ་ལ་མི་ཀུན་འཕྱ་བཞེད་བྱེད། །ཧ་ཧ་སྔ་མོ་ཆོས་གསུང་དུས། །རྐང་བཞི་དུད་འགྲོའི་གཡོག་པོ་དེ། །རྐང་གཉིས་དལ་འབྱོར་རིན་ཆེན་གྱིས། །མི་རུང་གསུངས་ནས་བཀག་མཛད་པ། །ད་ནི་ཁྱུ་རིགས་མི་གཅིག་པ། །དུ་མ་འཚགས་པ་ཨ་ལ་ཟེར། །དེ་བཞིན་འབྲུག་པའི་བུ་ཆེན་འགའ། །དང་པོ་རྐང་བཞི་སྤངས་བ་ལ། །ཕྱིས་ནས་གང་བྱུང་འཚགས་པ་ཡི། །ཇོ་བརྫུ་ཆེ་ཞེས་ཀུན་གྱིས་འབར། །རྟོགས་ལྡན་པདྨ་རིག་འཛིན་གྱིས། །འབུལ་བ་ཁབ་སྐུད་མི་ལེན་ཅིང་། །དབང་བསྐུར་ཆོས་བཤད་ཀུན་སྤངས་ནས། །འབུ་སུ་ཀུ་ཡི་སྤྱོད་པ་ཡི། །གནས་ལ་ངེས་མེད་བྱས་པ་ལ། །ཐུགས་ཕོག་ཆེ་གསུངས་ས་མཐར་ཕུད། །བཤགས་པ་


CMR051_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ཡང་ཞུ་མ་པག །བླ་མ་ཕྲིན་ལས་དཔོན་སློབ་གཉིས། །ཆར་འོག་སྲོག་རླུང་གྲིབ་གཞི་བཅོས། །སེར་བ་བསྲུང་དང་སྲུང་ཟློག་སོགས། །ཡོན་བདག་རྣམས་ལ་གང་ཕན་བགྱིད། །དེ་ཡང་ཐུགས་ཕོག་ས་མཐར་སྐྱུགས། །འབྲུག་པ་ཕྲིན་ལས་དགེ་བ་དེས། །ལོ་གསུམ་མཚམས་ཀྱི་དམ་བཅའ་བཟུང་། །གཅིག་པུར་རི་ཁྲོད་དབེན་པར་བསྒོམ། །ལོ་གཉིས་ནས་ནི་མ་ཆགས་ཕུད། །དེ་ལྟར་དུས་ངན་སྙིགས་མ་འདིར། །ཇི་ལྟར་བྱས་ཀྱང་བསྙེད་མེད་པའི། །ཟོལ་བདེར་གནས་པ་དཀའ་བར་གདའ། །སྔོན་བྱོན་མཁས་གྲུབ་དེ་རྣམས་ཀྱི། །ཐམས་ཅད་མགུ་བར་མ་གྲུབ་ན། །བདག་འདྲས་ཐམས་ཅད་མགུ་བ་ཡི། །སྤྱོད་པ་གྲུབ་པ་ག་ལ་ཞིག །ཤཱཀ་ཐུབ་གསུངས་ལ་མ་འགལ་ཞིང་། །པད་འབྱུང་ཐུགས་ཀྱིས་མ་ཁྲེལ་ན། །ཀུན་གྱི་ཞེ་ཁྲེལ་བཞག་ཀྱང་བཟོད། །བསྟོད་སྨད་སྒྲ་ཀུན་བྲག་ཆ་ལྟར། །སྙིང་པོ་མེད་པའི་གནད་མཚང་འདི། །གོའམ་དགེ་སློང་ཆགས་མེད་པ། །རྒྱལ་བ་ཀུན་ལ་སྐུར་འདེབས་ཤིང་། །ཐུབ་ན་སྐུ་སྲོག་ལ་ཡང་བསྡོ། །སྡིག་ཆེན་ཀུན་ལ་བསྟོད་ཅིང་བཀུར། །བློ་སྙིང་དཔྲལ་གསུམ་གཏོད་པ་ཡི།


CMR051_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ངན་འགྲོ་བའི་བསོད་ནམས་འདི། །མཐོང་ངམ་དགེ་སློང་ཆགས་མེད་པ། །སུ་ལའང་བློ་གཏད་མི་གདའ་བས། །བསླུ་བ་མེད་པའི་པད་འབྱུང་ལ། །བློ་ལྗིད་ཁོལ་ཅིག་ཆགས་མེད་པ། །རེ་དང་དོགས་པའི་བསམ་པ་འདི། །ཁང་སྟོང་ནང་གི་རྐུན་མ་ལྟར། །ཐབ་ཤོར་ཕུག་འཚིང་མི་གདའ་བས། །ཉམས་ལེན་དགེ་སྦྱོར་སྟོང་ཉིད་དུ། །བློ་སེམས་ཕོབ་ཅིག་ཆགས་མེད་པ། །འདུས་བྱས་ཐམས་ཅད་རྨི་ལམ་བཞིན། །སྣ་ཚོགས་འཆར་ཡང་བདེན་པས་སྟོང་། །མི་རྟག་སྒྱུ་མའི་ཆོས་ཅན་ལ། །ཨ་འཐས་མ་ཆེ་ཆགས་མེད་པ། །རྣ་བ་སྒྲ་ཕྱིར་མ་འབྲང་ལ། །རྟོགས་པ་ཡུལ་ཕྱིར་མ་འབྲང་བར། །མཉམ་པར་ཞོག་དང་ཆགས་མེད་པ། །བསྟོད་ལ་ཞེན་ཆགས་མ་སྐྱེ་ལ། །སྨད་ལ་ཁོང་ཁྲོ་མ་སྐྱེད་པར། །སྙིང་རྗེ་བསྒོམ་དང་ཆགས་མེད་པ། །དགྲ་ལ་དོགས་པ་མ་བསྐྱེད་ལ། །གཉེན་ལ་རེ་བ་མ་ཆེ་བར། །བྱམས་པ་བསྒོམ་དང་ཆགས་མེད་པ། །དེ་སྐད་རཱ་ག་ཨ་སྱ་ཡིས་། །ཕ་ཡུལ་རི་ཁྲོད་སླེབ་པའི་དུས། །ཕུ་ཟེར་མདའ་ཟེར་འགའ་ཐོས་པས། །རང་གིས་རང་ལ་སྨྲས་པ་ཡིན།། ༈ །།ཀ་ཡེ་གསོན་དང་འཇམ་དཔལ་


CMR051_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད། །ཁ་དོག་དུ་བ་མུན་ཆེན་ཆར་སྤྲིན་འདྲ། །ག་ཤལ་དུག་སྦྲུལ་རྒྱུ་རློན་མགོ་ཕྲེང་འཕྱངས། །ང་རོ་ཧཱུྃ་ཧཱུྃ་ཕཊ་ཕཊ་འབྲུག་སྟོང་ལྡིར། །ཅ་ཅོ་རྒྱོབ་སོད་སྒྲ་སྒྲོག་དྲེགས་པའི་ཚོགས། །ཆ་ལུགས་མ་རུངས་འཇིགས་གཟུགས་ཅན་རྣམས་ལ། །ཇ་ཆང་སྨན་རཀ་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་ཐུགས་རྗེའི་འོདཀར་གྱི། ཏ་ཐཱ་ག་ཏའི་བསྟན་པ་རྒྱས་པར་མཛོད། །ཐ་མལ་རྨོངས་པའི་བསྟན་དགྲ་ལས་ངན་རྣམས། །ད་ནི་མྱུར་སྒྲོལ་དྲག་པོའི་དུས་ལ་བབས། །ན་མེད་དོན་ཆེན་འགག་ལ་ཐུགས་དུས་འདིར། །པ་དེ་པུ་དེའི་ཆོ་འཕྲུལ་ཅི་ལ་ཕན། །ཕ་རོལ་ལོག་པའི་དགྲ་དཔུང་རྩད་ནས་ཆོད། །བ་གླང་ལྟ་བུ་བླུན་རྨོངས་དགྲ་བོ་འདི། །མ་གཡེལ་མྱུར་དུ་ཁུག་ལ་དམ་དུ་ཆིངས། །ཙ་ཆེན་བཞི་ཡི་རཀྟ་དྲོངས་ལ་རོལ། །ཚ་གྲང་འདུ་བ་རྣམ་བཞི་ཁོང་ནས་སློང་། །ཛ་ཡེའི་ཐུགས་ཀར་རྣམ་པར་ཤེས་པ་སྤོར། །ཝ་དང་སྟག་གཟིག་བྱ་གཅན་ཤ་ལ་རོལ། །ཞ་གྲུམ་རེང་འགུམ་ནད་ཀྱི་ཆར་པ་ཕོབ། །ཟ་བྱེད་གཤིན་རྗེའི་ཚོགས་ཀྱིས་རྔམ་ཟས་གྱིས། །འ་རེ་འུ་རེའི་འབྲུག་སྒྲ་ཐོག་སེར་ཕོབ། །ཡ་མ་རཱི་ཙ་བཙན་བདུད་མ་


CMR051_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་། །ར་ལ་ཞོན་པའི་རྡོ་རྗེ་ལེགས་པ་སོགས། །ལ་ཆེན་སྡེ་བརྒྱད་དྲེགས་པ་ཐམས་ཅད་དང་། ཤ་ཟ་སྲིན་པོ་ལས་མཁན་ཐམས་ཅད་ཀྱིས། །ས་ཆ་གང་ན་འདུག་ཀྱང་དགྲ་བོ་སོད། །ཧ་ཧ་གསང་སྔགས་བདེན་པ་ངོ་མཚར་ཆེ། །ཨ་ལ་ལ་ཞེས་བསྟན་པ་རྒྱས་པར་མཛོད། །ཅེས་པ་བཅོམ་ལྡན་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བསྟོད་བསྐུལ། བྱི་བ་ལོ་ཕག་གི་ཟླ་བའི་ཚེས་བཅུ་ཉི་མ་ནག་པོའི་ཉིན་ལ་སྦྱར་བའོ། །ཨ་ཧོ་མཚར་པོ་མཚར་པོ། །འགྲོ་དྲུག་ཀུན་ཕ་མ་དྲིན་ཅན་དུ་རྟོགས་ཀྱང་། །དགྲ་དང་གཉེན་གཉིས་སོ་སོར་སྣང་བ་འདི་མཚར་པོ། །ནང་བཅུད་སེམས་ཅན་ཡི་དམ་གྱི་ལྷ་རུ་རྟོགས་ཀྱང་། །ལྷ་དང་འདྲེ་གཉིས་སོ་སོར་སྣང་བ་འདི་མཚར་པོ། །རང་སེམས་འདི་ཡེ་ནས་ཆོས་སྐུ་ཡིན་པར་རྟོགས་ཀྱང་། །ཉམས་ལེན་དང་འཁྲུལ་པ་གཉིས་སོ་སོར་སྣང་བ་འདི་མཚར་པོ། །ཆོས་ཀུན་གདོད་ནས་རྣམ་དག་ཡེ་སངས་རྒྱས་པ་རུ་རྟོགས་ཀྱང་། །འཁོར་བ་དང་མྱང་འདས་སོ་སོར་རུ་སྣང་བ་འདི་མཚར་པོ། ། འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་རྟོགས་ཀྱང་། །སྣོད་ལྡན་མི་ལྡན་གཉིས་སུ་སྣང་བ་འདི་མཚར་པོ། །མཚར་འདོད་འབྲེལ་མེད་གྱི་གཏམ་འདི་ཚེས་བཅུ་ལ་བྲིས་ཤོར་མཚར།། །༈ །།ན་


CMR051_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མ་ཧཱ་མུ་དྲ་ཡེ། ཕ་བཟང་པོ་བཀའ་བརྒྱུད་ཀྱི་བུ་ཆུང་ང་། །ས་བཙན་པོ་ཉམས་ལེན་གྱི་གནད་འགག་བཟུང་། །རྫོང་བཙན་པོ་སྡོམ་གསུམ་གྱི་སྐུ་མཁར་བརྩིགས། །གནད་ཆེན་པོ་ཡེངས་མེད་ཀྱི་བྱ་ར་བྱེད། །དུས་དེ་ཚོ་དོན་མེད་ཀྱི་འགྲིམ་འཁྱམས་འགའ། །ས་གར་འོང་དང་འདིར་འོང་མེད་པར་བྱུང་། །ངས་འགྲོ་དྲུག་ཀུན་ཕ་མ་རུ་བསྒོམ་པ་འདིར། །སེམས་ཁོང་ཁྲོ་ཡི་གནོད་སེམས་ཁྱོད་གང་ནས་འོང་། །བདག་བས་གཞན་གཅེས་ཀྱི་ལམ་ཁྲལ་གཅིག་མི་ལེན་རེ། །ངས་སྣོད་བཅུད་ཀུན་ལྷ་རུ་བསྒོམ་པ་འདིར་། །སེམས་འདྲེར་འཛིན་གྱི་རྣམ་རྟོག་ཁྱོད་གང་ནས་འོང་། །དག་པ་སྒྱུ་ལུས་ཀྱི་ཁྲལ་གཅིག་མི་ལེན་རེ། །ངས་ལུས་སྲོག་ཀུན་འགྲོ་བའི་དོན་དུ་བསྔོས་པ་འདིར། །དོགས་འཆི་དོགས་ཀྱི་གཅེས་འཛིན་ཁྱོད་གང་ནས་འོང་། །ངས་ཤ་ཁྱེར་ཁྲག་ཁྱེར་གྱི་ཁ་སྐྱིན་གཅིག་མི་བཏང་རེ། །ངས་འཁོར་འདས་མཉམ་ཉིད་ཀྱི་ལྟ་བ་སྐྱོང་བ་འདིར། །ཡེངས་མ་ཡེངས་ཀྱི་མཉམ་རྗེས་ཁྱོད་གང་ནས་འོང་། །ངས་གཏད་མེད་ཕྱལ་བའི་ངང་དུ་མི་སློད་རེ། །ངས་སྐྱིད་སྡུག་ཀུན་རྒྱུ་འབྲས་སུ་ངེས་ཤེས་བསྐྱེད་པ་འདིར། །སྐྱིད་འདོད་སྡུག་དོག་


CMR051_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རེ་དོགས་ཁྱོད་གང་ནས་འོང་། །ངས་སྐྱིད་སྡུག་གང་བྱུང་དཀོན་མཆོག་ཐུགས་རྗེ་རུ་མི་ལྟ་རེ། །ངས་ཐམས་ཅད་མཉམ་པ་ཉིད་ཀྱི་ལྟ་བ་སྐྱོང་པ་འདིར། །རྟགས་མཚན་བཟང་ངན་ལ་རློམ་སེམས་ཁྱོད་གང་ནས་འོང་། །ངས་ལྷ་མེད་འདྲེ་མེད་ཀྱི་ལྟ་བ་མི་བསྐྱེད་རེ། །ཞེས་རྣམ་རྟོག་སྨན་སྤུན་མང་དུ་བྱུང་དུས་སྨྲས།། ༈ །།ན་མོ་ཛྙཱ་ན་ཌཱཀི་ཡེ། ཀུན་བཟང་ཡབ་ཡུམ་མཁའ་ཀློང་ནས། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཁྱེད་ནི་འཕགས་བཞི་བསྐྱེད་པའི་ཡུམ། །འཕགས་རིགས་མི་འགྱུར་རྡོ་རྗེ་ཡི། །རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ། །མཁའ་སྤྱོད་རིགས་ལྔའི་ཞིང་ཁམས་ནས། །ལོངས་སྐུ་ཡེ་ཤེས་མཁའ་འགྲོ་མ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལོངས་སྐུའི་བསྟན་འཛིན་མི་འགྱུར་གྱི། །ཡེ་ཤེས་ལྔ་པོ་བསྐྱེད་དུ་གསོལ། །ནུབ་ཕྱོགས་ཨོ་རྒྱན་གཞལ་ཡས་ནས། །སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་ལ། གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ། །དགའ་བཞིའི་ཡེ་ཤེས་ངོ་སྤྲོད་གསོལ། །ཀེ་འུ་རི་ཡི་བྲག་ཕུག་ནས། །ལྷ་ལྕམ་མནྡཱ་ར་ཝ་ལ། །


CMR051_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རིག་འཛིན་མི་འགྱུར་རྡོ་རྗེ་ཡི། །ཚེ་གསོས་ཚེ་ཡི་བར་ཆད་སོལ། །ཟངས་མདོག་དཔལ་གྱི་རི་བོ་ནས། །མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ། གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སྔོན་གྱི་ཐུགས་བསྐྱེད་མ་གཡེལ་བར། །མི་འགྱུར་རྡོ་རྗེའི་དབང་རྟེན་གནས་མཆོག་ནས། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །ཐ་མལ་མི་གཟུགས་འཛིན་པ་རྣམས། །པདྨའི་མཚོ་ལ་ངང་པ་ལྟར། །སྐལ་ལྡན་མི་འགྱུར་རྡོ་རྗེ་ལ། །འབྲེལ་ཞོག་ཚེ་བསྲིང་བར་ཆད་སོལ། །ཟབ་གཏེར་ཀུན་གྱི་སྒོ་འབྱེད་ཅིང་། །གསང་སྔགས་བསྟན་པ་དར་བ་དང་། །འགྲོ་དོན་འགྲུབ་པའི་གྲོགས་མཛོད་ཅིག །མ་གཡེལ་མ་གཡེལ་ཆ་ཀིའི་ཚོགས། །ད་ནི་ཐུགས་དམ་དུས་ལ་བབས། །ཞེས་པ་འདི་ནི་བདག་གི་བྱི་བའི་ལོ་མགོ་ལ། དགོངས་འདུས་སྒྲུབ་ཆེན་བཙུགས་དུས་རྨི་ལམ་དུ་ཟུར་མང་དབོན་མོ་གཅིག་མི་འགྱུར་རྡོ་རྗེའི་ཕྱག་རྒྱར་རྟེན་འབྲེལ་ཡོད་པ་འདྲ་བསམ་པ་བྱུང་ནས། བདུད་འདུལ་རྡོ་རྗེ་ལ་དགོངས་པ་ཞུས་པས། དེ་བས་ནང་ཆེན་གྲ་ནང་ན་གཅིག་ཡོད་པ་དེ་ལེགས་གསོལ་བ་ཐོབ་དང་ཁྱོད་རང་ལ་ལུང་བསྟན་འོང་གསུངས། བྱི་བའི་ལོ་མཇུག་ཐ་སྐར་ཟླ་བ་ལ། ད་ནི་རིང་པོ་མི་


CMR051_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་པར་སྤྲུལ་སྐུ་ཡང་རིགས་ལྡན་གྱི་ཌཱཀི་གཅིག་དང་འབྲེལ་བར་འདུག་སྙམ་པའི་རྨི་ལྟས་ལན་གཉིས་བྱུང་ཞིང་། བུད་མེད་དེ་ཡང་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོས་བྱིན་གྱིས་བརླབས་པ་གཅིག་ཡིན་ནམ་སྙམ་པ་ཞིག་བྱུང་ནས་བྲིས་པའོ།། ༈ །།ན་མོ་གུ་རུ་ག་ག་དྷ་ཛ་ཡེ། པདྨ་འབྱུང་གནས་ཐུགས་སྤྲུལ་པ། །མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཁྱེད་ཀྱི་རིགས་རྒྱུད་རྒྱལ་མཚན་ལ། །བར་ཆད་མེད་པར་བྱིན་གྱིས་རློབས། །ལོ་ཙཱ་ཁྱེའུ་ཆུང་གི་སྤྲུལ་པའི་སྐུ། །སྒམ་པོ་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས་། །ཁྱེད་ཀྱི་དབོན་རྒྱུད་རྒྱལ་མཚན་ལ། །བར་ཆད་མེད་པར་བྱིན་གྱིས་རློབས། །ཨོ་རྒྱན་གསོལ་དཔོན་སྐྱེ་བའི་མཐའ། །བྱ་བྲལ་ཀུན་དགའ་བཀྲ་ཤིས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཁྱེད་ཀྱི་གདུང་རྒྱུད་རྒྱལ་མཚན་ལ། །བར་ཆད་མེད་པར་བྱིན་གྱིས་རློབས། །པདྨ་འོད་ཀྱི་ཕོ་བྲང་ནས། །རིག་འཛིན་པྲ་ཝ་ཀ་ར་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཁྱེད་ཀྱི་གདུང་རིགས་རྒྱལ་མཚན་ལ། །བར་ཆད་མེད་པར་བྱིན་གྱིས་རློབས། །བཀའ་བབ་བྱིན་རླབས་བརྒྱུད་པའི་ལྷ། །བདེ་


CMR051_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡབ་ཡུམ་འཁོར་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བྱིན་རླབས་རིགས་རྒྱུད་རྒྱལ་མཚན་ལ། །བར་ཆད་མེད་པའི་དངོས་གྲུབ་སྩོལ། །བསྟན་སྲུང་ནག་པོ་བྱ་རོག་མཚན། །འཁོར་ཚོགས་བཅས་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཐུ་རྩལ་ཕྱུང་། །རིག་འཛིན་སྤྱན་སྔར་ཁས་བླངས་བཞིན། །དྲུང་ཆེན་གདུང་རྒྱུད་རྒྱལ་མཚན་ལ། །བར་ཆད་མེད་པའི་ཕྲིན་ལས་མཛོད། །སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །གསོལ་བ་འདེབས་སོ་ཐུགས་དམ་བསྐུལ། །གྲུབ་ཆེན་སྤྱན་སྔར་ཁས་བླངས་ལྟར། །རིགས་རྒྱུད་རྒྱལ་མཚན་འདི་ཉིད་ལ། །བར་ཆད་མེད་པའི་སྡོང་གྲོགས་མཛོད། །བླ་མ་ཡི་དམ་མཁའ་འགྲོ་དང་། །བདེན་ལྡན་ཀུན་གྱི་བདེན་སྟོབས་ཀྱིས། །བདག་གི་སློབ་བུ་རྒྱལ་མཚན་འདི། །ལོག་པའི་ལམ་དུ་མི་འཇུག་ཅིང་། །སྙིང་པོ་དོན་གྱི་བསྟན་པ་ལ། །ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཅེས་པ་བུ་རྒྱལ་མཚན་ལ་བར་ཆད་ཆེན་པོ་ཞིག་གི་འཚེ་བའི་ཚེ་སྨོན་ལམ་བཏབ་པའོ།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། དགོངས་ཤིག་འཕགས་པ་དཀོན་མཆོག་


CMR051_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །གང་གིས་ཁྱེད་ལ་སྐྱབས་སོང་ན། །འཇིགས་པ་མེད་པ་ཐོབ་གསུངས་ན། །བདག་ཅག་སློབ་མ་བརྒྱུད་པར་བཅས། །རྩེ་གཅིག་ཁྱེད་ལ་སྐྱབས་ཞུས་ཀྱང་། །འཇིགས་པ་དུ་མས་མནར་བ་འདི། །ཐུགས་རྗེས་སྤྱན་གྱིས་མ་གཟིགས་སམ། །སྟོབས་བཅུའི་སྟོབས་ཀྱིས་ད་སྐྱབས་གསོལ། །དགོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས་། །ཁྱེད་ཀྱི་མཚན་ནས་བོས་བྱས་ན། །འཛམ་གླིང་དགྲ་ཡིས་གང་གྱུར་ཀྱང་། །བ་སྤུ་ཙམ་ཡང་གནོད་པ་དང་། །སྡང་བས་བལྟ་བར་མི་ནུས་ན། །བདག་དང་སློབ་མ་བརྒྱུད་པར་བཅས། །ཁྱེད་བསྒོམ་ཁྱེད་མཚན་བརྗོད་བཞིན་དུ། །འཇིགས་པ་དུ་མ་ཇེ་ཆེར་བྱུང་། །ད་ནི་ཐུགས་རྗེས་ཕྱག་སྐྱོངས་ལ། །འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ་། །དགོངས་ཤིག་རྗེ་བཙུན་སྒྲོལ་མ་དཀར། །ཁྱེད་དྲན་ཁྱེད་ཀྱི་སྔགས་བཟླས་ན། །དགྲ་དང་རྒྱལ་པོ་ཆོམ་རྐུན་སོགས། །འཁོར་བའི་འཇིགས་པ་ཐམས་ཅད་ལས། །སྐྱབས་པར་ཁྱེད་ཀྱི་དམ་ཚིག་ལགས། །ཁྱེད་དྲན་ཁྱེད་སྔགས་བཟླ་བཞིན་དུ། །བདག་དང་འཁོར་དང་བཅས་པ་ལ། །དགྲ་དང་རྒྱལ་པོའི་འཇིགས་པ་ཆེ། །སྒྲོལ་མ་མྱུར་མ་


CMR051_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཅན། །མྱུར་དུ་སྐྱབས་པར་ཐུགས་རྗེས་ཟུངས། །དགོངས་ཤིག་སྒྲོལ་མ་སྣ་ཚོགས་ཡུམ། །ཁྱེད་ཞབས་ཡིད་ལ་ཤར་ཙམ་གྱིས། །འཇིགས་ཆེན་བཅུ་དྲུག་ཞི་བྱེད་པར། །རྒྱུད་རྒྱལ་འབྲེལ་བར་བཅས་ལས་གསུངས། །ཁྱེད་དྲན་ཁྱེད་ལ་སྐྱབས་གསོལ་ཀྱང་། །འཇིགས་པ་མང་པོའི་ཡ་ང་བ། །ཡེ་ཤེས་སྤྱན་གྱིས་མ་གཟིགས་སམ། །ད་ནི་སྐྱོབས་ཤིག་རྣལ་འབྱོར་མ། །དགོངས་ཤིག་ལྷ་མོ་འོད་ཟེར་ཅན། །ཁྱོད་མཚན་གང་གིས་བརྗོད་བྱེད་པ། །ཆད་པས་བཅད་མེད་འགགས་དུ་མེད། །དེ་སོགས་ཕན་ཡོན་ཆེ་གསུངས་ན། །བདག་ནི་ཁྱེད་ལ་གསོལ་བཏབ་ཀྱང་། །དགྲ་དང་རྒྱལ་པོ་ཆོམ་རྐུན་སོགས། །འཇིགས་པ་དུ་མས་ཡང་ཡང་འཚེས། །ལྷ་མོ་མ་གཡེལ་ཐུགས་དམ་ཅན་། །ད་ནི་བསྲུང་སྐྱབས་དུས་ལ་བབས། །ལས་འབྲས་བཙན་ཞེས་བསྙད་བཏགས་ན། །འཕགས་མའི་ཐུགས་རྗེས་ཅི་ལ་ཕན། །ད་ལྟ་ཉིད་དུ་བསྐྱབ་ཏུ་གསོལ། །ཞེས་པ་བོད་སོག་པོ་སོགས་གནས་དུས་རྩུབ་ནས་ཡ་ང་བའི་དུས་གསོལ་བ་བཏབ་པའོ།། ༈ །།ན་མོ་ལོ་ཀི་ཤྭ་ར་མེ་ཏྲི་ཡེ། ཀུན་བཟང་ཐུགས་ཀྱི་བསྟན་པའི་དུས། །ཐོས་པས་གྲོལ་བའི་


CMR051_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཁྲིད་བཙུགས། །བལྟས་པས་གྲོལ་བའི་ཐོད་རྒལ་བསྟན། །དེ་ལ་ཕྲག་དོག་སྐྱེ་མཁན་མང་། །ཀུན་བཟང་རྒྱལ་བ་ཞི་ཁྲོའི་ཚོགས། །འདི་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །འགྲོ་ཀུན་བྱམས་པའི་སེམས་སུ་བསྒྱུར། །རྫོགས་པ་ཆེན་པོའི་བསྟན་པ་ལ། །བར་ཆད་མེད་པར་བྱིན་གྱིས་རློབས། །ཐུགས་རྗེ་ཆེན་པོའི་འདུལ་ཞིང་འདིར། །ཐུགས་རྗེ་ཆེན་པོའི་དབང་གདམས་བསྟན། །ཟོས་པས་འགྲོ་བའི་སྐྱེ་བདུན་བཀྱེས། །དེ་ལ་ཕྲག་དོག་ཟུག་རྔུ་མང་། །གསང་འདུས་ཐུགས་རྗེའི་ལྷ་ཚོགས་རྣམས། །འདི་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགྲོ་བའི་ཕྲག་དོག་རྒྱུན་ཆད་ནས། །བྱམས་པའི་སེམས་སུ་བྱིན་གྱིས་རློབས། །རྒྱལ་བས་ལུང་བསྟན་བྱང་ཕྱོགས་འདིར། །བསྒོམས་པས་གྲོལ་བའི་ཕྱག་ཆེན་བཤད། །དེ་ལ་ཕྲག་དོག་གནོད་སེམས་མང་། །རྡོ་རྗེ་འཆང་ཆེན་གྲུབ་ཆེན་བརྒྱད། །འདི་ལ་མངོན་ཤེས་སྤྱན་གྱིས་གཟིགས། །འགྲོ་བའི་ཕྲག་དོག་རྒྱུན་ཆད་ནས། །དད་པའི་སེམས་སུ་བྱིན་གྱིས་རློབས། །སྙིགས་དུས་པད་འབྱུང་འདུལ་ཞིང་འདིར། །དགོངས་པ་འདུས་པའི་སྒྲུབ་ཆེན་བཙུགས། །དབང་ལུང་གདམས་པ་བསླད་


CMR051_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྤེལ། །དེ་ལ་ཕྲག་དོག་བར་ཆད་ལྡང་། །པད་འབྱུང་རྗེ་འབངས་ཉི་ཤུ་ལྔ། །འདི་ལ་ཐུགས་རྗེའི་སྤྱན་རྒྱང་བསྲིང་། །འགྲོ་བའི་གནོད་སེམས་རྒྱུན་ཆད་ནས། །བསྟན་པ་དར་བར་བྱིན་གྱིས་རློབས། །བསྟན་ཉམས་ཆོས་མུག་བྱུང་དུས་འདིར། །ཁྲོམ་ལ་སྐྱབས་སེམས་བསྙེན་གནས་ཕོག །བསྟན་ལ་ཞུགས་པར་འདོད་རྣམས་ལ། །དགེ་བསྙེན་རབ་བྱུང་བསྙེན་རྫོགས་བསྒྲུབ། །དེ་ལ་གཞན་དག་ཕྲག་དོག་སྐྱེས། །ཐུབ་པ་གནས་བརྟན་དགྲ་བཅོམ་ཚོགས། །འདི་ལ་ཡེ་ཤེས་སྤྱན་གྱིས་གཟིགས། ། འགྲོ་བའི་ཕྲག་དོག་རྒྱུན་ཆད་ནས། །ཐུབ་བསྟན་འཕེལ་བར་བྱིན་གྱིས་རློབས། །གསང་སྔགས་བསྟན་པ་ཆེར་རྙིང་ནས། །སྔགས་འཆང་ཀུན་ཀྱང་དབང་ལུང་གྲལ། །དེ་ལ་དབང་དང་སྒྲུབ་ཐབས་བྱིན། །དེ་ལ་ཕྲག་དོག་ཞེ་སྡང་སྐྱེས། །གསང་སྔགས་སྲུང་མ་དམ་ཅན་ཚོགས། །འདི་ལ་མངོན་ཤེས་སྤྱན་གྱིས་གཟིགས། །འགྲོ་བའི་བསམ་ངན་རྒྱུན་ཆད་ཅིང་། །གསང་སྔགས་དར་བར་མཛད་དུ་གསོལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སེམས་ཉིད་ལྷན་སྐྱེས་ཆོས་ཀྱི་


CMR051_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །མ་བཅོས་བཞག་པས་མངོན་གྱུར་ནས། །སྣང་བ་ལྷན་སྐྱེས་ཆོས་སྐུའི་འོད། །དབང་དུ་འདུས་པར་བྱིན་གྱིས་རློབས། །ཞེ་སྡང་མ་བཅོས་ཞེ་སྡང་ཆེ། །གསལ་སྟོང་ཕྱག་རྒྱ་ཆེར་གྲོལ་ནས། །ཕོ་གདོན་དགྲ་ཇག་རྐུན་པོའི་ཚོགས། །རང་སར་ཞི་བར་བྱིན་གྱིས་རློབས། །འདོད་ཆགས་མ་བཅོས་འདོད་ཆགས་ཆེ། །བདེ་སྟོང་ཕྱག་རྒྱ་ཆེར་གྲོལ་ནས། །མོ་གདོན་བསླུ་བྲིད་ལོངས་སྤྱོད་ལ། །བསྟན་པའི་དགྲ་ཡི་ཚོགས་རྣམས་ཀུན། །རང་སར་ཞི་བར་བྱིན་གྱིས་རློབས། །གཏི་མུག་རྨོང་པ་གཏི་མུག་ཆེ། །མི་རྟོག་ཕྱག་རྒྱ་ཆེར་གྲོལ་ནས། །ཀླུ་གདོན་རྩུབ་པའི་བསམ་ངག་དགྲ། །རང་སར་ཞི་བར་བྱིན་གྱིས་རློབས། །མདོར་ན་ཕྱི་རོལ་སྣང་བ་ཀུན། །བདེན་པར་མ་གྲུབ་རྨི་ལམ་བཞིན། །རང་སེམས་ངང་དུ་རོ་གཅིག་ནས། །རང་སྣང་དབང་དུ་འདུས་པ་དང་། །གཞན་སྣང་ཟིལ་གྱིས་གནོན་པ་ཞིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཞེས་པ་འདི་ཧ་ཅང་གདུལ་བྱ་འགྲོ་དོན་ཆེ་ནས་གཞན་ཕྱོགས་ཐམས་ཅད་ཕྲག་དོག་གི་མི་དགའ་བ་ཆེན་པོ་བྱེད་འདུག་ཟེར་བ་ཐོས་ནས་བྲིས་སོ།། ༈ །།ཀ་ཡེ་གསོན་དང་རྒྱལ་ཆེན་རྣམ་ཐོས་སྲས། །ཁ་དོག་པདྨ་རཱ་གའི་མདོག་ལྟར་འབར། །ག་


CMR051_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་དར་དང་རཏྣའི་རྒྱན་ཆས་བཀླུབས། །ང་ཡི་སྲུང་མར་རྟག་ཏུ་ཁྱོད་བརྟེན་གྱིས། །ཅ་ཅོའི་བསྟོད་དབྱངས་སྒྲ་འདི་གསན་ལགས་སམ། །ཆ་ལུགས་དཔལ་བརྗིད་བསེ་ཡི་ཁྲབ་རྨོག་ཅན། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་བཞེས། །ཉ་སྟོང་ཚེས་བརྒྱད་རྟག་ཏུ་འཇིག་རྟེན་ཉུལ། །ཏ་ཐཱ་ག་ཏ་ཀུན་གྱི་བསྟན་སྲུང་ཁྱོད། །ཐ་མལ་ལོག་པར་ལྟ་བའི་བསམ་པ་སྒྱུར། །ད་ནི་མ་གཡེལ་དམ་ཚིག་དུས་ལ་བབས། །ན་མེད་གག་ལ་ཐུག་པའི་དུས་འདི་ལ། །པ་དེ་པུ་དེའི་རྟགས་མཚན་ཅི་ཞིག་བྱ། །ཕ་རོལ་དགྲ་སྡེ་མ་ལུས་དབང་དུ་བསྡུས། །བ་གླང་ལྟར་རྨོངས་ནག་པོའི་ཚོགས་རྣམས་ཀུན། །མ་ལྟར་བྱམས་དང་བརྩེ་གདུང་བསྐྱེད་པར་མཛོད། །ཙ་ཤིང་གྲངས་ལྟར་འདུན་བྱེད་མང་བ་དང་། །ཚ་དང་ཇ་ལྟར་དམ་ཆོས་འགྲིམ་པར་མཛོད། །ཛ་ཡེའི་ས་ལ་འགྲོ་ཀུན་བཀོད་འདོད་འདི། །ཝ་ལེར་མངོན་ཤེས་མངའ་ཁྱེད་མ་གཟིགས་སམ། །ཞ་ལྟར་རྒྱལ་བསྟན་གཙུག་ཏུ་ཁུར་བྱེད་ཅིང་། །ཟ་འཐུང་ཕུད་ཀྱིས་སྲུང་མ་ཁྱོད་མཆོད་ན། །འ་རེ་འུ་རེའི་སྙན་དང་གྲགས་པ་ལ། །ཡ་མཚན་ཆེ་བའི་དངོས་གྲུབ་ཐམས་ཅད་སྩོལ། །ར་དམར་ཁྱི་


CMR051_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལ་སོགས་བརྟེན་རྫས་དང་། །ལ་ཆེན་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ཤ་ཆང་སྨན་དང་རཀྟ་གཏོར་མར་བཅས། །ས་དང་བར་སྣང་ནམ་མཁའ་བཀང་ཏེ་འབུལ། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་བཞེས། །ཨ་ལ་ལ་ཧོ་དངོས་གྲུབ་ད་ལྟ་སྩོལ། །ཅེས་པ་རྒྱལ་པོ་བྱི་བའི་ལོ། ཕག་ཟླ་བའི་ཚེས་བཅུ་གཉིས་ལ་རྟེན་འབྲེལ་ཞིག་གིས་བྲིས་སོ། ། ༈ །།ཨེ་ཡེ། གཞན་ལ་ཉམས་ཁྲིད་འཆད་པའི་སྒོམ་ཆེན་ཁྱེད། །རང་གིས་རང་ལ་གསལ་འདེབས་རན་ནས་གདའ། །ཚེ་འདིའི་སྐྱིད་སྡུག་ཚེ་སྔོན་ལས་འབྲས་གཙོ། །རེ་དང་དོགས་པའི་ཐོག་ཏུ་མི་འགྲོ་བས། །དོན་མེད་འོག་འགྱུ་མང་པོ་ད་སྒྱུར་ལ། །ཉམས་ལེན་རྩེ་གཅིག་སྐྱོངས་དང་ཆགས་མེད་པ། །ཚེ་ཚད་རིང་ཐུང་ལས་ཀྱི་འཕེན་པ་གཙོ། ། ན་དོགས་འཆི་དོགས་བྱས་ཀྱང་ཕན་པ་ཆུང་། །ལོ་ཟླའི་སྐག་རྩིས་མོ་འདེབས་དེ་སྐྱུར་ལ། །ཤི་ཡང་འགྱོད་མེད་ཉམས་ལེན་བསྒྲིམ་རེ་རན། །ལོངས་སྤྱོད་ཆེ་ཆུང་ཚེ་སྔོན་སྤྲིན་འབྲས་གཙོ། །རྩོལ་སྒྲུབ་བྱས་ཀྱང་འོང་ངེས་མི་གདའ་བས། །སྡོམ་བུ་འབུལ་སྡུད་རློམ་སེམས་ད་སྒྱུར་ལ། །གང་བྱུང་དེས་ཆོག་ཞེན་ལོག་བསྒོམ་རིན་གདའ། །ཉམས་རྟོགས་


CMR051_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་དད་མི་སྐྱེ་མོས་གུས་གཙོ། །འདོད་པ་ཆེ་བས་སྐྱེ་ངེས་མི་གདའ་བས། །བླ་མ་མཆོག་ལ་སྙིང་ནས་བློ་བཀལ་ནས། །མ་བཅོས་ལྷུག་པར་ཞོག་དང་ཆགས་མེད་པ། །འགྲོ་དོན་ཆེ་ཆུང་སྔོན་གྱི་སྨོན་ལམ་གཙོ། །བྱེད་བསམ་ཡོད་ཀྱང་འགྲུབ་ངེས་མི་གདའ་བས། །སློབ་མ་ཡོན་བདག་རེ་ལྟོས་ངོ་བསྲུང་སྐྱུར། །བྱམས་དང་སྙིང་རྗེ་སྒོམས་ཤིག་ཆགས་མེད་པ། །ཚེ་འདིའི་སྐྱིད་སྡུག་ལེགས་ཉེས་གང་འོང་ཤོག །སྙམ་དུ་བློ་ཡིས་ལིངས་སྐྱུར་ཉམས་ལེན་སྐྱོངས། །གྲུབ་ཐོབ་ཨོ་རྒྱན་པ་ཡི་གདམས་ངག་འདི། །ད་ནི་ཉམས་སུ་ལོངས་ཤིག་ཆགས་མེད་པ། །སྐྱིད་ན་དཀོན་མཆོག་མཆོད་ཅིང་དགེ་བ་བསྔོ། །སྡུག་ན་ལས་ངན་ཟད་པའི་དགའ་བ་བསྒོམ། །པཎ་ཆེན་ཤཱཀྱ་ཤྲཱིའི་གདམས་ངག་འདི། །ད་ནི་ཉམས་སུ་ལོངས་ཤིག་ཆགས་མེད་པ། །མི་ལ་བཤད་མཁས་རང་ཉམས་མ་བླངས་ན། །ནེ་ཚོའི་ཁ་ཡི་ཆོས་དང་ཁྱད་པར་ཅི། །དེ་ཕྱིར་མི་ལ་བཤད་པའི་ཟབ་ཆོས་ཚོ། །རང་ཉམས་ལོངས་ལ་མྱོང་བ་ཐོན་པ་རེ། །མེད་ཐབས་མེད་དོ་དགེ་སློང་ཆགས་མེད་པ། །ཞེས་རེ་དོག་གི་འོག་འགྱུ་འགའ་བྱུང་དུས་རང་ལ་སྨྲས་པའོ།། ༈ །།ན་མོ་ལོ་


CMR051_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ་ཤྭ་ར་ཡེ། ལྷ་བླ་མ་ཡི་དམ་དབྱེར་མེད་པའི། །དཔལ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལོ་བཅུ་གཉིས་ལོ་མགོ་བྱི་བའི་ལོ། །དུས་མེ་ཏོག་རྒྱས་པ་དབྱར་གྱི་དུས། །ཆོས་གནམ་ཆོས་སྐྱེ་བདུན་རིལ་བུ་བསྒྲུབ། །སྔོན་སྟོན་པས་ཆོས་འཁོར་བསྐོར་བའི་སྐབས། །ཞག་གསུམ་ལ་སྔགས་དམིགས་རྩེ་གཅིག་སྟེ། །འགྱུར་བརྩིས་ན་དུང་ཕྱུར་བཅུ་ཡི་གྲངས། །དེ་རྒྱུན་བསྙེན་ཟླ་བ་ཕྱེད་གཉིས་ཙམ། །གཞན་ཐུགས་དམ་གནམ་ཆོས་གཙོ་ཆེར་བྱས། །དུས་དེ་ཚེ་འཁྲུལ་པའི་རྨི་ལམ་དུ། །དཔལ་བདུད་འདུལ་རྡོ་རྗེས་གནང་ངོ་སྙམ། །བྱ་ཁྱུང་ཆེན་གཙུག་གི་ནོར་བུ་དེ། །མི་བདག་གི་ལག་ཏུ་ཕྱིན་འདུག་པས། །དབྱིབས་ཆུ་ཤེལ་སྒོ་ང་ཙམ་ཞིག་སྣང་། །འདི་ཡོད་ན་ཅི་བསམ་འགྲུབ་བོ་སྙམ། །ཡིད་དགའ་བ་དཔག་ཏུ་མེད་པ་སྐྱེས། །དེ་ཡ་མཚན་རྟགས་སུ་མི་འདུག་གམ། །དོན་རྨི་ལམ་བག་ཆགས་འཁྲུལ་པ་སྟེ། །དེ་བག་ཆགས་དེ་འདྲ་ཡོད་སྲིད་དམ། །ཉམས་རྨི་ལམ་འདྲེས་པའི་མཚམས་ཤེད་ན། །དཔལ་གྲུབ་ཆེན་ཌོམྦི་ཧེ་རུ་ཀ །སྐུ་གྲུབ་ཐོབ་ཆ་ལུགས་སྟག་ལ་ཆིབས། །སྐུ་ཆ་ལུགས་ཕལ་ཁྱེར་ཧ་ལམ་གསལ། །དེ་སྣང་སྟོང་ནམ་མཁའི་


CMR051_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་ལྟར། །སྐུ་ཆེ་ཆུང་མི་ལས་གཉིས་འགྱུར་ཆེ། །དེ་བདག་གི་མདུན་དེར་བྱོན་པ་རྨིས། །ནུབ་རྨི་ལམ་འཁྲུལ་པའི་སྣང་བ་ལ། །རྗེ་ཨོ་རྒྱན་དངོས་སུ་དྲུང་། །མི་ཁོ་བོ་འདུག་པའི་སྣང་བ་བྱུང་། །སྐུ་ཆ་ལུགས་ཡིད་ལ་མ་ཟིན་ཀྱང་། །གསུང་ཞུ་གནང་མང་དུ་བྱས་པ་སྙམ། །ཉམས་རྨི་ལམ་འཁྲུལ་པའི་སྣང་བ་ལ། །རང་གུ་རུ་པདྨ་རྒྱལ་པོའི་སྐུ། །སྐུ་བེར་དམར་ལྭ་ཐོད་དམར་པོ་ཅན། །དེ་དངོས་སུ་གྱུར་པའི་སྣང་བ་བྱུང་། །གཞན་དག་སྣང་ཕྲན་བུ་དཔག་ཏུ་མེད། །དེ་དངོས་རྟགས་འཇའ་སྤྲིན་འཇའ་ཚོན་ཟུག །རྫས་རིལ་བུ་དྲིལ་བུ་དོ་ཙམ་འཕེལ། །ཆོས་གནམ་ཆོས་ཟབ་པའི་ངེས་ཤེས་སྐྱེས། །རྗེ་སྤྲུལ་སྐུ་ལ་མོས་གུས་ལྷག་པར་འཕེལ། །ཁོང་འབྲེལ་ཚད་དོན་ལྡན་ཡིན་ངེས་ཀྱང་། །རྫས་མྱོང་གྲོལ་གྱི་ཕྱག་ཆ་ལུས་ཀྱང་དགོས། །སྔོན་སྐྱེས་མཆོག་ཀརྨ་པཀི་ཁོང་། །དེར་འབྲེལ་ཚད་དོན་ལྡན་ཡོངས་གྲགས་ཀྱང་། །རྫས་མྱོང་གྲོལ་རིལ་བུ་རིགས་ལྔ་མཛད། །ད་ཕན་ཆད་རིལ་ནག་བསྟན་པ་དར། །ད་ཞྭ་དམར་བདུན་པའི་སྐུ་རིང་ལ། །རིལ་དམར་གྱི་འགྲོ་དོན་དར་བ་དང་། །དེ་རིམ་བཞིན་རིལ་བུ་རིགས་


CMR051_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པོ། །འགྲོ་དོན་ཡང་རིམ་བཞིན་འབྱུང་ཞེས་ཐོས། །རྗེ་ཆོས་ཀྱི་དབང་ཕྱུག་རཏྣ་གླིང་། །སྔོན་བྱོན་དང་ད་ལྟ་སླད་ནས་འབྱོན། །ཚད་ལྡན་གྱི་གཏེར་སྟོན་ཕལ་ཆེར་གྱིས། །འགྲོ་དོན་གྱི་ཕྱག་ཆ་མྱོང་གྲོལ་ཡིན། །ལྷ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དེ། །མ་འགྲོ་དྲུག་གི་རྒྱུད་ལ་འདྲེན་བྱེད་པའི། །ཐབས་མཁས་པའི་ཤིང་རྟ་མྱོང་གྲོལ་རྫས། །རྫས་ཕུན་ཚོགས་རྟགས་ཐོན་བསྒྲུབས་པ་འདི། །འདིའི་རིལ་བུ་རེ་རེ་ཁར་སོང་ན། །རྐྱེན་དུས་མིན་འཆི་བ་བཟློག་པ་ལ། །སེམས་བསྐྱེད་རིམ་ཏིང་འཛིན་མི་ལྡན་པས། །དེ་ཚེ་དབང་ཞིག་གི་དོ་ཟླ་མིན། །གདོན་རྒྱལ་བསེན་གཟའ་ཀླུ་བསྲུང་བ་ལ། སྔགས་བསྙེན་སྒྲུབ་དབང་ལུང་མི་ལྡན་པའི། །ཞག་གསུམ་བདུན་བསྲུང་བའི་དོ་ཟླ་མིན། །དཔལ་བསོད་ནམས་དབང་ཐང་འཕེལ་བ་ལ། །དོན་སྦྱོར་དངོས་ཕྱག་ལེན་མི་ལྡན་པའི། །དེ་གཡང་སྐྱབས་ཞིག་གི་དོ་ཟླ་མིན། །གནས་ངན་སོང་སྐྱེ་སྒོ་གཅོད་པ་ལ། །སྡོམ་པ་དམ་ཚིག་དབང་ལུང་མི་ལྡན་པའི། །དེ་ཆོ་ག་ཞག་འགའི་དོ་ཟླ་མིན། །བསྒོམ་མི་དགོས་ཟོས་པས་གྲོལ་བའི་རྫས། །དཔལ་ཐུགས་རྗེ་ཆེན་པོའི་ཐུགས་རྗེའི་འཕྲུལ། །འདི་སུས་


CMR051_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་ཐུགས་རྗེ་ཆེན་པོ་དང་། །སྐྱེ་ཚེ་རབས་ཀུན་ཏུ་མི་འབྲལ་ཞིང་། །དེ་སྐྱེ་བ་བདུན་ནས་བདེ་ཆེན་ཞིང་། །དཔལ་འོད་དཔག་མེད་ཀྱི་སྲས་སུ་འགྱུར། །དེ་རྒྱུད་ལས་གསུངས་ཕྱིར་བསླུ་བ་མེད། །ཁོང་གཏེར་སྟོན་མཐོང་གྲོལ་ཡིན་ངེས་ཀྱང་། །དེ་རང་རྟགས་ཀྱི་ཕྱག་མཚན་རིལ་བུ་དགོས། །དོན་དེ་ཕྱིར་མྱོང་གྲོལ་འདི་རྒྱ་ཆེར་སྤེལ། །ཞེས་པ་འདི་རང་གི་སློབ་བུ་ཡང་དག་དང་མཇལ་ནས་བདག་གི་གནམ་ཆོས་ཀྱི་རིལ་བུ་བསྒྲུབས་ནས་སྤྲུལ་སྐུ་ལ་མང་དུ་ཕུལ་ཡོད་སྨྲས་པས། གཏེར་ལུང་ལས། མཐོང་ཐོས་སྐྱེ་འགྲོ་ངན་སོང་མེད་པར་འགྱུར། །ཞེས་གསུངས་པས། སྤྲུལ་སྐུ་ལ་རིལ་བུ་དགོས་རྒྱུ་ཅི་ཡོད། བསྒྲུབ་པའི་རྟགས་ཅི་བྱུང་ཟེར་ཡང་། དེ་ནུབ་འཕྱི་ཞིང་གཡེང་བ་ཆེ་བས་ལན་འདེབས་རྒྱུ་མ་བྱུང་ཡང་ཁོང་ཡོན་ཏན་ཅན་གྱི་གཏམ་དེ་ལ་ལན་གཅིག་དགོས་པར་འདུག་སྙམ་ནས་ཕྱིས་བྲིས་སོ།། ༈ །།ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། བླ་མ་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་གི་བྱང་ཆུབ་སེམས་བསྐྱེད་ནས། །གཞན་ཕན་བསྒྲུབ་པའི་ཡི་དམ་བླངས། །སྔར་དུས་བསྐལ་པའི་བཟང་སྟོད་ལ། །སྐྱེ་འགྲོ་འབུམ་ཕྲག་སྨིན་གྲོལ་བས། །དེང་སང་ལྔ་བརྒྱ་ཐ་མའི་དུས། །བཅུ་ཙམ་བློ་སེམས་འགྱུར་ཐུབ་


CMR051_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཕན་ཡོན་ཆེ་བར་པད་འབྱུང་གསུངས། །སྔོན་དུ་དགྲ་བཅོམ་ཐོབ་པ་བས། །དེང་སང་སེར་གོས་གྱོན་ཙམ་ཅིག །ཕན་ཡོན་ཆེ་བ་ཐུབ་པས་གསུངས། །སངས་རྒྱས་ཞིང་ཁམས་གཞན་དག་ཏུ། །ཚོགས་གཉིས་རྒྱ་ཆེན་བསགས་པ་བས། །ཞིང་འདིར་བསྟན་ལ་ཞུགས་ཙམ་ཡང་། །ཕན་ཡོན་ཆེ་བར་མདོ་ལས་གསུངས། །དེ་ཕྱིར་རང་དོན་བསྒྲུབ་པ་བཤོལ། །གཞན་དོན་བྱ་བའི་ཁུར་ཁྱེར་ཡང་། །བྱང་བལྟས་ཕུག་པར་ཉི་མ་བཞིན། །ཇི་ལྟར་བྱས་ཀྱང་ཕན་པར་དཀའ། །ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །རང་གི་མཁན་སློབ་བྱས་ནས་ཀྱང་། །འདུལ་ཁྲིམས་བསྟན་ལ་བཙུད་ཕྱིན་ནས། །ཕ་བུའི་འདུ་ཤེས་དགོས་གསུངས་ལྟར། །བདག་གི་ཕ་ཡིས་འདུ་ཤེས་ཀྱིས། །ཆོས་མགོ་ཅི་ཐོན་བསམས་ན་ཡང་། །ཅི་སྨྲས་མ་ཉན་ལོག་པར་མཐོང་། །ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །དབང་ལུང་ཡོན་ཏན་སེམས་ངོ་གསུམ། །འདོད་པ་དེ་ལས་མེད་ཟེར་བས། །ལེགས་སྙམ་ལྟོ་གོས་ཆོས་ཀྱིས་བསྐྱོངས། །ལོ་གྲངས་བརྩི་ནས་གླ་དགོས་ཟེར། །ཤཱཀ་ཐུབ་རིང་ནས་ད་ལྟའི་བར། །སློབ་མ་དང་ནི་གྲྭ་པ་ལ། །གླ་སྦྱིན་ཟེར་བ་


CMR051_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་མ་མྱོང་། །སྙིགས་མའི་གཏམ་དང་བསམ་པ་ལ། །ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །དབང་ནི་མི་ཞུ་ཞུས་ན་ཡང་། །དམ་ཚིག་བསྲུང་བསམ་ཡིད་ལ་མེད། །ཆོས་ནི་མི་ཉན་ཉན་ན་ཡང་། །ཚིག་གཅིག་དོན་ལ་གོ་བ་མེད། །གནས་འགྱུ་ཙམ་ཞིག་འཕྲོད་ན་ཡང་། །སྐྱོང་དགོས་བསམ་པ་ཡིད་ལ་མེད། །ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །སྨྲ་ལྕེ་ནེ་ཚོ་འདྲ་ན་ཡང་། །ཡོན་ཏན་བསླབ་ན་བོང་བུ་འདྲ། །སྤྱང་གྲུང་འདྲེ་བས་ཆེ་ལགས་ཀྱང་། །ཉམས་ཁྲིད་བཤད་ན་ལུག་བས་བླུན། །འདོན་བརྗོད་ཅུང་ཟད་ལོབ་ན་ཡང་། །ལོབ་ནས་སྐྱུར་ཏེ་འདོན་དུས་མེད། །དབང་ལུང་བརྒྱ་ཕྲག་ཐོབ་ན་ཡང་། །གཅིག་ཙམ་ཡི་དམ་བྱེད་སྣང་མེད། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ལུས་བདེ་མཆོད་ཁང་བཟང་ན་ཡང་། །བརྒྱ་ཕྱག་གཅིག་ཙམ་མནའ་ཡིས་ཐེངས། །ངག་འཆལ་བཙོག་གཏམ་ཁ་མི་བཟུང་། །ཡིག་དྲུག་བསྙེན་པ་ཁོམ་དུས་མེད། །འདི་ཕྱིར་ཕན་པའི་བསམ་པ་ཡིས། །སྙིང་ནས་གང་ཕན་བྱས་གྱུར་ཀྱང་། །ཆད་དོན་ཞག་གསུམ་མལ་ན་མེད། །འདི་འདྲའི་འགྲོ་བ་ལས་ངན་


CMR051_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ཞེས་པ་ཤེས་རབ་དང་རྣམ་དག་གཉིས་ལོ་གསུམ་རེ་འདུག་ཆད་བྱས་པ་མཐར་མ་འཁྱོལ་སོང་བས་ཡི་མུག་ནས་སྨྲས་སོ།། ༈ །།ན་མོ་གུ་རུ་མཉྫ་ཤྲཱི་ཡེ། འཇམ་པའི་དབྱངས་དངོས་ས་སྐྱ་པ། །བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ། །འགྲོ་མགོན་ས་སྐྱ་པཎྜི་ཏས། །ཐོས་བསམ་དག་ལ་བསྐུལ་ནས་ཀྱང་། །རྒྱལ་བའི་བསྟན་པ་ལུང་གི་དུས། །གསལ་བར་བྱ་བའི་ཐུགས་དགོངས་ཀྱིས། །ཅོ་འདྲི་བསྟན་བཅོས་རྣམ་བཞི་བརྩམ། །དེ་ཡི་དགོངས་པ་མ་རྟོགས་པར། །དེ་ཡི་ཚིག་ལ་དོན་བཟུང་ན། །གུ་རུ་པདྨ་འབྱུང་གནས་ཀྱི། །དགོངས་འདུས་འདྲ་མིན་ཤན་འབྱེད་ལས། །འགའ་ཞིག་ཆོས་ལོག་སུན་འབྱིན་ཞེས། །ཡིན་པའི་བཀའ་ལ་མིན་ཞེས་ནས། །གཤེ་ལོག་འགེལ་ཞིང་ལུང་རྒྱབ་མཐུད། །འགྲོ་ཀུན་ཡིད་གཉིས་གནས་སུ་འཕེན། །དེ་མཐུས་ཆོས་ལ་ཐེ་ཚོམ་ཟོས། །ཉམས་ལེན་འཕྲོ་སྐྱུར་རྩོད་པ་བསྒྲུབ། །ལམ་ལོག་ལམ་གོལ་བདུད་ཀྱིས་བསླུས། །གསུངས་པའི་ཐོག་ཏུ་འགྲོ་ཉན་གདའ། །སྡོམ་གསུམ་འོད་ཀྱི་ཕྲེང་བ་དང་། །ཨ་བྷྱ་ཀ་རའི་དགོངས་རྒྱན་སོགས། །སྡོམ་གསུམ་རྒྱ་གཞུང་ཚད་ལྡན་


CMR051_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཚད་ལྡན་མིན་ཞེས་སུན་ཕྱུངས་ནས། །བླ་མའི་གསུང་རྒྱུན་གཙོ་བོར་མཛད། །མོས་གུས་ཆེ་བ་རྗེས་ཡི་རང་། །འོན་ཀྱང་ཁ་ཆེ་པཎྜི་ཏ། །མ་འོངས་སངས་རྒྱན་བདུན་པ་སྟེ། །རྡོ་རྗེ་གདན་གྱི་མཁན་ཆེན་མཆོག །བོད་ཀྱི་རབ་བྱུང་ཀུན་གྱི་ཕུག །དེ་ཡི་སྲས་ཀྱི་ཐུ་བོ་པ། །བྷི་བྷུ་ཏི་ཙནྡྲ་ཞེས་བྱ་བས། །བླ་མ་པཎ་ཆེན་གསུངས་བཞིན་དུ། །མཛད་པའི་རྒྱ་གཞུང་སེར་རྒྱབ་པ། །དེའང་ཧ་ཅང་ཐལ་ཆེས་སམ། །རྩ་ལྟུང་བཅུ་བཞིའི་དགོངས་པ་ཡང་། །འཇམ་དཔལ་གྲགས་པ་ཀུན་དགའ་སྙིང་། །ལེགས་སྨིན་ཁ་ཆེ་ལེགས་སྨིན་དང་། །མཚོ་སྐྱེས་སློབ་དཔོན་སྙིང་པོའི་ཞབས། །པཎ་གྲུབ་བདུན་གྱི་རྒྱ་གཞུང་རྣམས། །རྒྱ་གཞུང་མིན་ཞེས་སྐུར་བཏབ་ནས། །བླ་མའི་གསུང་རྒྱུན་གཙོ་བོར་མཛད། །ཆོས་སྤངས་ལས་སུ་མི་འགྱུར་རམ། །དེ་བཞིན་རྣལ་འབྱོར་རྒྱུད་ཀྱི་ནས། །རྒྱ་འགྲེལ་རྒྱ་གཞུང་ཆེན་པོ་བཞི། །ཚད་ལྡན་མིན་ཞེས་སུན་ཕྱུང་ནས། །བླ་མའི་གསུང་རྒྱུན་ཆོ་གར་གྱེར། །ཧ་ཅང་རྨོངས་ཞེན་མ་ལགས་སམ། །དོ་ཧ་མཛོད་གསུམ་གསང་བ་མཛོད། །གྲུབ་ཆེན་རྒྱ་གཞུང་མང་པོ་རྣམས། །སེར་བརྒྱབ་ཕྱག་ཆེན་


CMR051_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་མཛད་ནས། །རང་ལུས་ལྷན་ཅིག་སྐྱེས་དགའ་ཙམ། །ཕྱག་རྒྱ་ཆེན་པོར་བཞེད་ལགས་ན། །གསུམ་པའི་དོན་ནི་བཞི་པ་ལ། །གདམས་ཏེ་འཆད་པར་བྱེད་པ་ནི། །བདུད་ཀྱི་སློབ་དཔོན་ཡིན་ནོ་ཞེས། །དུས་འཁོར་སོགས་ལས་གསུངས་པ་དེ། །ཐོག་ཏུ་འབབ་དོགས་མ་མཆིས་སམ། །དཔེ་ཡི་ཡེ་ཤེས་མ་རྟོགས་པར། །དོན་གྱི་ཡེ་ཤེས་མི་རྟོགས་ན། །དཀར་པོ་རྣམ་གསུམ་མ་གཏོགས་པའི། །ས་པཎ་མན་ཆད་ས་སྐྱ་པའི། །འདུལ་འཛིན་དགེ་བའི་བཤེས་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་མ་རྟོགས་སམ། །ཡང་ན་སྡོམ་རྒྱུན་མ་དག་གམ། །དབང་བཞི་འགྲོས་ནི་ཁོ་ན་བས། །བླ་མེད་གསང་སྔགས་ཐེག་པ་ལས། །བྱང་ཆུབ་འགྲུབ་ཐབས་མ་མཆིས་ན། །གསང་སྔགས་ཐབས་མང་མི་འཐད་དམ། །འབར་བ་པ་ལས་སྔོན་བྱོན་པའི། །རྒྱ་གར་གྲུབ་ཆེན་མང་པོ་རྣམས། །འབིར་བའི་གསུངས་ལ་བསྟེན་ལགས་སམ། །ལས་དང་སོ་སོའི་སྐྱེ་བོ་ནི། །རིམ་འཇུག་ཆོ་ག་མ་གཏོགས་པ། །བླ་མེད་ལམ་གཞན་བཀག་ལགས་ན། །འགྲོ་མགོན་ས་པཎ་མན་ཆད་དུ། །རྣལ་འབྱོར་གྲུབ་ཐོབ་སློབ་དཔོན་དང་། །སྐལ་ལྡན་སློབ་མ་མི་འབྱུང་ངམ། །


CMR051_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན་ལྔ་བརྒྱ་ཐ་མ་ལ། །གསང་སྔགས་འབྲས་བུའི་ཆོས་དར་བར། །གསུངས་པ་དེ་ལ་འབྲས་མེད་དམ། །ཙཱ་རི་ཙཱ་རི་ཏྲ་མིན་གསུངས། །བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང་། །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི། །གསུངས་དང་འགལ་བ་མ་མཆིས་སམ། །ཏི་སེ་གངས་ཆེན་མིན་གསུངས་པ། །དེ་ཙམ་ཚིག་ལ་རྩོད་པ་ན། །བོད་ཀྱི་གངས་རི་ཐམས་ཅད་ཀུན། །རི་བོ་ཡིན་ལ་གངས་ཅན་ཡིན། །ཏི་སེའི་རྩེ་ལ་གངས་མེད་པར། །ཁྱོད་ཀྱིས་གཟིགས་ན་ངོ་མཚར་ཆེ། །མ་ཕམ་མ་དྲོས་མིན་གསུངས་པ། །ཡིན་ཡང་རུང་ལ་མིན་ཡང་རུང་། །མ་ཕམོ་དཔལ་ལྡན་ལྷ་མོ་ཡི། །བླ་མཚོ་ཡིན་པ་རྒྱུད་ནས་གསལ། །མ་དྲོས་དེ་བས་ལྷག་གམ་ཅི། །ཨོ་ལ་རིང་ཆ་མེད་གསུངས་ཀྱང་། །གུ་རུ་པདྨ་འབྱུང་གནས་དང་། །ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། །དུས་ཕྱིས་པཎྜི་ཏས་བསྒྱུར་བའི། །སྒྲ་ཡི་བསྟན་བཅོས་རྒྱས་པ་ལས། །ཨོྃ་ལ་འ་འདོགས་ཡོད་པར་གསུངས། །གསར་མའི་ལུགས་ལ་གཏོར་མ་ལ། །ཟུར་གསུམ་བཅའ་བ་མེད་གསུངས་པ། །རྡོ་རྗེ་གདན་པ་ཆེ་ཆུང་གིས། །བསྒྱུར་བའི་མགོན་པོའི་རྒྱུད་ཆེན་


CMR051_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །མ་གཟིགས་པ་ཡི་གསུང་དུ་སྣང་། །གཟའ་ལ་ཁྱབ་འཇུག་ཟེར་བ་ཡི། །ཚིག་དེ་འཁྲུལ་པར་གསུངས་ལགས་ཏེ། །ཡེ་ཤེས་མགོན་པོའི་རྒྱུད་ཆེན་ལས། །ཁྱབ་འཇུག་རྣམ་པ་གསུམ་དུ་གསུངས། །ལྷ་དང་ལྷ་མིན་གཟའ་དང་གསུམ། །མིང་གཅིག་དོན་ནི་སོ་སོར་བཤད། །གོ་བ་རྟོགས་པ་གཉིས་གསུངས་པ། །སངས་རྒྱས་ཆེ་བའི་ཡོན་ཏན་རྣམས། །ཐོས་ནས་གོ་བ་སྐྱེས་ཙམ་གྱིས། །སངས་རྒྱས་ཡོན་ཏན་ཐོབ་ལགས་སམ། །ཕྱེ་མ་ལེབ་ཀྱིས་ཁྱུང་ཆེན་ལ། །གཤོག་རྩལ་འགྲན་པ་མི་རིགས་ཀྱང་། །མི་འདྲ་བ་ཡི་གཏམ་བརྗོད་ན། །མི་རྟོགས་པ་ཡི་ཁ་འབྱུང་དཔེ། །གཞུང་ལུགས་རྒྱ་ཆེན་མ་བྱང་ཞིང་། །མཁས་པའི་མིང་སྙན་མ་ཐོབ་ཀྱང་། །བླ་མ་མཆོག་གི་ཐུགས་རྗེ་ཡིས། །རབ་འབྱམས་གསུང་ར་ཐམས་ཅད་ལ། །གོ་བའི་སྐྱ་རིས་འཆར་ཞིང་གདའ། །གཞུང་མང་བློ་ལ་མ་མཆིས་ཀྱང་། །མདོ་སྔགས་ཐེག་པ་ཆེ་ཆུང་ཀུན། །ཉམས་ལེན་ཐུན་གཅིག་ངང་དུ་འདུས། །མདོ་རྒྱུད་གཞུང་ལུགས་ཐམས་ཅད་ལ། །ལེགས་པར་བལྟས་ཞིང་བརྟགས་པས་ན། །སྒྲུབ་བརྒྱུད་འདི་ལ་དད་པ་འཕེལ། །ཐ་སྙེད་རྟོག་པའི་རི་མོ་ནི། །བདག་


CMR051_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བྲིས་ཀྱང་ཟད་པ་མེད། །དོན་ཆུང་སྐྱེ་འགྲིབ་བསྟན་བཅོས་ཀྱང་། །འཛམ་གླིང་ཀུན་ལ་གྲགས་ཆེ་ཞིང་། །ཐོས་བསམ་བྱེད་མཁན་མང་བྱུང་བ། །འཇམ་དབྱངས་ས་སྐྱ་པཎྜི་ཏའི། །གྲུབ་རྟགས་བླ་ན་མེད་པར་སྣང་། །རྒྱ་གཞུང་མང་པོར་སེར་བརྒྱབ་ནས། །བླ་མའི་གསུང་གིས་རྗེས་འབྲངས་ནས། །དཔལ་ལྡན་ས་སྐྱའི་རྗེས་འཇུག་རྣམས། །མོས་གུས་བླ་ན་མེད་པར་སྣང་། །གྲུབ་མཐའ་གཞན་ལུགས་འཛིན་རྣམས་ཀྱིས། །བསྟན་བཅོས་འདི་དག་མཐོང་ཙམ་གྱིས། །ཐེ་ཚོམ་དྲྭ་བ་གཅོད་པའི་ཕྱིར། །མདོ་རྒྱུད་གཞུང་ལུགས་རྒྱ་མཚོ་ལ། །ཐོས་བསམ་བརྩོན་པ་འཕེལ་བ་འདི། །ཐབས་མཁས་འགྲོ་དོན་བླ་ན་མེད། །བླ་མེད་སྡོམ་གསུམ་བསྟན་བཅོས་ལ། །ཕྱག་འཚལ་རྗེས་སུ་ཡི་རང་འབུལ། །ཞེས་པ་འདི་སྡོམ་གསུམ་རབ་དབྱེའི་འགྲེལ་ཆེན་བསོད་ནམས་སེང་གེས་འབྲས་ཡུལ་སྐྱེད་ཚལ་དུ་མཛད་པ་དེ་ལ་བལྟས་པས་ཡ་མཚན་ཆེ་བ་ཞིག་བྱུང་ནས་སྨྲས་སོ།། ༈ །།ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། སྡོམ་གསུམ་རྒྱུད་ལ་སྲུང་མཛད་བཀའ་དྲིན་ཅན། །དཔལ་ལྡན་བླ་མ་མི་འབྲལ་སྤྱི་བོའི་རྒྱན། །སྡོམ་གསུམ་རིམ་ཅན་བསྟན་པ་ལྟར་དུ་སྟེ། །མ་ངེས་འཆོལ་བར་


CMR051_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ལ་འགལ་མེད་དེ། །ཉི་མ་ཤར་བས་ཟླ་སྐར་མ་བཀག་བཞིན། །ལྷན་ཅིག་སྐྱེས་ཀྱང་མ་འདྲེས་སོ་སོའི་དཔེ། །ཉི་ཟླ་སྐར་མ་མཁའ་ལ་ཤར་བ་བཞིན། །གོང་མས་བསྲུང་བས་འོག་མས་མི་རྟོགས་པས། །ཟླ་སྐར་ནུབ་ཀྱང་ཉི་མས་མུན་སེལ་བཞིན། །དེ་ཡང་སོ་སོའི་སྐྱེ་བོས་བསྲུང་ཚུལ་ནི། །གཞན་ཕན་ཆེ་ཆུང་འགལ་ཚབ་ཆེ་ཆུང་སྤྱད། །དོན་ཆུང་འོག་མ་ཁྱད་དུ་བསད་པ་ན། །གོང་མའི་བདེ་གཤེགས་བཀའ་འདས་མཉམ་དུ་འབྱུང་། །དུས་ལ་བབ་ཀྱང་འོག་མའི་ཁྲིམས་བཅངས་ན། །འབྲས་བུ་མྱུར་དུ་ཐོབ་རྒྱུ་ཕྱིར་ལ་འགྱངས། །དེ་ཕྱིར་སྤྱོད་པ་ས་མཚམས་ཟིན་པ་གཅེས། །ངོ་བོ་མི་གཅིག་སོ་སོར་བཏང་བའི་ཚུལ། །ནཱ་རོས་བསླབས་པ་ཕུལ་བའི་རྣམ་ཐར་ལྟོས། །ཆགས་སོགས་ཉོན་མོངས་དྲག་པོ་ནམ་སྐྱེས་ཚེ། །སྤངས་བའི་སེམས་ཀྱིས་དེ་རྗེས་མི་འབྲང་བ། །སོ་སོ་ཐར་པའི་བསྲུང་བྱ་དེ་ཉིད་རང་། །དེ་ཡང་རང་དོན་མ་ཡིན་གཞན་དོན་དུ། །བྱང་ཆུབ་ཐོབ་ཕྱིར་ཡིན་པས་བྱང་སེམས་སྡོམ། །དེ་ཡང་ཐ་མལ་ལུས་ཀྱི་མ་ཡིན་ཏེ། །ཡི་དམ་ལྷ་ཡི་སྐུ་གསུང་ཐུགས་ཀྱིས་ནི། །དཀྱིལ་འཁོར་གསུམ་དང་ལྡན་ཕྱིར་རིག་འཛིན་སྡོམ། །དེ་ལྟར་


CMR051_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་གཅིག་ལ་གསུམ་ཀ་ཚང་། །རྒྱས་པར་སྤྲོ་ན་རྣམ་དབྱེ་བསམ་འདས་ཀྱང་། །ཉམས་སུ་ལེན་ན་དེ་ག་ཙམ་གྱིས་ཆོག །ཁྱད་པར་བསྲུང་མཚམས་བྲལ་བའི་དམ་ཚིག་ནི། །དགེ་དང་མི་དགེའི་རྟོག་པ་ཅི་ཤར་ཡང་། །ཆུ་རླབས་ཆུ་ལ་ཐིམ་པ་ཇི་བཞིན་དུ། །རང་གྲོལ་ཆོས་སྐུའི་ངང་དུ་རོ་གཅིག་པར། །སེམས་སྲུང་མཆོག་གི་བརྟུལ་ཞུགས་འདི་བརྟེན་ན། །སྤང་སེམས་བླང་སེམས་མང་པོ་སྦྱིན་པར་བུད། །མི་བསྲུང་བ་ཡི་བསྲུང་བ་ཆེན་པོར་གསུངས། །གཞན་གནོད་རང་འགག་ཡིན་པས་སོ་སོ་ཐར། །ཚེ་འདིར་མཆོག་གྲུབ་གཞན་ཕན་འཕྲལ་དུ་འོང་། །དོན་དམ་ཡི་དམ་ལྷ་དང་ངོ་བོ་གཅིག །སྒོ་གསུམ་རྡོ་རྗེ་གསུམ་སྟེ་རིག་འཛིན་མཆོག །འདི་འདྲ་སྒྲུབ་བརྒྱུད་མཆོག་གི་བཞེད་པ་སྟེ། །ཐོས་བསམ་དམན་ཀྱང་བྱིན་རླབས་སྟོབས་ཀྱིས་ཤར། །བསམ་བཞིན་བརྒྱུད་པ་འདི་ལ་ངེས་ཤེས་སྐྱེས། །བརྒྱུད་པའི་བྱིན་རླབས་བདག་དང་བརྒྱུད་འཛིན་ལ། །བྱིན་རླབས་སྟོབས་ཀྱིས་མྱུར་དུ་འཆར་བར་ཤོག །ཅེས་པའང་འཕྲལ་དུ་བྲིས།། ༈ །།བྷེ། འདས་པའི་སངས་རྒྱས་བདེ་གཤེགས་རིན་ཆེན་མང་། །མ་འོངས་སངས་


CMR051_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་རིན་ཆེན་གདུགས། །ད་ལྟར་རྣམ་པར་སྣང་མཛད་ཐུགས་ལས་སྤྲུལ། །བསླུ་མེད་སྐྱབས་ཀྱི་དམ་པའི་ཐུགས་དམ་བསྐང་། །གྲངས་མེད་གོང་ནས་མངོན་པར་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་ས་བརྒྱད་སེམས་དཔའི་ཚུལ། །ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱའི་བསྟན་པ་སྲུང་། །མགོན་པོ་ངལ་བསོ་པོ་ཡི་ཐུགས་དམ་བསྐང་། །ལྷ་ཡི་གནས་བསྲུང་ལྷ་མིན་གཡུལ་ངོ་ཟློག །གླིང་བཞི་གླིང་ཕྲན་ཀུན་གྱི་བདག་པོ་སྟེ། །གཏེར་ཆེན་བྱེ་བ་བརྒྱ་སྟོང་མངའ་བདག་པོ། །གཏེར་བདག་ལུས་ངན་པོ་ཡི་ཐུགས་དམ་བསྐང་། །རྒྱ་ནག་མ་ཧཱ་རཱ་ཛའི་དཀོར་སྲུང་མཛད། །བོད་དང་གྲུ་གུའི་རྒྱལ་པོས་ཁྱོད་མཆོད་པས། །བོད་དང་གྲུ་གུ་མི་དར་ལྷ་རུ་དར། །དཀོར་བདག་གནས་སྲུང་ཆེན་པོའི་ཐུགས་དམ་བསྐང་། །ཡབ་ནི་དབང་ཕྱུག་ཡུམ་ནི་ལྷ་མོ་དཔལ། །གར་མཁན་མཆོག་དང་ཛཾ་ལྷ་སེར་ནག་སོགས། །སྲས་དང་སྲས་མོ་ལྔ་བརྒྱ་ལྔ་བརྒྱ་རེ། །ཡབ་ཡུམ་སྲས་དང་བཅས་པའི་ཐུགས་དམ་བསྐང་། །མ་ཏྲག་བཞི་དང་པདྨའི་གཙུག་ཕུད་མ། །གནོད་སྦྱིན་མོ་བརྒྱད་སྲིན་པོ་ཆེན་པོ་བརྒྱད། །ཟས་གོས་ནོར་གྱི་ལྷ་མོ་མཆེད་གསུམ་སོགས། །


CMR051_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བདག་གནོད་སྦྱིན་མ་ཚོགས་ཐུགས་དམ་བསྐང་། །ནོར་ལྷ་མཆེད་བརྒྱད་ཀླུ་བརྒྱད་ཡུམ་དང་བཅས། །སྡེ་དཔོན་ཉེར་བརྒྱད་ཆོས་སྤྱན་སུམ་ཅུ་གཉིས། །ལྗོངས་གནས་བཅུ་དྲུག་ཡུལ་སྐྱོང་ལྔ་བརྒྱའི་ཚོགས། །བློན་པོའི་ཚོགས་དང་བཅས་པའི་ཐུགས་དམ་བསྐང་། །གནོད་སྦྱིན་འཁོར་ཚོགས་བྱེ་བ་བདུན་འབུམ་དང་། ། །ལྷ་ཀླུ་ལྷ་མིན་དྲི་ཟ་མིའམ་ཅི། །གཞན་གྱིས་མི་ཐུབ་དྲག་ཤུལ་སྟོབས་ལྡན་པའི། །སྡེ་ཆེན་དཔུང་དང་བཅས་པའི་ཐུགས་དམ་བསྐང་། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་བའི་རྫས། །གླིང་བཞི་རི་རབ་ལྷ་མིའི་ལོངས་སྤྱོད་ཚོགས། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །བློ་ཡིས་བླངས་དང་ཡིད་ཀྱིས་སྤྲུལ་ཏེ་འབུལ། །ཕྱི་ནང་གསང་བའི་རྟེན་སྒྲུབ་བསྐང་བའི་རྫས། །དཀར་གསུམ་མངར་གསུམ་འབྲུ་སྨན་རིན་པོ་ཆེ། །དམ་རྫ་ས་དཔལ་གྱི་གཏོར་ཆེན་འབར་བ་སོགས། །མཐུན་པའི་དམ་རྫས་དུ་མས་ཐུགས་དམ་བསྐང་། ། འགའ་འཁྲུལ་ཉམས་ཆག་གང་མཆིས་འགྱོད་པས་བཤགས། །ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །བདག་སོགས་འགྲོ་ཀུན་བསོད་ནམས་ཚོགས་རྫོགས་ཏེ། །


CMR051_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་མེད་རིན་ཆེན་གཏེར་ལ་མངའ་བརྙེས་ནས། །འཕགས་པ་མཆོད་དང་འགྲོ་བ་སྐྱོབ་པ་ལ། །བདེ་གཤེགས་རིན་ཆེན་མང་དང་མཉམ་པར་མཛོད། །ཅེས་པ་འདི་བླ་མ་རིན་པོ་ཆེ་རི་པ་བག་ཡོད་པས་རྟ་བཟང་པོས་མགོ་གཏད་དུ་འབུལ་བ་མང་པོ་དང་བཅས་རྐང་གཏད་མཇལ་དུ་བྱུང་དུས་རྣམ་སྲས་ཀྱི་བསྐང་ཐུང་གཏོར་ཆོག་ལ་སྦྱར་རྒྱུ་གཅིག་མཛོད་ལ་འགྲིམ་སུ་བྱུང་བ་ལ་བསྐུལ་བ་གལ་ཆེ་ཞེས་ནན་ཏན་མཛད་པས་བྲིས་པའོ།། ༈ །།མི་རྟག་པའི་མགུར་མ་བཞུགས། ན་མོ་གུ་རུ། སྤྲིན་མེད་ནམ་མཁའ་ལ་ཉི་ཤར་དང་། །ཟླུམ་རིས་པདྨ་ཁ་འབུས་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །ཉི་མས་གླིང་བཞི་བསྐོར་དུ་འགྲོ། །མེ་ཏོག་ལྷ་ཡི་དྲུང་དུ་འགྲོ། །བླ་མས་ཉམས་ཁྲིད་འཆད་པ་དང་། །སློབ་མས་རྟོགས་པ་སྐྱོང་བ་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །བླ་མ་མི་རྟག་ཞིང་ལ་གཤེགས། །སློབ་མ་རི་ཁྲོད་དབེན་པར་འགྲོ། །བཀྲག་མཛེས་མེ་ཏོག་ཚལ་རྒྱས་དང་། །བུང་བས་སྦྲང་རྩི་ལེན་པ་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །མེ་ཏོག་དུས་ཀྱི་བ་མོས་བཅོམ། །བུང་བ་བུང་ཚང་ནང་དུ་འཁུམ། །དད་ལྡན་སྡེ་ཡི་འབྱོར་པ་དང་། །འགྲོ་དོན་འབྲེལ་པ་འཇོག་པ་གཉིས། །


CMR051_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །འབྱོར་པ་མི་རྟག་གཞན་གྱིས་ཁྱེར། །བླ་མ་ཡུལ་ཁམས་གཞན་དུ་དེང་། །སྡོང་གྲུ་བཟང་པོ་སྐྱོན་མེད་དང་། །མཉན་པས་ཆུ་ལས་སྒྲོལ་བ་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །སྡོང་གྲུ་ཆུ་ཡི་འགྲམ་ན་ལུས། །མཉན་པ་རང་གི་ཁྱིམ་དུ་འགྲོ། །དལ་འབྱོར་སྐྱོན་མེད་ཐོབ་པ་དང་། །བླ་མས་དབང་ཁྲིད་བསྟན་པ་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །དལ་འབྱོར་མི་ལུས་སྒྱུར་ནས་འགྲོ། །བླ་མ་ཞིང་ཁམས་གཞན་དུ་གཤེགས། །མཁའ་ལ་ཤར་བའི་འཇའ་ཚོན་དང་། །བྱིས་པ་དགའ་ནས་བལྟ་བ་གཉིས། །གནས་སྐབས་འབྲེལ་བ་ཡད་ཡུད་ཙམ། །འཇའ་ཚོན་མི་རྟག་ཡལ་ནས་འགྲོ། །བྱིས་པ་བསམ་མེད་ཨ་ཐང་ཆད། །བདེ་གསལ་མི་རྟོག་ཉམས་བཟང་དང་། །སྒོམ་ཕྲུག་ང་རྒྱལ་སྐྱེ་བ་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །ཉམས་བཟང་མི་རྟག་ཡལ་ནས་འགྲོ། །བསྒོམ་བོར་བསམས་ནས་སྡུག་བསྔལ་བྱེད། །བྲག་རི་བཙན་པོའི་རྒོད་ཚང་དང་། །རྒོད་ཕྲུག་ཤ་ཡིས་གསོ་བ་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །


CMR051_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཕུག་རང་མལ་སྟོང་པར་གདའ། །རྒོད་ཕྲུག་ནམ་འཕང་གཅོད་དུ་འགྲོ། །རྩེ་གཅིག་སྒྲུབ་པའི་རི་ཁྲོད་དང་། །ཉམས་ལེན་སྐྱོང་བའི་སྒོམ་ཆེན་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །རི་ཁྲོད་ཕལ་ཆེར་སྟོང་པར་ལུས། །སྒོམ་ཆེན་འགྲོ་དོན་སྐྱོང་དུ་འགྲོ། །སྟོན་པས་བྱིན་རླབས་དུས་ཆེན་དང་། །དད་ལྡན་བསོད་ནམས་བསོགས་པ་གཉིས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །དུས་ཆེན་མི་རྟག་ཚེས་གྲངས་འཕོ། །ཚོགས་ཞིང་དགེ་འདུན་གཞན་དུ་གཤེགས། །མི་རྟག་འགྱུར་ཚུལ་འདི་གོ་ན།། མི་ལུས་ཐོབ་ཅིང་བླ་མ་བསྟེན། །དབང་ལུང་ཁྲིད་ཀྱི་ཆར་འབེབས་དུས། ཉམས་སུ་མི་ལེན་སྲིད་ལགས་སམ། །ཞེས་པ་སྟོན་པ་ལྷ་བབ་ཀྱི་དུས་དང་ཟླ་བ་གཟའ་འཛིན་འཛོམ་ནུབ། སྟག་ལུང་པའི་དགེ་བཤེས་དཔོན་སློབ་དྲུག་ཙམ་ཕེབས་བྱུང་འགྱུར་ཤིན་ཏུ་ཆེ་བསམས་ནས་བཀུར་སྟི་གང་འགྲུབ་བར་བྱས་དུས་སེམས་ཚིམས་ནས་སྨྲས་སོ།། ༈ །།ཀྱེ་མ་ཧོ། ཁར་སང་དཔྱིད་ཀའི་ས་གཞི་ནག་འབོལ། །མི་རྟག་དབྱར་ཁའི་དུས་ལ་སླེབ་སོང་། །དབྱར་ཁའི་སྤང་ལྗོངས་མེ་ཏོག་གླིང་དེར། །མི་རྟག་སྟོན་ཁའི་དུས་ལ་སླེབ་སོང་། །སྟོན་ཁའི་འབྲུ་བཅུད་ཤིང་ཏོག་སྣ་


CMR051_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །མི་རྟག་དགུན་ཁའི་དུས་ལ་སླེབ་སོང་། །དགུན་ཁའི་ཆབ་རོམ་ཆུ་བོའི་སྦུབ་ཆུད། །མི་རྟག་དཔྱད་ཁའི་དུས་ལ་སླེབ་སོང་། །དུས་བཞི་མི་རྟག་འགྱུར་ཚུལ་འདི་མཐོང་ནས། །སྐྱེ་རྒ་ན་འཆི་སྡུག་བསྔལ་དེ་དྲན་ནོ། །མཐོང་ཚད་དགའ་བའི་སྐྱེས་ཕྲུག་ནི་སྣུམ་རིལ། །བསམ་ལུས་རྫོགས་པའི་མི་གཞོན་དུ་གྱུར་སོང་། །ལུས་རྩལ་ལྡན་པའི་སྐྱེས་ཕྲན་ནི་དར་མ། །བཅོས་ཤིང་འཁོགས་པའི་རྒན་རྒོན་རུ་གྱུར་སོང་། །ནད་མེད་ཟས་གོས་ལ་བསམ་བློ་བཏང་བསྡོ། །ཡི་ག་ཆུ་ལས་མེད་པའི་ནད་པ་རུ་གྱུར་ཏོ། །གཅེས་ཤིང་འཕངས་བའི་སྒྱུ་ལུས་ཀྱི་བེམ་པོ། །བདག་མེད་བྱ་ཁྱི་གཅན་གཟན་གྱིས་ཟའོ། །ཤར་རིའི་རྩེ་ནས་བྱོན་པའི་སྤྲིན་མེད་ཀྱི་ཉི་མ། །ཡུད་ཙམ་མི་བཞུགས་ནུབ་རིའི་རྩེ་ལ་གཤེགས་པས། །གྲིབ་སོ་ནག་པོ་ཁོ་ཚུར་བཅར་ནི་བྱུང་ངོ་། །ཐོབ་དཀའི་མི་ལུས་རིན་ཆེན་འདི་ཐོབ་ཀྱང་། །ཚེ་འདི་ཡུད་ཙམ་མི་སྡོད་འཆི་བ་ལ་བསྙགས་པས། །འཆི་བདག་གཤིན་རྗེ་ཁོ་ཇེ་ཉེ་ལ་བཅར་ནི་བྱུང་ངོ་། །ངེས་པར་འཆི་བ་འདི་སྙིང་ནས་རང་དྲན་པས། །འཆི་ཆོས་ཀྱི་དྲན་ཤོམ་གཅིག་རན་ནི་གདའ་ཨང་། །སྡོམ་པ་དམ་ཚིག་འདི་


CMR051_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལྟར་བསྲུང་དང་། །སྒྱུ་ལུས་གཡར་པོ་ཁོ་ཞིག་ཀྱང་འགྱོད་པ་མེད་དོ། །ཉམས་ལེན་བསྐྱེད་རྫོགས་ལ་ཨུ་ཚུག་གཅིག་བྱེད་དང་། །འཆི་བདག་བདུད་པོ་ཁོ་བྱུང་ཡང་འགྱོད་པ་ནི་མེད་དོ། །ཞེས་པ་ཉི་མ་དྲོན་པོ་གཅིག་བྱུང་ཡང་དགོང་ཁ་རེད་ནས་གྲིབ་སོ་ནག་ངོམ་མེར་བྱུང་བས། མི་རྟག་འཆི་བ་དྲན་ཏེ་སེམས་སྐྱོ་ལྷང་གིས་བྱུང་བ་ལ་བརྟེན་ནས་སྨྲས་སོ།། ༈ །།ན་མོ་གུ་རུ་ཧཱ་སྱ་བཛྲ་ཡེ། འཇིག་རྟེན་ཆོས་ཀྱིས་མ་གོས་པའི། །མི་ལ་རས་ཆེན་ཞབས་ལ་འདུད། ། །དེང་སང་སྙིགས་མ་ལྔ་ཡི་དུས། །དམ་ཆོས་ལམ་དུ་འགྲོ་བ་དཀའ། །སྒྲིག་དང་རྣམ་བཞག་ཆོས་སྤྱོད་ཀྱང་། །སྤྱི་པའི་ཁྲལ་དུ་མཐོང་བ་ལ། །མགོ་ཐང་ཏ་ཡན་བློ་རེ་བདེ། །གདན་ས་དགོན་སྡེ་བསྐྱངས་དྲན་ཡང་། །རྔམ་ཆེན་སྡིག་དང་འདྲེས་པ་མང་། །སྐྱོང་དགོས་མེད་པར་བློ་རེ་བདེ། །བླ་ཆེན་བཟང་པོའི་དབང་བཟུང་ཡང་། །ཐུགས་ཕོག་དམ་ཚིག་ཆག་པ་མང་། །མི་རྩིས་མེད་པས་བློ་རེ་བདེ། །མཁས་འདོད་མཁས་མིང་ཐོག་པ་ཡང་། །ཆོས་སྤངས་སྡིག་པ་སོག་པ་མང་། །མཁས་མིང་མ་ཐོབ་བློ་རེ་བདེ། །རྩ་རླུང་རས་རྐྱང་ཐུབ་པ་ཡང་། །བྱི་ཕྲུག་ཕ་རུ་གྱུར་པ་མང་། །རྟོགས་ལྡན་མིན་པ་བློ་རེ་བདེ། །


CMR051_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཆེན་ནུས་པ་ལྡན་པ་ཡང་། །དོན་ཆུང་མི་སྡིག་ཁུར་བ་མང་། །དམའ་ས་བཟུང་བས་བློ་རེ་བདེ། །རྟོགས་པ་མཐོ་བའི་སྒོམ་ཆེན་ཡང་། །སྤྱོད་པ་འབྱོལ་ཉོག་བྱེད་པ་མང་། །ཚུལ་ཁྲིམས་བསྲུངས་བས་བློ་རེ་བདེ། །སྡོམ་པ་བསྲུང་སྡོམ་བཙུན་ན་ཡང་། །སེམས་ལ་རྫུ་མ་ཕོག་པ་མང་། །རང་ངོ་འཕྲོད་པ་བློ་རེ་བདེ། །མི་ཚེར་ཉམས་ལེན་བསྐྱངས་ན་ཡང་། །བདེ་གསལ་ཉམས་ལ་ཆགས་པ་མང་། །ངོ་བོ་མཐོང་བས་བློ་རེ་བདེ། །མི་ཚེར་བསྙེན་སྒྲུབ་རེམས་ན་ཡང་། །ཨ་འཐས་ཐེར་ཟུག་བསྒོམ་པ་མང་། །བསྐྱེད་རྫོགས་ཟུང་འཇུག་བློ་རེ་བདེ། །འགྲོ་དོན་གདུལ་བྱ་བསྐྱངས་ན་ཡང་། །དབང་ལུང་ཚོང་ཟོག་བྱེད་པ་མང་། །ཟང་ཟིང་མི་བསམ་བློ་རེ་བདེ། །གདུལ་བྱ་འདུ་ལོང་ཆེ་ན་ཡང་། །ཁུར་ཚ་ལྗི་མོ་འོང་བ་མང་། །འཛིན་ཆགས་མེད་པས་བློ་རེ་བདེ། །ཆོས་སྤྱོད་བསྔོ་བ་སྨོན་ལམ་ཡང་། །དངོས་འཛིན་དུག་དང་བཅས་པ་མང་། །འཁོར་གསུམ་ཡོངས་དག་བློ་རེ་བདེ། །ཉམས་ལེན་བསྐྱངས་བ་མང་ལགས་ཀྱང་། །འདི་བསྒོམ་གཏད་སོ་འཛིན་པ་མང་། །མ་བཅོས་སོ་མ་བློ་རེ་བདེ། །ཕྱི་རོལ་སྣང་བ་སྣ་


CMR051_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འདི། །ཐ་མལ་དབང་དུ་ཤོར་བ་མང་། །སྣང་སྟོང་རོ་གཅིག་བློ་རེ་བདེ། །བདེ་བ་མང་བའི་དབྱངས་ཆུང་འདི། །གསུང་པ་ན་བའི་ནད་ཕན་ཅིང་། །ལུས་བདེ་སེམས་ལ་བདེ་ཉམས་སྐྱེས། །དེ་ཚེ་ཉམས་མཚར་ཡི་གེར་བྲིས། །བདག་དང་སློབ་མ་བརྒྱུད་པར་བཅས། །བདེ་སྟོང་ཕྱག་ཆེན་རྟོགས་པར་ཤོག། ༈ །།ན་མོ་གུ་རུ་པྲ་ཝཱ་ཀ་ར་ཡེ། སྣང་བ་མཐའ་ཡས་ཆོས་སྐུའི་མཁའ་ལམ་ནས། །པདྨ་འབྱུང་གནས་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། ་།སྤྲུལ་པའི་འོད་ཀྱིས་བསྟན་འགྲོའི་མུན་སེལ་བ། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དངོས་ཆོས་རྒྱལ་ཁྲི་སྲོང་མཚན། །སྤྲུལ་པའི་རྒྱལ་ཚབ་ལྷ་སྲས་བོད་ཀྱི་རྗེ། །སྐྱེས་རྒྱུད་ཕྲེང་བས་བསྟན་པའི་སྲོག་འཛིན་པ། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །བཤད་པའི་སྲོལ་འཛིན་ཁུ་སྟོན་གཡུང་དྲུང་མཚན། །རྩོད་མེད་གྲུབ་ཐོབ་སྲས་སྡོང་སྒོམ་པ་སོགས། །ཐུབ་བསྟན་ལུང་རྟོགས་བསྟན་པ་སྤེལ་མཛད་པ། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །རཏྣ་བཛྲ་རིན་ཆེན་ཕུན་ཚོགས་སོགས། །སྐྱེ་བ་དུ་མར་སྐྱོབ་པ་འབྲི་གུང་


CMR051_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རིགས་སུ་འཁྲུངས་པའི་བསྟན་པའི་བདག་པོ་མཆོག །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་པ། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །རིག་པའི་གནས་ལྔ་མཁས་པའི་པཎྜི་ཏ། །རྫུ་འཕྲུལ་ཐོགས་མེད་སྟོན་པའི་གྲུབ་ཐོབ་མཆོག །དུས་གསུམ་སྒྲིབ་མེད་མཁྱེན་པའི་མངོན་ཤེས་ཅན། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །སྡེ་སྣོད་གསུམ་ལ་མཁས་པའི་སྡོམ་བརྩོན་མཆོག །རྩ་རླུང་ལས་སུ་རུང་བའི་རྣལ་འབྱོར་པ། །ཚར་གཅོད་རྗེས་འཛིན་ནུས་པའི་རིག་སྔགས་འཆང་། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །རྩ་གསུམ་ལྷ་ཚོགས་ནམ་མཁའི་སྐར་ལྟར་གཟིགས། །དབང་བསྐུར་བྱིན་རླབས་གདམས་པ་དངོས་སུ་གསན། །སྙིགས་དུས་པད་འབྱུང་གཉིས་པ་འགྲོ་བའི་མགོན། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཁྱད་པར་ཟབ་ཆོས་དགོངས་པ་འདུས་པ་ཡི། །དབང་ལུང་གདམས་པ་བདག་ལ་བསྐུར་མཛད་ཅིང་། །བར་ཆད་མེད་པའི་བཀའ་བསྒོ་དགོངས་གཏད་མཛད། །དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་དང་མ་རྒན་སེམས་


CMR051_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི། །ལུས་དང་ལོངས་སྤྱོད་དགེ་བའི་རྩ་བར་བཅས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཡི། །ཡིད་ཀྱིས་དམིགས་ཏེ་ཁྱེད་ཀྱི་སྤྱན་སྔར་འབུལ། །མགོན་ཁྱེད་སྐུ་གསུམ་ཞིང་ཁམས་གར་བཞུགས་ཀྱང་། །ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ནས། །བདག་སོགས་གདུལ་བྱར་གྱུར་པའི་འགྲོ་བ་ལ། །ཐུགས་རྗེའི་སྤྱན་གྱིས་འབྲལ་མེད་གཟིགས་སུ་གསོལ། །ཁྱད་པར་སྐྱོབ་པ་འཇིག་རྟེན་མགོན་པོ་ཡི། །རིགས་རྒྱུད་ཕྲ་ཞིང་བསྟན་པ་ཉམ་དམའ་ལ། །ཐུགས་རྗེས་གཟིགས་ཏེ་སྐྱུ་རའི་རིགས་འཁྲུངས་ནས། །སྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་སྦར་དུ་གསོལ། །སྔོན་ནས་ཉིད་ཀྱིས་བདག་བཟུང་བོད་འབངས་རྣམས། །ཉམ་ཐག་སྙིང་རྗེའི་གནས་སུ་གྱུར་ལ་གཟིགས། །སྟོབས་བཅུ་མངའ་ཁྱེད་ཐུགས་རྗེའི་རྩལ་ཕྱུང་ལ། །བོད་ཁམས་སྐྱོང་བའི་ཆོས་རྒྱལ་མཛད་དུ་གསོལ། །ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་དང་། །པདྨས་བཀའ་བསྒོས་ལུང་བྱང་རྗེས་དགོངས་ལ། །བོད་ཁམས་སྐྱོང་བའི་རྒྱལ་པོར་སྐུ་སྤྲུལ་ནས། །བསྟན་འགྲོའི་དོན་ཆེན་མཛད་པའི་དུས་ལ་བབ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་བྱིན་རླབས་དང་། །རྩ་


CMR051_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དཀྱིལ་འཁོར་རབ་འབྱམས་ཐུགས་རྗེ་ཡིས། །རྒྱལ་བ་ཆོས་ཀྱི་གྲགས་པ་སྤྲུལ་པའི་སྐུ། །གངས་ཅན་ལྗོངས་འདིར་མྱུར་དུ་འབྱོན་པར་ཤོག །ཅེས་པ་འདི་བདག་གི་རྨི་ལམ་དུ། ཉི་མ་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་གཟས་ཟིན་ཏེ་ནུབ་པ་ཞིག་རྨིས་པས། དེ་དུས་ཚོད་ཙམ་ལ་རྗེ་འབྲི་གུང་པ་ཆེན་པོ་ཞིང་ཁམས་སུ་བྱོན་པར་སྣང་། རྗེ་དེ་ཡི་མཆོད་བསྔོའི་རྟེན་དྲིན་ཅན་ལྷོ་པ་སྤྲུལ་པའི་སྐུའི་ཕྱག་ནས་གནང་སྦྱིན་ཇ་ནོམས་པ་ཕེབས་པས། མཆོད་བསྔོ་དང་གསོལ་འདེབས་འདྲ་བྱས་རུང་། རྒྱལ་བ་འབྲི་གུང་པ་དེ་ཡང་ཡང་དྲན་ཞིང་། ལྷོ་རིན་པོ་ཆེ་ཐུགས་ནད་ཆེ་དེ་བ་དེ་ཡང་དྲན་ནས། རང་ཡང་མྱ་ངན་གྱི་ཟུག་རྔུ་ཆེ་བར་བྱུང་། དེ་ནས་མཚམས་ཁུང་དུ་དགོངས་པ་ཡང་ཟབ་ཀྱི་དཔེ་ལ་བལྟས་པས་རྟེན་འབྲེལ་གྱི་གནད་གཅིག་གིས་བདག་གིས་གསོལ་བ་བཏབ་ན་ཐུགས་རྗེས་གཟིགས་པ་འཇུག་པ་དང་ཐུགས་རྗེས་བཟུང་རྒྱུ་ཞིག་འདྲའོ་སྙམ་ནས་བྲིས་སོ།། ༈ །། ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། ཕ་མཁྱེན་ནོ་ཆོས་ཀྱི་དབང་ཕྱུག་མཁྱེན། །ཕ་མཁྱེན་ནོ་བཛྲ་དྷཅུ་མཁྱེན། །ཕ་མཁྱེན་ནོ་གྲགས་པ་མཆོག་དབྱངས་མཁྱེན། །སེམས་བརྩེ་བའི་རྡོ་རྗེ་སྤྱན་ཚོགས་འགའ། །ད་རིམ་པ་བཞིན་དུ་བྱོན་ནས་སོང་། །ཆོས་འབྲེལ་ཐོབ་ཀྱི་བླ་མ་རྣམ་རོལ་པ། །དེ་སྔར་ནས་དག་པའི་ཞིང་དུ་གཤེགས། །གྲོགས་ཆོས་འབྲེལ་ཡོད་པའི་


CMR051_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྡན་མཚན། །དེ་དགའ་ལྡན་གནས་སུ་བྱོན་ནས་སོང་། །བུ་སྙིང་ལ་བརྩེ་བ་གྲགས་པའི་མཚན། །དེ་བདེ་ཆེན་ཞིང་དུ་བྱོན་ནས་སོང་། །ཆོས་འབྲེལ་ཡོད་ཀྱི་བླ་མ་གུ་རུ་པ། །ཁོང་དག་པའི་ཞིང་དུ་བྱོན་ནས་སོང་། །ཆོས་འབྲེལ་ཡོད་ཀྱི་སྤྱན་ཚོགས་དགེ་ལེགས་པ། །ཁོང་རྔ་ཡབ་ཀྱི་གནས་སུ་བྱོན་ནས་སོང་། །ཆོས་སྤྱན་གྱི་བླ་མ་བསམ་གཏན་མཚན། །སྐུ་མི་རྟག་དབྱིངས་སུ་གཤེགས་ནས་སོང་། །རིགས་ཆོས་སྤྱན་གྱུར་ཀརྨ་མི་མཆོག་པ། ཁོང་ད་ཞག་མྱ་ངན་འདས་ཞེས་ཐོས། །སེམས་མྱ་ངན་གྱིས་ཟིན་ཏེ་ཕན་པ་མེད་། །ད་རེས་མོས་འདི་བདག་ལ་ནམ་འབབ་ཨང་། །སེམས་རྟག་འཛིན་ཅན་གྱི་ཆགས་མེད་ཁྱོད། །ཡུན་རིང་པོའི་གྲབ་ཤོམ་མ་འདིང་བར། །སེམས་ཉམས་ལེན་ལ་རྩེ་གཅིག་སྒྲིམ་རེ་རན། །ཁོང་འཕགས་པ་དང་སོ་སྐྱེ་ཐམས་ཅད་ཀྱིས། །རྒྱུ་ཚོགས་གཉིས་བསགས་ལ་རྗེས་ཡི་རང་། །སེམས་ཡི་རང་ལས་བྱུང་བའི་དགེ་བ་དང་། །ཁོང་བླ་མ་ཀརྨ་མི་མཆོག་པས། །དུས་གསུམ་དུ་བསགས་པའི་དགེ་རྩ་དེ། །དཔལ་ཀུན་བཟང་མཆོད་པའི་སྤྲིན་གྱུར་ནས། །སྐྱབས་པད་འབྱུང་ལ་མཆོད་པའི་རྫས་སུ་བསྔོ། །དེ་བསྔོས་


CMR051_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དགེ་བ་གང་ཐོབ་དེས། །མ་འགྲོ་དྲུག་རྣམ་མཁྱེན་ཐོབ་པར་ཤོག །དེ་ཀུན་གྱི་དགེ་རྩ་གཅིག་བསྡུས་སྟེ། །གྲོགས་སྤུན་ཚོགས་ཀརྨ་མི་མཆོག་གིས། །ཐུགས་ཤེས་རྒྱུད་ལ་ད་ལྟ་ཉིད་སྨིན་ནས། །མར་རིགས་དྲུག་འཁོར་བའི་ལམ་བཀག་སྟེ། །གནས་ཟངས་མདོག་དཔལ་རི་རྩེ་མོ་རུ། །རྗེ་ཨོ་རྒྱན་དངོས་དང་ཞལ་མཇལ་ཏེ། །ཡབ་ཁུ་བོ་རྣམས་དང་ལྷན་ཅིག་ཏུ། །ཆོས་བླ་མེད་གསང་སྔགས་ཉམས་བླངས་ཏེ། །ལུས་དེ་ལ་རིག་འཛིན་མཆོག་ཐོབ་ཤོག །གཞི་གདོད་ནས་སྐྱེ་བ་མེད་པ་དང་། །ལམ་རྟེན་འབྲེལ་བསླུ་བ་མེད་པ་དང་། །རྗེ་པད་འབྱུང་ཐུགས་རྗེ་ཚད་མེད་མཐུས། །བདག་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག །ཅེས་པ་བླ་མ་ཀརྨ་མི་མཆོག་ཞིང་བརྗེས་སོ་ཐོས་པ་ལ་བརྟེན་ནས་མཆེད་གྲོགས་སྔར་འདས་པ་ཐམས་ཅད་ཀྱང་དྲན་མི་རྟག་པའི་སེམས་སྐྱོ་ཤས་དྲག་པོ་ཞིག་སྐྱེས་ནས་སྨྲས་སོ།། ༈ །།ན་མོ་ལོ་ཀི་ཤྭ་ར་ཡེ། སངས་རྒྱས་ཀུན་བས་སྔོན་དུས་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་སེམས་དཔའ་ཉེ་སྲས་ཚུལ། །གོས་སྔོན་འཆང་བའི་ཁྲོ་བོ་རྡོ་རྗེ་འཛིན། །གྲགས་པ་མཆོག་དབྱངས་ཞབས་ལ་གསོལ་བ་འདེབས། །བླ་མེད་སྔགས་ཀྱི་སྟོན་པ་རྡོ་


CMR051_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་། །སངས་རྒྱས་ཀུན་གྱི་བདག་པོ་ཁྲོ་བོའི་རྗེ། །སྡེ་བརྒྱད་དྲེགས་པ་ཐམས་ཅད་འདུལ་བའི་གཉེན། །གྲགས་པ་མཆོག་དབྱངས་ཞབས་ལ་གསོལ་བ་འདེབས། །གང་གའི་བྱེ་སྙེད་རྒྱལ་བ་ཐམས་ཅད་ཀྱིས། །མཐུ་སྟོབས་བདག་པོར་དབང་བསྐུར་རྡོ་རྗེ་བྱིན། །དུས་གསུམ་རྒྱལ་བ་ཀུན་གྱི་བསྟན་སྲུང་བ། །གྲགས་པ་མཆོག་དབྱངས་ཞབས་ལ་གསོལ་བ་འདེབས། །སླར་ཡང་མི་ལས་འདས་ཀྱང་མི་གཟུགས་ཀྱིས། །རྗེ་འབངས་དཔལ་གྱི་དབང་ཕྱུག་ཞི་བ་འོད། །རིམ་པར་སྐྱེས་རབས་ཕྲེང་བ་ཚར་དངར་བ། །གྲགས་པ་མཆོག་དབྱངས་ཞབས་ལ་གསོལ་བ་འདེབས། །རིགས་གསུམ་མགོན་པོ་ངོ་བོ་དབྱེར་མེད་ཕྱིར། །འབྲོམ་གྱི་སྤྲུལ་པ་གྲགས་པའི་མཚན་ཅན་བདུན། །འབྱུང་བར་ལུང་བསྟན་ཇི་བཞིན་སྤྲུལ་པའི་སྐུ། །མྱུར་དུ་བྱོན་ནས་བོད་ཁམས་མུན་སེལ་གསོལ། །ཤཱཀྱའི་བསྟན་པ་དར་རྒུད་ལན་གསུམ་འབྱུང་། །དེ་ཚེ་རིགས་གསུམ་མགོན་པོས་གསོ་བར་བྱེད། །འོད་དཔག་མེད་ཀྱིས་བྱིན་རླབས་ལུང་བསྟན་ལྟར། །བསྟན་པ་གསོ་ཕྱིར་སྤྲུལ་སྐུ་མྱུར་འབྱོན་གསོལ། །དེ་ཡང་གཞན་སྣང་དྲི་མས་མ་གོས་པར། །རྡོ་རྗེ་གཏུམ་པོ་ཡིན་ལ་ཡིན་


CMR051_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །བར་ཆད་བདུད་དཔུང་ཐམས་ཅད་འཇོམས་པ་དང་། །བཤད་སྒྲུབ་བསྟན་པའི་ཉི་འོད་བརྡལ་དུ་གསོལ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་བྱིན་རླབས་དང་། །ཡི་དམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །རྒྱལ་ཚབ་མཆོག་གི་སྤྲུལ་སྐུ་མྱུར་བྱོན་ནས། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོ་འཕེལ་བ་དང་། །འགྲོ་ལ་ཕན་བདེ་རྒྱ་མཚོ་འབྱུང་གྱུར་ཅིག །རྒྱལ་ཚབ་རིན་པོ་ཆེ་དྲན་ནས་གདུང་ཤུགས་དྲག་པོ་ག་གློ་བུར་དུ་སྐྱེས་ཏེ་གསོལ་བ་བཏབ་པའོ།། ༈ །།ཨེ་མ་ཧོ། བློ་ཁྱེད་ཤེས་ཀྱི་ལིང་བསྐྱུར་ནུབ་པ་ན། །བསླུ་མེད་ཀྱི་སྐྱབས་གནས་དཀོན་མཆོག་བཞུགས། །རྒྱབ་རྟེན་འདི་བཟང་བས་ང་རེ་སྐྱིད། །སེམས་གདུང་ཤུགས་ཀྱི་གསོལ་བ་འདེབས་ནུས་ན། །བྱིན་རླབས་ཀྱི་གཏེར་མཛོད་བླ་མ་བཞུགས། །ཅི་བྱས་ཀྱང་ཆོས་སུ་འགྲོ་བས་སྐྱིད། །བསྐྱེད་རིམ་དང་བསྙེན་སྒྲུབ་འབད་ནུས་ན། །དངོས་གྲུབ་ཀྱི་གཏེར་མཛོད་ཡི་དམ་བཞུགས། །མཆོག་ཐུན་གཉིས་འགྲུབ་པས་ང་རེ་སྐྱིད། །སྣང་སྟོང་གི་ང་རྒྱལ་སྟོན་ནུས་ན། །དཀྱིལ་འཁོར་གྱི་གཏེར་མཛོད་རང་ལུས་བཞུགས། །ཐིག་ཚོན་ཡང་


CMR051_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་ང་རེ་སྐྱིད། །བྱིན་རླབས་ཀྱི་དམིགས་རིམ་གསལ་ནུས་ན། །ཚོགས་འཁོར་གྱི་གཏེར་མཛོད་བཟའ་བཏུང་བཞུགས། །ཚོགས་ཞོར་ལ་རྫོགས་པས་ང་རེ་སྐྱིད། །མ་བཅོས་ཀྱི་རང་བབས་སྐྱོངས་ནུས་ན། །ཆོས་སྐུའི་གཏེར་མཛོད་སེམས་ཉིད་བཞུགས། །འབྲས་བུ་འདི་རང་ཆས་ང་རེ་སྐྱིད། །མ་ཡེང་གི་ཏིང་འཛིན་གསལ་ནུས་ན། །ཕོ་ཉའི་གཏེར་མཛོད་དམིགས་རིམ་བཞུགས། །དངོས་རྟགས་རང་ཐོན་པས་ང་རེ་སྐྱེད། །མཆོད་བསྟོད་དང་བསྐང་གསོ་བརྩོན་ནུས་ན། །ཕྲིན་ལས་ཀྱི་གཏེར་མཛོད་ཆོས་སྐྱོང་བཞུགས། །ཞེས་པ་འདི་བསྒྲུབ་པར་དཀའ་བའི་དོན་གཅིག་འགྲུབ་པར་ཡིད་དགའ་ནས་སྨྲས་སོ།། ༈ །།ན་མོ་མ་ཧཱ་ཀཱ་ལ་ཡེ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །ཕྲིན་ལས་དྲག་པོའི་སྐུར་བཞེངས་ནས། །གདུལ་དཀའི་འགྲོ་བ་འདུལ་མཛད་པ། །ཡེ་ཤེས་མགོན་པོ་བེར་ནག་ཅན། །ལེགས་ལྡན་མ་ནིང་ཕྱག་བཞི་པ། །སེང་གེའི་གདོང་ཅན་ལ་སོགས་པ། །ཕོ་རྒྱུད་མགོན་པོའི་ཐུགས་དམ་བསྐང་། །མོ་རྒྱུད་ལྷ་མོའི་ཐུགས་དམ་བསྐང་། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དེང་སང་སྙིགས་མ་ལྔ་བརྒྱའི་


CMR051_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དུས། །སངས་རྒྱས་བསྟན་པ་དར་བ་དང་། །བསྟན་འཛིན་དབུ་འཕང་མཐོ་བ་དང་། །བདག་དང་སློབ་མ་བརྒྱུད་པར་བཅས། །བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ། །བསླབ་གསུམ་བརྒྱན་གྱིས་རབ་མཛེས་ཤིང་། །བསྐྱེད་རྫོགས་གཉིས་ལ་བརྟན་ཐོབ་ནས། །ཚེ་གཅིག་སངས་རྒྱས་འགྲུབ་པར་མཛོད། །ཁྱད་པར་ལུས་རྟེན་འདི་ཉིད་ཀྱིས། །བསྟན་པ་དང་ནི་འགྲོ་བའི་མགོན། །རླབས་ཆེན་འགྲུབ་པའི་ཕྲིན་ལས་མཛོད། །ཁྱེད་རྣམས་ཐུགས་དམ་ཞལ་བཞེས་དང་། །བདག་གི་འདོད་དོན་གཅིག་པའི་ཕྱིར། །རིགས་མི་མཐུན་ཡང་དམ་ཚིག་གཅིག །དེ་ཕྱིར་མ་གཡེལ་ཕྲིན་ལས་མཛོད། །ཅེས་པ་མགོན་པོ་སྤྱི་བསྡུས་ཀྱི་མདོས་ཆེན་གཏེར་སྟོན་གཉིས་ལ་དགོངས་པ་ཞུས་ནས་བཅས་དུས་ཉམས་རྨི་ལམ་གྱི་མཚམས་སུ་སྔགས་བཙུན་ཐོར་ཅོག་ཅན་གཟི་བརྗིད་ཅན་གཅིག་བྱུང་བ་མདོས་ལ་བལྟ་ཞིང་འདུག །བར་ཆད་ཞི་ཞིང་ཅི་བསམ་འགྲུབ་པའི་མཆོག་ཏུ་གྱུར། ཟེར་བའི་སྒྲ་ཞིག་གྲག། ལྷ་གང་ཡིན་མི་འབྱེད་པ་ཕྱག་གཡོན་ན་བརྒྱ་ཧྲིལ་པོ་བསྣམས་པ་གཅིག་མཇལ། འདི་ཅི་ཡིན་བསམ་པས། ཕྱག་གཡོན་མཉམ་བཞག་གི་སྟེང་ན་བཻཌཱུརླ་འཛིན་པས་ཅི་བསམ་འགྲུབ། ཕྱག་གཡས་དོན་ཡོད་གྲུབ་པའི་ཕྱག་རྒྱ་མཛད་པས་དོན་འགྲུབ་བོ། །ཞེས་པའི་སྒྲ་ཞེག་གྲག་པ་ཐོས་པ་ལ་


CMR051_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་བྲིས་པའོ།། ༈ །།ན་མོ་དྷེ་ཝི་ཀཱ་ལི་ཡེ། ས་བརྒྱད་ལ་གནས་སེམས་མ་སྟེ། །དཔལ་ལྡན་ལྷ་མོ་རེ་མ་ཏི། །དུས་གསུམ་རྒྱལ་བའི་བསྟན་སྲུང་མ། །ལས་མཁན་ཁྱབ་འཇུག་དྲག་ཤུལ་ཅན། །སྔོན་ཚེ་ཐུགས་དམ་དམ་བཅའ་བཞིན། །སངས་རྒྱས་བསྟན་པ་སྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་ལ། བདག་ནི་རིང་དོན་འཁྲིས་མེད་པར། །གཞན་དོན་བྱང་ཆུབ་སེམས་བསྐྱེད་ནས། །བསྟན་འགྲོའི་དོན་ཆེན་བསྒྲུབ་པ་ལ། །བར་ཆད་བརྩོམ་པའི་དམ་ཉམས་ལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ནི་སེམས་ཅན་ཀུན་ལ་བྱམས། །ཐམས་ཅད་བདེ་ལ་འགོད་པར་ཤོག །དགྲ་ལ་མནར་སེམས་འཆང་བ་མེད། །འོན་ཀྱང་གསང་སྔགས་བླ་མེད་ཀྱི། །བསྟན་པའི་ཆེ་བ་འདོན་པ་དང་། །དཀོན་མཆོག་དབུ་འཕང་བསྟོད་པའི་ཕྱིར། །དགྲ་སྣ་རྐུན་སྣ་སྟོན་རྣམས་ལ། །འཇིགས་སྐྲག་ཆོ་འཕྲུལ་སྟོན་པར་མཛད། །སྙིང་རྗེའི་ཕྱིར་ན་སྲོག་ལ་གཅོད་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ལས་ཕྲན་གཅིག་བསྒྲུབས་པས། མེ་འོད་འཁྱུགས་ཤིང་སྐར་མདའ་ཤར། །དངོས་རྨིས་འབོད་རྟགས་མང་པོ་དང་། །དྲང་སྲོང་མི་ཆེན་རྒྱ་བོ་ནི། །ཞྭ་སྐྱ་


CMR051_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གྱོན་པ་མདུན་དུ་བྱུང་། །བདག་ལ་གུས་ཚུལ་ཞྭ་འདོང་བྱས། །དེ་ཕྱིར་ཚིགས་བཅད་དེ་ཡང་བྲིས།། ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་སློང་རཱ་ག་ཨ་སྱས་རང་ལོ་ལྔ་བཅུ་ང་གཉིས་སྤྲེལ་ཟླའི་ཉི་ཤུ་ལྔ་ཚུན་ཆད་བར་སྐབས་ཀྱི་ཉམས་མགུར་འགའ་རེ་ཡོད།next