Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
རྒྱལ་བ་ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱིས་བསྩལ་བའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མདོར་བསྡུས་པའི་དོན་འགྲེལ་ཉམས་སུ་བླང་བདེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བ་ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱིས་བསྩལ་བའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མདོར་བསྡུས་པའི་དོན་འགྲེལ་ཉམས་སུ་བླང་བདེ།next

རྒྱལ་བ་ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱིས་བསྩལ་བའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མདོར་བསྡུས་པའི་དོན་འགྲེལ་ཉམས་སུ་བླང་བདེ།


CMR051_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱིས་བསྩལ་བའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མདོར་བསྡུས་པའི་དོན་འགྲེལ་ཉམས་སུ་བླང་བདེ་བཞུགས་སོ།།


CMR051_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡེ། རང་སེམས་ཡིད་བཞིན་གྱི་ནོར་བུ་ལ་ཕྱག་འཚལ་ལོ། །འདིར་ཆོས་ཕྱག་རྒྱ་ཆེན་པོའི་གདམས་ངག་སྟོན་པ་ལ། རྗེ་ས་པཎ་སོགས་དཔལ་ལྡན་ས་སྐྱའི་གསུང་རྒྱུན་ལས། སྔོན་བྱོན་གོང་མའི་གསུང་རབ་ཀྱི། །ཚིག་ཙམ་ལ་ཡང་བྱིན་རླབས་ཡོད། །ཅེས་གསུངས་པས། རྗེ་ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱིས་བསྩལ་བའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མདོར་བསྡུས་ཞེས་པ་འདི་འཆད་པར་བྱའོ། །དེ་ལ་ཆོས་ཁུངས་བཙུན་པར་ཤེས་པའི་ཆེད་དུ་ཐོག་མར་མཛད་པ་པོའི་ཆེ་བ་བརྗོད་པ་སྔོན་གྱི་མཁས་པ་རྣམས་ཀྱི་ལུགས་ལ་ཡོད་པ་ལྟར་


CMR051_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ན། དེ་ཡང་ཟ་དམ་པ་བསམ་ཡས་བྱང་མའི་གཙུག་ལག་ཁང་ཆེན་པོར་རྗེ་ཆོས་ཀྱི་དབང་ཕྱུག་གིས་དགོངས་གཅིག་ལྗགས་བཤད་རྒྱས་པར་གནང་དུས། དགོངས་གཅིག་མཛད་པ་པོའི་ཆེ་བ་འཆད་པའི་སྐབས་སུ། སྔོན་གྱི་དུས་སངས་རྒྱས་ཤཱཀྱ་ཐུབ་ཆེན་དང་། སངས་རྒྱས་དཀོན་མཆོག་ཡན་ལག་གི་ངོ་བོ་རྒྱལ་བ་ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱིས་མཛད། ཅེས་སོགས་རྒྱ་ཆེར་གསུངས་པ་དངོས་སུ་ཐོས་ལ། རྡོ་རྗེ་འཆང་དབང་དཀོན་མཆོག་ཡན་ལག་ནི། །ཞེས་རྣམ་ཐར་བསྟོད་པ་ཡང་འབྲི་བར་མཛད་ལ། དེ་བཞིན་དུ་རྗེ་དབང་ཕྱུག་རྡོ་རྗེས་


CMR051_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྟོད་པ་མཐའ་ཡས་ཤིང་རིགས་ཀྱི་བདག་པོར་མཛད་ཅིང་། དེ་དག་མོས་བློས་ཡར་གཞལ་ཙམ་དང་། ཞེན་ཕོ་རུས་ཀྱིས་བསྟོད་ཙམ་ནི་མ་ཡིན་ཏེ། རྗེ་དཀོན་མཆོག་འབངས་ཉིད་ཀྱི་ཞལ་ནས། །འོག་མིན་རབ་འབྱམས་འཐུག་པོ་བཀོད་པ་ན། །གར་དབང་རྡོ་རྗེ་འཆང་གི་ངོ་བོ་ཉིད། །ཞྭ་དམར་ཅོད་པན་འཛིན་པ་དཀོན་མཆོག་འབངས། །དགའ་ལྡན་ཆོས་ཀྱི་ཕོ་བྲང་དམ་པ་ན། །རྒྱལ་ཚབ་བྱམས་པ་མགོན་པོའི་སྤྲུལ་པའི་སྐུ། །དཀོན་མཆོག་ཡན་ལག་ཅེས་བྱའི་ཆོས་ཀྱི་རྗེ། །ཞེས་དང་། ད་ལྟ་བྱམས་ཆེན་མགོན་པོའི་ཚུལ་འཛིན་ཅིང་། །མ་འོངས་མགོན་པོ་ཀུན་གཟིགས་ཞེས་བྱ་བ། །ཞྭ་དམར་ཅོད་པན་ཞེས་དང་། །འདས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། །དཀོན་མཆོག་ཡན་ལག་ལ་སོགས་སྤྲུལ་པའི་སྐུ། །ཞེས་སོགས་དོན་ལ་རྫོགས་པའི་སངས་རྒྱས་སུ་ཞལ་གྱིས་བཞེས་ཤིང་སྐུ་ཚེ་དེ་ཉིད་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཐར་ཐུག་པ་འཁྲུངས་ཚུལ་ཡང་བསྟན་ཏེ། །གནས་ལུགས་རང་ངོ་འཕྲོད་པའི་རྗེ་བཙུན་མཆོག །དཀོན་མཆོག་ཡན་ལག །ཅེས་གསུངས་སོ། །དེ་ལྟར་རང་གི་ཁས་ཆེ་བ་ཙམ་ཁོ་ན་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྗེ་མི་བསྐྱོད་རྡོ་


CMR051_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས། རིགས་ཀྱི་བདག་པོ་པདྨ་གར་དབང་པོ། །དཀྱིལ་འཁོར་ཀུན་གྱི་རྒྱས་གདབ་ཆེན་པོ་པ། །རྡོ་རྗེའི་བརྟུལ་ཞུགས་གྲུབ་པ་ཆོས་ཀྱི་རྗེ། །དཀོན་མཆོག་ཡན་ལག་ཞབས་པད་སྤྱི་བོར་ལེན། །ཞེས་གསུངས་ནས་སྐུ་བྱིས་དུས་ཕྱག་གཉིས་ཀྱིས་པང་ནས་ཉིད་ཀྱི་དབུ་གཙུག་ཏུ་བཞག་པར་མཛད་པའི་ལོ་རྒྱུས་དང་། སྐུ་ནར་སོན་ནས་བསྔགས་པ་གསུང་ཚུལ་ཉིད་ཀྱི་གསུངས་ལས། །མཚུངས་མེད་བླ་མ་མི་བསྐྱོད་རྡོ་རྗེས་ཀྱང་། །སྤྱན་རས་གཟིགས་དངོས་མི་བསྐྱོད་རྒྱས་བཏབ་དང་། །འོད་དཔག་མེད་པས་རྒྱས་བཏབ་སྤྱན་རས་གཟིགས། །ཁྱོད་ཅེས་བསྔགས་པར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེར་མ་ཟད་གྲུབ་ཆེན་ཀརྨ་པཀཱིས་གསུངས་ལས། ལུང་བསྟན་སྐྱེས་བུ་རྣམ་གཉིས་དང་། །དབྱེར་མེད་རང་བྱུང་རྡོ་རྗེ་དང་། །ཞེས་སོགས་གསུངས་ནས་ཞྭ་དམར་གཅིག་བཟོས་ནས་ང་ཡི་སྐུ་སྐྱེ་གཉིས་འབྱུང་བས་གཅིག་གིས་འདི་གྱོན་གསུངས་པའི་ལོ་རྒྱུས་ལྟར། གྲུབ་ཐོབ་ཆེན་པོ་ཀརྨ་པཀི་དེས། མ་འོངས་སྤྲུལ་སྐུ་ཟུང་གཅིག་ལུང་བསྟན་ཅིང་། དེ་གཉིས་ཐུགས་རྒྱུད་གཅིག་པར་ཞལ་གྱིས་བཞེས། དཀོན་མཆོག་ཡན་ལག་


CMR051_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོགས་གསུངས་སོ། །དེ་ལྟར་གྲུབ་མཐའ་རང་ལུགས་ཀྱིས་རང་ལུགས་བསྟོད་པ་ཙམ་ཁོ་ན་ཡིན་ནམ་སྙམ་ན་མ་ཡིན་ཏེ། བདེ་མཆོག་དམར་པོའི་ལོ་རྒྱུས་ལུང་བསྟན་ལས། འཕགས་པ་ཉེ་བར་འཁོར་ཉིད་གར་དབང་རྡོ་རྗེ་འཆང་ཆེན་པོར་མངོན་དུ་གྱུར་ཏེ། དེའི་རྣམ་པར་འཕྲུལ་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རཏྣའི་མིང་ཅན་ཞེས་བྱ་བ། ཞེས་དེ་དང་གཏེར་སྟོན་དུས་མཉམ་པར་ལུང་བསྟན་པ་ལྟར། གཏེར་སྟོན་ཞིག་པོས་ཀྱང་རྗེ་འདི་ཉིད་ལ་རྒྱལ་བ་རྒྱ་མཚོ་ཞུས་ནས་ཐུགས་དམ་དུ་མཛད་པར་སྣང་ངོ་། དེ་དུས་མཉམ་པས་ཆེ་བརྗོད་བཙུད་པར་དོགས་ན་དེར་མ་ཟད་དེ། རཏྣའི་གཏེར་མ་བསྟན་པ་སྤྱི་ལུང་། བསྟན་འཛིན་དམ་པ་རྣམས་ལུང་བསྟན་པའི་སྐབས་ནས། དཀོན་མཆོག་མིང་ཅན་ཀོང་པོའི་ཕྱོགས་ནས་འབྱུང་། །དེ་རྣམས་སྐལ་ལྡན་སྐྱེས་བུ་དམ་པ་སྟེ། །ཆོས་ཀྱི་བསྟན་པ་དབུས་ཁམས་ཕྱོགས་ནས་བསླངས། །ཞེས་འཁྲུངས་ཚུལ་ལུང་བསྟན་པ་དང་། ཡང་ཨོ་རྒྱན་ལུང་བསྟན་ལས། བྱང་གི་ཕྱོགས་སུ་དཀོན་མཆོག་མིང་ཅན་འབྱུང་། །བྱམས་དང་སྙིང་རྗེའི་ཆུ་བོ་རྒྱུན་མི་འཆད། །སྒོམ་སྒྲུབ་གཉིས་ཀྱིས་སངས་རྒྱས་བསྟན་བསྲུང་། །ཞེས་


CMR051_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཡངས་པ་ཅན་དུ་ཡུན་རིང་བཞུགས་པ་དང་། འདས་ནས་སྐུ་གདུང་བཞུགས་ས་ལུང་བསྟན་པའོ། །དེས་ན་མཛད་པ་པོ་ཞིང་འདིར་བླ་མའི་ཚུལ་སྣང་ཡང་ཞིང་གཞན་དུ་རྫོགས་པའི་སངས་རྒྱས་ཀྱི་སྐུར་བཞུགས་པས་ན། ཆོས་འདི་ཉིད་དོན་ལ་རྡོ་རྗེའི་ཚིག་རྐང་རྒྱུད་ཁོ་ན་ཡིན་པས་བྱིན་རླབས་ཆེའོ། །དེ་ཡང་ཞུ་བ་པོ་བཟང་ན་འཇིག་རྟེན་ཐམས་ཅད་ཡིད་ཆེས་པ་སྟེ། སྔོན་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་མ་གསུངས་པར་བཞུགས་པ་ན། ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་གསོལ་བ་བཏབ་པ་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཚངས་པ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་ཆེ་ཞིང་མཆོག་ཏུ་གྲགས་པའི་ཕྱིར། སྟོན་པའི་གསུངས་ལ་ཡང་སྒྲོ་སྐུར་དང་རྩོད་པ་བྲལ་བ་ཡིན་པར་གསུངས་པ་ལྟར། འདི་ཡང་རྩེ་ཞབས་དྲུང་རིན་པོ་ཆེས་བསྐུལ་བའི་ངོར་ཞྭ་དམར་པ་ལྔ་པས་སྦྱར་བའོ། །ཞེས་གསུངས་ཏེ། སྤྱིར་སྣེ་གདོང་རྩེའི་ཞབས་དྲུང་དང་། ཕག་མོ་རྩེའི་ཞབས་དྲུང་དང་། རྩེ་གདོང་ཞབས་དྲུང་སོགས་རྩེ་མིང་ཐོགས་པའི་ཞབས་དྲུང་འགའ་མཆིས་ནའང་འདི་ནི་སྟག་ལུང་རྩེ་པ་ཞབས་དྲུང་ཡིན་པར་


CMR051_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཏེ། སྟག་ལུང་ཀུན་དགའ་བཀྲ་ཤིས་དེ་ཉིད་ལོ་འགའ་ཞིག་ལ་རྗེ་དཀོན་མཆོག་འབངས་ཀྱི་དྲུང་བསྐོར་གྱི་ཚུལ་དུ་བཞུགས་ཤིང་། ཁོང་ཁྲི་ཐོག་པའི་ཚེ་སྟག་ལུང་མཆོད་ཁང་དམར་པོ་འཇིག་པར་གྱུར་པ་སྒང་ནས་ཀྱང་མཐུན་རྐྱེན་མང་དུ་སྦྱར་ནས་རིང་པོར་མ་ཐོག་པར་ཞིག་སོས་སྔར་ལས་ལེགས་པར་འགྲུབ་པས། ཀུན་དགའ་བཀྲ་ཤིས་དེ་ཕྲིན་ལས་དང་མཛད་པ་ཆེ་བར་བསྒྲུང་བ་གྲྭ་བསྒྲེས་འགའི་གསུང་རྒྱུན་ལས་ཐོས་སོ། །དེ་ལྟར་ཆོས་མཛད་པ་པོ་དང་ཞུ་བ་པོ་ལས་བརྩམས་ནས་ཆོས་འདི་ཁུངས་བཙུན་ཚུལ་བཤད་ན། དངོས་གཞི་གཞུང་ཉིད་ལས་བཀའ་བརྒྱུད་རིན་པོ་ཆེའི་ལུགས་ཀྱི་ཕྱག་ཆེན་གྱི། ཞེས་པས། ལུགས་ཀྱི་ཕྱག་ཆེན་ཟེར་བའི་ལུགས་གང་ཡིན་ཞེ་ན། སྤྱིར་བཀའ་དང་པོ་ནས་གསུངས་པའི་ཞི་ལྷག་ཟུང་འཇུག །བཀའ་བར་པ་ནས་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། བཀའ་ཐ་མ་ནས་བཤད་པའི་དབུ་མ། ཕ་རྒྱུད་རིམ་ལྔའི་ནང་ནས་ཟུང་འཇུག་གི་ཉམས་ལེན། མ་རྒྱུད་ཕྱག་རྒྱ་བཞིའི་ནང་ནས་སྣང་སྲིད་ཕྱག་རྒྱ་ཆེན་མོ། །རྙིང་མ་རྫོགས་ཆེན་གྱི་ནང་ནས་ཁྲེགས་ཆོད་ཀྱི་ཉམས་ལེན་ཏེ། དེ་ཐམས་ཅད་ཆོས་འདི་ལ་འདུས་སོ། །དེ་


CMR051_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྒྱུད་གང་ནས་བཤད་སྙམ་ན། སྤྱིར་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་དོན་གྱི་རྩ་བ་ཡིན། ཅི་རིགས་པར་མདོ་རྒྱུད་ཐམས་ཅད་ནས་འཐོར་བུར་གསུངས་ལ། ཁྱད་པར་བདེ་མཆོག་གི་རྒྱུད་འབུམ་ཕྲག་གསུམ་པ་ན་ལྷན་ཅིག་སྐྱེས་པ་འབྱུང་བའི་རྟོགས་པ་དང་། ལྷན་ཅིག་སྐྱེས་སྦྱོར་གྱི་རྒྱུད་གེལ་ཁ་ཅིག་ཡོད་པ་བོད་དུ་མ་འགྱུར་སྐད་ཅིང་། གུར་བརྟག་པ་གསུམ་ན་ཡང་གསལ་ཞིང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་དང་། གསང་བ་མཛོད་རྒྱུད་གཉིས་ནི་འདིའི་གེལ་རྒྱུད་ལྟ་བུར་ཡང་སྣང་ལ། མདོ་ཏིང་འཛིན་རྒྱལ་པོ་ཡང་འདི་ཉིད་སྟོན་པ་ཡིན་ལ། སེམས་རྟོགས་པའི་བསྔགས་པ་བརྗོད་པའི་མདོ་ནི་འདི་ཉིད་ཁོ་ན་སྟོན་པར་གསལ་ལོ། །ཤེར་ཕྱིན་ཡུམ་སྲས་རྣམས་དང་རྒྱུད་བླ་མ་རྣམས་ཀྱང་འདི་ཉིད་ཀྱི་བརྗོད་བྱ་ཡིན་པར་བཤད་ལ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་དང་། དོ་ཧ་སྐོར་གསུམ་མཛོད་བརྒྱད་དང་། ཏེ་ལོའི་བསམ་གྱིས་མི་ཁྱབ་པ་བརྒྱད་དང་གང་གཱ་མ། ནཱ་རོའི་ཚིག་བསྡུས་སོགས་དང་། མེ་ཏྲིའི་ཡིད་ལ་མི་བྱེད་པའི་སྐོར་རྣམས་ཆོས་འདིའི་རྒྱ་གཞུང་ལགས་སོ། །དེ་ལ་གསུམ་སྟེ། ཕྱག་རྒྱ་ཆེན་པོའི་བཤད་པ་ཚིག་གི་བསྐོར། བྲིས་


CMR051_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་གེའི་བསྐོར། ཉམས་ལེན་བྱིན་རླབས་ཀྱི་བསྐོར་དང་གསུམ་དུ་བཞེད་པ་ལས། འདི་གཙོ་ཆེར་བྱིན་རླབས་ཀྱི་བསྐོར་རྟོགས་པ་དོན་བརྒྱུད་ཡིན་ནོ། འོ་ན་མདོ་དང་རྒྱུད་དང་རྒྱ་གཞུང་དེ་དག་གི་སྙིང་པོ་བྱིན་རླབས་ཉམས་ལེན་གྱི་བརྒྱུད་པ་དེ་དག་གང་ལས་བརྒྱུད་སྙམ་ན། གཞུང་ལས་བཀའ་བརྒྱུད་རིན་པོ་ཆེའི་ཞེས་གསུང་ལས་སྟོན་ཏེ། དེ་ལ་ཉེ་བརྒྱུད་དང་རིང་བརྒྱུད་གཉིས་སོ། །རིང་བརྒྱུད་ལ་ཡང་གསུམ་སྟེ། བཅོམ་ལྡན་འདས་ཀྱིས་རིགས་ཅན་གསུམ་གྱི་གདུལ་བྱ་ལ་ཆོས་འཁོར་གསུམ་དངོས་སུ་བསྐོར་ནས། གསང་སྔགས་ཕྱག་རྡོར་གྱིས་གསུང་པར་ལུང་བསྟན་ནས་དངོས་སུ་མ་གསུངས་ཀྱང་། ལྐོག་གྱུར་དུ་བྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་སོགས་ལ་རྒྱུད་སྡེ་བཞི་གསུངས་ནས། དེ་ཕལ་ཆེར་མཁའ་འགྲོའི་ཕྱག་ཏུ་བཞུགས་པས་ཡུལ་དབུས་སུ་དངོས་སུ་སྤྱོད་པ་ཉུང་ལ། སྦས་ཚུལ་དུ་ནི་གསང་སྔགས་ཉམས་སུ་ལེན་པ་ཡོད་སྐད་དོ། །དེ་ཡང་བདེ་མཆོག་ཕྲེང་བའི་རྒྱུད་ལས། དབང་ལྡན་ཧ་ཧ་དགོད་པ་རུ། །བྲམ་ཟེ་ཆེན་པོ་ས་ར་ཧ། །མདའ་འཛིན་སྤྱོད་པའི་ཡུམ་དང་བཅས། །ཞེས་ལུང་བསྟན་པ་ལྟར་སྟོན་པ་འདས་ནས་རིང་པོར་མ་ལོན་པར་


CMR051_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་ནས། སྲས་སྒྲ་གཅན་འཛིན་ལ་རབ་ཏུ་བྱུང་བས་བྲམ་ཟེ་སྒྲ་གཅན་འཛིན་དུ་གྲགས། ལྐོག་ཏུ་སྒྲ་གཅན་འཛིན་ཉིད་ལ་གསང་འདུས་སོགས་གསང་སྔགས་ལྷོ་ཕྱོགས་ཀྱི་རྒྱལ་པོ་བི་སུ་ཀལྤག་ལ་གསང་འདུས་ཞུས་པར་བཤད་པ་རྒྱལ་པོའི་དེ་སྲས་སྒྲ་གཅན་འཛིན་གྱི་མཚན་ཡིན་སྐད་དོ། །དེ་ནས་མཁས་པར་གྱུར་པས་རྡོ་རྗེ་གདན་གྱི་མཁན་པོ་མཛད་པ་ན། ཡེ་ཤེས་ཀྱི་ཌཱཀྐིས་བྱིན་གྱིས་བརླབས། ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས་དབང་བསྐུར། བྱང་ཆུང་སེམས་དཔའ་བློ་གྲོས་རིན་ཆེན་དང་། བདེ་བའི་མགོན་པོས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ངོ་སྤྲོད་ནས། རྡོ་རྗེ་གདན་དུ་མཚམས་བཅད་ནས་ལོ་བཅུ་གཉིས་བསྒོམས་ནས་སྤྱོད་པ་མཛད་པས་གྲུབ་ཆེན་ས་ར་ཧ་ཞེས་གྲགས་ཏེ། མུ་གེའི་དུས་རི་མོར་བྲིས་པའི་མ་ཧེ་བཞོས་པའི་ཞོ་དགེ་འདུན་འཚོགས་པ་ལ་འདྲེན་པར་མཛད་ཅིང་། ཉིད་ཀྱི་རྟོགས་པ་གླུར་བླངས་པ་དོ་ཧ་མཛོད་གསུམ་མཛད། དེ་ནས་ལྷོ་ཕྱོགས་དཔལ་གྱི་རིར་ཕྱག་རྒྱ་ཆེན་པོ་བསྟན་པས། ཡུལ་ལྷོ་ཕྱོགས་ཀྱི་དེ་ངོས་ཀྱི་བྱ་རི་དྭགས་སོགས་ཐམས་ཅད་མཁའ་སྤྱོད་དུ་གཤེགས་ནས་ལན་གསུམ་སྟོང་པར་གྱུར། ཡུལ་དབུས་སུ་


CMR051_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི་གྲུབ་པ་ཐོབ་པའི་སྔ་ཤོས་གྲུབ་ཆེན་བརྒྱད་ཅུའི་སྤྱི་མྱེས་སུ་གྱུར་པ། དཔལ་རྟ་མགྲིན་གྱི་སྤྲུལ་པར་རྩོད་མེད་དུ་གྲགས་སོ། །དེའི་སློབ་མ་ནི་ཀླུ་སྒྲུབ་སྟེ་རྔ་བོ་ཆེ་སོགས་མདོ་སྡེ་བཅུ་གཉིས་དང་། དུས་ཀྱི་འཁོར་ལོ་བདེ་མཆོག་རྒྱུད་སོགས་ནས་ལུང་བསྟན་ཅིང་། ས་དང་པོའམ་བརྒྱད་པར་ཡང་གསུངས་སོ། །དེས་ས་བརྒྱད་པར་ལུང་བསྟན་པ་ཨཱརྱ་དེ་ཝ་ལའོ། །དེས་ཟླ་བ་གྲགས་པ་ལའོ། །དེས་མ་ཏདྲི་ལའོ། །དེས་ཏེ་ལོ་པ་ལའོ། །དེ་རིང་བརྒྱུད་ཀྱི་རིང་བརྒྱུད་དེ། ཏེ་ལོ་པ་ལ་བཀའ་བབ་ཆུ་བོ་ཆེན་པོ་བཞིའམ་ལྔ་འདུས་པའི་ནང་ནས་དབུས་ཕྱོགས་ནས་བདེ་མཆོག་གི་རྒྱུད་ལ་བསྟེན་ནས་ཕྱག་ཆེན་གྱི་བཀའ་བབ་པའི་བརྒྱུད་པ་ཡིན་ནོ། །ཏེ་ལོ་པས་ཕྱག་ཆེན་གསུངས་པས་ཟ་ཧོར་ཡུལ་གྱི་བྱ་རི་དྭགས་ཡན་མཁའ་སྤྱོད་དུ་གཤེགས་ནས་ཟ་ཧོར་ཡུལ་ལན་གསུམ་སྟོང་སྐད་དོ། །ཡང་ཀླུ་སྒྲུབ་ཀྱིས་ཤ་ཝ་རི་པ་ལ་གནང་། ཤ་ཝ་རི་ལྷོ་ཕྱོགས་དཔལ་གྱི་རིར་འཇའ་ལུས་གྲུབ་ནས་བཞུགས་པ་ལ། ཕྱིས་མེ་ཏྲི་པས་དཔལ་གྱི་རིར་བཙལ་བས་དངོས་སུ་མཇལ། ཕྱག་རྒྱ་ཆེན་པོ་གནང་བས་གྲུབ་པ་ཐོབ་ནས། རྡོ་རྗེ་གདན་དུ་བྱོན་ནས་ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་གྱི་


CMR051_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་ཆེན་པོ་བཞི་བཞག་པ་ལ་ཕྱི་ནང་གི་པཎྜི་ཏ་སུས་ཀྱང་གླགས་མ་རྙེད། ཁྱད་པར་མུ་སྟེགས་ཀྱི་པཎྜི་ཏ་ཆེན་པོ་གྲུབ་པ་ཐོབ་པ་གཅིག་དང་བཙད་པས་རྒྱལ་ཏེ། ནང་པ་ལ་ཚུད་པས་རྒྱལ་བ་མེ་ཏྲི་པར་གྲགས་སོ། །དེ་ནས་མར་པ་ལོཙྪ་ལན་གསུམ་རྒྱ་གར་དུ་བྱོན་པ་ལ་གསུམ་ཁར་མེ་ཏྲི་པ་དང་མཇལ་ཞིང་ཕྱག་རྒྱ་ཆེན་པོ་ཁོ་ན་ནན་ཏན་མཛད། རྒྱུད་བསྟོད་པ་གླུར་བླངས། ཕྱག་ཆེན་ཐིག་ལེའི་རྒྱུད། དོ་ཧ་སོགས་རྩ་འགྲེལ་བདེ་རྒྱས་ཀྱི་དབང་སོགས་གནང་། རྨི་ལམ་དུ་ཡང་ས་ར་ཧ་དང་མེ་ཏྲི་པས་གདམས་པ་གནང་ནས་རྟོགས་པ་མཆོག་ཏུ་གྱུར་པའི་ལོ་རྒྱུས་རྒྱ་ཆེར་བྱུང་བས་འདི་ནི་རྟོགས་པ་དོན་གྱི་བརྒྱུད་པ་སྟེ་རིང་བརྒྱུད་ཀྱི་ཉེ་བརྒྱུད་དོ། །ཡང་ཏེ་ལོ་པའི་ཞལ་ནས། །ང་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །རྡོ་རྗེ་འཆང་དང་ང་གཏམ་བྱས། །ཞེས་གསུངས་པས། ཏཻ་ལོ་ནཱ་རོ་ནས་མར་པ་ལ་བརྒྱུད་པ་ནི་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་སྟེ་རིང་བརྒྱུད་ཀྱི་ཤིན་ཏུ་ཉེ་བརྒྱུད་ཡིན་ནོ། །ཡང་མཻ་ཏྲིའི་སློབ་མ་རྒྱ་གར་ཕྱག་ན། དེས་བལ་པོ་ཨ་སུ་ཏེ། དེ་གཉིས་རྒྱ་བལ་དུ་ཕྱག་ཆེན་ལ་མཁས་པའི་གྲགས་པ་ཆེན་པོ་ཡོད་པས་རེས་ཆུང་བས་ཨ་སུ་ལ་


CMR051_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་འབུལ་བྱས་ནས། དོ་ཧ་སྐོར་ཨ་མ་ན་སེའི་སྐོར། དཀར་ཁྲིད་དམར་ཁྲིད་སོགས་ཁྲིད་རིམ་བརྒྱ་རྩ་བརྒྱད་སོགས་ཞུས་ནས། རས་ཆུང་བ་ལས་དུས་མཁྱེན་གྱིས་གསན་པ་ནི་བཤད་པ་ཚིག་གི་བརྒྱུད་པའོ། །མར་པས་མི་ལ་ལ་དེས་དྭགས་པོ་ལ་གདམས་ཏེ། དྭགས་པོ་དེ་དང་པོ་ཤིང་རྟའི་སྲོལ་གཉིས་ཀྱི་གདམས་པ་ཇོ་བོའི་རིང་ལུགས་བཀའ་གདམས་ཀྱི་ལྟ་སྤྱོད་མཐར་ཕྱིན་པར་མཛད་ནས། སླར་རྗེ་བཙུན་མི་ལ་ལ་ཕྱག་རྒྱ་ཆེན་པོའི་གདམས་པ་གསན་ནས། ཕྱི་བཀའ་གདམས་ལྟར་སོ་སོར་ཐར་པ་ལ་གཞི་བཅའ་ཞིང་། ཚོགས་ཆོས་སུ་བཀའ་གདམས་བློ་སྦྱོང་གནང་། ནང་གསང་སྔགས་ཉམས་སུ་ལེན་ཅིང་སྐལ་ལྡན་རྣམས་ཕྱག་རྒྱ་ཆེན་པོའི་གདམས་པ་སྟོན་ནས། དེའི་བོགས་འདོན་ནཱ་རོའི་ཆོས་དྲུག་ཉམས་སུ་ལེན་པར་མཛད་པས། གྲུབ་ཐོབ་གནམ་གྱི་སྐར་མ་ཙམ་བྱོན་ནས་བོད་ཐམས་ཅད་དྭགས་པོ་བཀའ་བརྒྱུད་ལ་འགྱུར་གྲབས་བྱུང་ཙམ་ན། རྗེ་བཙུན་པ་པཎྜི་ཏས་རང་གི་ཆོས་བརྒྱུད་ཆད་ན་མི་རུང་དགོངས་ནས་སྡོམ་གསུམ་གོང་རྒྱན་ཕྱོགས་བཅུ་སྤྲིན་ཡིག་སོགས་བཀའ་བརྒྱུད་ལ་བཀག་པ་མཛད། བཀའ་བརྒྱུད་ཀྱི་ཕྱག་ཆེན་འདི་ཧྭ་ཤང་ལྟ་བ་དང་ཆ་


CMR051_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། དེ་མིན་ཀྱང་སེམས་ཙམ་ལས་མི་འཕགས་པའི་ཚུལ་ཉིན་མོ་རྒྱ་ཆེར་གསུངས་ཤིང་མཚན་མོ་འབྲི་གུང་འཇིག་རྟེན་གསུམ་མགོན་གྱི་སྐུ་འདྲ་ལ་བརྒྱ་ཕྱག་དང་བཤགས་པ་མཛད་སྐད་དོ། རང་གི་བསྟན་པ་བསྲུང་ཕྱིར་མཁྱེན་བཞིན་དུ་སྨྱོན་པར་འདུག་སྟེ། ས་ལུགས་ལམ་འབྲས་ཀྱི་ལྟ་བ་དང་། ཕྱག་ཆེན་བཀའ་བརྒྱུད་ལུགས་གཉིས་ཁྱད་པར་ཅུང་ཟད་མི་འདུག་པའི་ཕྱིར་རོ། །དེ་བཞིན་དུ་ཕྱག་ཆེན་པའི་ལུགས་འདི་ལ་རྩོད་མཁན་འགའ་རེ་བྱུང་འདུག་ན་ཡང་ཐེ་ཚོམ་མི་བྱ་སྟེ། སྔོན་ཏིང་འཛིན་རྒྱལ་པོའི་མདོ་གསུངས་པའི་ཚེ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུས་ཏིང་ངེ་འཛིན་མཆོག་འདི་སྙིགས་དུས་འཛིན་ཅིང་སྤེལ་བར་ལུང་བསྟན་ཏེ། འདི་ནི་ཕྱི་དུས་འཇིགས་པ་ཆེན་པོ་ལ། །རྟག་ཏུ་ཚངས་སྤྱོད་གཙང་མར་རབ་གནས་པ། །ཏིང་འཛིན་འདི་ནི་ཤིན་ཏུ་རྒྱས་བྱེད་འགྱུར། །འདི་ལ་མ་ཕམ་ཁྱོད་ཉིད་ང་ཡི་དཔང་། །ཏིང་འཛིན་དམ་པ་འདི་ནི་རབ་འཚོལ་ཞིང་། །ལམ་འདིར་ཞུགས་པས་བྱང་ཆུང་དེ་ཐོབ་འགྱུར། །ཅེས་སོགས་ལུང་བསྟན་ཅིང་ཟླ་འོད་གཞོན་ནུས་སངས་རྒྱས་སྤྱན་སྔར་དམ་བཅས་པ་ཡང་། སྐྱེས་བུ་དམ་པ་མྱ་ངན་ཡོངས་འདས་


CMR051_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མ་འོངས་དུས་ན་བདག་གིས་མདོ་འདི་བཟུང་། །བདག་གིས་ལུས་དང་སྲོག་ཀྱང་ཡང་བཏང་སྟེ། །འཇིག་རྟེན་སྤྱོད་པ་མ་ལུས་ཀུན་བཏང་པ། །བདག་གིས་འཇིགས་པ་ཆེན་པོའི་དུས་འདིར་ཡང་། །ཏིང་འཛིན་ཞི་མཆོག་འདི་ནི་བཟུང་བར་བགྱི། །དེ་ཡི་ཚེ་ན་ཏིང་འཛིན་ལྡན་པ་དག །ལྔ་བརྒྱ་ལས་ནི་མི་ཉུང་དེར་འབྱུང་སྟེ། །མདོ་སྡེ་མཆོག་འདི་རྒྱ་ཆེར་བཟུང་བར་བགྱི། ་།དེ་དག་མངོན་དུ་འདྲེན་པ་གཞོན་ནུ་ཡིན། །ཅེས་དམ་བཅས་པ་ནི་མཉམ་མེད་དྭགས་པོ་ཉིད་ཡིན་ལ། ཆོས་སྨྲ་བ་ནི་གཞན་དག་ཀྱང་། །བརྒྱད་བརྒྱ་པོ་དག་ལངས་ནས་སུ། །ཕྱི་མའི་དུས་ན་བདག་ཅག་ཀྱང་། །མདོ་སྡེ་འདི་ནི་འཛིན་པ་ལགས། །ཞེས་དམ་བཅས་པ་ནི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཡིན་པར་གསུངས་ལ། །སྙིང་རྗེ་པདྨ་དཀར་པོའི་མདོ་ལས།ཀུན་དགའ་བོ་ང་འདས་ནས་མ་འོངས་པའི་དུས་སུ། བྱང་ཕྱོགས་ཀྱི་རྒྱུད་ན་དགེ་སློང་འཚོ་བྱེད་ཅེས་བྱ་བ། སྔོན་གྱིས་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ལྷག་པའི་བསམ་པ་བསྐྱེད་པ། མང་དུ་ཐོས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་


CMR051_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ། ཐེག་པ་ཆེན་པོ་ཡང་དག་པར་སྟོན་པ་ཞིག་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །སྒོམ་ཚུལ་གྱིས་ལྷ་ས་ཞིག་གསོས་བྱེད་ཚུལ་དང་། དག་པ་དང་མ་དག་པའི་འཁོར་འབྱུང་ཚུལ་རྒྱས་པར་ལུང་བསྟན་ནས། དྭགས་པོའི་སྐུ་ཕྱི་མ་ལུང་བསྟན་ཡང་། བྱང་ཆུབ་སེམས་དཔར་བྱེད་པའི་དགེ་བའི་རྩ་བ་རྒྱ་ཆེན་པོར་རྣམ་པོ་སྣ་ཚོགས་པ་བསགས་ནས་འཆི་བའི་དུས་བྱེད་མ་ཐག་ཏུ། ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་འདས་པ་ན། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དགེ་སློང་འཚོ་བྱེད་དེས་ཀྱང་ངའི་བསྟན་པ་འདི་ཤིན་ཏུ་རྒྱས་པར་འགྱུར་གྱིས། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག །ཅེས་གསུངས་པ་དང་། ཡང་མདོ་སྡེ་གཞན་དག་ལས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། ཆུ་བོ་མ་ཧཱ་ལོ་གི་ཏའི་


CMR051_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ། རི་བྲག་ཚང་ཚིང་ཅན་ན་དགེ་སློང་འཚོ་བྱེད་ཅེས་གྲགས་པ། དག་པའི་འཁོར་དང་མ་དག་པའི་འཁོར་འདྲེས་པ་གཅིག བུ་ལྔ་བརྒྱ་ལས་མི་ཉུང་བ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་སྤྱོད་པ་ཞེས་གསུང་པ་དང་། ཨོ་རྒྱན་རིན་པོ་ཆེའི་མ་འོངས་ལུང་བསྟན་ལས། ལོ་ཏོག་ཟླ་མཛེས་བྱང་སེམས་སྤྲུལ་པ་གཅིག །གདུལ་བྱའི་མངའ་བདག་དྭགས་པོ་ལྷ་རྗེ་འབྱུང་། །ཞེས་དང་། ཨོ་རྒྱན་ང་ཉིད་དམྱལ་འདིར་ལྷ་རྗེར་སྤྲུལ། །དྭགས་སྒོམ་སྙིང་པོའི་དོན་སྒོམ་ཁྱུ་གཅིག་འབྱུང་། །ཞེས་ལུང་བསྟན་ཏོ། །ལུང་བསྟན་པའི་དགེ་སློང་འཚོ་བྱེད་དེ་དྭགས་པོ་ལྷ་རྗེ་ཡིན་ནམ་སྙམ་ན། དྭགས་ལ་སྒམ་པོའི་ཆོས་ཁྲིམས་པས་ཁམས་པ་མི་གསུམ་ཕུད་པས་རྟེན་མཆོད་ཆ་ཐམས་ཅད་རྗེས་སུ་འུར། དེར་དྭགས་པོ་བཤོལ་དུ་བྱོན་ནས་ཡར་ཤོག་གི་མགུར་གསུང་སྟེ། སྟོན་པའི་དྲུང་དུ་བདག་ཟླ་འོད་གཞོན་ནུར་གྱུར་དུས་ལ་རང་རེ་རྣམས་དམ་བཅའ་དང་སྨོན་ལམ་མཛད་ཚུལ་གསུངས་པས་། ཁམས་པ་མི་གསུམ་དགའ་ནས་བྲོ་འཁྲབ་པས་བྲག་ཐོག་ན་འཇིམ་པའི་སྟེང་དུ་བྲོ་བརྡུང་བ་ལྟ་བུ་ད་ལྟ་མཇལ་རྒྱུ་ཡོད་པ་དང་། དྭགས་པོ་ལ་གྲྭ་པ་ཞིག་གི་སྣང་སེམས་འདྲེས་


CMR051_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གང་འདྲ་ཞིག་འོང་ཞུས་པས། འདི་ལྟར་འོངས་གསུངས་ནས་ཕྱག་ཀ་བ་ལ་བརྒྱབ་པས་ཉི་ཞུར་ལ་བརྒྱབ་པ་ལྟར་ཀ་བ་ཟད་ཀྱིས་བཅད་སོང་བ་ད་ལྟ་ཡོད་སྐད་པ་དང་། ང་སངས་རྒྱས་ཀྱིས་ལུང་བསྟན་ཅིང་ང་ཡི་རྟོགས་པ་འདི་ཡང་དག་གཅིག་ཡིན་ན་ཤིང་ཁྱོད་ལ་ཕྲེང་བ་འདི་སྐྱེས་ཤིག་གསུངས་ནས། ཕྱག་ཕྲེང་བོ་དྷི་ཙིཏྟ་བརྒྱ་རྩ་བརྒྱད་པ་གཅིག་ཤིང་སྡོང་སྐམ་པོ་ལ་བརྒྱབས་པས། ཕྱག་ཕྲེང་ཤིང་ལ་ནུབ་ནས་དེ་མ་ཐག་ཏུ་སྔོ་ལྷུབས་སེ་སྐྱེས་སོ། །རྒྱུ་མཚན་དེ་རྣམས་ཀྱིས་དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་བ་ཕྱག་རྒྱ་ཆེན་པོ་ལ་ཐེ་ཚོམ་མི་དགོས་སོ། །དྭགས་པོ་ནས་དུས་མཁྱེན་ཏེ། ཆོས་དབྱིངས་རྡོ་རྗེའི་བར་ཟུང་འཇུག་བརྒྱུད་རིམ་སྟེ། སངས་རྒྱས་ནས་སངས་རྒྱས་སུ་བར་མ་ཆད་པའོ། །དེ་དག་ནི་རིང་བརྒྱུད་དོ། ། །ཉེ་རྒྱུད་ལ་ཡང་གསུམ་ལས། གྲུབ་ཆེན་ཀརྨ་པཀྱིས་སྤྱན་རས་གཟིགས་དང་མིང་ཡོངས་སུ་གྲགས་པ་ཀརྨ་པ་གཉིས་ཀྱི་བར་ན་རྒྱུད་པ་གཞན་ཡོད་ནའང་ཉན་མེད་ནའང་ཉན་གསུངས་པ་ལྟར། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ས་ར་ཧ། ས་ར་ཧ་ཉིད་ཆོས་དབྱིང་རྡོ་རྗེ་ཡིན་ཅིང་དེ་གཉིས་བར་དུ་བརྒྱུད་པ་གཞན་འདེད་མི་དགོས་ལ།


CMR051_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དབང་བཅུ་པ་ཉིད་ཀྱི་རྗེ་ཞྭ་དམར་དྲུག་པའི་གདུང་མཆོད་དུས་དབུས་གཙང་གི་ཀཾ་ཚང་ཆོས་སྡེ་ཐམས་ཅད་བསྡུས་དུས། དགེ་འདུན་པ་ཐམས་ཅད་འོ་བརྒྱལ་གསུངས་ནས་ཆོས་འདི་ཉིད་དང་ཐུགས་རྗེ་ཆེན་པོའི་བསྒོམ་ལུང་། བླ་མའི་རྣལ་འབྱོར་རྣམས་གནང་དུས། ཆོས་སྒོ་དོག་དྲགས་པས་དཀོན་པའི་འདུ་ཤེས་ཀྱིས་རི་དྭགས་སྒྲ་ལ་ཉན་པ་ལྟར་རྩེ་གཅིག་པས་ཉན་ཅིང་། སྡོད་ས་ཡང་ཁྲི་དང་ཉེ་ས་གཅིག་ཏུ་མཆོང་ས་རྙེད་པས་ཤིན་ཏུ་གསལ་བར་ཐོས་པ་ལགས་སོ། །དེ་ཉེ་བརྒྱུད་ཀྱི་རིང་བརྒྱུད་དོ། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པ་ཡང་མི་རྟོག་གོ །ཞེས་རྒྱུད་རྣམས་ནས་གསུངས་ལ། གྲུབ་ཐོབ་གླིང་རས་ཀྱིས། ། བླ་མ་སངས་རྒྱས་སུ་འདུག་པ་མི་རུ་བཟུང་། །བརྒྱུད་པ་ཉེ་རིང་དུ་བགྲང་བ་མཐོལ་ལོ་བཤགས། །ཞེས་གསུངས་པ་ལྟར་རྒྱལ་བའི་དབང་པོ་ཉིད་མོས་བློས་ཡར་གཞལ་མི་དགོས་པར་རྫོགས་པའི་སངས་རྒྱས་དངོས་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན། སངས་རྒྱས་གླིང་པ་དང་། རཏྣ་གླིང་པའི་གཏེར་ཁ་ཚིག་མཐུན་པར། ཆོས་དབྱིང་རྡོ་རྗེའི་ཉམས་ལེན་སྒྲུབ་སྡེ་འཛུགས། །ཞེས་གསུངས་པ་ལྟར། འདི་ཕའི་སྟེང་ལ་ལ་ཕྱི་ཆུ་


CMR051_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་སྒྲུབ་སྡེ་བཙུགས་ཤིང་། འཇའ་ཚོན་པའི་གཏེར་ཁ་ནས་རྟ་ཕག་ཡིད་བཞིན་ནོར་བུའི་འོད་ཟེར་ལས། དགེ་སློང་ཀརྨའི་མིང་ཅན་འབྲུག་སྦྲུལ་ཡོས་ལོ་པ། ཞེས་རྟ་མགྲིན་གྱི་སྤྲུལ་པར་ལུང་བསྟན་ཅིང་དགུང་སྙིང་ཡང་འབྲུག་ཡིན་ནོ། །དེས་ན་སངས་རྒྱས་དངོས་ལས་ཐོབ་པ་ཡང་ཡིན་ཏེ། ཉེ་བརྒྱུད་དོ། །བླ་མེད་རྒྱུད་སྡེ་དུ་མ་ལས། །སེམས་ནི་རྫོགས་པའི་སངས་རྒྱས་སྟེ། །ཞེས་གསུངས་པས་རང་སེམས་ཆོས་སྐུའི་བླ་མ་མཇལ་ནས། ཆོས་ཐམས་ཅད་སེམས་སུ་གོ་ཞིང་རྟོགས་པས་སྣང་བ་དཔེ་ཆར་ཤར་ནས་ཆོས་གསུངས་པ་སྟེ། འདི་ནི་ཤིན་ཏུ་ཉེ་བརྒྱུད་ཡིན་ནོ། །དེས་ན་བརྒྱུད་པ་དྲི་མ་མེད་པ་དང་། ཐུགས་དམ་ཚིག་གི་སེལ་མེད་ཅིང་གློ་སྙིང་སངས་རྒྱས་ཀྱི་བརྒྱུད་པ་དེ་ལྟ་བུ་ལ་གཏད་པ་ནི་བླ་མའི་མཚན་ཉིད་ཀྱང་ཚང་པ་སྟེ། དགོངས་གཅིག་ལས། དམ་ཆོས་བརྒྱུད་པ་འབྲེལ་པ་ཉིད་ཟབ། ཅེས་གསུངས་པ་དང་། རྗེ་ནཱ་རོ་པས། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །ཅེས་དང་། ཨོ་རྒྱན་རིན་པོ་ཆེས། བླ་མ་མ་ནོར་ན་དམ་ཆོས་མི་ནོར། དམ་ཆོས་མ་ནོར་ན་ཉམས་ལེན་ཅི་བྱས་ཆུད་མི་ཟ་བས་གྲུབ་པ་མི་ཐོབ་ཀ་མེད་གསུངས་པ་


CMR051_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའོ། །དེས་ན་བརྒྱུད་པའི་མཆོག་འདིར་ཞུགས་པ་ཁོ་ན་བློ་བདེ་བའི་གདེང་ཆེ་ཤོས་ཏེ།། བརྒྱུད་པ་འདིར་ཞུགས་ནས་ཉམས་ལེན་མ་ནུས་ཀྱང་། དེ་ཕྱོགས་མགོ་བསྟན་ནས་ཉལ་བས་ཀྱང་བློ་མ་ཁུམ་པ་ཞིག་འོང་བ་ཡིན་ཞེས་གོང་མ་རྣམས་ཀྱིས་གསུངས་སོ། །སློབ་མ་མཚན་ཉིད་ལྡན་པ་དཀོན་མོད་ཀྱི། སྔོན་འགྲོའི་ཆོས་རྣམས་ཀྱིས་རིམ་པར་བློ་སྦྱངས་ན་སྣོད་དང་མི་ལྡན་པ་ཡང་རིམ་གྱིས་སྣོད་ལྡན་དུ་འགྱུར་བ་ནི་ཐབས་ལ་མཁས་པའམ་ཁྲིད་མཁས་པའི་ཁྱད་པར་རོ། །གཞུང་ལས་རྟོགས་པ་ངོ་སྤྲོད་པའི་ཚུལ་མདོར་བསྡུས་པ་ནི་འདི་ལྟ་སྟེ། ཞེས་གསུངས་པས་ངོ་སྤྲོད་བསྡུས་ན་སྔོན་འགྲོ་དངོས་གཞི་རྗེས་གསུམ་དུ་བསྡུས་ལ། སྔོན་འགྲོ་ཐུན་མོང་དང་ཁྱད་པར་བ་གཉིས་ཡོད། དང་པོ་ལ་ཡང་བཞིར་ཡོད་པའི་དང་པོ་ནི། ངན་སོང་གསུམ་དང་། ཀླ་ཀློ་དང་། ལྷ་ཚེ་རིང་པོ་དང་། དཀོན་མཆོག་ལ་ལོག་པར་ལྟ་བ་དང་། སངས་རྒྱས་མ་བྱོན་པའི་འཇིག་རྟེན་མུན་བསྐལ་དུ་སྐྱེས་པ། ལྷུག་པ་རྣམས་ཆོས་བྱེད་པའི་སྐལ་པ་མེད་པས་མི་ཁོམ་པ་སྟེ་དེ་བརྒྱད་དུ་མ་སྐྱེས། མི་ལུས་ཐོབ་པ་དང་། ཆོས་དར་སར་སྐྱེས་པ་དང་། དབང་པོ་ཚང་བ་དང་། ཚེ་འདིར་མཚམས་


CMR051_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མ་བྱས་པ་དང་། དཀོན་མཆོག་ལ་དད་པ་སྟེ། རང་འབྱོར་ལྔ་དང་། སངས་རྒྱས་བྱོན་པ་དང་། དེས་ཆོས་སྟོན་པ་དང་། དེའི་བསྟན་པ་ལ་གནས་པ་དང་། བསྟན་འཛིན་དགེ་བའི་བཤེས་གཉེན་བཞུགས་པ་དང་། དེས་སྙིང་བརྩེ་བས་གཞན་རྗེས་སུ་འཛིན་པ་ཡོད་པ་སྟེ། གཞན་འབྱོར་ལྔ་དང་བཅོ་བརྒྱད་ཚང་བའི་ལུས་འདི་ནི་དམ་པའི་ཆོས་ལ་བསྐོལ་ན་རྫོགས་པའི་བྱང་ཆུང་སྒྲུབ་ནུས་པས་ནོར་བུ་རིན་པོ་ཆེ་ལས་ཀྱང་ཆེར་ལྷག་པའི་ནོར་བུ་རིན་པོ་ཆེ་ཡིན་ནོ། །འདི་ལྟ་བུ་ཐོབ་པར་དཀའ་སྟེ། རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་བ་ལས་ཐོབ་དགོས་པ་ལས་ཚུལ་ཁྲིམས་རྣམ་དག་སྲུང་བ་ཡང་དཀོན་པའི་ཕྱིར་དང་། དཔེ་རྒྱ་ཁབ་བསླང་བ་ལ་ཡུངས་ཀར་གཏོར་ན་དེ་མིག་ཏུ་འགྲོ་དཀའ་བ་དང་། རྔ་དང་གྱང་ལོགས་སུ་སྲན་མ་གཏོར་ན་ཆགས་དཀའ་བ་དང་། རྒྱ་མཚོ་ཆེན་པོར་གཉའ་ཤིང་བུག་པ་གཅིག་ལ་རླུང་གིས་ཕྱོགས་བཅུར་བསྐྱོད་པའི་མིག་ཏུ་རུ་སྦལ་ཞར་བ་ལོ་བརྒྱ་རེ་ལོན་པ་ཞིག་ལན་རེ་ཆུ་སྟེང་དུ་འོང་བའི་མགྲིན་པ་ཆུད་དཀའ་བ་ལྟར། མི་ལུས་ཐོབ་དཀའ་ཞིང་། གྲངས་ངན་སོང་གསུམ་ས་ཆེན་པོའི་རྡུལ་ཙམ། མཐོ་རིས་


CMR051_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སེན་མོའི་སྟེང་གི་རྡུལ་ཙམ་མོ། ངན་སོང་གསུམ་ནས་ཕུང་གི་རྨིང་། ལྷ་མིན་རྐེད་པ། ནས་ཕུང་གི་རྩེ་མོ་མི་ཡི་ལུས་ཀྱི་གྲངས་ཙམ་ཡིན་ལ། དེང་སང་ཆེ་བར་གྲགས་པའི་རྒྱལ་པོ་ཆེན་པོའི་དཔུང་ལ་ཡང་གྲོག་ཚང་གཅིག་གི་གྲངས་ཙམ་ལས་མི་འདུག་པས། དལ་འབྱོར་གྱི་མི་ལུས་འདི་ལྟ་བུ་ཐོབ་པ་ནི་ལོང་བའི་ལག་ཏུ་ནོར་བུ་ཚུད་པ་དང་འདྲ། ད་རེས་ཤོར་ནས་ཕྱིས་མི་རྙེད་པས་ད་རེས་དགེ་སྦྱོར་ལ་ལྟེམས་ཀྱང་མེད་པར་བྱ་སྙམ་དུ་བསམ་ལ། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་དེ་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་རྙེད་པར་ག་ལ་འགྱུར། །ཅེས་སྤྱོད་འཇུག་གི་ཚིག་འདི་འདོན་བསྒོམ་བྱའོ། །དེས་ན་ལུས་ལ་གྲུའི་འདུ་ཤེས་དང་། འོག་རྟ་དང་། གཡོག་གི་འདུ་ཤེས་བཞག་ལ་དགེ་བའི་ཕྱོགས་ལ་བསྐོར་ཞིང་། མི་ཡི་གྲུ་ལ་བསྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །སྐྱེས་བུའི་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ཡང་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྙེད་དཀའ་བ་རྙེད་ཀྱང་འཇིག་སླ་བའི་ཕྱིར་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་ཡང་མི་


CMR051_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་སྟེ། མེ་བདུན་ཆུ་གཅིག་རླུང་སོགས་ཀྱིས་འཇིག །བསྐལ་པའི་འཕེལ་འགྲིབ་ནམ་ཟླ་དུས་བཞི་རྣམས་ཀྱང་མི་རྟག་འགྱུར་ཞིང་འགྲོ་བ་རིག་པས་མི་རྟག་པ་དང་། སྣོད་བཅུད་ཐམས་ཅད་སྐད་ཅིག་རེ་རེར་འགྱུར་ནི་འགྲོ་སྟེ། རྟག་པ་འདྲ་བ་ནི་འདྲ་བ་གཞན་བྱུང་ཆུ་བོའི་རྒྱུན་ལྟ་བུ་ཡིན་པར་བཤད་པ་ལ། བཅུད་ཀྱི་སེམས་ཅན་མི་རྟག་པ་འཛམ་བུའི་གླིང་གི་ཚེ་ལ་ངེས་པ་མེད་པའི་ཕྱིར་དང་། ལུས་མི་གཙང་བའི་རྫས་ཚོགས་པ་སྙིང་པོ་མེད་པའི་ཕྱིར་དང་། སྐྱེས་ནས་བཟུང་སྟེ་ལོ་ཟླ་ཞག་དུས་ཇི་ཙམ་སོང་བཞིན་དུ་ཚེ་ཟད་པའི་ཕྱིར་དང་། ཉིན་མཚན་གཉིས་ཀྱི་ཚེ་ལ་རྐུ་ཞིང་ཚེ་བསྣོན་པ་ནི་མེད་པའི་ཕྱིར་དང་། སྔར་མ་ཤི་བའི་མི་མ་ཐོས་པའི་ཕྱིར་དང་། སངས་རྒྱས་བྱང་སེམས་ཉན་ཐོས་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་དྲང་སྲོང་རྫུ་འཕྲུལ་མངོན་ཤེས་ཅན་རྣམས་ཀྱང་མཐར་འདས་དགོས་པའི་ཕྱིར་དང་། རང་རེ་རྣམས་ངེས་པར་འཆི། ནམ་འཆི་ཆ་མེད་པར་འཆི། །ཅེས་ཀྱང་མི་སྟོང་པར་འཆི། ད་ནངས་གསོན་པོ་རེ་ཡོད་པ་དོ་དགོང་རོ་ཐག་གིས་འཆིང་བ་ཡང་མང་དུ་མཐོང་ན་། བདག་ལའང་དེ་མི་འོང་བའི་གདེང་ཅི་ཡོད་སྙམ་དུ་བསམ་ལ།


CMR051_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིག་མ་ཡིན། །བདག་ནི་མེད་པར་གྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་རྟོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་ཚིས་ལ་འབད་པར་རིགས། །ཞེས་སྤྱོད་འཇུག་གི་ཚིག་དེ་འདོན་བསྒོམ་བྱའོ། །ཤི་ནས་གར་སྐྱེའི་རང་དབང་ཡོད་ན་དེས་འཐུས་ཏེ། གར་སྐྱེ་རང་གིས་བྱས་པའི་ལས་དབང་ཆེ། སྲིད་རྩེ་ནས་མནར་མེད་ཡན་ཆད་དུ་སེམས་ཅན་ཐམས་ཅད་ལ་བདེ་སྡུག་མཐོ་དམན་ཆེ་ཆུང་དྲག་ཞན་མི་འདྲ་བ་དུ་མ་སྣང་བ་ནི། མུ་སྟེགས་ཀྱི་འདོད་པ་ལྟར་ཕྱ་དང་དབང་ཕྱུག་གིས་བྱས་པ་དང་ངོ་བོ་ཉིད་ཀྱི་རྒྱུ་ལས་བྱུང་བ་སོགས་མིན། དེ་ཐམས་ཅད་རང་གིས་བྱས་པའི་ལས་ལས་བྱུང་བ་སྟེ། ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་རྣམས་སྣ་ཚོགས་བྱས། །ཞེས་དང་། མངོན་པ་མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་སོ། །དེ་ལ་འདོད་ཆགས་ཀྱི་སྒོ་ནས་ལས་གང་བསགས་ཡི་དྭགས་དང་། ཞེ་སྡང་གིས་བསགས་པ་དམྱལ་བ། གཏི་མུག་གིས་བསགས་པ་དུད་


CMR051_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། དགེ་བ་ཅུང་ཟད་དང་ཕྲག་དོག་འདྲེས་པ་ལྷ་མ་ཡིན། ཚུལ་ཁྲིམས་བསྲུངས་བས་མི་དང་འདོད་ལྷ། ཞི་གནས་ལ་ཆགས་ཤིང་ཞེན་པས་གཟུགས་ཁམས་ཀྱི་ལྷ། ཚེ་འདིར་ངེས་པར་སྨིན་པ་མཐོང་ཆོས་མྱོང་འགྱུར། སྐྱེ་བ་གཞན་གྱིས་བར་མི་ཆོད་པར་སྨིན་པ་མཚམས་མེད་པ། སྐྱེ་བ་གཞན་དང་གཞན་དུ་སྨིན་པ་ལན་གྲངས་གཞན་དུ་མྱོང་འགྱུར། ཚེ་སྟོད་ལ་སྡིག་པ་བྱས་ཚེ་སྨད་འཆི་ཁར་དགེ་བ་བྱས་པ་འཕེན་བྱེད་སྡིག་པས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་ཏེ་སྔོན་ལ་དགེ་བ་སྨིན་པ་དང་། ཚེ་གོང་ལ་དགེ་བ་བྱས་ཀྱང་འཆི་ཁར་སྡིག་པ་བྱས་པ་འཕེན་བྱེད་དགེ་བ་རྫོགས་བྱེད་སྡིག་པ་སྟེ་སྔོན་ལ་སྡིག་པ་སྨིན་པ་དང་། དགེ་སྡིག་གང་ཡང་དང་པོ་བྱེད་བསམ་པའི་བསམ་པ་དང་། །དངོས་གཞི་བྱེད། རྗེས་ནས་དགའ་ཞིང་འགྱོད་པ་མེད་ན་ཆེའོ། །གཉིས་ཚང་ན་འབྲིང་། གཅིག་ལས་མ་ཚང་ན་ཆུང་ངུ་ཡིན་པ་དང་། བསམ་པ་བརྟན་པོས་སེམས་ཅན་གྱི་དོན་ལ་ཁ་ཞེ་མེད་པར་སྡིག་པ་བྱེད་པ་ལས་ནག་རྣམ་སྨིན་དཀར་བ། འགྲན་ཟླ་དང་གྲགས་འདོད་དང་རྙེད་པ་བཀུར་སྟི་འདོད་ཕྱིར་དགེ་བ་བྱེད་པ་ལས་དཀར་རྣམ་སྨིན་ནག་པ། དགེ་བ་


CMR051_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་བཅོམ་པ། ངོམ་འདོད་དང་ཁོང་ཁྲོ་དང་འགྱོད་པ་སྐྱེས་ན་ཟད་པར་བྱེད་ལ། སྡིག་པ་མི་འཆབ་སྟེ། མི་བསམ་བར་ངོ་གནོང་དང་བཅས་པས་བཤགས་པ་དང་། །འགྱོད་ཅིང་ཕྱིན་ཆད་སྤངས་ན་དག་པར་འགྱུར་བ་དང་། མདོར་ན་བདེ་སྐྱིད་སྲིད་དོ་འཚལ་ཐམས་ཅད་ནི་དགེ་བའི་འབྲས་བུ་དང་སྡུག་བསྔལ་སྲིད་དོ་འཚལ་ཐམས་ཅད་ནི་སྡིག་པའི་འབྲས་བུ་ཡིན་པར་ཐག་ཆོད་པས། སྡིག་པ་ལ་དུག་ལྟར་འཛེམ་ཞིང་དགེ་བ་ལ་བདུད་རྩི་ལྟར་ཅི་ཐོབ་བྱ་སྙམ་པས། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་བསྟན། །ཅེས་དྲན་ཉེ་ཆུང་བའི་ལུང་དེ་འདོན་སྒོམ་བྱའོ། །དེ་ཡང་ལས་དེ་དག་བསགས་ཕྱིན་ཆད་བཤགས་སྦྱང་ཆེན་པོ་བྱས་ན་བྱང་གི་དེ་མ་ཡིན་དུས་ནམ་ཞིག་རྐྱེན་དང་འཕྲད་པའི་ཚེ་སྨིན་པར་ཐེ་ཚོམ་མེད་དེ། སྟོན་པའི་ཞབས་ལ་སེང་ལྡིང་གི་ཚལ་པ་ཟུག་ནས་འདས་ཚུལ་བསྟན་པ་དང་། བཻ་རོ་ཙ་ན་སྦས་པའི་དོང་དུ་འཕང་བ་དང་། ལྷ་ལྕམ་པདྨ་གསལ་གྱི་སྐྱེས་རབས་སོགས་ལ་བསམས་ནས་ལས་འབྲས་ལ་ཡིད་ཆེས་པར་བྱ་སྟེ། མེ་ནི་གྲང་བར་འགྱུར་


CMR051_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྲིད་། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྟུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་དྲན་པ་ཉེ་བཞག་ལས་གསུང་པ་ཡིད་ལ་བྱའོ། །དེ་ལྟའི་ལས་འབྲས་ལ་ཡིད་ཆེས། །སྡིག་པ་སྲོག་ལ་བབ་ཀྱང་སྤང་། །དགེ་བ་སྲོག་དང་བརྡོས་ནས་བསྒྲུབས་ཙམ་ན། ངན་སོང་དུ་རྡོག་པས་ཕུལ་ཡང་མི་འགྲོ་སྟེ། དམན་པ་ལྷ་མའི་ཐེག་པ་ཞེས་ཀྱང་བྱ་སྟེ། སྐྱེས་བུ་ཆུང་ངུའི་ལམ་ཡིན་ནོ། །དེ་ཡང་ལྷ་མིའི་བདེ་སྐྱིད་འདོད་ན་སྐྱེས་བུ་ཆུང་ངུ་ཡིན་ཀྱང་འདི་བྱང་ཆུབ་འདོད་པ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་པའི་ལམ་ཡིན་པས་ཐུན་མོང་གི་སྔོན་འགྲོ་ཟེར་རོ། །དེ་ལྟར་ལྷ་མའི་བདེ་སྐྱིད་མཆོག་ཏུ་གྱུར་པ་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་ཐོབ་ཀྱང་སླར་བསོད་ནམས་འབྲས་བུ་ཟད་ནས་ངན་སོང་དུ་འཁོར་བས་སྙིང་པོ་མེད། འཁོར་བ་ནི་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། སེམས་ཅན་གཅིག་གིས་གཅིག་ལ་དགྲའི་འདུ་ཤེས་ཀྱིས་མཚོན་སྣ་ཚོགས་བསྣུན་ནས་ཐམས་ཅད་ཤི་བ་དང་། ནམ་མཁའ་ནས་སོས་པར་གྱུར་ཅིག་གི་སྒྲ་གྲག་པ་དང་། ཐམས་ཅད་སོས་ནས་ཡང་སྔར་ལྟར་བྱེད་པ་ཉིན་རེ་ལན་བརྒྱ་ཕྲག་འཆི་བ་ཡང་སོས་དང་།


CMR051_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་ཐིག་བཏབ་ནས་སྟ་རེ་དང་སོག་ལེས་གཤག་པ་ཐིག་ནག །ལྕགས་ཀྱི་རི་གཉིས་དང་ལྕགས་སྲེག་གི་རམ་ལེབ་བར་དུ་ཏིལ་ལྟར་བཙིར་བ་བསྡུས་འཇོམས་དང་། ཕྱི་རོལ་མེའི་འཁོར་ནས་དུ་བ་ངུ་འབོད། ལྕགས་ཁང་དུ་ཚུད་ནས་མེ་ཆེར་འབར་བས་ཕ་མའི་མིང་ནས་འབོད་ཅིང་ངུ་བ་ངུ་འབོད་ཆེན་པོ། །ལྕགས་ཀྱི་ཞིབ་མར་མེ་མདག་གི་ནང་དུ་ཡོས་བཀྲབ་པ་ལྟར་བྱེད་པ་དང་། ལྕགས་སྲེག་གི་ཁཊ་གི་རྐང་མཐིལ་དང་བཤང་ལམ་ནས་སྤྱི་བོ་དང་ཕྲག་པར་ཕུག་པ་ནི་ཚ་བ། ཁྲོ་ཆུ་ཁོལ་མ་དང་ཐོ་ལུམ་མེ་འབར་བ་ཁར་བཅུག་པས་ནང་ཁྲོལ་ཚིག་ཅིང་བུ་ག་དགུ་ནས་མེ་ལྕེ་བྱུང་བ་རབ་ཏུ་ཚ་བ། ཟངས་ཆེན་པོར་ཁྲོ་ཆུ་བཀོལ་བའི་ནང་དུ་འབྲས་སམ་གྲོའི་ཚོད་མ་ལྟར་བཙོ་བས་སྡུག་བསྔལ་ཡུད་ཙམ་བར་མཚམས་མེད་པ་མནར་མེད་དེ། དེ་དག་འདོད་ཁམས་ཀྱི་ལྷ་དང་ཚེ་ཚད་མཉམ་པས་རིམ་པར་འོག་མ་ཚེ་རིང་ལ། མནར་མེད་ཀྱི་བར་གྱི་བསྐལ་པ་གཅིག་ཐུབ་བོ། །དེ་ལྟར་དམྱལ་བ་རེ་རེའི་ཕྱོགས་བཞིར་མེ་མ་མུར་གྱི་ས་གཞི་དང་། མི་གཙང་བའི་འདམ་རྫབ་འབུ་ལྕགས་ཀྱི་མཆུ་ཅན་གྱིས་གང་བ་དང་། སྤུ་གྲིའི་ལམ་རལ་གྲིའི་ནགས་ཚལ་དང་། ཐལ་ཚན་དང་


CMR051_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆུའི་ཆུ་བོ་རབ་མེད་དང་། ཤལ་མ་རིའི་སྡོང་པོ་སྟེ། དམྱལ་བ་རེ་རེར་ལོ་དུ་མ་མྱོང་ནས་ཉེ་འཁོར་བཞི་པོ་ལ་གཡས་བསྐོར་གྱིས་བསྒྲོད་དེ། དེ་ལྟ་བུའི་བརྒྱད་ཁ་བསྒྲོད་ཅིང་ལས་ངན་མ་ཟད་ན་ཚེ་ཚད་རྫོགས་ནས་ཤི་བ་སླར་དེར་སྐྱེ་བ་དང་། འཇིག་རྟེན་འདི་བསྐལ་པ་ཞིག་པ་ན་འཇིག་རྟེན་གཞན་གྱི་དམྱལ་བར་སྐྱེ་བ་ཡང་ཡོད་ལ། །དཀོན་མཆོག་གསུམ་རྗེས་སུ་དྲན་པའམ་བྱང་ཆུབ་ཀྱི་སེམས་སྐྱེས་ན་ཚེ་ཚད་མ་རྫོགས་པར་ཐར་པ་ནི་ཡོད་དོ། །འཁྱག་ནས་ལུས་ལ་ཆུ་བུར་བྱུང་བ་དང་། ཆུ་བུར་རྡོལ་ནས་ཁྲག་དང་ཆུ་སེར་འཛག་པ་དང་། ཨ་ཆུ་ཞེས་སྨྲེ་སྔགས་འདོན་པ་དང་། ཕ་མ་ཉེ་དུ་ལ་ཀྱེ་ཧུད་ཅེས་འབོད་པ་དང་། སོ་ཐམ་ཐམ་བྱེད་ཅིང་སྐད་མི་ཐོན་པ་དང་། ལུས་དམར་ཞིང་པདྨ་ལྟར་དུམ་བུ་བརྒྱད་དུ་གས་པ་དང་། ལུས་སྔོ་ཞིང་ཨུཏྤལ་ལྟར་བཅུ་དྲུག་ཏུ་གས་པ་དང་། ཤིན་ཏུ་དམར་ཞིང་པདྨ་ཆེན་པོ་ལྟར་བརྒྱ་སྟོང་དུ་གུས་པ་སྟེ། ཉི་ཟླ་མེད་པའི་མུན་ཁུང་འཁྱག་སྦུབས་སུ་རླུང་ངར་ཆེན་པོས་སྦྱད་པར་གནས་ཏེ། ཏིལ་ཁལ་ཉི་ཤུའི་ནང་ནས་ལོ་བརྒྱ་རེ་ན་ཏིལ་རེ་བླངས་བས་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་རྫོགས་ལ། གཞན་རྣམས་


CMR051_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་ཉི་ཤུ་འགྱུར་གྱི་ཚེ་རིང་བར་གསུངས་སོ། །ཡི་དྭགས་ཕྱིའི་སྒྲིབ་པ་ཅན་ཆུ་རྣམས་རྣག་ཁྲག་དང་ཁྲོ་ཆུར་མཐོང་བ་དང་། ཤིང་རྣམས་མེ་ལྕེ་དང་ཆར་རྣམས་ལྕགས་མདའ་དང་དུག་མདའ་དུད་པ་འཐུལ་བར་མཐོང་ཞིང་། གང་གཱ་ལ་སོགས་ཆུ་ཆེན་པོ་རྣམས་ཀྱང་བལྟས་པ་ཙམ་ནས་སྐམ་པས་ལོ་བྱེ་བར་ཡང་ཆུ་ཐིག་གཅིག་མི་མྱོང་བ་དང་། བཟའ་བཏུང་ལོངས་སྤྱོད་པུས་མོ་ནུབ་ཙམ་ཡོད་ཀྱང་ཁྲོ་བོ་དང་གོ་མཚོན་ཅན་གྱིས་བསྲུངས་ནས་ཟ་དབང་མེད་པ་དང་། བཟའ་བཏུང་གི་ཟས་རྣམས་མི་གཙང་བ་དང་ཐལ་བ་དང་མེ་མ་མུར་དུ་མཐོང་ནས་བཟར་མེད་པ་དང་། ནང་གི་སྒྲིབ་པ་ཅན་ལྟོ་བ་རི་རབ་ཙམ་ལ་ཡན་ལག་ཕྲ་ཞིང་མགྲིན་པ་རྟ་རྔ་ཙམ་ཁ་ཁབ་ཀྱི་མིག་ཙམ་དུ་གྱུར་ནས་མི་ཐར་མི་འགྲང་བ་དང་། ལྟོ་བར་ཕྱིན་པ་རྣམས་མེར་གྱུར་ནས་སྐོམ་ཞིང་ཚིག་པའི་སྡུག་བསྔལ། མིའི་ཟླ་གཅིག་ཞག་གཅིག་ལ་བརྩི་བའི་ལོ་ལྔ་བརྒྱ་ཐུབ་བོ། །དུད་འགྲོའི་གནས་རྒྱ་མཚོའི་ནང་མུན་པའི་གླིང་ན་རང་ཤ་རང་གིས་ཟ་བ་དང་། ཆེ་བས་ཆུང་ཟ་བ་དང་། ཆུང་བས་ཆེ་བ་འཕུག་པ་དང་། ཁ་འཐོར་བའི་དུད་འགྲོ་འདི་དག་ནི་ཤ་དང་སྒོ་དང་རྩི་དང་མུ་ཏིག་དང་སྤུ་དང་རུས་པའི་ཆེད་དུ་


CMR051_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་བ་དང་། མི་ནུས་བཞིན་རྨོ་མི་ཐེག་བཞིན་འགེལ་ཡུན་རིང་དྲིན་གྱིས་བསྐྱངས་རྗེས་བཤའ་བ་སོགས་མཐོང་བ་འདི་དག་ཡིན། ཚེ་རིང་གྲ་བར་བསྐལ་ཐུབ་པ་ཡོད་ཅིང་ཉིན་རེ་ནས་འཆི་བ་སོགས་མ་ངེས་སོ་ལྷ་མ་ཡིན་རྣམས་ལྷའི་ལོངས་སྤྱོད་ལ་ཕྲག་དོག་གིས་ཡིད་བདེ་དུས་མེད་ལ། ལོ་རེ་ལན་གཉིས་འཁྲུག་པས་སྐེ་དང་ལུས་སྟོད་སྨད་མ་ཕྲལ་བར་ཤི་མི་ནུས་པས་ཐམས་ཅད་མུན་པའི་གླིང་དུ་འདོར་བའི་སྡུག་བསྔལ། རྒྱལ་ཆེན་རིགས་བཞི་དང་སུམ་རྩེན་བར་གྱི་ལྷ་རྣམས་བདེ་སྐྱིད་ལྡན་ཀྱང་རེས་འགའ་ལྷ་མ་ཡིན་དང་འཐབ་དགོས། རྩེད་འཇོ་དང་ལོངས་སྤྱོད་ལ་ཡེངས་ནས་ནམ་ཞིག་ཚེ་དང་བསོད་ནམས་ཟད་ནས་སྒྲ་མི་སྙན་པ་གྲག །དར་གོས་མེ་ཏོག་རྒྱན་རྙིང་དྲི་ངན་བྲོ་བས་གྲོགས་རྣམས་ཀྱིས་སྒྱུར། ཕྱི་མ་ངན་སོང་ཏུ་ལྟུང་ས་དེ་དངོས་སུ་མཐོང་ཡང་དེར་མི་ལྟུང་བའི་ཐབས་ནི་མེད་དེ་སྡུག་བསྔལ་དཔག་ཏུ་མེད་དོ། །མི་རྣམས་མངལ་དུ་མི་གཙང་བའི་དོང་དུ་བཅུག་པ་དང་འདྲ་བ་སོགས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་ཤི་ནས་བར་དོར་འཇིགས་སྐྲག་སྡུག་བསྔལ་དཔག་ཏུ་མེད་དོ། །མདོར་ན་འཁོར་བའི་གནས་ཐམས་ཅད་མེ་འོབ་དང་བཙོན་དོང་ལྟ་བུ། །


CMR051_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་བདེ་སྐྱིད་ཐམས་ཅད་ནི་གསོད་སར་ཁྲིད་པའི་དགའ་སྟོན་ལྟ་བུ་ཡིན་སྙམ་དུ། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་འཐུང་བས་ཉམས། །ལྷ་དག་བག་མེད་པ་ཡི་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་འདོན་བསྒོམ་བྱ་སྟེ་འཁོར་བའི་བདེ་འབྱོར་ལ་འདོད་པ་མེད་པར་ཐར་བ་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་ནི་སྐྱེས་བུ་འབྲིང་གི་ལམ་ཡིན་ལ། དེ་ཡང་འབྲས་བུ་ཉན་ཐོས་དགྲ་བཅོམ་པའམ་རང་སངས་རྒྱས་ཐོབ་པར་འདོད་ན་འབྲིང་ཡིན་མོད་ཀྱང་རང་རེ་རྣམས་རྫོགས་པའི་སངས་རྒྱས་ཐོབ་འདོད་པས། འབྲིང་གི་ལམ་དང་ཐུན་མོང་ཡིན་པས་ཐུན་མོང་གི་སྔོ་འགྲོ་ཟེར་རོ། །དེ་ལྟར་འཁོར་བའི་སྡུག་བསྔལ་དེ་ནི་ཕན་ཅིང་བྱམས་པའི་ཕ་མ་དང་། མཐུ་ཆེ་བའི་ལྷ་ཀླུ་གཞི་བདག །འཇིག་རྟེན་ན་དབང་ཆེ་བར་གྲགས་པའི་ཚངས་པ་དང་བརྒྱ་བྱིན། དབང་ཕྱུག་དྲག་པོ་འཇིགས་བྱེད་ཆེན་པོ་སོགས་འཇིག་རྟེན་པའི་ལྷས་མི་སྐྱོབས་ཏེ། ཁོ་རང་རྣམས་འཁོར་བའི་འཇིགས་པ་ལས་མ་གྲོལ་བས་


CMR051_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་སྐྱོན་ཐམས་ཅད་ཟད་ཡོན་ཏན་རྫོགས་པ་ནི་སངས་རྒྱས་ཡིན་པས་དེ་ལ་སྐྱབས་འོས། དེས་སྐྱབས་ཐུབ་པས་དེ་ལ་སྐྱབས་ཞུ་དགོས། སངས་རྒྱས་ཀྱི་སར་འགྲོ་བའི་ལམ་ནི་ཆོས། ལམ་གྲོགས་ནི་དགེ་འདུན་ཡིན་པས་དེ་གསུམ་ལ་སྐྱབས་སུ་འགྲོའོ། །དེ་ཡང་རང་མ་ཤི་བར་དུ་སྐྱབས་སུ་འགྲོ་བ་ནི་སོ་སོར་ཐར་པའི་སྡོམ་པ་བརྒྱད་ཁའི་རྩ་བ་ཉན་རང་གི་ལམ་དང་ཐུན་མོང་ཡིན་ཀྱང་འདིར་བྱང་ཆུབ་མ་ཐོབ་བར་སྐྱབས་སུ་འགྲོ་བ་ཐུན་མོང་ལ་ཡིན་པའི་སྔོན་འགྲོ་ཟེར་བའོ། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཚིགས་སུ་བཅད་པ་ཐམས་ཅད་མཁྱེན་པ་དྲུག་པས་བསྩལ་བ་སྔོན་འགྲོ་བསྐྱེད་རྫོགས་དང་བཅས་པའི་ཉམས་ལེན་མདོར་བྱས་ཤཱི་ཧ་ར། ཞེས་པ་འདི་ཆོས་འདི་ལ་འབྲེལ་ཆེ་ཞིང་བྱིན་རླབས་ཆེ་བས་འདི་བྱའོ། །དེ་ལ་གཞུང་ཚིག་ཁ་གསལ་བས་དེ་བཀྲོལ་མ་དགོས་པས། མདུན་དུ་མཚོ་དབུས་དཔག་བསམ་ལྗོན་ཤིང་གི །སྡོང་པོ་རྩ་བ་གཅིག་ལ་ཡལ་ག་ལྔ་། །གྱེས་པའི་དབུས་མར་སེང་ཁྲི་པདྨ་དང་མ། །ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་ནི། །རྡོ་རྗེ་འཆང་ལ་བཀའ་བརྒྱུད་བླ་མས་བསྐོར། །མདུན་དུ་ཡི་དམ་གཡས་སུ་སངས་རྒྱས་དང་། །རྒྱབ་ཏུ་


CMR051_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་གཡོན་དུ་དགེ་འདུན་དང་། །གནད་ཁྲི་འོག་ཏུ་ཆོས་སྐྱོང་སྲུང་མ་རྣམས། །སོ་སོའི་རིགས་མཐུན་འཁོར་ཚོགས་རྒྱ་མཚོས་བསྐོར། །མཚོ་མཐའ་ནེའུ་སེང་སྟེང་དུ་མཁའ་ཁྱབ་ཀྱི། །མ་རྒན་ཐམས་ཅད་འཁོད་པར་གྱུར་པ་རྣམས། །རྩེ་གཅིག་སེམས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གྱུར། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །དང་བའི་ཡིད་ཀྱིས་སྐྱབས་སུ་གསོལ་བར་བགྱི། །ཞེས་སྐྱབས་ཡུལ་གསལ་བཏབ་ནས་ཚིག་རྗེས་མ་ལན་གསུམ་སྙིང་ཐག་པ་ནས་བརྗོད། །ནངས་ནུབ་སྐྱབས་འགྲོ་ལ་བརྩོན་པ། ཟ་འཐུང་ཕུད་ཀྱིས་དཀོན་མཆོག་མཆོད་པ། སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་ལས་གཞན་པའི་སྐྱབས་མི་འཚོལ། ཕྱི་རོལ་པའི་ལྷ་ལ་ཕྱག་མི་འཚལ། སེམས་ཅན་ལ་གནོད་འཚེ་སྤངས། གྲོགས་མུ་སྟེག་ཅན་དཀོན་མཆོག་ལ་ལོག་ལྟ་ཅན་མི་བསྟེན། སྐུ་གཟུགས་དོད་ཙམ་ལ་ཡང་གུས་པ། ཡི་གེ་འབྲུ་གཅིག་ལ་ཡང་གུས་པ་དང་། སེར་གོས་གྱོན་ཙམ་ལ་ཡང་གུས་པར་བྱའོ། །དེ་ལྟར་བྱས་ན་འཇིགས་པ་ཐམས་ཅད་ལས་སྐྱོབ་པ་སྟེ། མདོ་སྡེ་མྱང་འདས་ལས། དཀོན་མཆོག་གསུམ་ལ་


CMR051_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སོང་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་པས་ཕན་ཡོན་མཐའ་ཡས་སོ། །སྐྱབས་སོང་ཡོན་ཏན་ཚད་བརྗོད་ན། ནམ་མཁའ་ཁམས་སུ་མི་ཤོར་ངོ་། །ཞེས་གསུང་སོ། །དེ་ཡང་གཞུང་ལས་སེམས་ཅན་ཐམས་ཅད་ལ་རིས་མེད་པའི་བྱམས་སྙིང་རྗེ་དང་། ཞེས་གསུངས་ཏེ། །རང་ཉིད་ཁོ་ན་སྡུག་བསྔལ་ལས་ཐར་བས་མི་ཆོག་སེམས་ཅན་རེ་རེས་རང་གི་མ་བྱས་པའི་གྲངས་ནི་ས་ཆེན་པོ་འདི་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་བྱས་ཀྱང་ས་ཆེན་པོ་འདིས་མི་འདང་བར་གསུངས་སོ། །མ་བྱས་རེས་ཀྱིས་ལུས་བྱིན་པ་སྲོག་བྱིན་པ་དང་། འཇིག་རྟེན་བསྟན་དང་ལོངས་སྤྱོད་བྱིན་པ་སོགས་དྲིན་ཆེན་པོས་བསྐྱངས་བསྐྱང་བ་ཡིན་པས་ན་སེམས་ཅན་མ་རྒན་རྣམས་འཁོར་བའི་བཙོན་རར་བསྐྱུར་ནས། རང་ཉིད་བདེ་བར་སོང་ནས་བསྡད་ན་དེ་བས་ཁྲེལ་མེད་པ་དང་ངོ་ཚ་མེད་པ་དང་དྲིན་མི་གཟོ་བ་དང་ཕྱི་ཐག་ཐུང་བ་ཅི་ཞིག་ཡོད་དེས་ན་དང་པོ་བྱམས་པ་བསྒོམ་སྟེ། དང་པོ་རང་གི་སྙིང་དུ་སྡུག་པ་གཅིག་ལ་བསྒོམས་པས་སྐྱེ་སླ། དེ་ནས་རྩ་བའི་བླ་མ་དང་ཕ་མ་ལ། དེ་ནས་སྤུན་ཟླ་དང་ཉེ་དུ་ལ། དེ་ནས་ཡུལ་ཕྱོགས་སྡེ་རིས་རང་


CMR051_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ལ། དེ་ནས་དགྲ་ལ། དེ་ནས་བོད་ཁམས་ལ། དེ་ནས་འཛམ་གླིང་དང་སྟོང་དང་པོ་གཉིས་པ་གསུམ་པ་རྣམས་ལ་རིམ་པར་བསྒོམས་ནས། ཕྱོགས་བཅུའི་འཇིག་རྟེན་དང་མཐར་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །སྒོམ་ལུགས་སེམས་ཅན་དེ་དག་བདེ་བ་ཐམས་ཅད་དང་བདེ་བའི་རྒྱུ་དགེ་བ་ཐམས་ཅད་དང་ལྡན་ན་ཅི་མ་རུང་སྙམ་དུ་ཞེ་ཐག་པ་ནས་བསམ་པའོ། །དེ་ཡང་དགྲ་གཉེན་ཁྱད་མེད་པར་སེམས་ཅན་ཐམས་ཅད་བདེ་བ་འདོད་པའི་དབང་གིས་མཆུ་མ་འཁྲུག་པ་བྱུང་ན་བྱམས་པ་ཚད་མེད་པའོ། །དེ་ལྟ་བུ་སྐྱེས་ན་མེ་ཆུ་དུག་མཚོན་སོགས་འཇིགས་པ་ཐམས་ཅད་ཞི་བ་དང་། ངན་སོང་དུ་མི་ལྟུང་། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་སོགས་ཕན་ཡོན་ཆེ་སྟེ། །ཟླ་བ་སྒྲོན་མའི་མདོ་ལས། བྱེ་བ་ཁྲག་ཁྲིག་ས་ཡའི་ཞིང་དག་ན། །མཆོད་པ་དཔག་མེད་ཇི་ཡོད་ཇི་སྙེད་པ། །སྐྱེས་མཆོག་དེ་ལ་དེ་ནི་རྟག་མཆོད་པས། །བྱམས་པའི་སེམས་ཀྱིས་གྲངས་དང་ཆེར་མི་ཕོད། །ཅེས་གསུངས་སོ། །དེ་ལྟར་བྱམས་པ་བསྒོམས་པས་སྙིང་རྗེ་སྐྱེ་སླ་སྟེ། ཕ་མ་སེམས་ཅན་དེ་དག་ཐམས་ཅད་ངན་སོང་དང་འཁོར་བའི་སྡུག་བསྔལ་དེ་ལྟ་བུས་དུས་རྒྱུན་ཆད་མེད་པར་


CMR051_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མནར་བ་སྙིང་རེ་རྗེ། སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་དང་བྲལ་སྡུག་བསྔལ་འབྱུང་བའི་རྒྱུ་མི་དགེ་བ་ཐམས་ཅད་དང་བྲལ་ན་ཅི་མ་རུང་སྙམ་དུ་ཞེ་ཐག་པ་ནས་བསྒོམས་པས། སེམས་ཅན་ཕྱོགས་རིས་མེད་པ་ལ་སྙིང་རྗེའི་ཤུགས་ཀྱིས་མཆི་མ་འཁྲུག་ན་སྙིང་རྗེ་ཚད་མེད་པའོ། །དེ་ལྟ་བུའི་སྙིང་རྗེ་དེ་ནི་སངས་རྒྱས་ཐོབ་པའི་རྒྱུ་ས་བོན་དང་འདྲ་། རྐྱེན་ཆུ་ལུད་དང་འདྲ། འབྲས་བུ་ལོ་ཐོག་སྨིན་པ་དང་འདྲ་བས་ཆོས་ཀྱི་རྩ་བ་ཡིན་པར་ཟླ་བ་གྲགས་པས་གསུངས་ཤིང་། སྙིང་རྗེ་པདྨ་དཀར་པོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་དེའི་ལག་ཏུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིས་པར་འགྱུར་ཏེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །ཞེས་གསུངས་སོ། །དེ་ལྟར་བྱམས་སྙིང་རྗེ་བསྒོམས་པས་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བསལ་ནས་བདེ་བའི་མཆོག་ལ་འགོད་ནུས་པ་རྫོགས་པའི་སངས་རྒྱས་ཡིན་པས་དེ་བདག་གིས་ཐོབ་པར་བྱས་ལ། དེ་ནས་སེམས་ཅན་ཐམས་ཅད་ཀྱང་དེའི་གོ་འཕང་ལ་འགོད་པར་བྱ་། དེའི་ཕྱིར་སྔོན་གྱི་རྒྱལ་བས་ཐུགས་


CMR051_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ལྟར་བསྐྱེད། བྱང་ཆུབ་ཀྱི་སྤྱོད་པ་ལྟར་སྤྱད་སྙམ་པ་ཞེ་ཐག་པ་ནས་བྱས་ལ། སྐྱབས་ཡུལ་གསལ་བཏབ་པའི་དྲུང་དུ་སྐྱབས་འགྲོའི་ཚིག་གི་མཇུག་ཏུ། ཇི་ལྟར་སྔོན་གྱི་རྒྱལ་བས་བྱང་ཆུབ་ཏུ། །ཐུགས་བསྐྱེད་སྤྱོད་པ་སྤྱད་པར་མཛད་པ་བཞིན། །བདག་ཀྱང་འགྲོ་ལ་ཕན་ཕྱིར་སེམས་བསྐྱེད་ཅིང་། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱད་པར་བགྱི། །འདིའི་བར་ལན་གསུམ་བཟླས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་སྡོམ་པ་མ་སྐྱེས་པ་ཡང་སྐྱེ། སྐྱེས་པ་འཕེལ་ཉམས་པ་སོར་ཆུད་དེ། དེ་ལ་བདག་ཚེ་འབྲས་ཡོད་དེ་རིང་རྒྱལ་སྲས་གྱུར། །ཞེས་རང་དགའ་བ་བསྒོམ། ལྷ་མི་ལ་སོགས་འགྲོ་བ་ཁྱེད་ཀུན་ཡང་། །བདེ་ལ་མགྲོན་དུ་བོས་ཟིན་དགའ་བར་གྱིས། །ཞེས་གཞན་དགའ་བ་བསྒོམ་འཇུག །ཐ་མལ་སྐྱབས་ཡུལ་འོད་ཞུ་བདག་ལ་འདྲེས། ཞེས་རང་ལ་བསྟིམ་མོ། །སྨོན་པ་སེམས་བསྐྱེད་ཀྱི་བསླབ་པ་ནི། ཐེག་ཆེན་བླ་མ་ལ་གུས་པ་དང་། ནག་པོའི་ཆོས་བཞི་སྤང་དཀར་པོའི་ཆོས་བཞི་བསྟེན། སེམས་ཅན་བློས་མི་སྤང་ངོ་། དེ་ཡང་བསྡུ་ན་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་ན་སྡིག་པ་སྤང་ཞིང་དགེ་བ་བསྒྲུབ་བོ། །འཇུག་པ་སེམས་


CMR051_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཀྱི་བསླབ་བྱ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ཕར་ཕྱིན་དྲུག་ཅི་ནུས་སུ་འབད་དོ། །དེས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ནས་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་ལ། བྱམས་པ་ལ་འཇུག་པའི་མདོ་ལས། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་འདུག་གམ་མཚམས་མེད་པ་ལྔའི་ལས་བྱས་སུ་ཟིན་ཀྱང་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ན་སྒྲིབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་བསྒོམ་བྱའི་གཙོ་བོ་ནི། །རང་གི་དབུགས་ཕར་འབྱིན་དུས་རང་གི་དགེ་རྩ་དང་བདེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཐིམ་པས། སེམས་ཅན་ཐམས་ཅད་གནས་སྐབས་སུ་སྐྱིད་ཅིང་བདེ། མྱུར་དུ་སངས་རྒྱས་བའི་སྐལ་བ་ཅན་དུ་གྱུར། དབུགས་ཚུལ་རྔུབ་དུས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་རང་ལ་ཐིམ་པས་ཁོང་རྣམས་སྡིག་སྡུག་དང་བྲལ་བར་བསྒོམས་


CMR051_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསོད་ནམས་ཚད་མེད་པ་ཐོབ་སྟེ། རྗེ་ཕག་མོ་གྲུ་པས། བྱང་ཆུབ་སེམས་ཀྱི་རྟ་ཕོ་ལ། །གཞན་ཕན་གྱི་ཀྱུས་ཐག་མ་བཅད་ན། །ཁྲོམ་ལྷ་མའི་བདེ་སྐྱིད་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པའི་དོན་ནོ། །སྤྱོད་འཇུག་ལས། མི་རྟག་ཚེ་འདིའི་ཆེད་དག་ཏུ། །སྡིག་པ་མང་པོ་ཉེ་བར་བསྒྲུབ། །ཅེས་གསུངས་པ་ལྟར། ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་སྡིག་པ་མང་པོ་བྱས་ཤིང་། རང་རེ་རབ་ཏུ་བྱུང་བ་རྣམས་སྡིག་པ་མངོན་གྱུར་བ་ཆེར་མ་བྱས་བསམ་ན་ཡང་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ། རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད། རྙིང་མ་ལྟར་རྩ་བ་གསུམ་ཡན་ལག་ཉེར་ལྔ་སོགས་བསྲུང་བྱ་རྣམས་རྩ་བ་མ་ཉམས་ཀྱང་། །ཕྲ་ཞིབ་ཡན་ལག་གི་ལྟུང་བ་ཆར་ལྟར་འབབ། བཤགས་པ་མ་ཐེང་བའི་ལྟུང་བ་རེ་རེས་ཀྱང་ངན་སོང་དུ་ལྟུང་ངེས་པར་གསུངས་པས་ཡ་ཆ་བ་ཡིན། དེར་མ་ཟད་བསྐལ་པ་གྲངས་མེད་པ་ནས་སྡིག་བསགས་པ་གྲངས་མེད་དེ། དེ་དག་བསམ་ལས་འདས་པ་ཞིག་སྨིན་རྒྱུ་ཡོད་འདུག་ན། དེ་དག་ཐམས་ཅད་བཤགས་དགོས། དེ་ལ་སྔར་བྱས་ལ་འགྱོད་པ་


CMR051_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུན་འབྱིན་པའི་སྟོབས། དཀོན་མཆོག་གསུམ་སོགས་ལ་བཤགས་པ་རྟེན་གྱི་སྟོབས། གཟུངས་སྔགས་སམ་རྡོར་སེམས་སྒོམ་བཟླས་སོགས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་མི་བྱེད་པར་དམ་བཅའ་བ་ཆུར་ལོན་སྟོབས་ཏེ། སྟོབས་བཞིའི་སྒོ་ནས་བཤགས་ན་སྡིག་པ་ཅི་ཆེ་ཡང་མི་དག་མི་སྲིད་དེ། སོར་ཕྲེང་ཅན་གྱི་མི་སྟོང་ལས་གཅིག་ཆག་པ་བསད་པ་དང་། མ་སྐྱེས་དགྲས་ཕ་བསད་པ་དང་། ཁྱིའུ་མཐོང་དགས་མ་བསད་པ་དང་། ཅུང་དགའ་བོ་བུད་མེད་ལ་ཆགས་པ་སོགས་ཀྱང་སྟོབས་རེ་རེས་དག་ནས་འབྲས་བུ་ཐོབ་པའི་ལོ་རྒྱུས་དང་། དག་པའི་དཔེ་མི་གཙང་བས་གོས་པའི་གོས་ལེགས་པར་བཀྲུས་ནས་སྤོས་ཀྱིས་བདུག་པ་དང་འདྲ་གསུངས་སོ། །དེས་ན་རྡོར་སེམས་སྒོམ་བཟླས་བྱ་སྟེ། རང་གི་སྤྱི་བོར་པད་ཟླའི་གདན་གྱི་སྟེང་། །བླ་མ་རྡོ་རྗེ་སེམས་དཔའ་རྒྱན་ལྡན་དཀར། ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་དང་། །གཡོན་པས་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །གསོལ་བ་བཏབ་པས་སྐུ་ལས་བདུད་རྩི་བབ། །བདག་གི་ཚངས་བུག་ནས་ཞུགས་ལུས་གང་བས། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་


CMR051_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཅེས་བསྒོམ་ལ་ཡི་གེ་བརྒྱ་པ་བཟླས་ཏེ། ཉེར་གཅིག་བཟླས་ན་ལྟུང་བ་ཐམས་ཅད་བྱིན་གྱིས་རླབས་པར་འགྱུར་ཏེ་ལྟུང་བ་མི་འཕེལ་ལོ། དེ་མིན་ན་ལྟུང་བ་རྣམས་ཞག་རེ་རེ་སོང་ཞིང་སྐྱེད་འཕེལ་ལོ། །འབུམ་ཕྲག་གཅིག་བཟླས་ན་ལྟུང་བ་རྩ་བ་ནས་དག་པར་གསུངས་སོ། །ཡིག་བརྒྱ་དག་པོ་ཀློག་མི་ཤེས་པའི་རིགས་ལ་ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་ཡི་གེ་དྲུག་པ་འདི་བཟླས་ཀྱང་རུང་སྟེ། ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས། ཡི་གེ་དྲུག་པ་འདི་འབུམ་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔས་བདག་ལ་དབུགས་དབྱུང་ནས། །འོད་ཞུ་རང་ལ་ཐིམ་པས་གཉིས་མེད་གྱུར། །ཅེས་རང་ལ་བསྟིམ། དེ་ལྟར་ཉམས་སུ་བླངས་བས་གཉིད་ཆུང་ཁམས་བདེ་སྙིང་དགའ་ཡལ་བ་འབྱུང་། ་རྨི་ལམ་གཅེར་བུར་བུད་པ་འཁྲུ་སྐྱུག་རྣག་ཁྲག་མི་གཙང་བ་ཐོན་པ། འཕུར་བ་གོས་དཀར་པོ་གྱོན་པ་སོགས་བྱུང་ན་སྡིག་པ་དག་རྟགས་སོ། །དེ་ནས་གནས་སྐབས་སུ་བདེ་སྐྱིད་ཐམས་ཅད་དང་མཐར་བྱང་ཆུབ་ཐོབ་པ་ལ་ཡང་ཚོགས་བསགས་པ་གལ་ཆེ། དེ་ཡང་བླ་མ་དང་དཀོན་མཆོག་མཆོད་པ་ལ་རག་ལས་


CMR051_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ཡང་དངོས་སུ་མཆོད་པ་ཆེན་པོ་རྙེད་དཀའ་ཞིང་། རྩོལ་བས་བསྒྲུབས་ན་དཀའ་ཚེགས་ཆེ་ཞིང་སྡིག་པ་འདྲེས། སེར་སྣ་དང་ངེས་བྱས་དང་ང་རྒྱལ་གྱི་དྲི་མས་ཀྱང་གོས་པས། དེ་ནས་མཎྜལ་འབུལ་བ་འདི་ཚོགས་རྫོགས་མཆོད་པ་རྒྱ་ཆེ། སེར་སྣ་སོགས་དང་དཀའ་ཚེགས་མེད་ལ་ཟབ་པར་གསུངས་པས། སྒྲུབ་པའི་མཎྜལ་ཚོམ་བུའམ་ཐང་རྟེན་སོགས་ལ་དམིགས་སམ་ནམ་མཁའ་ལ་དམིགས་ཀྱང་རུང་སྟེ། མདུན་གྱི་ནམ་མཁར་དབུས་སུ་བླ་མ་དང་། །མདུན་གཡས་རྒྱབ་དང་གཡོན་དུ་རིམ་པ་བཞིན། །ཡི་དམ་སངས་རྒྱས་ཆོས་དང་དགེ་མདུན་རྣམས། །རང་རིག་འཁོར་བཅས་བཞན་ཡང་གདན་མཚམས་སུ། །ཆོས་སྐྱོང་རྒྱ་མཚོ་ལ་སོགས་དཀོན་མཆོག་རྣམས། །ཚོགས་ཀྱི་ཞིང་མཆོག་དམ་པར་བཞུགས་པའི་དྲུང་། །ཞེས་དམ་ཡེ་དབྱེར་མེད་དུ་གསལ་བཏབ་ནས། ཡོད་ན་མཎྜལ་འབྲུའི་ཚོམ་བུ་བཀོད། མེད་ན་ལག་པའི་མཎྜལ་བཅས་ལ། གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་མཆོད་པ་དུ་མས་གང་བར་དམིགས་ནས། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་


CMR051_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་དགོངས་པ་རྟོགས་པ་དང་། །སྲིད་ཞིར་མི་གནས་འགྲོ་རྣམས་སྒྲོལ་བར་ཤོག །ཅེས་ཤོ་ལོ་ཀ་འདི་བརྒྱའམ་ཉེར་གཅིག་བདུན་སོགས་འབུལ། དེ་ནས་བདག་གཞན་དུས་གསུམ་བདོག་པ་ཀུན་ཕུལ་བས། །འགྲོ་ཀུན་ཚོགས་གཉིས་རབ་ཏུ་གང་གྱུར་ཏེ། །ཚོགས་ཞིང་འོད་ཞུ་བདག་དང་རོ་མཉམ་གྱུར། །ཞེས་ཉམས་སུ་བླངས་བས་ཟས་ཆེར་མ་ཟོས་ཀྱང་མི་རྟོགས། ཤེས་རབ་དང་གོ་བ་ཆེར་སོང་བ་ཉམས་དགའ་བ། བློ་ལས་སུ་རུང་བ་འབྱུང་། བུད་མེད་བཟང་མོས་ཟས་སྟེར་བ། ཉི་ཟླ་ཤར་བ་གོས་གསར་རྒྱན་བཏགས་རོལ་མོ་དཀྲོལ་གྱེན་ལ་འགྲོ་བ་སོགས་རྨིས་ན་ཚོགས་རྫོགས་རྟོགས་སོ།།། ༈ དེ་ནས་བླ་མའི་རྣལ་འབྱོར་ནི། གཞུང་ལས། བླ་མ་རིན་པོ་ཆེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་པ་མི་ཕྱེད་པའི་དད་པས་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལ་བསྟེན་ནས། ཞེས་གསུངས་པའི་དོན། ཨ་ཏི་བཀོད་པའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་སྤྱི་བོའི་གཙུག །ཡན་ལག་མཐིལ་དུ་གང་བཀོད་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །


CMR051_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་ཕན་ཡོན་ཆེ་ལ། དྭགས་པོ་རིན་པོ་ཆེས། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཡི། །ཐབས་ལ་མོས་གུས་ལས་གཞན་མེད། །ཅེས་དང་། འགྲོ་མགོན་ཕག་གྲུས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་སོ། །དེ་ལ་རྒྱལ་བ་ཡབ་སྲས་ལྟ་བུ་རྩ་བའི་བླ་མར་བསྟེན་པའི་སྐལ་བ་རྙེད་ན། དེ་ཉིད་སྐུ་དངོས་སུ་བསྒོམས་པས་མོས་གུས་འཕེལ་བ་སོགས་བྱིན་རླབས་འཇུག་སླ་བས་ལེགས་ལ། ཡང་དུས་འཁོར་ནས། སྙིགས་མའི་དུས་སུ་སློབ་དཔོན་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་ཉེས་པ་མེད་པ་ཡོད་མ་ཡིན། །གང་གི་ཡོན་ཏན་ཤས་ཆེར་གྱུར་པ་ཡི། །དེ་ལ་བུ་རྣམས་ཀྱིས་ནི་བསྟེན་པར་བྱ་བའོ། །ཞེས་གསུངས་པ་ལྟར་བླ་མ་སོ་སོའི་སྐྱེ་བོ་ནི་རྡོ་རྗེ་འཆང་གི་སྐུར་བསྒོམ་པ་མན་ངག་གོ །དེ་ལ་རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་སར་པདྨ་ཉི་མའི་སྟེང་དུ་རང་ལ་བཀའ་དྲིན་ཐོབ་པའི་བླ་མ་དེ་དང་། ཆོས་འབྲེལ་ཐོབ་ཅིང་རང་ལ་དད་འདུན་ཡོད་ཚད་ཀྱི་བླ་མ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་སློབ་དཔོན་པདྨ་


CMR051_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་པའི་རྡོ་རྗེ་འཆང་གི་སྐུར་བསྒོམ། དེའི་སྟེང་དུ་རྒྱལ་དབང་བཅུ་པ་ནས་མར་པའི་བར་ཐོ་བརྩེགས། མར་པའི་དབུ་ལ་མེ་ཏྲི་པ། དེའི་བླ་མ་ཡིན་པས་ནཱ་རོ། ཏཻ་ལོའི་དབུར་ཤ་བ་རི་པ་ནས་ས་ར་ཧའི་བར། དེའི་དབུར་བློ་གྲོས་རིན་ཆེན་དང་བདེ་བའི་མགོན་པོ་དབྱེར་མེད་བྱང་ཆུབ་སེམས་དཔའི་སྐུ་གཅིག །དེའི་སྟེང་དུ་གསུང་བདག་ཞི་བ། །དེའི་སྟེང་དུ་རྡོ་རྗེ་འཆང་དང་ཡེ་ཤེས་མཁའ་འགྲོ་ཕག་མོ་ཞལ་སྦྱོར། དེ་རྣམས་ཀྱི་མཐའ་བསྐོར་དུ་རྒྱ་གར་གྱི་རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ། རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད། ཇོ་བོ་ཁུ་རྔོག་འབྲོམ་གསུམ། རྒྱལ་སྲས་སྐུ་མཆེད་གསུམ། ས་སྐྱ་འཇམ་དབྱངས་བདུན་རྒྱུད། འབྲུག་པ་སེང་གེ་དགུ་ཚར། འབྲི་གུང་བ་དང་སྟག་ལུང་པའི་སེང་ཆེན་བཅུ་གསུམ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས་མདོར་ན་མཆོག་གི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་ཕོ་མོ་པཎ་གྲུབ་ཐམས་ཅད་མོས་པ་ཙམ་དུ་བསྐྱེད་དེ་ཁྲོམ་འཚོགས་སུའོ། ་།རང་གི་སྤྱི་བོར་པད་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་རྡོ་རྗེ་འཆང་དབང་པོ། །རྒྱན་ལྡན་རྡོ་དྲིལ་འཛིན་པའི་ཕྱག་རྒྱ་བསྣོལ། རྡོ་རྗེའི་གདན་བཞུགས་


CMR051_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་བླ་མ་དང་། །དཀོན་མཆོག་རྒྱ་མཚོ་ཐོ་བརྩེགས་ཁྲོམ་ལྟར་འཚོགས། །ཞེས་བསྒོམས་ནས། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་ནས། །གསང་སྔགས་སྙན་བརྒྱུད་བྱིན་རླབས་ཀྱི་ལམ་པ་ཡིན། བྱིན་རླབས་མོས་གུས་ཀྱི་ལམ་པ་ཡིན། །མོས་གུས་གསོལ་འདེབས་ལ་རག་ལས་པས། གསོལ་བ་འབར་ཐབས་སུ་ཐོབ་དང་། །བྱིན་རླབས་སྙིང་གི་དཀྱིལ་དུ་འབབ་པ་ཞིག་འོང་། །ཞེས་གསུངས་པས། དད་མོས་རྩེ་གཅིག་པས། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོངས་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་དག་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །ཞེས་དང་། སྤྲོ་ན་མ་ནམ་བཞི་བསྐོར་བྱ། གསོལ་འདེབས་བསྙེན་པ་བླ་སྒྲུབ་སུས་བྱེད་ན། ཀརྨ་པ་མཁྱེན་ནོ། །ཞེས་བསྙེན་པ་དང་རྒྱང་འབོད་སོགས་བྱས་ལ། རྩེ་གཅིག་གུས་པས་དད་པ་ཕུལ་བ་བས། །འཁོར་རྣམས་འོད་དུ་ཞུ་ནས་གཙོ་བོར་ཐིམ། །དེ་ཡང་འོད་ཞུ་བདག་ལ་ཐིམ་


CMR051_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། །སྐུ་དང་བདག་ལུས་འདྲེས་པས་བུམ་དབང་་་་་་་་་ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་རིམ་པ་མ་ལུས་བསྒྲོད། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས་པ་དང་། མཆན ཐོབ། དེ་བཞིན་གསུང་དང་ཐུགས་དང་ཡེ་ཤེས་ནི། །བདག་གི་ངག་ཡིད་ཡེ་ཤེས་དང་འདྲེས་པས། །གསང་བ་ཤེས་རབ་ཡེ་ཤེས་བཞི་པའི་དབང་། །ཐོབ་ཅིང་སྒོ་གསུམ་དྲི་མ་དག་པར་སྦྱངས། །སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་མཛད། ། །ཅེས་འདོན་བསྒོམ་བྱའོ། །དེ་ཡང་བླ་མ་སོ་སོའི་སྐྱེ་བོ་ཡང་རྡོ་རྗེ་འཆང་དུ་བསྒོམས་ནས་གསོལ་བ་བཏབ་ན། དད་ལྡན་རྗེས་སུ་བཟུང་ཕྱིར་སངས་རྒྱས་རྣམས་ཀྱི་བྱིན་རླབས་སློབ་བུ་ལ་འཇུག་པར་བཤད་ལ། ཡང་སྔར་གྱི་བཀའ་བརྒྱུད་གྲུབ་ཆེན་རྣམས་ལ་དད་པ་ཆེན་པོས་གསོལ་བ་བཏབ་ན་དེ་ཉིད་རྩ་བའི་བླ་མར་གྱུར་ནས་བྱིན་རླབས་འཇུག་སྟེ་ཚིག་རྒྱུད་མི་དགོས་དོན་རྒྱུད་འདི་ཁོ་རང་ལ་དད་ཆོག་ཅེས། སྒམ་པོ་པ་དུས་མཁྱེན་པཀྴི་ཞང་རྒོད་ཚང་བ་སོགས་ཀྱིས་གསུངས་ཤིང་། ཇོ་བོ་རྗེས་ཌོམྦྷི་པ་ཆུང་བ་དངོས་སུ་མ་མཇལ་ཡང་གསོལ་བ་བཏབ་པས་རྨི་ལམ་དུ་དགེ་སློང་མི་ཤ་ཟ་བ་གཅིག་བྱུང་ནས་


CMR051_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ལ་ཡང་མི་ཤ་བྱིན་པས་ཟོས་པ་རྨིས་བས་རྟོགས་པ་ཁྱད་པར་ཅན་སྐྱེས་པའི་ལོ་རྒྱུས་ལྟ་བུའོ། །དེ་ཡང་རྒྱུད་ལས། བཀའ་བརྒྱུད་རིན་པོ་ཆེའི་ལུགས་ཀྱི་ཕྱག་ཆེན་ཞེས་གསུངས་པས། བདེ་གཤེགས་ཕག་གྲུས། མདོ་རྒྱུད་མན་ངག་ཐམས་ཅད་ཆོས་ལྔ་པོ་འདིར་དྲིལ་ནས་གསུངས་པས་སློབ་མ་གདུགས་ཐོགས་པ་ལྔ་སྟོང་བརྒྱད་བརྒྱ་བྱུང་བར་གྲགས། དེའི་སྤུ་རིས་ཇི་ལྟ་བ་བཞིན་འཇིག་རྟེན་གསུམ་མགོན་གྱིས་མཁྱེན་ནས། ཇི་སྙེད་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་སེམས་དང་ཡི་དམ་ལྷ། །བླ་མ་དམ་པའི་མོས་གུས་དང་། །དབྱེར་མེད་ཕྱག་རྒྱ་ཆེན་པོ་ལ། །དགེ་རྩ་བྱང་ཆུབ་བསྔོ་བ་སྟེ། །རྣམ་པ་ལྔ་པོར་བསྡུས་ནས་ཀྱང་། །སྐལ་ལྡན་སློབ་མ་རྣམས་ལ་བསྟན། །ཅེས་དང་། ཕྱག་རྒྱ་ཆེན་པོ་སེང་གེ་ཡིན། །ལྔ་ལྡན་མེད་ན་མིག་མེད་ཡིན། །ཅེས་གསུངས་ཤིང་། ཐང་ལྷས་གསོལ་བ་བཏབ་པ་ལ་བསྟེན་ནས། ལྔ་ལྡན་གྱི་རྒྱས་བཤད་དགོངས་གཅིག་སོགས་མཛད་པས་དགེ་འདུན་ཁྲི་ཚོ་བཅོ་བརྒྱད་བྱུང་། དེར་རྗེ་དུས་མཁྱེན་གྱིས་ཀྱང་སྐྱོབ་པ་ལ་ལྔ་ལྡན་གསན་ཚུལ་མཛད་ཅིང་ཀཾ་ཚང་ལ་ཡང་བརྒྱུད་དོ། །དེ་ལ་དེ་ཡི་རྩ་ཚིག་ལས།


CMR051_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །འགྱུར་མེད་ཀྱི་བརྟན་པ་མ་ཐོབ་ན། །མ་མཁའ་འགྲོའི་འཁོར་འབངས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་ནན་ཏན་མཛོད། །ཅེས་གསུངས་པས། མདོ་ལུགས་སངས་རྒྱས་རྗེས་དྲན་དང་བྱ་སྤྱོད་རྣལ་འབྱོར་གསུམ་ནས་ལྷ་སྐུ་བསྒོམ་པར་གསུངས་ཀྱང་བསྐྱེད་རིམ་དུ་མི་ཐེ་ལ། བླ་མེད་རྒྱུད་ནས་ཡན་ལག་དྲུག་གིས་བསྐྱེད་པ་དང་། མངོན་བྱང་ལྔ་དང་། བསྙེན་སྒྲུབ་ཡན་ལག་བཞི་དང་། ཆོ་ག་གསུམ་སོགས་བསྐྱེད་རིམ་རྒྱས་བསྡུས་སྒོམ་ལུགས་མང་དུ་གསུངས་པ་ལས། འདིར་སྐད་ཅིག་དྲན་རྫོགས་སུ་བསྒོམ་པར་བྱ། དེ་ཡང་ཐུགས་རྗེ་ཆེན་པོ་སོགས་ཡི་དམ་གང་རུང་སྒོམ་པར་གསུངས་ཀྱང་། བདེ་མཆོག་གི་རྒྱུད་ལ་ཕྱག་རྒྱ་ཆེན་པོའི་བཀའ་བབས་པས་བདེ་མཆོག་བསྒོམ་པ་འབྲེལ་ཆེ་བས། ༀ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ། །དབང་བཞིས་སྨིན་པར་བྱས་པའི་བདག་ཉིད་ནི། །སྐད་ཅིག་དཔལ་ལྡན་དྲྭ་བ་སྡོམ་པའི་སྐུ། །ཕྱག་རྒྱ་དྲུག་ལྡན་གཡས་བརྐྱང་སྟབས་ཀྱིས་གནས། །རྡོ་དྲིལ་འཛིན་པས་གང་ལ་འཁྱུད་པའི་ཡུམ། །རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པས་འཛེག །པད་ཉི་འཇིགས་དུས་བསྒྱེལ་བའི་གདན་


CMR051_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རོལ། །གནས་གསུམ་འབྲུ་གསུམ་གནས་དྲུག་གོ་ཆར་བཅས། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་དྲངས། །ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པ་ལས། །དབང་ལྷས་དབང་བསྐུར་མི་བསྐྱོད་རྒྱས་གདབ་པའི། །སྤྲུལ་པའི་འཁོར་ལོ་པད་ལྟར་ནཱ་ད་ལས། །བཟླ་བའི་སྔང་ཕྲེང་ཁ་སྒོའི་ལམ་ནས་ཐོན། །དཀྱིལ་འཁོར་པར་གྱུར་འགྲོ་དོན་མཛད་ནས་སྔགས། །གཟུགས་ཀྱི་ཡུམ་གྱི་ཞལ་ནས་སྐུ་ལུས་བརྒྱུད། །པདྨའི་ལམ་ནས་ཡབ་ཀྱི་གསང་བར་ཞུགས། །ལྟེ་བར་པད་ཉིའི་ནཱ་དར་ཐིམ་པར་གྱུར། །ཞེས་སྤྲོ་བསྡུ་བརྒྱུད་མར་བྱས་ནས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱཀི་ནི་ཛཱ་ལ་སམྦྷ་རཾ་སྭཱ་ཧཱ། ཞེས་སོགས་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་རྒྱས་བསྡུས་གང་འོས་བཟླ་གསུངས་པས། །བསྙེན་ཚད་གསོག་ན་ཉེར་གཉིས་པ་ལ་བཞི་འབུམ་ཡིན་ལ། ཉེ་སྙིང་ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུ་ཕཊ། ལ་ནི་འབུམ་ཕྲག་བཅུ་གཉིས་ཡིན་ནོ། །རྒྱུན་དུ་ནི་ཅི་རིགས་པས་ཆོག་གོ །དེ་ནས་རྫོགས་རིམ་འོད་གསལ་ཕྱག་ཆེན་བསྒོམ་པ་ནི། སྣོད་བཅུད་རང་ལ་བསྡུས་ནས། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་གདན་འོད་ཞུ། ཡུམ་ལ་ཐིམ་ཞིང་ཡུམ་ཡང་ཡབ་ལ་ཐིམ། །དེ་


CMR051_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཧཱུྃ་དང་ཞབས་ཀྱུ་ཁོག་པ་མགོ །ཟླ་ཚེས་ཐིག་ལེ་ནཱ་ད་དེ་ལས་ཀྱང་། །འདས་པ་དམིགས་སུ་མེད་པ་སྟོང་ཉིད་དུ། །ཞུགས་པས་རང་རིག་འོད་གསལ་བཅོས་མིན་གྱི། །སེམས་ཀྱི་རང་བཞིན་རིག་སྟོང་རྗེན་པར་བུད། །ཅེས་ཅི་གནས་ཕྱག་ཆེན་དུ་བཞག་པ། ཞེས་གསུངས་པ་ལྟར་བཞག །འདི་ནི་སྒོམ་མ་སྐྱེས་པ་སྐྱེ་ཐབས། །སྐྱེས་པ་བོགས་དབྱུང་ཐབས་མཆོག་ཡིན་ལ། ཉལ་དུས་བསྒོམས་པས་འོད་གསལ་ཟིན་པ་དང་། འཆི་ཁ་བསྒོམས་པས་འཆི་བ་འོད་གསལ་ཟིན་ཏེ། མདོར་ན་ཡོངས་སུ་གྲགས་པའི་རྫོགས་རིམ་གྱི་གདམས་པ་ཆེན་པོའོ། །དེ་ནས་ཐུན་མཚམས་སུ་བདེ་མཆོག་ཕྱག་གཉིས་རྒྱན་དང་ཕྱག་མཚན་ཡུམ་མེད་པ་གཅིག་བསྒོམས་ལ་ཆོས་ཐམས་ཅད་བདེན་པར་མ་གྲུབ་སྒྱུ་མ་རྨི་ལམ་ལྟ་བུར་བསྒོམ་ལ། འཁོར་བ་ཅི་སྲིད་འགྲོ་དོན་བྱ་བར་མོས་པ་བྱས་ནས། སྙིང་ཁར་ཨོ་ཧ་དཀར་པོ། མགོར་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་དམར་པོ། ཕྲག་པ་གཉིས་སུ་བཻ་ཥ་ཊ་ཧེ་ནག་པོ། མིག་གཉིས་སུ་ཧཱུྃ་ཧཱུྃ་ཧེ་དམར་སེར། ཡན་ལག་ཐམས་ཅད་ཕཊ་ཧཾ་ལྗང་ཁུས་གོ་ཆ་བགོས་པར་བསམས་ནས། གོས་གཡང་གཞི་དང་སྟག་ཤམ། གདན་


CMR051_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཉི་སོགས་སུ་མོས། འགྲོ་བའི་ཚེ་གཡས་སུ་བདེ་མཆོག་གི་དཀྱིལ་འཁོར་པད་སྡོང་སྟེང་དུ་བཞུགས་པ་ལ་བསྐོར་བ། འདུག་དུས་ཕྱག་འཚལ་བ། གཉིད་ཚེ་འོད་གསལ་ཆོས་སྐུའི་རྣལ་འབྱོར། རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་ལོངས་སྐུའི་རྣལ་འབྱོར། སད་ཚེ་རྒྱུ་ལུས་སྤྲུལ་སྐུའི་རྣལ་འབྱོར། ཐ་མལ་དང་སྙོམས་འཇུག་གི་ཚེ་རིག་སྟོང་ངོ་བོ་ཉིད་སྐུའི་རྣལ་འབྱོར་ཏེ། སྐུ་བཞིའི་རྣལ་འབྱོར་དུ་ཉམས་སུ་བླངས་ཤིང་། ལས་དང་པོ་པ་ཡིན་ན་ཡང་དེ་དག་ཅི་ལྕོགས་ཙམ་དུ་འདོན་བསྒོམ་བྱ་སྟེ། རྗེས་ཐོབ་ཆུ་ལས་ཉ་བཞིན་བདག་ཉིད་ནི། །དཔལ་ལྡན་སྡོམ་པ་སྒྱུ་མ་ལྟ་བུའི་སྐུའི། །འཁོར་བ་ཇི་སྲིད་དེ་སྲིད་འགྲོ་དོན་མཛད། །བགོ་བ་སྔགས་ཀྱི་གོ་ཆ་མཚན་དཔེས་བརྒྱན། །འགྲོ་འདུག་དཀྱིལ་འཁོར་པ་ལ་བསྐོར་བ་ཕྱག །སད་རྨི་གཉིད་དང་ཐ་མལ་གནས་སྐབས་རྣམས། །སྐུ་བཞིའི་རྣལ་འབྱོར་སྒྱུ་མའི་རྣམ་ཐར་རོ། །ཞེས་འདོན་བསྒོམ་བྱའོ། སྔོན་འགྲོ་བཞི་བསྐྱེད་རྫོགས་དང་བཅས་པ་འདི་རྗེ་ཆོས་ཀྱི་དབང་ཕྱུག་གིས་གསུངས་པའོ། ༈ །དེ་ནས་ཞི་གནས་སྒྲུབ་པ་ལ། ཤིང་བུ་དང་རྡེའུ་ལ་སེམས་བཟུང་བ་འདི་ལ་བོད་ཀྱི་


CMR051_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་འགའ་ཞིག་གིས་བཀག་ཀྱང་། མདོ་ལུགས་འགའ་ཞིག་ནས་བྱུང་ཞིང་གོང་མ་རྣམས་ཀྱི་ཕྱག་སྲོལ་ཡིན་པས་ལེགས་མོད། འོན་ཀྱང་རྗེ་ཆོས་ཀྱི་དབང་ཕྱུག་གི་ཞལ་ནས། ས་ནག་པོའམ་ཟན་ནག་པོ་ལ་ཀོང་བུ་བྱས་པའི་ནང་དུ་ཐུར་མ་ནག་པོ་སོར་བཞི་བཙུགས་ནས། དེ་ཟླ་ཚེས་དང་ནཱ་དའི་མཚོན་པ་ཡིན་པས་དེ་ལ་སེམས་བཟུང་བ་ལེགས་གསུངས་པས། རྡེའུ་འམ་དེ་འདྲ་ཞིག་ལ་སེམས་ཅི་གནས་སུ་བཟུང་ངོ་། །དེ་ནས་ཏིང་འཛིན་རྒྱལ་པོ་ལས་་གསུངས་པ་ལྟར་། ནམ་མཁའ་ཤཱཀྱ་ཐུབ་པ་སྒོམ་ལ་དེའི་ཐུགས་ཀའམོ་མཛོད་སྤུ་ལྟ་བུ་ལ་སེམས་རྩེ་གཅིག་ཏུ་བཟུང་ངོ་། །རྗེ་དཀོན་མཆོག་འབངས་ཀྱིས། སེམས་གནས་ཀྱི་རྩ་བ་མི་བརྟན་ན། །ཞི་ལྷག་གི་ཉམས་བཟང་མི་སྐྱེ་བས། །དམིགས་བཅས་དང་དམིགས་མེད་གང་ལ་ཡང་། །རྩེ་གཅིག་ཏུ་འཛིན་པའི་གནས་པ་སྐྱོང་། །ཞེས་གསུངས་པ་ལྟར། སེམས་རྩེ་གཅིག་ཏུ་དེ་ལ་གནས་ཅི་ཐུབ་བྱའོ། །དེས་གོམས་ནས་སེམས་གར་གཏད་སར་ནམ་འདོད་བར་མི་འཕྲོ་བར་ལྷན་ནེ་སྡོད། བཏང་ན་གར་འདོད་དུ་འགྲོ་བ་བཀོལ་བཏུབ་པ་འདྲ་ན་ཞི་གནས་ཀྱི་དོན་འགྲུབ་པའོ། །མཚན་བཅས་ཀྱི་ཞི་གནས་བསྒོམ་


CMR051_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སོ། །དེང་སང་འགའ་ཞིག་གིས་ཞི་གནས་དེ་ངན་ནེ་ཞིག་ཡིན་སྙམ་པར་བྱེད་དེ། མངོན་ཤེས་རྫུ་འཕྲུལ་ཐམས་ཅད་ཞི་གནས་ལས་འབྱུང་བར་གསུངས་སོ། །དལ་འབྱོར་རྙེད་དཀའ་ནས་མཚན་བཅས་ཞི་གནས་ཡན་ཆད་གྲུབ་མཐའ་ཐམས་ཅད་འདྲ་བར་སྣང་ངོ་། །དེ་ནས་ལྷག་མཐོང་གི་ཡེ་ཤེས་སམ་ལྟ་བ་ངོ་སྤྲོད་ལུགས་མི་འདྲ་བ་གཉིས་ཡོད་དེ། པཎྜི་ཏ་དང་མཁས་པ་རྣམས་མདོ་རྒྱུད་གཞུང་ཆེན་རྣམས་ནས་བཤད་པ་དང་མཐུན་པར། དང་པོ་ཐོས་པས་སྒྲོ་འདོགས་ཕྱི་ནས་བཅད་དེ་མདོ་རྒྱུད་ཀྱི་ལུགས་དང་།། མཐའ་བཞི་སྐྱེ་འགག་དང་གཅིག་ཏུ་བྲལ་གྱི་རིགས་པས་ཆོས་ཀྱི་བདག་མེད་དང་། གང་ཟག་གི་བདག་མེད་གཉིས་གཏན་ལ་ཕབ་ནས། བསྒོམ་རྒྱུའི་ལྟ་བ་ངོས་ཟིན་པར་བྱས་ནས་བཟོད་བསྒོམ་དགོས། དེ་མིན་པར་བསྒོམས་ཀྱང་འབེན་མ་མཐོང་བར་མདའ་འཕེན་པ་དང་འདྲ་བས་ཅིར་འགྱུར་ཆ་མེད་ཟེར་རོ། །མན་ངག་ཟབ་མོའི་ལུགས་སྒོམ་ཆེན་ཀུ་སུ་ལུ་པ་རྣམས་ཀྱི་ལུགས། ཁ་རག་བསྒོམ་ཆུང་གིས། ཚེ་ལ་ལོང་མེད་ཚིག་ལ་ཐུག་པ་མེད། །དེ་བས་དམ་པའི་ཆོས་ལ་ལོངས་མཛོད་ལ། །གསུངས་པ་ལྟར་། ཚིག་གི་མཐའ་ཇི་


CMR051_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཅད་ཀྱང་ཟད་མཐའ་མེད། དེ་བས་རྟོགས་ལྡན་གྱི་བླ་མ་དམ་པ་ལ་གསོལ་བ་ཞིག་བཏབ་ཅིང་བསྒོམས་པས་བྱིན་རླབས་ཀྱི་སྟོབས་ཀྱིས་ལྟ་བ་ནང་ནས་འཆར་འོང་གསུངས། དེས་ན་སྔོན་ལ་བསྒོམས་ནས་ལྟ་བ་རྒྱབ་ནས་ངོ་སྤྲོད་པས་ངོ་འཕྲོད་སླ་བས་བཀའ་བརྒྱུད་སྤྱིའི་ལུགས་ཀྱང་དེ་ཡིན་ལ། བདག་གི་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གི་ཞལ་ནས། བྱུང་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱུང་ན་ལེགས། མ་བྱུང་ན་དབང་རྟུལ་དད་པའི་རྗེས་འབྲང་བྱ། ཞེས་གསུངས་པ་ཐོས་སོ། །དེ་ལྟར་གཉིས་ཀ་འཛོམས་ན་མཆོག་ཡིན་ལ།། དཀོན་མཆོག་འབངས་ཀྱི་གསུངས་ལས། ཆོས་ཐ་སྙད་ཚིག་གི་ཚོགས་འདི་དག །ཉམས་མྱོང་དང་འབྲེལ་བར་མ་མཆིས་ན། །ང་རྒྱལ་གྱི་ས་བོན་ཡིན་ལགས་པས། །ཁ་བཤད་ལ་ཡིད་སྨོན་མ་བྱེད་ཅིག །ཅེས་གསུངས་པ་ལྟར་ཐོས་པ་ལས་ཉམས་སུ་ལེན་པ་གལ་ཆེའོ། །དེ་ལ་ཆོས་སྤྱིའི་ལྷག་མཐོང་ནི་བརྟག་དཔྱད་བྱེད་པ་ཉིད་ལྷག་མཐོང་དུ་བཤད་པས། རང་གི་སེམས་དེ་ལུས་ཕྱི་ནང་ཐམས་ཅད་དུ་ལེགས་པར་འཚོལ། དབྱིབས་ཁ་དོག་ཆེ་ཆུང་ལ་སོགས་ཞེ་ཐག་པ་ནས་ཐག་ཆོད་ཆོད་དུ་ཚོལ། མ་རྙེད་ན་མ་རྙེད་བསམ་མཁན་ཡང་


CMR051_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ། སེམས་འདི་ཡོད་པ་ཞིག་གམ་མེད་པ་ཞིག་གམ་ཡོད་མེད་གཉིས་ཀའམ་ཡོད་མིན་མེད་མིན་ཇི་ལྟ་བུ་ཞེས་ལེགས་པར་ཚོལ། ངེས་པར་ང་ཡི་སེམས་དེ་ལ་ཇི་ལྟ་བུ་ཞིག་ཡོད་སྙམ་དུ་ཐག་ཆོད་པར་བཙལ་ལོ། །དེ་ལྟར་བཙལ་བས་ཡོད་པ་མ་ཡིན་གཟུགས་ཁ་དོག་མེད། མེད་པ་མ་ཡིན་ཅི་ཡང་དྲན་ཞིང་གར་ཡང་ཐོགས་པ་མེད་པར་རྒྱུག་པ། ཡོད་མིན་མེད་མིན་མ་ཡིན་ཏེ་རེ་རེ་ནས་མ་ཡིན་པ། ཅི་ཡང་སྨྲ་མི་ཤེས་པ་འདྲ་བ་ཅི་སྨྲས་ཀྱང་ཕྱོགས་འདྲ་ཙམ་ལས་མི་འགལ་བ་འདྲ་བ་གཅིག་མཐོང་བ་མེད་པར་མཐོང་ངོ་། །དེའི་ཚེ་ལུས་རྣམ་སྣང་ཆོས་བདུན་ལེགས་པར་བཅས་ཏེ། རྐང་པ་རྡོར་དཀྱིལ་ལམ་སེམས་སྐྱིལ། སྒལ་པ་བསྲང་ལག་པ་མཉམ་བཞག་ལྕེ་ཡ་རྐན་ལ་སྦྱར། མགྲིན་པ་ཅུང་ཟད་བཀུག་དཔུང་པ་བརྒྱང་མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་བལྟ། དེ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་ཉེར་གཅིག་ཙམ་མ་འཆུག་པར་གྲངས་སུ་བསྒྲུང་། དེ་ནས་སེམས་ལྷོད་དེ་ཀློད་ལ་སེམས་དེ་ཉིད་ལ་མ་ཡེངས་ཙམ་དུ་ལྟའོ། །འདི་ལ་བོད་ཀྱི་མཁས་པར་གྲགས་པ་འགའ་ཞིག་གིས་བཀག་པ་མཛད་མོད་ཀྱང་། བྲམ་ཟེ་ཆེན་པོ་ར་ཧས། འཇུར་བུའི་བཅིངས་པའི་སེམས་


CMR051_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འདི། །ཀློད་ན་གྲོལ་བ་ཐེ་ཚོམ་མེད། །ཅེས་དང་། ་ཏེ་ལོ་པས། མ་བཅོས་གཉུག་མའི་ངང་ལ་ཀློད་ལ་ཞོག །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་སོགས་གསུངས་ཕྱིར་ཐེ་ཚོམ་མི་བྱའོ། །དེ་ལྟར་ཀློད་ནས་བལྟས་པས་སེམས་མི་འཕྲོ་བར་ཀྱི་ལེ་གནས་པར་འདྲ་དེ་གནས་པ་ཟེར། སེམས་མི་འཕྲོ་དགུ་འཕྲོ་གར་ཡང་ཕྱིན་པ་འདྲ་དེ་འགྱུ་བ་ཟེར། གནས་སམ་འཕྲོ་བ་རིག་པ་དེ་རིག་པ་ཟེར་རོ། །རང་བྱུང་རྡོ་རྗེས། ཕྱག་རྒྱ་ཆེན་པོ་ཟེར་བའི་སྒྲ་བོ་ཆེ་གཡེར་པོ་ཆེ་དེ་རང་གི་སེམས་ལ་ཟེར་བ་ཡིན། རང་གི་སེམས་ངོ་མི་ཤེས་ན་ངའི་སེམས་ངའི་སེམས་ཟེར་བའི་རིག་རིག་ཏུར་ཏུར་པོ་འདི་ཡིན། ཞེས་གསུངས་སོ། །འོ་ན་གནས་འགྱུ་ཤེས་ཙམ་ཕྱག་རྒྱ་ཆེན་པོ་ཡིན་སྙམ་ན། དཔེར་ན་ཀ་ཚར་ཤེས་པ་ཡི་གེ་ཤེས་པའི་གྲལ་བརྩི་བ་ཙམ་མོ། །གནས་འགྱུ་ཤེས་ཕྱག་ཆེན་མིན། གནས་འགྱུ་ལས་གཞན་པའི་ཕྱག་ཆེན་མེད་དོ། །དེ་ཉམས་དང་པོ་རི་གཟར་གྱི་ཆུ་ལྟ་བུ་རྣམ་རྟོག་གཅིག་རྒྱབ་གཉིས་རྒྱབ་མང་དུ་སྐྱེ་སྟེ་ང་ལ་སྒོམ་མི་ཆགས་པར་འདུག་སེམས་ཡུད་ཙམ་མི་སྡོད་པར་གདའ་བསམ་པ་འབྱུང་། ། དེ་ལ་སྐྱོང་ལུགས་རབ་འབྲིང་ཐ་གསུམ་ཡོད་


CMR051_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དེ། རབ་ནི་གང་ཤར་ངོ་བོ་ལ་བཟོ་བཅོས་མེད་པར་བསྐྱངས་ཏེ། ཤནྟི་པས། གནས་ན་ཞོག་ལ་འཕྲོ་ན་ཐོངས། །གཉེར་ཁ་མ་བྱེད་ཡན་དུ་ཆུག །ཅེས་གསུངས་སོ། །འབྲིང་ནི་རྣམ་རྟོག་གང་ཤར་བ་དེ་ལ་རེ་རེ་བལྟས་པས་གཞི་མེད་དུ་ཡལ་འགྲོ། དེའི་ངང་ལ་ཅུང་ཟད་ཅིག་གནས་ཀྱང་རྣམ་རྟོག་གཅིག་ཤར་འོང་བས་སྔར་ལྟར་བལྟས་ལ་རང་གྲོལ་དུ་བཏང་དེའི་མུ་མཐུད་དོ། །ཐ་མ་སེམས་རྒྱང་རིང་དུ་འཕྲོས་ནས་སོང་ན་ཚུར་བཀུག་པ་ལྟ་བུ་གཅིག་བྱས་ནས་རང་གི་སྙིང་ཁར་སེམས་གཏད་པ་འདྲ་ཞིག་བྱས་ནས་བལྟས་པས་རང་ཞིར་འགྲོ། དེའི་མུ་མཐུད་དེ་དེ་ལ་སྒོམ་ལྕགས་ཀྱུ་མ་ཟེར་རོ། །དེ་ལྟར་སྐྱོང་ལུགས་གསུམ་ཁ་ལ་ལྟ་ཡུན་ཐུང་བ་གསལ་བདོ་ལ་སྐྱུར་ཞིང་ལྟ་གྲངས་མང་བ་དེ་མ་ཐག་ནི་ལྟ་བ་མན་ངག་སྟེ། བཀའ་བརྒྱུད་བླ་མ་རྣམས་ཀྱིས་སྒོམ་དང་ངན་གྱས་མི་བྱ་བཟང་གྱས་བྱ་གསུངས་པའི་དོན་ནོ། །དེ་ནས་ཉམས་གཉིས་པ་ཅོང་རོང་གི་ཆུ་ལྟ་བུ་རེས་འགའ་རྣམ་རྟོག་མང་དུ་འཕྲོ་རེས་འགའ་མི་འཕྲོ་བར་གནས་པ་འབྱུང་ངོ་། དེའི་ཚེ་སེམས་གནས་པའི་ཚེ་དགའ་ཞིང་འཕྲོ་རྒོད་ཆེ་ན་མི་དགའ་བའི་སྣང་བ་འབྱུང་སྟེ། དེ་ལ་སྐྱོང་ལུགས་ནི་


CMR051_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཕྲོ་རྒོད་ཆེ་ན་ལུས་སེམས་ལྷོད་དེ་ལྷོད་ལ་ལྟའོ། །སེམས་གནས་པའི་ཚེ་དེའི་ངོ་བོ་ལ་ཧྲིག་གེར་ལྟའོ། །གནས་པ་དང་འགྱུ་བ་གཉིས་ལ་བཟང་ངན་ཅུང་ཟད་ཀྱང་མེད་དེ་དགའ་སྡུག་མི་བྱའོ། །སེམས་རྟོག་པ་ལ་སྐྱོན་དུ་ལྟ་མི་དགོས། མི་རྟོག་པ་ལ་ཆེད་དུ་བསྒྲུབ་མི་དགོས། གང་ཤར་གྱི་ངོ་བོ་ཞིག་ལྟོས་དང་ཅེས་བཀའ་བརྒྱུད་རྣམས་དང་ཡང་དགོན་པས་གསུང་སྐད་དོ། །དེ་ལྟར་སྐྱོང་བས་ཉམས་གསུམ་པ་ཆུ་བོ་གང་གཱ་ལྟ་བུ་འཆར་ཏེ། གནས་ཉམས་ཆེན་པོའི་ངང་ནས་རྣམ་རྟོག་ཅུང་ཟད་ཅུང་ཟད་འཕྲོ་བ་ཞིག་འབྱུང་། དེ་ཡང་རླུང་ཁམས་པའི་རིག་ལ་འཕྲོ་རྒོད་ཤས་ཆེ་གནས་ཉམས་ཆེན་པོ་མི་ཡོང་། ཆུ་ཁམས་པའི་རིགས་ལ་བདེ་ཉམས་ཤས་ཆེ་སྟེ་ལུས་སེམས་བདེ་འབོལ་ལེ་འབྱུང་། མེ་ཁམས་པའི་རིགས་ལ་གསལ་ཉམས་ཤས་ཆེ་སྟེ་གསལ་ཉམས་ལྷང་ངེ་བ་འབྱུང་། ། ས་ཁམས་པ་ལ་མི་རྟོག་པ་ཤས་ཆེ་སྟེ་རྣམ་རྟོག་ཉུང་གནས་ཉམས་ཆེའོ། །འདིའི་དུས་སྐྱོང་ལུགས་ཀྱི་གནད་ནི། རེ་མདའ་བའི་ཞལ་ནས། ལྕགས་པར་ཐོངས་ལ་དྲན་པའི་རྒྱུངས་སོ་ཚུགས། །ཞེས་གསུངས་པ་ལྟར། གང་ཤར་གྱི་ངོ་བོ་ལ་མ་ཡེངས་ཙམ་དུ་སྐྱོང་ངོ་། །དེ་ནས་


CMR051_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་བཞི་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་སེམས་མེ་རེ་འཁྱིལ་ལེ་གནས་པ་རྣམ་རྟོག་ཉུང་ཞིང་རྣམ་རྟོག་གང་ཤར་ཡང་གནས་ཉམས་དེའི་ངང་ནས་ཆུ་དང་རླབས་བཞིན་རང་གྲོལ་དུ་འགྲོ་བ་གཅིག་འབྱུང་། དེའི་ཚེ་ཀློད་དྲགས་ན་གསལ་དངས་མི་ཐོན་པར་རླགས་སེ་བ་འདྲ་བ་ཞིག་འབྱུང་བས་ཅུང་ཟད་ཀྲིམ་མེ་ལུས་སེམས་བསྒྲིམ་ཞད་གཅིག་བྱས་ལ་ཧྲིག་གེ་ལྟའོ། །གང་ཤར་དེ་ལ་ཧྲིག་གེ་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་ལ། འདི་ལྟ་བུའོ་ཞེས་དེའི་གནས་ཚུལ་བརྗོད་མི་ཤེས་པ་དེའི་ཕྱོགས་འདྲ་རེ་འདི་འདྲའོ་ཞེས་བརྗོད་ན་བརྗོད་རྒྱུ་ཟད་པ་མེད་པ་དེ་ལྟ་བུ་གཅིག་འབྱུང་སྟེ། འདིའི་སྐབས་སུ་ངོ་སྤྲད་ན་ལེགས་ཤིང་ངོ་སྤྲོད་སྔ་ན་དྲེད་པོར་འགྱུར་རོ། །དུས་སུ་ངོ་མ་སྤྲད་ན་ངོ་མི་འཕྲོད་ཅིང་སྐྱོང་མི་འདོད་པར་འགྱུར་བས་སོ། །གཞུང་ལས་སེམས་ལ་རྟོག་པ་གང་ཡང་མི་འཆར་བར་རྗེན་ལྷང་ངེར་ལུས་པ་ལྟ་བུའམ་སྟོང་ཕྱམ་མེར་སོང་བ་ལྟ་བུའི་ཉམས་ཤིག་ཡོད་པ་དེ་ལ་དྲན་པས་ཁ་ནང་དུ་ཕྱོགས་ཏེ་བལྟས་པས་ཡོད་མེད་སོགས་གང་དུའང་མ་གྲུབ་པ་སྨྲ་བསམ་གྱི་ཡུལ་ལས་འདས་པར་གོ་བ་ན་སེམས་ངོ་མཐོང་བ་ཞེས་ཐ་སྙད་མཛད་པ་ལགས་ཤིང་། །


CMR051_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེས་ན་སེམས་ཕྱི་རོལ་དུ་བཙལ་བས་མི་རྙེད་པ་ཕྱི་སྟོང་པ་ཉིད་དང་། ནང་དུ་བཙལ་བས་མི་རྙེད་པ་ནང་སྟོང་པ་ཉིད་དང་། གཉིས་ཀར་བཙལ་བས་མི་རྙེད་པ་ཕྱི་ནང་སྟོང་པ་ཉིད་སོགས་སྟོང་ཉིད་བཅོ་བརྒྱད་སེམས་ལ་ཚང་ཚུལ་དང་། སེམས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། མི་འགག་ཅིར་ཡང་འཆར་བ་སྤྲུལ་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་སྐུ་ཡིན་ལ། དེ་བཞིན་དུ་གནས་པ་ཆོས་སྐུ། འགྲུ་བ་སྤྲུལ་སྐུ། རིག་པ་ལོངས་སྐུ། དེ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུའི་རང་བཞིན་ཡིན་ནོ། །སེམས་དངོས་པོར་མ་གྲུབ་པས་ཡོད་པ་མ་ཡིན། ཅི་ཡང་དྲན་ཅིང་རིག་པས་མེད་པ་མ་ཡིན། ཡོད་མེད་གཉིས་ཀ་མ་ཡིན་ཏེ་རེ་རེ་ནས་མིན། གཉིས་མིན་མ་ཡིན་ཏེ་མི་སྲིད། དེས་ན་མཐའ་བཞི་དང་བྲལ་བའི་དབུ་མ་ནི་རང་གི་སེམས་འདི་ཡིན་ནོ། །འདི་ཤེས་ན་ཤེས་བྱ་ཐམས་ཅད་ཀྱི་རབ་ཡིན་ལ། འདི་བསྒོམས་ན་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པས་ཤེས་རབ་ཕར་ཕྱིན་ཡང་འདི་ཡིན། འདི་ལ་མ་ཚང་བ་དང་མ་རྫོགས་པའི་ཆོས་མེད་ཅིང་འདི་བས་ལྷག་པའམ་གོང་དུ་ཆོས་གཞན་མེད་པས་རྫོགས་པ་ཆེན་པོའོ། །


CMR051_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་སྟོང་པ་ཉིད་ཀྱི་ཕྱག་རྒྱ་འདི་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འདའ་ས་མེད་པས་ཕྱག་རྒྱ་ཆེན་པོའོ། །འདི་རྟོགས་ན་སྲིད་པའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པས་སྡུག་བསྔལ་ཞི་བྱེད་དོ། །དེ་ལ་བཀའ་བརྒྱུད་རིན་པོ་ཆེའི་སྙན་བརྒྱུད་ཀྱི་རྩ་བ་ནི། དྭགས་པོ་རིན་པོ་ཆེས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་ཀྱི་རླབས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དབྱེར་མེད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་དོན་ཡིན་གསུངས་པས། ཕྱི་ཚོགས་དྲུག་གི་སྣང་བ་འདི་ཐམས་ཅད་སེམས་ཡིན། ཕྱི་རོལ་དུ་དངོས་སུ་གྲུབ་པ་མེད་དེ་རྨི་ལམ་གྱི་ཡུལ་དུ་སྣ་ཚོགས་སྣང་བ་དང་ཁྱད་མེད་རྨི་ལམ་བག་ཆགས་སྲབ་པས་སད་ནས་མི་བདེན་པར་རྟོགས་སླ། ད་ལྟའི་སྣང་བ་འདི་ཡང་འཁྲུལ་པའི་བག་ཆགས་འཐུག་པས་མི་བདེན་པར་རྟོགས་དཀའ་ན་ཡང་དོན་ལ་ནི་བདེན་གྲུབ་ཏུ་མེད་པར་ཐག་ཆོད་པས་དེས་ན་སྣང་བ་སེམས་སུ་ཐག་བཅད། སེམས་ནི་དང་པོ་བྱུང་ས་བཙལ་བས་མ་རྙེད་པ་སྐྱེ་མེད། ད་ལྟ་གང་དུ་གདའ་བལྟས་པས་གནས་ས་མེད་པས་གནས་མེད། ཐ་མ་གང་དུ་འགྲོ་བལྟས་པས་འགྲོ་ས་མེད་པས་འགག་


CMR051_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མེད། སྐྱེ་འགག་གནས་གསུམ་དང་བྲལ་བ་ཆོས་སྐུ་ཡིན་ནོ། །དེས་ན་སེམས་དེ་སྨྲ་བསམ་བརྗོད་པ་དང་བྲལ་བས་སྟོང་ཉིད་དུ་ཐག་བཅད། སྟོང་ཉིད་དེ་ཆོས་སྐུར་ཐག་བཅད་དོ། །དེ་ལྟར་ངོ་སྤྲོད་པའི་ལུགས་ནི་མཐའ་ཡས་པ་གཅིག་ཡོད་པ་རྒྱས་པར་མདོ་རྒྱུད་གསུང་འབུམ་ཐམས་ཅད་ལ་ལྟ་བར་བྱ་འདིར་བྲིར་མ་ལོང་ལ། ཅུང་ཟད་ཡིད་ཆེས་ཕྱིར་བཀོད་ན། གྲུབ་ཆེན་ཤ་བ་རིས། ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །གང་གི་གདོད་ནས་སེམས་མེད་རྟོགས་པ་ཡི། །དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད། །ཅེས་དང་། ནཱ་རོ་པས། སྣང་ཞིང་སྲིད་པའི་ཆོས་འདི་རྣམས། །རང་རིག་སེམས་ལས་གུད་ན་མེད། །ཅེས་དང་། །མཻ་ཏྲི་པས། སོ་སོ་སྣ་ཚོགས་རང་གི་སེམས་ཉིད་ཡིན། །འཁོར་འདས་ཐམས་ཅད་རྣལ་འབྱོར་དབྱེ་རུ་མེད། །དཔེར་ན་ཆུ་དང་དེ་ཡི་རླབས་བཞིན་ནོ། །ཞེས་དང་། ཏཻ་ལོ་པས། དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ཅེས་གསུངས་སོ། །འོ་ན་སེམས་དེ་ངོ་མི་ཤེས་སྙམ་ན་འཇིག་


CMR051_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་མགོན་གྱི་ཞལ་ནས། བདེ་སྡུག་ཉམས་སུ་མྱོང་བ་དང་བཅས་པའི་ཤེས་རིག་མངོན་གསུམ་པ་ཝལ་ཝལ་ཧྲིག་ཧྲིག་པ་འདི་ཁོ་ན་རང་ཡིན་ནོ། །ཞེས་གསུངས་པ་དང་། རང་བྱུང་རྡོ་རྗེས། སེམས་ངོ་མི་ཤེས་ན་ངའི་སེམས་ངའི་སེམས་ཟེར་བའི་རིག་རིག་ཏུར་ཏུར་པོ་འདི་ཡིན། །ཅེས་གསུངས། ཨོ་རྒྱན་རིན་པོ་ཆེས། ཡིད་ཀྱི་བསམ་མཁན་ཁོ་རང་ཡིན་པ་ལ། །ཞེས་གསུངས་སོ། །སྐྱོབ་པ་རིན་པོ་ཆེས། སེམས་འདི་ཉིད་མི་དྲན་དགུ་དྲན་མི་འགྱུ་དགུ་འགྱུ་མི་རིག་དགུ་རིག་མི་བཀྲ་དགུ་བཀྲ་མི་ཤེས་དགུ་ཤེས་མི་འཆར་དགུ་འཆར་མི་ཚོར་དགུ་ཚོར་མི་འཇུག་དགུ་འཇུག་གི་ཤེས་པ་ཅན་ནེ་ཤེས་ལ། ཅན་ནེ་རིག་པའི་སེམས་དེ་ལྟ་རང་གི་མངོན་སུམ་དུ་ལྷག་གེ་བ་འདི་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟའི་སེམས་དེ་སྟོང་ཉིད་ཡིན་པར་ཀླུ་སྒྲུབ་ཀྱི་ཞལ་ནས། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་ཡིན་ནོ། །ཞེས་དང་། རྨད་དུ་བྱུང་བའི་རྒྱུད་ལས། རང་གི་སེམས་ལས་གཞན་པའི་ཆོས། །ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་། །རྒྱལ་བ་རྣམས་ཀྱིས་མ་རྙེད་པས། །དེ་ལས་གཞན་དུ་མ་ཚོལ་ཅིག །


CMR051_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་སོ། །དེ་ལྟར་སེམས་དེ་བདེ་གཤེགས་སྙིང་པོ་ཡིན། རྒྱུ་ཡི་རྒྱུ་ཡིན། གཞི་ཡིན་ལྟ་བ་ཡིན། སྟོང་ཉིད་ཕྱག་རྒྱ་ཆེན་པོ་ཡིན་ནོ། །འོ་ན་ཆོས་ཐམས་ཅད་སེམས་སུ་འདོད་ན་སེམས་ཙམ་པའི་ལྟ་བ་དང་ཁྱད་མེད་དོ་སྙམ་ན། ཆོས་ཐམས་ཅད་སེམས་སུ་འདོད་པ་ལ་འདྲ་ཡང་སེམས་ཙམ་པས་སེམས་དེ་དོན་དམ་པར་བདེན་གྲུབ་ཏུ་འདོད་ལ། །རང་རེས་སེམས་ཉིད་ཀྱང་བདེན་པར་གྲུབ་པ་སྤུ་ཙམ་མེད་དེ། སྟོང་པ་ཉིད་བརྗོད་པའི་ཡུལ་ལས་འདས་པས་སེམས་ཙམ་པ་དང་མི་འདྲའོ། །བོད་ཀྱི་མཁས་པ་འགའ་ཞིག་གིས་ལུང་རིགས་ཀྱི་སྒོ་ནས་ལྟ་བ་ཚོལ་ཏེ། མདོ་རྒྱུད་ཀྱི་ལུང་རྣམ་དག་དང་། གཅིག་ཏུ་བྲལ་གྱི་རིག་པ་དང་མཐའ་བཞི་སྐྱེ་འགག་གི་རིགས་པ་སོགས་ཡིད་ཡུལ་དུ་བཤར་སྦྱངས་བྱས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོ་བའི་ངེས་ཤེས་དྲག་པོ་སྐྱེས་ཙམ་ན། དེའི་ངང་ལ་ཡུད་ཙམ་བཞག་ལ་ཡང་སྔར་ལྟར་བརྟག་དཔྱད་བྱེད་དགོས་ཏེ། བརྟག་དཔྱད་དེ་ལྷག་མཐོང་སོ་སོར་རྟོག་པའི་ཤེས་རབ་ལྷག་མཐོང་ཡིན། ངེས་ཤེས་ཤུགས་དྲག་པོ་ལ་སེམས་མི་འཕྲོ་བར་གནས་པ་ཞི་ལྷག་ཟུང་འཇུག་ཡིན། སེམས་ཅི་ཡང་མི་འཕྲོ་བར་གར་གཏད་པར་གནས་


CMR051_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞི་གནས་ཡིན་ཟེར་མོད། མཁས་པ་གཞན་རྣམས་ཀྱང་ཐུན་རེ་རེ་ཞིང་བརྟག་དཔྱད་མི་དགོས་ཀྱང། དང་པོ་བརྟག་དཔྱད་ཐག་ཆོད་པར་ལུང་རིགས་ཀྱི་སྒོ་ནས་ངེས་ཤེས་སྐྱེ་བ་རེ་དགོས་གསུངས་ལ། དེ་རྣམས་ནི་སྤྲོས་པ་ཕྱི་ནས་གཅོད་པའི་ལུགས་ཡིན་ནོ། །འདིར་དགེ་བཤེས་བྱ་ཡུལ་བའི་ཞལ་ནས། ཐབ་ཀའི་མེ་སོད་ན་སྐར་ཁུང་གི་དུ་བ་རང་འགགས་སུ་འགྲོ་བ་ཡིན། ཞེས་གསུངས་པ་ལྟར་བླ་མ་ལ་གསོལ་བ་བཏབ་ནས་ལུང་རིགས་ལ་བརྟག་དཔྱད་བྱ་མི་དགོས། བུ་རམ་ཁར་མྱོང་བ་ལ་དེའི་ལོ་རྒྱུས་བསམ་མི་དགོས་པས་རང་གི་སེམས་ཀྱིས་སེམས་ལ་བཟོས་བཅོས་མེད་པར་ལྟ་བ་ཁོ་ནས་ཆོག་སྟེ། ཤ་ཝ་རི་པས། ཀྱེ་ཧོ་མ་ཡེངས་སེམས་ཀྱིས་རང་གི་རང་ལ་ལྟོས། །རང་གི་སེམས་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་བའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །ཞེས་དང་། །ཏཻ་ལོ་པས། ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །རྣམ་རྟོག་ཚོགས་འགག་བླ་མེད་བྱངཆུབ་འཐོབ། །ཅེས་དང་། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། །བལྟས་པས་མཐོང་མེད་སེམས་ཀྱི་


CMR051_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ལྟོས། །དམིགས་སུ་མེད་པའི་མ་བཅོས་རང་སར་ཞོག །གཞན་དུ་མ་ཚོལ་ངོ་བོ་རྟོགས་པར་གྱིས། །ཞེས་དང་། མ་གཅིག་ལབ་སྒྲོན་གྱི། དེ་བཞིན་རང་སེམས་ངོ་ཤེས་ན། །སངས་རྒྱས་གཞན་ནས་བསྒྲུབ་མི་དགོས། །ཞེས་དང་། རྗེ་མར་པས། འཁོར་བ་སྐྱོན་དུ་མི་ལྟ་ཞིང་། །མྱ་ངན་འདས་ལ་མི་རེ་བ། །ཐ་མལ་ཤེས་པ་རང་ལུགས་དེ། །མ་བཅོས་སོ་མ་ཉིད་དུ་ཞོག །ཅེས་གསུངས་སོ། །རྗེ་མི་ལས། ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། ཞེས་དང་། རང་བྱུང་བས། རང་གི་སེམས་ལ་ལྟ་བས་ལྟ་བ་ཡིན། །ཅེས་གསུངས་པས། རང་གི་སེམས་ལ་སེམས་ཀྱིས་བཅོས་བསླད་མེད་པར་ལྟ་བ་འདི་ལྟ་བ་ཡིན་པར་ཐག་བཅད་དོ། ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། དེ་ལ་བྱང་ཆུབ་གང་ཞེ་ན། རང་གིས་སེམས་ཡང་དག་པར་ཅི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་དང་། རྡོ་རྗེ་གུར་ལས་ཀྱང་། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། །


CMR051_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱིས། འཁོར་འདས་དབྱེར་མེད་རོ་གཅིག་ཕྱག་རྒྱ་ཆེ། །ཡོད་མེད་རྟག་ཆད་སྤང་བ་གཉུག་མའི་སེམས། །ཞེས་རང་སེམས་དེ་ཉིད་ལྟ་བའི་དངོས་གཞིར་གསུངས་སོ། །སེམས་ཀྱི་རྩ་བ་འདི་ཆོད་ན་ཆོས་ཐམས་ཅད་ཀྱི་རྩ་བ་དུས་གཅིག་ལ་ཆོད་ནས་གཅིག་ཤེས་པས་ཀུན་གྲོལ། ཆུ་བརྒྱ་ཟམ་པ་གཅིག་གི་འོག་ཏུ་ཚུད། བྱ་བརྒྱ་འུར་རྡོ་གཅིག་གིས་དེད་པའི་གདམས་པ་ཡིན་ཏེ། ཏེ་ལོ་པས། དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་འདབ་སྐམ། །དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་སེལ། །ཅེས་དང་། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། །ཐ་མལ་རང་ལུགས་ཆེན་པོར་བཞག་པས་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ། །སྐྱེ་ཤི་མེད་པ་ཆོས་སྐུའི་ལུས་ཐོབ་འགྱུར། །ཞེས་དང་། གསང་བ་མཛོད་ཀྱི་རྒྱུད་


CMR051_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སེམས་ནི་རིན་ཆེན་སྒྲོན་མེ་ཡིས། །མ་རིག་མུན་པའི་རང་བཞིན་གསལ། །སེམས་ཀྱི་ཟླ་བ་ཤར་བ་ཡིས། །འདོད་ཆགས་ལ་སོགས་གདུང་བ་སེལ། །སེམས་ཀྱི་ཐུགས་རྗེས་ཆར་ཕབ་པས། །ཉོན་མོངས་ཐལ་བ་ཚིམ་པར་བྱས། །རང་ལས་མ་གཏོགས་གཞན་སྣང་དང་། །སེམས་ལས་མ་གཏོགས་སངས་རྒྱས་ནི། །ཡོད་མིན་བཙལ་བར་མི་བྱའོ། །ཞེས་དང་། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །རྟོགས་པ་དེ་ལ་ཀུན་ཀྱང་བཀུར་བར་བྱ། །ཕྱོགས་བཅུའི་དཔའ་བོ་མཁའ་འགྲོ་མ་ཚོགས་ཀྱང་། །དེ་ལ་རྟག་ཏུ་སྲུང་དང་སྐྱབས་དང་སྦ། །བསྔགས་ཤིང་བསྟོད་དང་མཆོད་པ་ལ་སོགས་བྱེད། །དེས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་དང་། །དགྲ་དང་བདུད་ཀྱི་སྡེ་ནི་རབ་ཏུ་བཅོམ། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །འཁོར་བའི་ཆུ་བོ་འདི་ཡིས་སྒྲོལ་བ་ལས། །ཐབས་གཞན་གང་གིས་ངེས་པར་སྒྲོལ་མ་ཡིན། །ཉོན་མོངས་གཡུལ་ལས་འདི་ཡིས་རྒྱལ་བ་ལས། །དཔའ་བོ་གཞན་གྱིས་གཡུལ་ལས་རྒྱལ་མ་ཡིན། འཁོར་བར་འཆིང་བའི་སྲེད་བུ་འདི་ཡིས་གྲོལ་བ་ལས། །མཚན་མའི་ལས་གཞན་གང་གི་འང་གྲོལ་མ་ཡིན། །


CMR051_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་འཆལ་པ་དམ་ཚིག་ཉམས་རྣམས་ཀྱི། །བསྡམས་ཤིང་གསོ་བའི་མཆོག་ཀྱང་འདི་ཡིན་ནོ། །བཀྲེས་སྐོམ་འཇིགས་ཚོགས་སྡུག་བསྔལ་དུ་མ་ཡི། །མགོན་དང་སྐྱབས་ཀྱི་མཆོག་ཀྱང་འདི་ཡིན་ནོ། །ནད་དང་དུག་སོགས་སྡུག་བསྔལ་དུ་མ་ཡི། །གསོ་བའི་སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །ཞེས་དང་། དོན་ཡང་དག་པར་བསྟན་པའི་མདོ་ལས། སེམས་ཀྱི་རང་བཞིན་ཤེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པར་འགྱུར་རོ། །སེམས་སྣང་བའི་ཡུལ་ལ་ཆགས་པར་མི་འགྱུར། ཆགས་པ་མེད་ན་ཉོན་མོངས་པ་སྐྱེ་བར་མི་འགྱུར། ཉོན་མོངས་པ་མ་སྐྱེས་ན་འཁོར་བར་མི་འགྱུར་བའི་ཕྱིར་རོ། །ཞེས་དང་། རིགས་ཀྱི་བུ་སེམས་ཀྱི་རང་བཞིན་མ་ཤེས་ན། སྦྱིན་པ་ལ་སོགས་པ་བསོད་ནམས་བྱ་བའི་དངོས་པོ་ལུས་ངག་གི་འབད་པ་ཐམས་ཅད་བྱས་ཀྱང་ཆོས་ཀྱི་སྐུ་ཐོབ་པར་མི་འགྱུར་རོ། །དེ་མ་ཐོབ་ན་གཟུགས་སྐུ་གཉིས་ཀྱང་གདུལ་བྱ་ལ་སྣང་བར་མི་འགྱུར་རོ། །ཞེས་གསུངས། ཀླུ་སྒྲུབ་ཀྱི་སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ལས། རིན་ཆེན་སེམས་ནི་རྣམ་གྲོལ་ལས། །ལྷ་རྣམས་བསྒྲུབ་ཏུ་ཡོད་མ་ཡིན། །སེམས་མཐོང་བས་ནི་བྱང་


CMR051_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྟེ། །ཞེས་གསུངས། མདོར་ན་སེམས་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་དོན་འདི་མ་རྟོགས་ན། བསྐལ་པ་གྲངས་མེད་པ་བྱེ་བ་འབུམ་དུ་ཚོགས་བསགས་སྒྲིབ་པ་སྦྱང་ཡང་འཁོར་བ་ནས་ཐར་མི་སྲིད་པ་མདོ་རྒྱུད་མན་ངག་ཐམས་ཅད་ནས་གསུངས་པས། དམ་པའི་ཆོས་ཐམས་ཅད་ཀྱི་སྲོག་རྩ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཐག་ཆོད་པའི་ལྟ་བ་དེ་ཉིད་བསྒོམས་པས་ཉམས་སུ་ལེན་ཚུལ་ནི། གཞུང་ལས་སེམས་དེ་གའི་ངོ་བོར་བལྟས་པས་གཞི་མེད་དུ་རྩལ་གྱིས་ཡལ་འགྲོ་བ་དེ་མཐུད་ནས་སྐྱོང་བ་ལ་ངོར་ལྟ་དང་། གང་ཤར་གྱི་ཉམས་སྐྱོང་བ་ཞེས་གྲགས་པ་ཡིན་པས། ཞེས་གསུངས། དེ་ལ་དུས་རྒྱུན་ཏུ་སེམས་མ་བཅོས་པར་རང་ལུགས་སུ་ལྷོད་དེ་ཀློད་ལ་མ་ཡེངས་ཙམ་དུ་ངོ་བོ་ལྟའོ། །དེའི་ཚེ་སེམས་གར་ཡང་མི་འཕྲོ་བར་གནས་པ་དེ་ཞི་གནས། དེའི་ངོ་བོ་ལ་བལྟས་པས་ཅིར་ཡང་མ་གྲུབ་པའི་ངང་ལ་སྟོང་སང་ངེ་བ་འདྲ་བ། ངག་ཏུ་བརྗོད་མ་ཤེས་ཀྱང་ཡིད་ཡུལ་དུ་མྱོང་རྒྱུ་ཡོད་པ་འདྲ་བ་ཞིག་ཡོད་པ་དེ་ལྷག་མཐོང་ངོ་། །དེ་གཉིས་དབྱེར་མེད་མེད་དེ་རོ་གཅིག་པ་དེ་ཞི་ལྷག་ཟུང་འཇུག་ཡིན་ནོ། །དེ་སྐྱོང་ལུགས་རབ་འབྲིང་ཐ་གསུམ་ལས། རབ་གང་ཤར་ལ་


CMR051_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དགག་སྒྲུབ་མེད་པར་མ་ཡེང་ཙམ་དུ་སྐྱོང་བས་ཆུ་དང་རླབས་བཞིན་རང་གྲོལ་དུ་འགྲོ། འབྲིང་དྲན་རྟོག་ནམ་ཤར་དེའི་ངོ་བོ་ལ་ཅེར་གྱིས་བལྟས་པས་རང་ཞིར་འགྲོ། ཐ་མ་དྲན་རྟོག་རེ་སྐྱེས་ཙ་ན་དེའི་བྱུང་གནས་སོགས་རྩད་བཅད་པས་གཞི་མེད་རྩ་བྲལ་དུ་རྟོགས་ཙམ་ན། སྨྱུག་མའི་ནགས་ཚལ་ནས་སྨྱུག་མ་གཅིག་བཅད་ནས་ནང་སྙིང་པོ་མེད་པར་སྟོང་པར་མཐོང་ཙམ་ན་སྨྱུག་གི་ནགས་ཚལ་ཐམས་ཅད་དེ་དང་འདྲ་བར་གོ་བ་ལྟར། རྣམ་རྟོག་གཅིག་རང་བཞིན་མེད་པར་རྟོགས་ནས། རྣམ་རྟོག་ཐམས་ཅད་དེ་དང་མཚུངས་པར་ཤེས་པར་བྱས་ལ་མ་ཡེངས་ཙམ་དུ་བསྐྱང་ངོ་། །དྭགས་པོ་རིན་པོ་ཆེས་གསུངས། དྲན་རྟོག་ལ་གཅེར་གྱིས་ལྟ་བ་རང་སེམས་མ་བུ་འཕྲོད་པའི་གནད་ཡིན། སེམས་ལྷོད་ཀྱི་ཀློད་ནས་རིག་པ་རྟེན་མེད་དུ་ཅེན་ནེ་འཇོག་པ་བཞག་ཐབས་ཀྱི་གནད་ཡིན། ཡེངས་སུ་མི་འཇུག་པར་ཡང་ཡངསེམས་ལ་ལྟ་བ་གསལ་འདེབས་ཀྱི་གནད་ཡིན། ཅེས་དང་། པཎ་ཆེན་ཤཱཀྱ་ཤྲིས། རབ་ཅིར་སྣང་རང་སར་བཞག་པ། འབྲིང་གང་ཤར་ངོ་ཡི་བཟུང་བ། ཐ་མ་འགྱུ་བའི་རྩད་གཅོད་ཅིང་དྲན་རྟོག་རང་ཡལ་དུ་བཏང་ངོ་། །ཞེས་


CMR051_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཇོ་བོ་གསེར་གླིང་པས། རྒྱངས་ཀྱིས་སྐྱུར་ལ་ལྷོད་ཀྱིས་ཀློད། །ཤིགས་ཀྱི་ཤིག་ལ་འབོལ་ལེ་ཞོག །ཅེས་དང་། ཇོ་བོ་ཨ་ཏི་ཤས། ཆོས་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱས་ལ་སེམས་ཀྱི་ངང་དུ་བཞག །སེམས་རང་སར་བཞག །སེམས་ཀློད་ལ་བཞག །སེམས་རང་གར་བཞག་།སེམས་ལྷུག་པར་བཞག །ཅེས་གསུངས། ས་ཆེན་ཀུན་དགའ་སྙིང་པོས། གཉིས་མེད་ཕྱག་རྒྱ་ཆེན་པོ་ལ། །རྟོག་པའི་དུས་ཀྱང་མི་གདའ་ན། །རྔ་མོང་བུ་དང་འཕྲད་པ་ལྟར། །སེམས་ངོ་ཤེས་ན་རྟོག་པ་ལགས། ་།ཞེས་དང་། ས་སྐྱ་གྲགས་པ་རྒྱལ་མཚན་གྱིས། སོ་མ་ལྷུག་པ་རངོ་ཐང་ལ་མ་བཅོས་པར་བཞག །ཅེས་གསུངས་པ་དང་། པཎྜི་ཏ་ཤཱཀྱ་ཤྲཱིས། ཅིར་སྣང་རང་སར་བཞག་ན་བྱ་བྲལ་ལྷུན་གྲུབ་ཡིན། །གང་ཤར་ངོ་ཡིས་བཟུང་ན་རིག་པ་རང་སར་གྲོལ། །འགྱུ་བའི་རྩད་རྗེས་བཅད་ན་དྲན་རྟོག་དབྱིངས་སུ་ཡལ། །འདི་གསུམ་རང་སེམས་གནས་ལུགས་ཡིན་པས་དངོས་གཞིར་བསྒོམ། །ཅེས་གསུངས་པ་ལྟར་བསྒོམ་མོ། །ཡང་མཉམ་མེད་དྭགས་པོ་རིན་པོ་ཆེས་བཞག་ཐབས་འདི་ལ་དཔལ་ལྡན་འབྲུག་པས་རྣམ་པ་


CMR051_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དགུར་གསུངས་ཏེ། སོ་མར་བཞག །ལྷུག་པར་བཞག །རང་གར་བཞག །འདི་ག་ལྟར་བཞག །མ་བཅོས་པར་བཞག །གཟའ་གཏད་མེད་པར་བཞག །ཨ་ཕྱ་དེ་བཞག །རང་ཐང་དུ་བཞག །རྩོལ་བ་མེད་པར་བཞག །ཅེས་རྣམ་གྲངས་དགུར་གསུངས་སོ། །དེ་ཉིད་ཀྱི་དོན་རྒྱལ་བ་ཨོ་རྒྱན་པས་བཀྲོལ་བ་ནི། དེ་ཡང་སོ་མར་བཞག་བྱ་བ་དེ། འདི་ལྟར་སྣང་བ་འདི་རང་སེམས་སུ་ཐག་ཆོད་པའི་གདེང་ལ་བཅས་བཅོས་མི་དགོས་ཏེ། སེམས་ཉིད་ཆོས་སྐུ་ཡིན་པས་གང་ཤར་ཐམས་ཅད་སོ་མར་བཞག །དེ་ཡང་བློས་བྱས་ནས་འཇོག་པ་མིན། ཁོ་རང་མ་བཅོས་པར་སོ་མར་བཞག །བཅོས་པ་གང་ཡིན་ནའང་སྤྲོ་ནའང་བཅོས་པ་ཡིན། བསྡུས་ནས་སྒོམ་ནའང་བཅོས་པ་ཡིན། བལྟས་ནའང་བཅོས་པ་ཡིན། བྱར་མེད་རང་སེམས་སུ་ཐག་ཆོད་ནས་གཉིས་འཛིན་གྱི་བློ་མི་ཡོང་བ་ཡིན་ནོ། །ལྷུག་པར་བཞག་བྱ་བ་དེ་གང་ཤར་ལ་དགག་སྒྲུབ་མེད་པར་སོག་མའི་ཐག་པ་བཅད་ལྟར་ལྷུགས་སེ་འཇོག་པའོ། །རང་གར་བཞག་པ་ནི། དེ་ཉིད་ཀྱི་ངང་ལས་རྟོག་པ་གཅིག་ཏོལ་གྱིས་སྐྱེས་ན་གང་སྐྱེས་ཀྱི་རྟོག་པ་དེ་ལ་གཞི་རྩ་མེད་པས་རྟོག་


CMR051_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་སྐྱེ་བཅུག་ནས་འགེགས་ཀྱང་མི་འགེགས་སྤང་ཡང་མི་སྤང་། ཞེན་ཀྱང་མི་ཞེན། བློས་བཟོ་གང་ཡང་མི་བྱེད་པར་རང་བཞིན་དུ་འཇོག་པའོ། །འདི་ག་ལྟར་བཞག་པ་ནི། དེ་ལས་འགོག་པ་བཞིན། སྐྱོང་བ་བཞིན། གཉེན་པོར་གཏོང་བ་བཞིན། གང་བྱས་ཀྱང་དེ་རང་རྟོག་པ་ཡིན་པས། རྣམ་རྟོག་གང་སྣང་གང་ཤར་རང་ལུགས་སུ་འཇོག་པའོ། །མ་བཅོས་པར་བཞག་པ་ནི། བྱ་བ་བྱེད་བྱེད་དམ། འཆར་སྒོ་གང་ཤར་ཤར་རྐྱེན་གང་བྱུང་དེ་གཉུག་མ་ལྷུན་གྲུབ་ཀྱི་ངང་དུ་འཇོག་པའོ། །གཟའ་གཏད་མེད་པར་བཞག་པ་ནི། །ཡིད་དཔྱད་མེད། ཤེས་བཟོ་མེད། ། དམིགས་གཏད་མེད། གང་སྣང་མི་འགལ་བར་རང་སར་འཇོག་པའོ། །ཨ་ཕྱ་དེ་འཇོག་པ་ནི། སྣང་བར་ཡང་མི་འཛིན། སྟོང་པར་ཡང་མི་སྒོམ། མྱོང་འདོད་ཀྱང་མི་བྱེད་པར་གཉེར་ལ་སྐྱུང་ནས་གླན་པ་བཞིན་དུ་འཇོག་པའོ། །རང་ཐང་དུ་འཇོག་པ་ནི། ཕྱོགས་གང་རུང་དུའང་མ་ལྷུང་རིས་གང་དུ་ཡང་མ་ཆད་རེ་དོག་གང་ཡང་མི་བྱེད་པར་མ་ཡེངས་ཙམ་དུ་འཇོག་པའོ། །རྩོལ་བ་མེད་པར་བཞག་པ་ནི། དྲན་པས་ཆེད་དུ་བཟུང་བའང་མེད། ཡེངས་ཀྱང་མི་ཡེངས། མ་བཟུང་ན་གཏང་


CMR051_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་བཞག་པའོ། །དེ་ལྟར་བཞག་ཐབས་དགུའི་གནད་ཟིན་ཅིང་བཏང་སྙོམས་དང་ལེ་ལོར་མ་ཤོར་བར་ཐམས་ཅད་བཟོས་བཅོས་མེད་པའི་ཆོས་སྐུ་ལྷུན་གྲུབ་ཏུ་ཐོབ་པ་ཡིན་ཞེས་འབྱུང་ངོ་། །དེ་ནས་ཤོར་ས་བཞི་ལ་གཤིས་ཤོར་ནི། མདོ་རྒྱུད་ཀྱི་གོ་བ་སྐམ་པོ་ལ་བརྟེན་ནས་ཉམས་མྱོང་མེད་པར་ལུང་དང་རིགས་པས་དཔྱད་ན་སྟོང་ཉིད་དེ་ལ་འདི་འདྲ་བ་ཞིག་ཡོད་སྙམ་པའི་ངེས་ཤེས་དེས་གོ་མི་ཆོད་པས་རང་སེམས་ངོ་བོ་ལྟ་བས་མྱོང་བ་ཐོན་པར་བྱའོ། །རྒྱས་འདེབས་སུ་ཤོར་བ་སྭ་བྷ་ཝའི་སྔགས་ཀྱིས་སྟོང་པར་གྱུར་སྙམ་དུ་བློས་རྒྱས་བཏབ་པ་དེས་མི་ཆོག་པས། ཐ་མལ་ཤེས་པའི་རང་ངོ་སྐྱོང་ནས་ཉམས་སུ་མྱོང་བར་བྱའོ། །ཉོན་མོངས་དང་རྣམ་རྟོག་སྤང་བྱ་དེའི་གཉེན་པོ་སྟོང་ཉིད་ཡིན་སྙམ་པ་གཉེན་པོར་ཤོར་བ་སྟེ། སྤང་གཉེན་སོ་སོར་གྲུབ་པས་ཉོན་མོངས་རང་ངོ་ལྟ་བ་ཉིད་ཡེ་ཤེས་རང་ལོག་སུ་ཤེས་པར་བྱའོ། །ལམ་ཤོར་ནི་སྟོང་ཉིད་ལམ་མཆོག་ཡིན་སྙམ་ནས་ཐབས་ཀྱི་ཆ་སྤང་བ་སྟེ། མཆོག་འཛིན་སྤངས་ཏེ་འཁོར་འདས་མཉམ་པ་ཉིད་དུ་རྟོག་པར་བྱའོ། །གོལ་ས་གསུམ་ནི། བདེ་ཉམས་ལ་ཆགས་ན་འདོད་ཁམས་ཀྱི་ལྷ་དྲུག །གསལ་ཉམས་མ་


CMR051_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ན་གཟུགས་ཁམས་གནས་རིས་བཅུ་བདུན། མི་རྟོག་པ་རྟོགས་མེད་ལ་ཆགས་ཤིང་ཞེན་ན་གཟུགས་མེད་པའི་སྐྱེ་མཆེད་མུ་བཞིར་གོལ་བས། བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་ཅི་བྱུང་ཡང་དེ་ལ་ཆགས་ཤིང་ཞེན་པ་སྤངས་ལ་གང་ཤར་གྱི་ངོ་བོ་ལ་ལྟའོ། །འཕྲང་གསུམ་དགྲར་ལོང་བསལ་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་དགེ་སྡིག་གིས་ཕན་གནོད་མེད་སྙམ་ནས་སྤྱོད་པ་འབྱོལ་ཉོག་བྱེད་པ་སྟོང་ལྟ་ཧད་པོ་རྒྱུ་འབྲས་ཁྱད་དུ་གསོད་པ་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ཡིན་པས། ལྟ་སྤྱོད་ཟུང་འཇུག་ལྟ་བ་མཐོ་བཞིན་སྤྱོད་པ་ཞིབ་པར་བྱ་སྟེ། དགོངས་གཅིག་ལས་སྟོང་ཉིད་རྟོགས་ཚེ་རྒྱུ་འབྲས་སུ་གཟིགས་གསུངས་པ་ལྟར་བྱའོ། །སྙིང་རྗེ་དགྲར་ལང་རང་གི་ཉམས་ལེན་སྐྱུར་ནས་མི་འགྲུབ་བཞིན་དུ་གཞན་དོན་བྱེད་པ་སྟེ། སྙིང་རྗེའི་ངང་ནས་རང་གི་ཉམས་ལེན་སྐྱོང་ལ་གཞན་དོན་སྨོན་ལམ་བཏབ་བོ། །རྒྱུ་འབྲས་དགྲར་ལང་ཐམས་ཅད་མཁྱེན་པར་བྱ་སྙམ་ནས་ཤེས་བྱ་སྒྲ་ཚད་སོགས་བསླབས་ནས་ཐུགས་དམ་དངོས་དེ་ཤོལ་བས་དེ་སྤངས་ནས་སྟོང་ཉིད་ངང་ནས་གང་འགྲུབ་བྱ། གཉིས་མི་ལྕོགས་ན་སྟོང་ཉིད་སྒོམ་ལ་ཤེས་བྱ་སྐྱུར་རོ། །དེ་ནས་ནད་


CMR051_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཉོན་མོངས་སོགས་ལམ་དུ་འཁྱེར་ཚུལ་ནི། གཞུང་ལས། མྱོང་བ་དེས་ཆགས་སྡང་ལ་སོགས་པའི་ཉོན་མོངས་དྲག་པོ་ནམ་སྐྱེས་ཀྱང་རྒྱས་འདེབས་ན་ཚ་ལ་སོགས་པའི་སེམས་ལ་ངལ་བ་དང་སྐྲག་སྔངས་སོགས་གང་བྱུང་རྒྱས་འདེབས་ནས། ཞེས་གསུངས་པས། འདོད་ཆགས་རང་ཁར་ཤོར་ན་ཡི་དྭགས་ཀྱི་ས་བོན་ཡིན། འདོད་ཆགས་དེའི་ངོ་བོ་ལ་བལྟས་པས་རང་བཞིན་མེད་པར་གྲོལ་བ་དེ་སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་མེད་ཀྱི་དགོངས་པའོ། །དེ་བཞིན་དུ་ཞེ་སྡང་དམྱལ་བའི་ས་བོན། དེའི་ངོ་བོ་ལ་བལྟས་པས་མ་སྤང་རང་སར་གྲོལ་བ་མེ་ལོང་ཡེ་ཤེས་རྡོར་སེམས་དགོངས་པ། ང་རྒྱལ་ལྷ་ཡི་ས་བོན་དེའི་ངོ་བོ་ལ་བལྟས་པས་རང་སར་གྲོལ་བ་མཉམ་ཉིད་ཡེ་ཤེས་རིན་འབྱུང་དགོངས་པ། གཏི་མུག་དུད་འགྲོའི་ས་བོན་དེའི་ངོ་བོ་ལ་བལྟས་པས་རང་གྲོལ་ཆོས་དབྱིངས་ཡེ་ཤེས་རྣམ་སྣང་གི་དགོངས་པ། ཕྲག་དོག་ལྷ་མིན་ས་བོན། ངོ་བོ་ལ་བལྟས་པས་བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ་པའི་དགོངས་པ་སྟེ། དུག་ལྔ་ཡེ་ཤེས་ལྔ་ལག་པ་ལྟོ་རྒྱབ་ལྟར་རིག་མ་རིག་གི་ཁྱད་ལས་མེད་ཕྱིར་གསང་སྔགས་ཀྱི་མི་སྤང་བའི་དམ་ཚིག་ལྔ་དུག་ལྟར་གསུངས་


CMR051_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཉོན་མོངས་ལམ་ཁྱེར་རོ། །དུག་ལྔ་སྤང་བ་ནི་ཐེག་པ་ཐུན་མོང་གི་ལུགས་ཏེ་དམན་པའོ། །ན་ཚ་ལམ་ཁྱེར་ལ་རབ་ཟུག་གཟེར་དེའི་ངོ་བོ་ལ་ཅེ་རེ་བལྟས་ནས་ཀློད་དེ་བཞག་པས་ནད་རང་བཞིན་མེད་པ་ཆོས་སྐུ། ནའོ་སྙམ་པ་རང་བཞིན་གསལ་བ་ལོངས་སྐུ། ཟུག་གཟེར་གྱི་རྟོག་པ་མ་འགག་པར་འཆར་བ་སྤྲུལ་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་སྐུ་སྟེ། དེའི་ངང་ལ་མ་ཡེངས་པར་གནས་ནུས་ན། དང་པོ་ལྟར་ཟུག་གཟེར་གྱི་སེམས་སྡུག་བསྔལ་བར་མི་འགྱུར། ཟུག་གཟེར་མ་ཞི་ཡང་བཟོད་ཐུབ་ཙམ་འགྱུར། དེ་ལ་ཅུང་ཟད་རྒྱུན་བསྲིངས་བས་ནད་མ་ཕན་ཀྱང་ཟུག་གཟེར་གྱི་ངར་ཆག་ནས་སྦྱད་ཆིལ་འདྲ་ཞིག་འབྱུང་། དེ་ནས་ཟུག་གཟེར་གྱི་ངོ་བོ་ལ་ལྟ་བ་དེ་ག་ཉམས་ལེན་གཙོ་བོ། ཟུག་གཟེར་དེ་ཉམས་ལེན་གྱི་བསྐུལ་འདེབས་སུ་བྱས་ལ་བསྒོམས་པས་བོགས་ཆེན་པོ་འབྱུང་ངོ་། །དེ་ལྟར་ཉམས་སུ་མ་ལོན་ན་འབྲིང་བཏང་ལེན་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་ན་ཚ་སྡུག་བསྔལ་ཐམས་ཅད་ན་ས་དེར་ཐིམ་པས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བསྒོམས་པས་ན་ཚ་དེ་བྱུང་ཆུབ་ཀྱི་ལམ་དུ་འགྱུར་རོ། །ཐ་མ་ཀུ་སུ་ལིའི་ཚོགས་གསོག་བྱ་སྟེ་ཕཊ་


CMR051_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་སེམས་ཐིག་ལེ་དཀར་པོ་དབུ་མ་ནས་ཐོན་པ་རྡོ་རྗེ་ཕག་མོར་གྱུར་པས། གྲི་གུག་གི་ཐོད་པ་བྲེག་དེར་བེམ་པོར་བཅུག་པས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་བརླབས་ནས། རང་འདྲ་བའི་ཌཀི་བྱེ་བ་གྲངས་མེད་ཀྱི་ཐོད་པའི་བདུད་རྩི་བཅུས་ནས། བླ་མ་དཀོན་མཆོག་ཡི་དམ་ལྷ་ཚོགས། ཆོས་སྐྱོང་སྲུང་མ་འགྲོ་བ་རིགས་དྲུག་ལན་ཆགས་གདོན་བགེགས་ཐམས་ཅད་མཆོད་ནས་མི་དམིགས་པར་བཞག །ནན་ལྟར་གཟེར་ཆེ་ན་བེམ་རིག་ཕྲལ་ལ་རིག་པ་ནམ་མཁའ་ལ་བསྟིམས་ནས་ཉམས་ལེན་གྱི་སྟེང་དུ་བཞག་པས་དུམ་པ་ཕན་ནོ། །དེ་ཡང་མ་ནུས་ན་སྒྲིབ་པ་དག་པས་དགའ་བ་བསྒོམ་མོ། །སྐྱིད་སྡུག་ལམ་ཁྱེར་ཡང་སྐྱིད་དུས་སྣང་བ་རྒྱ་ཡན་དུ་མ་སོང་བ་ཉམས་ལེན་སྐྱོང་། སྐྱིད་པ་བླ་མ་དཀོན་མཆོག་གི་ཐུགས་རྗེར་ཤེས་པས་དཀོན་མཆོག་མཆོད་པ་ལ་བརྩོན་ནོ། །སྡུག་ན་མྱ་ངན་མི་བྱ་བར་སྡུག་པའི་ངོ་བོ་ལ་བལྟས་པས་སྐྱེ་མེད་ཆོས་སྐུར་འཆར་རོ། །དེ་ཡང་མ་ནུས་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་ལ་བསྟིམས་ལ་སེམས་ཅན་ཐམས་ཅད་བདེ་བར་བསམ་པས་བྱང་ཆུབ་ཀྱི་ལམ་དུ་འགྲོའོ། །ནན་ལྟར་སྡུག་ན་སྐྱིད་སྡུག་ཐམས་ཅད་སྒྱུ་མ་རྨི་


CMR051_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལྟ་བུ་བདེན་གྲུབ་མེད་པའི་ངེས་ཤེས་བྱ། སྡུག་ནས་སྙིང་མི་དགའ་འམ་གཟེར་ན་སྙིང་དཀྱིལ་དུ་ངོ་བོ་བླ་མ་ལ་རྣམ་པ་ཡི་གེ་བམ་ཡིག་དཀར་པོ་ལས་བདུད་རྩི་འོ་མ་ལྟར་བབ། །སྙིང་ལྟེམ་གྱིས་ཁེངས་པར་བསམས་པས་བདེའོ། །དངོས་ཉམས་རྨི་ལམ་གང་དུ་ཡང་སྐྲག་སྔངས་བྱུང་ངམ་འཇིགས་སྐྲག་དྲག་པོས་ཅི་བྱ་གཏོལ་མེད་ན་དེ་རང་གི་ངོ་བོ་ལ་བལྟས་པས་སྟོང་ཉིད་དུ་འཆར་ཞིང་སེམས་དྲོ་ལྷུབ་བེ་འབྱུང་སྟེ། དེས་བར་དོ་ལ་ཡང་ཟིན་ནས་གྲོལ་ལོ། །དེས་རོ་སྙོམས་དང་གཅོད་དང་ཞི་བྱེད་ཐམས་ཅད་ཀྱི་དོན་རྩ་བ་ཡང་ཚང་ངོ་། །དེ་ལ་ཐབས་ལམ་ལ་བརྟེན་ནས་བོགས་འདོན་སྤྲོ་ན། རླུང་ཞི་དྲག་སྙོམས་གསུམ་གྱིས་བུས་ནས། བདག་ཉིད་ཧེ་རུ་ཀ་གནས་སྐུ་ཡི་ནང་། །རྩ་གསུམ་འཁོར་ལོ་བཞི་ལྡན་དེ་ཉིད་ཀྱིས། །སྤྱི་བོར་ཧཾ་དཀར་མགྲིན་པར་ཨོཾ་དཀར་པོ། །སྙིང་ཁར་ཧཱུྃ་སྔོན་ལྟེ་བར་ཨཱཿདམར་པོ། །ཨཱལས་གཏུམ་མོ་མེ་སྦར་ཡིག་གསུམ་བསྲེགས། །ཧཾ་ལས་དཀར་ཆའི་རྒྱུན་བབ་ཡིག་གསུམ་གསོས། །སླར་ཡང་འོད་འཕྲོས་བདེ་ཆེན་ཉམས་མྱོང་གྱུར། །ཞེས་འདོན་བསྒོམས་བྱས་པས་དུ་བ་ལྟ་བུ། སྨིག་རྒྱུ་ལྟ་བུ། མེ་ཁྱེར་ལྟ་བུ། མར་མེ་ལྟ་བུ། སྤྲིན་


CMR051_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ནམ་མཁའ་ལྟ་བུའི་ཉམས་འཆར་རོ། །མདོར་ན་དུས་ཐམས་ཅད་དུ་མ་ཡེངས་དྲན་པའི་རྒྱང་སོ་ཙམ་གྱི་ངང་ནས་ལྷོད་དེ་ཀློད་ནས་ཡག་འདོད་དང་མ་ཉན་དོག་གི་བཟོ་བཅོས་མེད་པར་ཤུགས་འབྱུང་དུ་སྐྱོང་བ་གནད་ཆེའོ། །རྗེ་ཕག་གྲུས། སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོགས་འདི་ལ་ནན་ཏན་མཛོད། །ཅེས་དང་། གཞུང་ལས། ཚུལ་དེ་བཞིན་དུ་རྒྱུན་མི་འཆད་པར་ཉམས་སུ་བླངས་བས་ན་རིང་པོར་མི་ཐོག་པར་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བ་ཉིད་དོ། །ཞེས་དང་། ཞེས་གསུངས་པས་དེ་ལྟར་ཉམས་སུ་བླངས་བས་སེང་གེ་རྣམ་པར་འགྱིངས་བའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། སྒོམ་རྩེ་གཅིག་གི་རྟོགས་པ་འཆར་ཏེ། སེང་གེ་འགྱིངས་བའི་དུས་ཚུལ་རང་གི་ལུས་ལ་རང་གིས་ལྟ་བ་ལྟར། འདིར་རང་གི་སེམས་ལ་རང་གིས་ལྟ་བའི་ཕྱིར་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེང་གེ་རྣམ་པར་འགྱིངས་བའི་ཏིང་འཛིན་གྱིས། །མི་གཡོ་རྩེ་གཅིག་དྭངས་མའི་ཤེས་པ་གསལ། །རང་རིག་ཡེ་ཤེས་ཁོང་ནས་སད་པར་བྱེད། །


CMR051_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤངས། །ཞེས་གསུངས་སོ། །དེ་ལ་རྩེ་གཅིག་ཆུང་དུ་ནི་སེམས་བདེ་བ་དང་གསལ་སེང་ངེ་བ་དང་། དེ་རང་བཞིན་མེད་པར་སྟོང་ཉིད་དུ་ཤེས་པའི་ངོ་བོ་ལེགས་པར་འཕྲོད་ནས། རེས་འགའ་མ་བསྒོམས་ཀྱང་རྟོགས་པ་དེ་གསལ་ཡེ་རེ་ཚུར་འཆར་བ་འབྱུང་། རེས་འགའ་ལུས་གནད་དང་གཟབ་ནས་བསྒོམ་ཡང་རྣམ་རྟོག་འཕྲོ་རྒོད་ཆེ་ཞིང་མ་བདེ་ཁ་རེ་བ་འབྱུང་ངོ་། །འདི་དུས་བདེ་ཉམས་ལུས་སེམས་ཞུ་ལ་ཁད་པ་འདྲ་བས་སྒོམ་དེ་བཤིག་མི་བྲ་བ་འདྲ་བ་དང་། གསལ་ཉམས་ཉམས་རྨི་ལམ་ཅི་རིགས་པར་མུན་པར་ཡང་ཟླ་བ་ཤར་བ་ལྟར་གསལ་བའི་ངོ་བོ་མཐོང་བ་དང་། སྟོང་ཉམས་ལུས་འདི་མེད་པ་ཡིན་ནམ་སྙམ་པ་འབྱུང་། དེ་དག་ལ་ཆགས་འཛིན་སྤངས་ཤིང་དེའི་ངོ་བོ་ལ་ཧྲིག་གེ་ལྟ། རེས་འགའ་འཕྲོ་རྒོད་ཤས་ཆེ་སེམས་མ་བདེ་ཀ་རེ་བ་སྙིང་མི་དགའ་བ། བལྟས་ཀྱང་ནག་ནོག་འདྲ་བ་གསལ་སེང་ངེ་བ་མི་འབྱུང་། དེ་དུས་གསོལ་འདེབས་བྱས་བླ་མའི་རྣམ་འབྱོར་བསྒོམས་ལ་བསྲེ། དེ་ནས་ལུས་སེམས་བག་ཀློད་ལ་བསྒོམ། དབེན་པ་བསྟེན་པ་ལུས་གནད་མོས་གུས་དང་བྱ་བ་བཏང་ཅི་ཐུབ་བྱའོ། །དེ་ནས་འབྲིང་པོ་


CMR051_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ཅི་ཤར་ཡང་སྒོམ་ལ་མི་གནོད་པར་རྣམ་རྟོག་སྒྲོམ་དེའི་ངང་དུ་ལྷན་ལྷན་ཞི། བདེ་གསལ་མི་རྟོག་པ་སྔར་ལས་ཆེར་སོང་། སྒོམ་ལ་ངེས་ཤེས་ཆེར་སྐྱེས། །དད་པ་དག་སྣང་ཆེར་འགྲོའོ། །དེ་དུས་ངེས་ཤེས་དྲག་པོ་དང་དེ་དང་འགྱུ་བ་བསྲེ་ཞིང་བསྒོམ། ངེས་ཤེས་དེ་རང་གི་ངོ་བོ་ལ་ཅེ་རེ་ལྟའོ། །དེ་ནས་ཆེན་པོ་ནི་གསལ་སྟོང་དེ་རྒྱུན་རིང་དུ་གནས། རྣམ་རྟོག་ཐམས་ཅད་མཚོ་ལ་ཁ་བ་བབ་པ་ལྟར་དེའི་ངང་དུ་ཞི་ཞིང་། རྨི་ལམ་དུ་ཡང་རེས་འགའ་ཟིན། རེས་འགའ་རྨི་ལམ་འོད་གསལ་ཟིན་པ་དང་དག་སྣང་མང་དུ་འབྱུང་། དེ་ལ་སྒོམ་ཡུན་ཅི་རིང་ཡང་མ་བདེ་བ་དང་སུན་པ་མི་འབྱུང་། རྩ་བཟང་ན་རྟགས་ལྔ་སོགས་འཆར། ཉོན་མོངས་ཆགས་སྡང་གི་མགོ་ཡང་རེ་ཞིག་ནོན། སྟོང་ཉམས་ནམ་མཁའ་གཡའ་དག་དང་འདྲ་བ་དང་། གསལ་ཉམས་མར་མེ་རླུང་མེད་འདྲ་བ་དང་། བདེ་ཉམས་ལུས་སེམས་བདེ་བས་ཚིམ་པར་ཡང་སྐབས་སུ་འབྱུང་སྟེ་རྒྱུན་ཏུ་མི་གནས། རིང་ན་ཟླ་བ་བཞི་ལྔའམ་ཞག་གཉིས་གསུམ་ཡན་ཅི་རིག་པ་གནས། རྟོགས་པ་མཐོན་པོའི་ངེས་ཤེས་དང་རློམ་སེམས་ཡང་ཆེན་པོ་སྐྱེ། འདི་དུས་མོས་གུས་དྲག་པོས་གསོལ་བ་


CMR051_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་གལ་ཆེའོ། །འདི་ཡན་ཉམས་ཁོ་ན་ཤས་ཆེ་རྩེ་གཅིག་ཉམས་ཀྱི་འཁོར་ཡུག་ཟེར། ད་རུང་རྟོགས་པ་མ་ཤར་བས་ཞི་གནས་སམ། གནས་པའི་ཕྱོགས་སུ་གཏོགས་སོ། །རྩེ་གཅིག་ནར་མའི་བུ་དང་འདྲ། །སྐྱེས་པ་མང་སྟེ་ཁས་ལེན་ཉུང་། །ཞེས་པས་འདི་ཡི་བར་སྐྱེས་ཙམ་མང་ཡང་མཐོ་འདོད་ནས་ང་ཡིན་ཟེར་མཁན་དཀོན་ནོ། །དེ་ཡང་རྣམ་གཡེང་གི་རྟོག་པ་ཞི་ནས་ཉམས་ལེན་སེམས་ངོ་ལྟ་བའི་ངང་ལ་རྩེ་གཅིག་ཏུ་གནས་པ་ནི་རྩེ་གཅིག་གི་རྩེ་གཅིག །དེའི་ངོས་ནས་དངོས་འཛིན་གྱི་སྤྲོས་པ་བྲལ་བར་མཐོང་བ་རྩེ་གཅིག་གི་སྤྲོས་བྲལ་ཡིན། བདེ་གསལ་མི་རྟོག་པ་གསུམ་རོ་གཅིག་ཏུ་འདྲེས་པ་རྩེ་གཅིག་གི་རོ་གཅིག །དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་འཁོར་ཡུག་ཏུ་སོང་བ་རྩེ་གཅིག་གི་སྒོམ་མེད་ཡིན་པར་གསུངས་ལ། རྩེ་གཅིག་ཆེན་པོའི་རྩལ་རྫོགས་ཡོན་ཏན་སྐྱེས་ན་ཉིན་མཚན་འཁོར་ཡུག་ཏུ་འགྲོ་བ་དང་། ཟག་བཅས་ཀྱི་མངོན་ཤེས་གྲུབ་རྟགས་ཕྲན་བུ་འབྱུང་བར་གསུངས་ཀྱང་། རྩལ་དང་ཡོན་ཏན་མ་རྫོགས་ཀྱང་རྟོགས་པ་གོང་དུ་ན་འཕར་བ་ཁོ་ན་མང་བར་འདུག་གོ །ཕྱི་ཚོགས་དྲུག་གི་སྣང་བ་ས་རྡོ་རི་བྲག་ཐམས་ཅད་ཆུ་ཟླ་འཇའ་ཚོན་ལྟར་མཐོང་། དེ་


CMR051_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་མཁན་གྱི་ཤེས་པ་སྟོང་རྗེན་ལྷང་ངེ་འཆར་བ་འབྱུང་བ་ནི་སྤྲོས་བྲལ་ཆུང་ངུ་ཡིན་པར་སྣང་སྟེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཆར་བས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། གཉིས་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལ། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་འཆར། །དྲོད་ཐོབ་ནས་ནི་སྐྱེ་ལ་དབང་བ་ཡིན། །ཅེས་གསུངས། འདི་སྐབས་སྟོང་ཉམས་གོ་བ་དང་། ཉམས་རྟོགས་པ་མི་འབྱེད་པའི་མཐོ་མཐོ་འདྲ་བ་ཞིག་སྐྱེ་སྟེ། དེ་ལ་རློམ་སེམས་མི་བྱེད་པར་ཡུལ་སྣང་དང་སེམས་ཀྱི་ངོ་བོ་བསྲེ་ཞིང་བསྒོམ་མོ། །མོས་གུས་དང་རྒྱང་འབོད་བྱས་པས་སྔར་གྱི་བདེ་གསལ་མི་རྟོག་པའི་ཉམས་ཐམས་ཅད་ཡལ་ཐ་མལ་དུ་ལུས་པ་དང་འདྲ་བ་སྔར་གྱི་སྒོམ་དེ་བོར་བ་འདྲ་བ། ཨ་འདི་སྒོམ་ཡིན་ནམ་སྔར་གྱི་དེ་ཡིན། དེ་གཉིས་གཅིག་ཡིན་པར་འདུག་སྙམ་ནས་འདི་སྒོམ་གྱི་གཏད་སོ་གཅིག་ཀྱང་མེད་པ་ངེས་ཤེས་ཀྱི་འཛིན་པ་དེ་ཞིག་འགྲོ་སྟེ། རང་ལུས་ཐ་མལ་རང་གར་བཞག་པ་ལས་གཞན་བསྒོམ་རྒྱུ་མེད་པར་མཐོང་བ་ནི་སྤྲོས་བྲལ་འབྲིང་པོའོ། །དེའི་ཚེ་ཡིད་


CMR051_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆེས་ན་བཀའ་བརྒྱུད་ཀྱི་གསུང་འབུམ་འགའ་བལྟས་པས་ངོ་ཤེས་འཕྲད་པ་ལྟར། ཡ་སེམས་ཀྱི་ངོ་བོ་མཐོང་བ་དེ་འདི་ཡིན་པར་གདའ། དེ་སྔའི་ལེགས་ལེགས་དེ་ཐམས་ཅད་ཉམས་སྣ་ཚོགས་རེད་སྙམ་པ་འབྱུང་། འདི་སྐབས་བྱ་ཆ་ཆོས་སྤྱོད་སོགས་སྤྲོས་བཅས་ཆེར་སྐྱུར་ནས་ཐབས་ལམ་གཏུམ་མོ་ལ་འབད་ན་བོགས་ཆེའོ། །དེ་ནས་སྤྲོས་བྲལ་ཆེན་པོ་ནི། རང་གི་སེམས་ཉིད་སྟོང་པ་སྐྱེ་མེད་དུ་རྟོགས་པ་དེ་བཞིན་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཡང་དེ་ལྟར་མཐོང་། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྒྱུད་ཀྱང་དེ་ལྟར་མཐོང་། སངས་རྒྱས་ཀྱི་ཐུགས་སེམས་ཅན་གྱི་སེམས་རང་གི་སེམས་གསུམ་ངོ་བོ་དབྱེར་མེད་གཅིག་ཏུ་མཐོང་སྟེ། ལྟ་བ་འཁོར་འདས་དབྱེར་མེད་ཟེར་བ་འདི་ནས་ཡིན། ཤོར་ས་གོལ་ས་ཐམས་ཅད་ཀྱང་འདི་ནས་ཆོད་པར་སྣང་ངོ་། །དེ་ཡང་གང་ཤར་ལ་རྩེ་གཅིག་ཏུ་མ་ཡེངས་པར་ལྟ་བ་སྤྲོས་བྲལ་གྱི་རྩེ་གཅིག །བལྟས་པའི་ཚེ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་སྤྲོས་བྲལ་གྱི་སྤྲོས་བྲལ། ཆོས་ཐམས་ཅད་དེའི་ངང་དུ་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་པས་སྤྲོས་བྲལ་གྱི་རོ་གཅིག །དེ་ལ་འཁོར་ཡུག་ཏུ་སོང་ན་སྤྲོས་བྲལ་གྱི་སྒོམ་


CMR051_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསུངས་སོ། །སྤྲོས་བྲལ་སྤྱི་རྟ་རྒས་ཧྲལ་འདྲ། །ཞེས་ཁས་བདག་པ་མང་བར་གསུངས་པ་ལྟར། རྩལ་དང་ཡོན་ཏན་ནི་རྩེ་གཅིག་ཆེན་པོའི་ཡོན་ཏན་མ་ཤར་ཡང་། ཉམས་དང་རྟོགས་པ་ནི་འདི་ཙམ་བར་དུ་ས་རྒྱུས་ཡོད་པར་རློམས་ནས་ཞིབ་པར་བཀོད་པ་ཡིན་ལ། དེ་ཡང་གཅིག་ཆར་བ་ཐོད་རྒལ་བ་རིམ་སྐྱེས་པ་གསུམ་ལས། རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་སྟེ། གཅིག་ཆར་བའི་གཅིག་ཆར་བ་ནི་ཐོབ་ཙམ་ནས་བསྒོམ་ལུང་མེད་པར་རྟོགས་པ་མཆོག་སྐྱེ། དེ་ལ་འགྱུར་ལྡོག་མེད་དེ་དེ་འདྲ་སྦྱང་པ་སྔོན་སོང་རེ་རེ་ལས་མི་འབྱུང་གསུངས། གཅིག་ཆར་བའི་ཐོད་རྒལ་བ་ནི་དང་པོ་ཁྲིད་ཞུ་དུས་ནས་རྟོགས་པ་བཟང་པོ་སྐྱེ་སྟེ་འགྱུར་ལྡོག་ཆེའོ། །གཅིག་ཆར་བའི་རིམ་སྐྱེས་པ་ནི་ངོ་སྤྲོད་སྔ་བསྒོམ་ན་རྟོགས་པ་སྐྱེ་མྱུར་རོ། །ཐོད་རྒལ་བའི་གཅིག་ཆར་བ་ནི་དང་པོ་ངོ་སྤྲད་ནས་རྟོགས་པ་མཐོན་པོ་སྐྱེ་སྟེ་འགྱུར་ལྡོག་ཅུང་ཟད་འོང་ངོ་། །ཐོད་རྒལ་བའི་ཐོད་རྒལ་བ་ནི་དང་པོ་ནས་རྟོགས་པ་མཆོག་སྐྱེ། རེས་འགའ་ཐ་མལ་པ་ལྟར་འབྱུང་བས་བླ་མ་དང་བྲལ་ན་སྤྱོད་ངན་བྱེད་སྲིད་དོ། །ཐོད་རྒལ་བའི་རིམ་སྐྱེས་པ་ནི་ངོ་སྤྲོད་སླ་བསྒོམས་ན་རྟོགས་པ་སྐྱེ་སླ་སྟེ་མཐོ་


CMR051_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དམན་མང་དུ་འབྱུང་ངོ་། །རིམ་སྐྱེས་པའི་གཅིག་ཆར་བ་ནི་ཁྲིད་རིམ་ལྟར་རྟོགས་པ་མུ་མུ་སྐྱེ་སྟེ། ཧ་ཅང་ཡུན་རིང་མི་འགོར་སྐྱེས་པ་ལ་འགྱུར་ལྡོག་མེད་དོ། །རིམ་སྐྱེས་པའི་ཐོད་རྒལ་བ་ནི་ཉམས་རྟོགས་བསྒོམ་པའི་མུས་ཀྱི་ཅུང་ཟད་ཅུང་ཟད་སྐྱེ། དེ་ཡང་རེས་འགའ་མཐོན་པོ་རེས་འགའ་དམའ་འུ་ལས་མེད་དེ། བདག་ལྟ་བུ་ཡིན་པར་འདུག་གོ །རིམ་སྐྱེས་བའི་རིམ་སྐྱེས་ནི། དང་པོ་ཁྲིད་མང་པོ་མ་ཐོབ་བར་ངོ་མི་འཕྲོད། འཕྲོད་ནས་ལོ་གྲངས་དུ་མར་བསྒོམས་ན་རྟོགས་པ་ཅུང་ཟད་ཅུང་ཟད་སྐྱེ། གང་སྐྱེས་དེ་བརྟན་ནས་འགྱུར་ལྡོག་མེད་དོ། །ཆུ་ཀླུང་ཆེན་པོའི་རྒྱུད་ལས། རོ་གཅིག་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དུ་གསུངས་ཏེ། གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་ནི། དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར། །དུས་གསུམ་རྒྱལ་བའི་སྲས་པོས་གཞན་དོན་མཛད། །རྩེ་མོ་ཐོབ་ནས་འཕེལ་བ་རྒྱུན་མི་འཆད། །ཅེས་གསུངས་ཤིང་། རྗེ་མི་བསྐྱོད་རྡོ་རྗེས། ཚོགས་དྲུག་ཡུལ་སྣང་སྣ་ཚོགས་འདི། །སྣང་བ་དུ་མར་སྣང་གྱུར་ཀྱང་། །རྟོགས་པ་གཅིག་གི་ངོ་བོར་ཤར། །རོ་གཅིག་ཆུང་ངུའི་རྣལ་འབྱོར་ཡིན། །སྣངེ་འཛིན་ཉམས་ཀྱི་དྲི་མ་དག །


CMR051_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་དབྱེར་མེད་གཅིག་ཏུ་འདྲེས། །སྣང་སེམས་གཉིས་མེད་ཀྲོང་ངེ་བ། །རོ་གཅིག་འབྲིང་པོའི་རྣལ་འབྱོར་ཡིན། །ཅེས་གསུངས་པ་ཡང་ཉམས་མཐོ་དུས་ལན་རེ་དེ་འདྲ་བ་བྱུང་སྙམ་ཡང་ཉམས་ཡིན་དངོས་མིན་པས་གྲུལ་མི་ཐུབ་བོ། །སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །སྤང་བླང་དགག་སྒྲུབ་མ་དགོས་པར། །སྣང་སྟོང་གཅིག་ཏུ་འདྲེས་པ་དེ། །རོ་གཅིག་ཆེན་པོའི་རྣལ་འབྱོར་ཡིན། །ཅེས་གསུངས་སོ། །བཞི་པ་བསྒོམ་མེད་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་སྐད་དེ། ཆུ་ཀླུང་ཆེན་པོའི་རྒྱུད་ལས། བཞི་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། །སྒོམ་དུ་མེད་པའི་ཉམས་ལེན་བརྩོན་པ་ལས། །མཁྱེན་པའི་ཡེ་ཤེས་སངས་རྒྱས་ཞིང་ཁམས་མཐོང་། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་ངང་། །ཞེས་དང་། མི་བསྐྱོད་རྡོ་རྗེ་དང་དྲུང་རྨ་སེ་གསུངས་མཐུན་པར། ཉིན་མཚན་བསམ་གཏན་འབའ་ཞིག་ལ། །ནུབ་མོ་རྨི་ལམ་ཡུད་ཙམ་རེ། །དེ་མིན་འཁོར་ཡུག་གཅིག་ཏུ་འདྲེས། །སྒོམ་མེད་ཆུང་ངུའི་རྣལ་འབྱོར་ཡིན། །ཉིན་མཚན་སྟོང་ཉིད་འཁོར་ཡུག་ལ། །ནུབ་མོ་གསལ་བའི་འོད་གསལ་ལ། །ཤེས་སྒྲིབ་ཕྲ་མོ་དང་བཅས་པ། །


CMR051_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་མེད་འབྲིང་པོའི་རྣལ་འབྱོར་ཡིན། །གཞི་ཉིད་ཇི་བཞིན་མངོན་དུ་གྱུར། །འོད་གསལ་གཅིག་འདྲེས་རང་རིག་ངང་། །སྟོང་ཉིད་གཞི་ཉམས་སྟོབས་སོགས་ཡོན་ཏན་ལྡན། །སྒོམ་མེད་ཆེན་པོའི་རྣལ་འབྱོར་ཡིན། །ཅེས་གསུངས་སོ། །དེ་ལ་མཁས་པ་འགའ་ཞིག་ཚོགས་སྦྱོར་གྱི་ལམ་ལ་བཞི་རིམ་བརྩིས་ནས། སྒོམ་མེད་ཆེན་པོའི་མཐོང་ལམ་ཡིན་ཟེར་རོ། །བཀའ་བརྒྱུད་ལུགས་ཀྱི་རྩེ་གཅིག་ཆུང་འབྲིང་ཆེ་གསུམ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་སྤྲོས་བྲལ་མཐོང་ལམ་དུ་བཞེད་པ་ལ། མཁས་པ་འགའ་ཞིག་ན་རེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་སྦྱངས་མ་བྱས་པར་མཐོང་ལམ་ཐོབ་མི་སྲིད་ཟེར་ཡང་། མདོ་ལུགས་མཚན་ཉིད་ཐེག་པ་ལ་དེ་ཡིན་ཀྱང་། གསང་སྔགས་བླ་མེད་ལ་དབང་ཁོ་ནས་གྲོལ་བ། གདམས་ངག་ཐོས་ཙམ་ནས་གྲོལ་བ། ཟླ་དྲུག་དང་ལོ་གསུམ་ཕྱོགས་གསུམ་དང་། ལོ་བཅུ་གཉིས་དང་། ཚེ་གཅིག་ལ་ཡང་སངས་རྒྱས་ཐོབ་པ་ཡོད་པར་གསུངས་ན་དེ་མི་འགལ་ལོ། །དེ་ལ་འོ་ན་མཐོང་ལམ་ས་དང་པོ་ཡིན་པས་དེ་ཐོབ་ན་སྐད་ཅིག་ལ་སྤྲུལ་པ་བརྒྱ་ཕྲག་གཅིག་འགྱེད་པ་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བ་སོགས་ནུས་


CMR051_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ན་དེ་ཚོ་གར་ཡོད་ཟེར་ཀྱང་། དེ་ནི་སེངྒེའི་མངལ་རྒྱ་ཁྱུང་གི་སྒོང་རྒྱ་རྣལ་འབྱོར་པ་ལུས་རྒྱས་བསྒྲིབས་པས་ལུས་རྣམ་སྨིན་གྱི་ཕུང་པོ་གདོས་བཅས་འདིས་སྒྲིབ། བར་དོར་ཡོན་ཏན་དེ་དག་མངོན་དུ་གྱུར་ཏེ་རྩལ་དང་ཡོན་ཏན་རྫོགས་པས་བར་དོ་ཟེར་རོ། །རྣལ་འབྱོར་པ་ཐོད་པ་བོར་ཆོག །ནམ་ཤི་སངས་རྒྱས་དེ་ལ་ཟེར་གསུངས་ཏེ། སྔོན་བཅོམ་ལྡན་འདས་ལ་ཡང་གདུལ་བྱ་མ་དག་པ་རྣམས་མཚན་བཟང་ཚང་མ་མི་མཐོང་བར་གསུངས་པ་དང་། སྟོན་པ་བཞུགས་དུས་སུ་བྱམས་པ་དགེ་སློང་མ་ཕམ་པར་གྱུར་པ་ལ་གཞན་དག་ཉོན་མོངས་པ་མ་སྤངས་ཡོན་ཏན་ཅི་ཡང་མེད་པར་མཐོང་བའི་ལོ་རྒྱུས་མདོ་ལས་གསུངས་ན། རྣལ་འབྱོར་པའི་ཡོན་ཏན་དེ་དག་རྣལ་འབྱོར་པ་རང་གི་ཉམས་སྣང་དང་ལས་དག་པ་འགའ་རེའི་སྣང་བ་ལ་མི་འབྱུང་བའི་ངེས་པ་མེད་ལ། མ་དག་པས་མ་མཐོང་བ་ནི་ལོང་བའི་དཔེ་ལྟར་མེད་པ་ཡང་མིན་ནོ་སྙམ་མོ། །འོ་ན་ལམ་དང་འབྲས་བུ་ཇི་ལྟར་ཞེ་ན་གཞུང་ལས་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བ་ཉིད་དོ། །ཞེས་གསུངས་པས། རང་དོན་ཆོས་སྐུ་ཐོབ་ནས་གཞན་དོན་གཟུགས་སྐུ་གཉིས་འབྱུང་བ་སྟེ། ལམ་


CMR051_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲོད་ལུགས་རྗེ་དབང་ཕྱུག་རྡོ་རྗེས། རྩེ་གཅིག་ཚོགས་སྦྱོར་སྤྲོས་བྲལ་མཐོང་བའི་ལམ། །རོ་གཅིག་སྒོམ་མེད་འབྲིང་མན་བསྒོམ་ལམ་སྟེ། །སྒོམ་མེད་ཆེན་པོ་རྫོགས་པའི་སངས་རྒྱས་སོ། །ཞེས་གསུངས་སོ། །དེ་ཡང་རྩེ་གཅིག་རྟོགས་པ་གཅིག་ཤི་ནས་ཐུགས་དམ་མ་ཟིན་ཡང་ངན་སོང་དུ་མི་ལྟུང་། སྤྲོས་བྲལ་རྟོགས་པ་གཅིག་ཤི་ནས་འོད་གསལ་མ་ཟིན་ཡང་གར་སྐྱེ་ལ་རང་དབང་ཐོབ་བོ། །རྩེ་གཅིག་རྟོགས་པ་གཅིག་ཐུགས་དམ་ཟིན་ན་ས་མཚམས་གང་ཡིན་རྩལ་རྫོགས་ཏེ། ཐུགས་དམ་དེ་ལ་ཆགས་ཞེན་སྐྱེ་ན་འདོད་ལྷ་དྲུག་སོགས་ལྷ་གནས་སུ་གོལ་སྲིད། ཆགས་ཞེན་མ་སྐྱེས་ན་སྤྲོས་བྲལ་དུ་ན་འཕར། སྤྲོས་བྲལ་བ་ནི་ཐུགས་དམ་ལ་གོལ་ས་མེད་དེ་རོ་གཅིག་ལ་ན་འཕོའོ། །རོ་གཅིག་སྒོམ་མེད་དུ་ན་འཕོ། དེ་ཡང་སྤྲོས་བྲལ་མན་ཞེན་ཆགས་མེད་པར་ཐུགས་དམ་ཡུན་རིང་ན་སངས་རྒྱའོ། །རོ་གཅིག་ཡན་ཡུན་རིང་མི་དགོས་པར་སངས་རྒྱའོ། །སྒོམ་མེད་ཆེན་པོ་ཚེ་འདིར་སངས་རྒྱས་ཟིན་པས་ཐུགས་དམ་སླར་ངོས་བཟུང་རྒྱུ་མེད་པས་ཐུགས་དམ་ལ་མི་བཞུགས་ཏེ་ཡབ་སྲས་ལྟ་བུའོ། །འཆི་དུས་འོད་གསལ་ཟིན་ནས་ཐུགས་དམ་ལ་བཞུགས་ན་ཆོས་སྐུར་སངས་རྒྱའོ། །


CMR051_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མ་ཟིན་ན་བར་དོར་བསྐྱེད་རིམ་བསྒོམས། དེ་ནས་འོད་གསལ་བསྒོམས་པས་ལོངས་སྤྱོད་རྫོགས་སྐུར་སངས་རྒྱའོ། །དེ་ལ་མ་ཟིན་ན་མངལ་བསྡམས་ནས་སྐྱེ་བ་བརྒྱུད་ནས་ཉམས་སུ་ལེན་འཕྲོ་མཐུད་དེ་སངས་རྒྱའོ། །སྐྱེ་བ་བདུན་ཕན་འགོར་མི་སྲིད། གལ་ཏེ་འགོར་ན་དམ་ཚིག་ཆག་པ་ཡིན་གསུངས་སོ། །དེས་ན་དེང་སང་ཚེ་འདིར་སངས་རྒྱ་བ་དཀའ་ནའང་། རབ་འཆི་བ་ཆོས་སྐུར་སངས་རྒྱ་བ་གཅིག །འབྲིང་བར་དོར་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པ་གཅིག །ཐ་མ་ཡང་བདེ་བ་ཅན་ནམ་དགའ་ལྡན་ཟངས་མདོག་དཔལ་རི་སོགས་སུ་སྐྱེས་ནས་སྐྱེ་བ་དེ་ལ་སངས་རྒྱ་བ་གཅིག་དམིགས་རྩེ་གཏད་དགོས། གཏད་ན་འགྲུབ་ངེས་པ་མདོ་རྒྱུད་མན་ངག་དཔང་པོ་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་འདི་བདེ་མཆོག་གི་རྒྱུད་ཀྱི་དགོངས་པ་གཙོ་ཆེ་བ་ཡིན་ཅིང་། སྟོང་ཉིད་སྒོམ་དང་བདེ་མཆོག་རྣལ་འབྱོར་པ། །ཉེ་བར་སྐྱོང་མཛད་མགོན་པོ་བྱ་རོག་མཚན། །ཞེས་དང་། །དུས་མཁྱེན་གྱིས། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ལས་ཆོས་འདིའི་སྲུང་མ་མགོན་པོ་བྱ་རོག་མས་མཛོད། ཅེས་བཀའ་བསྒོས་པའི་ཕྱིར་ཕྱག་བཞི་བ་བཀའ་སྲུང་ཡིན། བེར་ནག་ཅན་


CMR051_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྲུབ་སྐོར་དང་ལོ་རྒྱུས་མང་པོ་ནས་འགྲོ་མགོན་རས་པ་ཆེན་པོ་ཡས་སྲས་ཀྱི་བརྒྱུད་པ་འཛིན་ཅིང་ཕྱག་རྒྱ་ཆེན་པོའི་དོན་སྒོམ་པ་རྣམས་ལ་ཆོས་སྐྱོང་འདི་མ་བསྒྲུབས་ཀྱང་ཕྲིན་ལས་སྒྲུབ་པར་གསུངས་པ་དང་། རྗེ་དབང་ཕྱུག་རྡོ་རྗེས། ཆོས་འདིའི་སྲུང་མ་བེར་ནག་ཅན་གྱིས་མཛོད་གསུངས་པས། འདིའི་བཀའ་སྲུང་ཡིན་པས་རྒྱུན་དུ་གཏོར་བསྔོས་བྱས་ཤིང་བསྒོམས་པས་བར་ཆད་སེལ་ཞིང་ཕྲིན་ལས་སྡོང་གྲོགས་བྱེད་དོ། །ཕག་གྲུས། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱི་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པས། དགེ་སྦྱོར་གྱི་མཇུག་ཐམས་ཅད་ལ། ། འཇམ་དཔལ་སངས་རྒྱས་ཞིང་བཀོད་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས་པས། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་བ་སྨོན་ལམ་གལ་ཆེའོ། །བསྔོ་བས་རྒྱས་མ་ཐེབ་ན་


CMR051_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ཁྲོ་དང་འགྱོད་པ་སོགས་ཀྱིས་དགེ་རྩ་འཛད། རྒྱས་ཐེབ་ན་སངས་རྒྱས་མ་ཐོབ་བར་འབྲས་བུ་འབྱུང་ཡང་ཟད་མི་ཤེས་པའི་ཕྱིར་རོ། །ཞེས་པ་འདི་ནི་ཀརྨ་ཡང་དག་གིས་བསྐུལ་བས་དགེ་སློང་སྒོམ་པ་ལ་མོས་པ་ལམ་དུ་བྱེད་པ། ༧ རཱ་ག་སྱ་ཞེས་པས་སྦྱར་བ་ལ་འགལ་འཁྲུལ་གང་མཆིས་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱལ་བ་ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱིས་བསྩལ་བའི་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མདོར་བསྡུས་པའི་དོན་འགྲེལ་ཉམས་སུ་བླང་བདེ།next