Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ངེས་དོན་རྒྱ་མཚོའི་བརྒྱུད་ཚུལ་དོགས་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ངེས་དོན་རྒྱ་མཚོའི་བརྒྱུད་ཚུལ་དོགས་གཅོད།next

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ངེས་དོན་རྒྱ་མཚོའི་བརྒྱུད་ཚུལ་དོགས་གཅོད།


CMR051_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ངེས་དོན་རྒྱ་མཚོའི་བརྒྱུད་ཚུལ་དོགས་གཅོད་བཞུགས་པའི་དབུའོ།།


CMR051_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡེ། ཟབ་ལམ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་རྒྱུད་གཞུང་དང་བརྒྱུད་ཚུལ་ནི། སྤྱིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཀ་ནས་སྟོང་པ་ཉིད་ཀྱི་དོན་རྒྱ་ཆེར་གསུངས་ཤིང་། ཁྱད་པར་བདེ་མཆོག་གི་རྒྱུད་ལས་ཕྱག་ཆེན་བཀའ་བབས་པར་བཤད་ལ། གུར་བརྟག་སམ་གསུམ། ། གསང་འདུས་རྩ་བཤད་དུས་འཁོར་གདན་བཞི་སོགས་ནས་གསལ་བར་གསུངས་ཤིང་། །རྒྱུད་སྡེ་བཞི་ནས་བླ་མེད་རྒྱུད་འདི་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཙོ་བོར་སྟོན་པ་སྟེ། རྒྱུད་ལས། དང་པོ་ལུས་སྤྱོད་གཙོ་བོར་སྟོན། །གཉིས་


CMR051_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངག་སྤྱོད་གཙོ་བོར་སྟོན། །གསུམ་པ་སེམས་སྤྱོད་གཙོ་བོར་སྟོན། །བཞི་པ་ལྷན་སྐྱེས་གཙོ་བོར་སྟོན་པ་འབའ་ཞིག་གོ ། ཞེས་གསུངས་པ་དང་། དྭགས་པོ་རིན་པོ་ཆེའི་བཞེད་པ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་ལུགས་ལ། བཀའ་བར་པའི་སྐོར་ལ་དབུ་ཕར་སོགས་སྟོང་ཉིད་སྟོན་པའི་གཞུང་མན་ངག་ཐམས་ཅད་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་གཞུང་འདི་ཡི་ལུང་རྒྱབ་ཏུ་འདྲེན་པ་ཡིན་ལ། ཡང་ཕྱི་མཚན་ཉིད་ཀྱི་ཐེག་པ་དང་། ནང་གསང་སྔགས་ཀྱི་ཐེག་པ་གཉིས་ཀ་ལས་ཁྱད་པར་དུ་འཕགས་པ། བླ་མེད་སྙིང་པོ་ཐེག་པ་ཡིན་པར་མེ་ཏྲི་པའི་བཤད་སྲོལ་


CMR051_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་ངོ་། །དེ་ལ་འདི་ཡི་རྒྱུད་ངོས་བཟུང་ན། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དང་། རབ་ཏུ་མི་གནས་པའི་རྒྱུད་ལ་ངོས་འཛིན་ཅིང་། བདེ་མཆོག་བྱེ་བ་རྒྱ་མཚོའི་བཅུད་ཕྱུང་བ་སྙན་བརྒྱུད་རྡོ་རྗེའི་ཚིག་ལས། ཕྱག་ཆེན་ཆོས་དྲུག་གཉིས་ཀ་གསལ་བར་གསུངས་ཤིང་། དགྱེས་རྡོར་གསང་བ་མཛོད་ལས་ཤིན་ཏུ་གསལ་བར་གསུངས་པ་སྒེར་རྒྱུད་ལྟ་བུར་བཞུགས་པ་དང་། ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས་རྣལ་འབྱོར་བཞི་རིམ་གསལ་བར་གསུངས་ཤིང་། བདེ་མཆོག་སྙན་བརྒྱུད་ནས་ཤིན་ཏུ་གསལ་བར་གསུངས། རྒྱུད་ལ་བརྟེན་པའི་ཕྱག་ཆེན་རྒྱ་གཞུང་ནི། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག །ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉེར་ལྔ་ཞེས་གྲགས་ལ། དེ་དག་གི་རྗེས་འབྲང་གི་རྒྱ་གཞུང་ཡང་མང་བར་ཡོད་པ་ལས། གྲུབ་པ་སྡེ་བདུན་ནི། ཨོ་རྒྱན་གྱི་སློབ་དཔོན་པདྨ་བཛྲ་གྱིས་མཛད་པ་དཔལ་གསང་བ་གྲུབ་པ། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེའམ། པཎྜི་ཏ་བདུད་རྩི་དགའ་བའི་འབྱུང་གནས་ཀྱིས་མཛད་པའི་ཐབས་དང་ཤེས་རབ་གཏན་ལ་དབབ་པའི་སྒྲུབ་པ་དེ་ཡི་དོན་བསྡུས། ཙ་མ་རི་མས་མཛད་པ་ཡེ་ཤེས་གྲུབ་


CMR051_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཨིནྡྲ་བོ་དྷི་འབྲིང་པོས་མཛད་པ་གཉིས་མེད་གྲུབ་པ། ལེགས་སྨིན་ཀ་རས་མཛད་པ་ལྷན་ཅིག་སྐྱེས་གྲུབ་ཀྱི་སྔ་མ་ཌོཾ་བི་ཧེ་རུ་ཀ་དང་། ཕྱི་མ་ལྭ་བ་པས་མཛད་པ། དེ་ཡི་འགྲེལ་པ་དགེ་སློང་དཔལ་མོས་མཛད་དེ། གཞུང་དེ་གཉིས་མཚན་མཐུན་པས་གཅིག་ཏུ་བསྒྲུང་། དངོས་པོ་གསལ་བའི་དེ་ཁོ་ན་ཉིད་གྲུབ་པ་རྣལ་འབྱོར་མ་ཙི་ཏོས་མཛད་པ་དང་། དེ་ཁོ་ན་ཉིད་གྲུབ་པ་ཀྱེ་ར་ལི་པས་མཛད་པ་གཉིས་མཚན་མཐུན་པས་གཅིག་ཏུ་བསྒང་། སིདྡྷི་ཀས་གྲུབ་ད་ར་ཀས་མཛད་པ་རྣམས་ཏེ་གྲུབ་པ་སྡེ་བདུན་ནོ། །སྙིང་པོ་སྐོར་དྲུག་ནི། ས་ར་ཧ་ཡི་དོ་ཧ་མཛོད། རྩེ་མོ་དོ་ཧ། བདག་བྱིན་རླབས། ཀླུ་སྒྲུབ་ཀྱི་ཕྱག་རྒྱ་བཞི་པ། ཨཱརྱ་དེ་ཝའི་སེམས་ཀྱི་སྒྲིབ་སྦྱོང་། ཏོག་ཙེ་བའི་བསམ་གྱིས་མི་ཁྱབ་པ་དང་དྲུག་ཡིན་ནོ། །དོ་ཧའི་རྗེས་འབྲང་རྒྱལ་པོ་དོ་ཧ། བཙུན་མོ་དོ་ཧ་མཛོད་ཆུང་།། ཀ་ཀའི་དོ་ཧ་རྣམས་ཡིན་ནོ། །ཕྱག་རྒྱ་བཞི་པའི་རྗེས་འབྲང་བྱང་ཆུབ་སེམས་འགྲེལ་དང་། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་རྣམས་ཡིན་ནོ། །རྩ་རྒྱུད་བསམ་གྱིས་མི་ཁྱབ་པ་དང་། བཤད་རྒྱུད་རྙོག་མེད་ལ་བརྟེན་པ་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉེར་ལྔ་


CMR051_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཐུན་མོང་གྲུབ་མཐའ་བསྟན་པ་རིན་པོ་ཆེའི་ཕྲེང་བ། དེའི་དོན་སྔགས་དང་སྦྱར་བའི་དོ་ཧ། རྩོད་སྤོང་ཡིད་ལ་མི་བྱེད་པར་བསྟན་པའམ། བདག་མེད་གསལ་བ་ལྟ་བ་ངན་སེལ། ལྟ་བ་ངན་སེལ་གྱི་དྲན་པ། བྱ་བ་མདོ་བསྟན། དབང་ངེས་བསྟན། དགོས་པ་མདོར་བསྡུས། དབང་གི་པྲ་ཁྲིད། བྱ་བ་མདོར་བསྡུས། དབང་པྲ་ཁྲིད་རྣམ་དག །ཕྱག་རྒྱ་ལྔ་པ་ཕྱེད་ལྔ་པ། དགའ་བཅུག་ལྔ་པ། ཟུང་འཇུག་དེ་ཉིད་ལྟ་བ། དབུ་མ་དྲུག་པ། ལྷན་སྐྱེས་དྲུག་པ། ཟུང་འཇུག་བཤད་པ། ཐེག་ཆེན་ཉི་ཤུ་པ། དེ་ཉིད་ཉི་ཤུ་པ། རབ་ཏུ་མི་གནས་པ། སྟོན་པའི་བདེ་ཆེན་གསལ་བ། ཟུང་འཇུག་ངེས་བསྟན། རྨི་ལམ་ངེས་བསྟན། སྒྱུ་མ་ངེས་བསྟན། དེ་ཉིད་བཅུ་པ། དེ་ཉིད་རབ་ཏུ་བསྟན་པ། རབ་ཏུ་མི་གནས་པ་གསལ་བར་སྟོན་པ། མ་རྟོགས་པ་རྟོགས་པར་བྱེད་པ། ཚིགས་བཅད་ཕྱེད་པ། རྩ་འགྲེལ་རྣམས་མེ་ཏྲི་པས་མཛད་དོ། །དེ་ཉིད་བཅུ་པ་ལ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་འགྲེལ་པ་མཛད་པ་དང་། ཁོང་རང་གིས་སྦྱར་བའི་གནས་པ་བསྡུས་པ་སྟེ་དཔེ་སྣ་གསུམ་མོ། །དེ་རྣམས་ལ་ཕྱག་རྒྱ་ཆེན་པོ་བཤད་པ་ཚིག་གི་བསྐོར་ཞེས་


CMR051_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་པའོ། །ཤ་ཝ་རིས་མེ་ཏྲི་ལ་གནང་བའི་ཕྱག་རྒྱ་ཆེན་པོ་ཐོག་བབ། དམར་ཁྲིད་མཚན་མ་མེད་པ་མེ་ཏྲིས་མཛད་པ། གྲུབ་ཐོབ་རྣམས་ཀྱི་རྟོགས་བརྗོད་མེ་ཏྲི་པས་གཅིག་ཏུ་བསྡུས་པ། རྟོགས་བརྗོད་གསེར་གྱི་ཕྲེང་བ་དེ་རྣམས་ལ་ཕྱག་ཆེན་པོའི་གདམས་ངག་ཉམས་ལེན་གྱི་སྐོར་ཞེས་བྱའོ། ༈ །ཕྱག་རྒྱ་ཆེན་པོའི་རྟོགས་པ་བྱིན་རླབས་ཀྱི་སྐོར་ནི་ལྷན་ཅིག་སྐྱེས་སྦྱོར་ཡིན་ཏེ། འདི་ལ་ནཱ་རོ་མཻ་ཏྲིའི་ལུགས་གཉིས་ཏེ། དང་པོ་ཏེ་ལོའི་ཆོས་དྲུག །གང་གཱ་མ་གཉིས་ལྷན་ཅིག་སྐྱེས་སྦྱོར་གྱི་ཆ་ལག་ཡིན་ལ། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཏེ་ལོའི་སློབ་མ་གྲུབ་ཆེན་བརྒྱད་ལ་གདམས་པ་ཚན་པ་བརྒྱ། ཏཻ་ལོའི་ཚིགས་བཅད་མ་འདི་དང་ནཱ་རོས་མཛད་པའི་གཉུག་མ་གཅིག་ཆོད་དུ་ཁྲིད་པ་ཞེས་བྱ་བ་དང་། བསྲེ་འཕོའི་གཞུང་གི་སེམས་དངོས་པོའི་གནས་ལུགས་བསྟན་པ་ཁོ་ན་ལྷན་ཅིག་སྐྱེས་སྦྱོར་གྱི་གཞུང་ཡིན་ནོ། །ནཱ་རོའི་ལུགས་འདི་ལ་ཆོས་དྲུག་གི་གཏུམ་མོ་རྫོགས་ནས་འོད་གསལ་གྱི་སྐབས་སུ་ངོ་སྤྲད་པ་ཡིན་ནོ། །ཡང་རྒྱལ་པོ་ཨིནྡྲ་བོ་དྷིས་ལྷན་ཅིག་སྐྱེས་སྦྱོར་གྱི་རྒྱ་གཞུང་མཛད་དོ། །མེ་ཏྲི་པའི་ལུགས་ལ་འོད་གསལ་


CMR051_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྱད་པར་དུ་གྱུར་པ་ཞེས་ཐ་མལ་གྱི་ཤེས་པ་རྗེན་པར་ངོ་སྤྲད་པ་ཡིན་ནོ། །གཞན་ཡང་དོ་ཧ་མཛོད་བརྒྱད་དང་། གྲུབ་ཆེན་བརྒྱད་ཅུའི་དོ་ཧ་བརྒྱད་ཅུ་ཞེས་པ་དང་། རྡོ་རྗེ་འཆང་གི་གསུངས་པ་ཕྱག་རྒྱ་ཆེན་པོ་རང་ཤར་རྡོ་རྗེའི་ཚིག་རྐང་དང་། ནི་གུ་མ་ཡི་རང་བབ་རྣམ་གསུམ་དང་། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལས་རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་པ་དང་། སློབ་དཔོན་པདྨས་གཏེར་མ་ཕྱག་ཆེན་ཉི་མའི་སྙིང་པོ་དང་། བལ་པོ་ཨ་སུ་ནས་བརྒྱུད་པ་དོ་ཧའི་སྐོར་དང་འབྲེལ་བའི་ཁྲིད་ཀ་བཤད་པ་དཔག་ཏུ་མེད་པ་ཡོད་དེ། ཕྱག་ཆེན་གྱི་རྒྱ་གཞུང་རྣམ་དག་ཕལ་ཆེར་ཕྱོགས་གཅིག་ཏུ་རྗེ་ཆོས་གྲགས་རྒྱ་མཚོས་བསྒྲིགས་པའི་གླེགས་བམ་ཆེན་པོ་གཅིག་ཡོད་པ། ཕྱག་ཆེན་གླེགས་བམ་མར་གྲགས་སོ། །དེ་ལྟར་རྒྱུད་དང་རྒྱ་གཞུང་རྣམས་ཀྱི་རྐང་གྲངས་སྨོས་ནས་དེ་དག་བརྒྱུད་ཚུལ་ནི། དོ་ཧའི་ལོ་རྒྱུས་ལྟར་ན། དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་ཁར། ལྷོ་ཕྱོགས་བྷེ་ཏའི་གྲོང་ཁྱེར་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་སྤྱན་རས་གཟིགས་ལ་ཞལ་ཆེམ་གྱི་ཚུལ་དུ། ཆོས་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་གཏད་ཅིང་གཉེར་རོ། །མ་འོངས་པའི་དུས་སུ་གང་


CMR051_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གཅིག་ཆར་བ་དང་། རིམ་སྐྱེས་པ་རྣམས་ལ་ཕན་པར་གྱིས་ཤིག་ཅེས་ལུང་བསྟན་ཏོ། །དེ་ནས་སྤྱན་རས་གཟིགས་ཀྱིས་ལྷ་སྲས་དགེ་བའི་མགོན་པོར་སྤྲུལ་ཏེ་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་གནང་སྟེ་གྲོལ་བར་མཛད་ཅིང་དོ་ཧའི་སྐོར་གསུངས་སོ། །འཕགས་པ་གྱིས་ལྷ་སྲས་བློ་གྲོས་རིན་ཆེན་དུ་སྤྲུལ་ནས་འཕགས་པ་ཀླུ་སྒྲུབ་ལ་གནང་ནས་གྲོལ་བར་མཛད་དོ། །དེ་ལ་དཔལ་ཤཱ་ཝ་རི་དབང་ཕྱུག་གིས་གསན་ནས་དོ་ཧའི་ཡིག་ཆ་ཅི་རིགས་སུ་མཛད་དོ། །དེ་ལ་རྒྱལ་བ་མེ་ཏྲི་པས་གསན་ནས་གསང་སྤྱོད་ཀྱི་སྐོར་མཛད་དོ། ཡང་བླ་མེད་ཀྱི་རྒྱུད་རྣམས་ཕྱག་ན་རྡོ་རྗེ་ལ་གཏད་པའི་ཕྱིར་བདེ་མཆོག་གི་རྒྱུད་ལས་ཕྱག་ཆེན་བཀའ་བབས་པ་ཡིན་ཏེ། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ། ལོ་ཧི་པ། དྷིང་གི་པ། ཏེ་ལོ་པ་ལའོ། །དོ་ཧ་ནི། རྡོ་རྗེ་འཆང་། སེམས་དཔའ་རྣམ་གཉིས། ས་ར་ཧ། ཀླུ་སྒྲུབ། ཤ་ཝ་རི། མེ་ཏྲི་པའོ། །ཉེ་བརྒྱུད་བྱེད་ན། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ལ་ཤ་ཝ་རིས་གསན་ནོ། །གྲུབ་པ་སྡེ་བདུན་བརྒྱུད་པ་ནི། སངས་རྒྱས་བཅོམ་ལྡན་འདས། རྒྱལ་པོ་ཨིནྡྲ་བོ་དྷི། ཕྱག་ན་རྡོ་རྗེ། དྲང་སྲོང་


CMR051_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་འབྱིན། བུ་མོ་རོལ་པ་མོ། །དཔའ་བོ་རྡོ་རྗེ། དམ་ཚིག་རྡོ་རྗེ། པདྨ་རྡོ་རྗེ། ལྷན་ཅིག་སྐྱེས་པའི་རྡོ་རྗེ། དག་པའི་རྡོ་རྗེ། བྲམ་ཟེ་མོ་རྡོ་རྗེ། གྲུབ་པའི་རྡོ་རྗེ། ཀུན་འགྲོ་རྡོ་རྗེ། ཐུགས་རྡོ་རྗེ། དགེ་སློང་མ་དཔལ་མོ། ལྭ་བ་པ། ཏེ་ལོ་པ་ལའོ། །སྙིང་པོ་སྐོར་དྲུག་གི་བརྒྱུད་པ་ནི། སངས་རྒྱས་བཅོམ་ལྡན་འདས། ལྷོ་ཕྱོགས་ཀྱི་རྒྱལ་པོ་སུ་ཀ་སུ་ཞེས་ཀྱང་བྱ་སྟེ། སྲས་སྒྲ་གཅན། ས་ར་ཧ། ཀླུ་སྒྲུབ། ཨཱརྱ་དེ་ཝ། ཏཻ་ལོ་པའོ། །ཡང་རྡོ་རྗེ་འཆང་། ཨིནྡྲ་བོ་དྷི། ཀླུའི་རྣལ་འབྱོར་མ། །ས་ར་ཧ། ལོ་ཧི་པ། དྷ་རི་ཀ་པ་དང་། རྙིང་གི་པ་གཉིས་ཀ་ལ་ཏི་ལོ་པས་གསན་ནོ། ། །ཡང་ཀླུ་སྒྲུབ་ནས། ཤ་ཝ་རི། ལོ་ཧི་པའོ། །ཡང་བསམ་གྱིས་མི་ཁྱབ་པ། རྟ་མཆོག་འཛི་ན། ཨིནྡྲ་བོ་དྷི་འབྲིང་པོ། ལེགས་སྨིན་ཀ་རའོ། །ཡང་རྟ་མཆོག་འཛི་ནས་སྒེག་པའི་རྡོ་རྗེ། གུ་དྷི་རའམ། ཞིང་པ་པདྨ་བཛྲ། དེས་ཡན་ལག་མེད་པའི་རྡོ་རྗེའམ། ཕྱག་རྡོར་བ། ཆོས་ཀྱི་པ། བཟང་པོ་ཞབས། ཏོག་རྩེ་བའམ། སྟོང་ཉིད་ཏིང་འཛིན། དེས་ལེགས་སྨིན་ཀ་ར། གུ་དྷི་ར། ཡན་ལག་མེད་པའི་རྡོ་རྗེ་ལའང་


CMR051_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་གྲུབ་པ་སྡེ་བདུན་དེ་ལྟར་བརྒྱུད་ཅིང་། ཏོག་རྩེ་པས། ལྭ་བ་པ་ལ་གསུངས། དེས་ཏེ་ལོ་པ་ལའོ། །ཡང་ན་ཏོག་རྩེས་ཤ་ཝ་རི་ལ། དེས་ཏཻ་ལོ་པ་ལའོ། །ཏཻ་ལོས་ནཱ་རོ། །དེས་མཻ་ཏྲི་དང་མར་པ་གཉིས་ལའོ། །ཤ་ཝ་རི་པས་མཻ་ཏྲི། ། དེས་མར་པའོ། །ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉེར་ལྔ་ནི། མཻ་ཏྲི་པས་མར་པ་དང་། རྒྱ་གར་ཕྱག་ན་དང་། ཏི་ཕུ་པ་གསུམ་ཀ་ལ་གནང་། མར་པས་མི་ལ། ཏི་ཕུས་རས་ཆུང་ལ། ཕྱག་ནས་བལ་པོ་ཨ་སུ་དང་། དེས་རས་ཆུང་པའོ། །ཉེ་བརྒྱུད་ནི། ཏཻ་ལོས། ང་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །རྡོ་རྗེ་འཆང་དང་ང་གཏམ་བྱས། །ཞེས་དང་། མེ་ལོ་ང་ལ་མི་ཡི་བླ་མ་མེད། །རྡོ་རྗེ་འཆང་ཆེན་ང་ཡི་བླ་ཡིན། །ཞེས་གསུངས་པས། རྡོ་རྗེ་འཆང་། ཏཻ་ལོ། ནཱ་རོ། མར་པའོ། །ཡང་རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ཤ་ཝ་རི། མེ་ཏྲི་པ། མར་པ་ལོ་ཙཱའོ། །དེ་ལ་རྟོགས་པ་དོན་བརྒྱུད་ནི། ས་ར་ཧ། ཀླུ་སྒྲུབ། ཤ་ཝ་རི། མཻ་ཏྲི་པ། མར་མི་དྭགས་པོ་ནས་ཀཾ་ཚང་དོན་བརྒྱུད་ལྟར་ཡིན་ལ། བཤད་པ་ཚིག་གི་བརྒྱུད་པ་ནི། མཻ་ཏྲིའི་སློབ་མ་ཏི་ཕུ་


CMR051_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བལ་པོ་གཉིས་ཀ་ལ་རས་ཆུང་པས་གསན། དེ་ལ་དུས་མཁྱེན།། དེས་རྒྱ་བོ་ཕོ་བ་ལུང་པ། རས་ཆེན་པའོ། །རས་ཆུང་བས། ཟངས་རི་རས་པ། རས་ཆེན་པའོ། །དེ་ནས་སྤོམ་བྲག་པ། ཀརྨ་པའོ། །གཉེན་རས་པའོ། །རང་བྱུང་བ། ཆོས་རྡོ་རྗེ། ཡང་དགོན་པ། སོག་དབོན་པ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། །གྲུབ་ཆེན་རིན་པོ་ཆེ། མི་བསྐྱོད་ཞབས། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེའོ། །དེ་ལ་རྗེ་མེ་ཏྲི་མར་པ་སོགས་ནས་ད་ལྟའི་བར་ཁྲིད་སྲོལ་ཕྱག་ལེན་དང་། རྟོགས་པ་བྱིན་རླབས་བཀའ་བབས་མ་ཉམས་པར་ཡོད་ཅིང་། དེ་དག་གི་ཁྲིད་ཡིག་རྗེ་དུས་མཁྱེན་གྱིས་མཛད་པ་སོགས་མང་དུ་བཞུགས་པ་ལས། རྟོགས་པ་དོན་བརྒྱུད་ལུགས་ཀྱི་ལྷན་ཅིག་སྐྱེས་སྦྱོར་ལ་རྩ་བ་དངོས་གཞིར་མཛད་ནས་བཤད་པ་ཚིག་གི་བསྐོར་རྣམས་ཀྱིས་ངེས་ཤེས་བསྐྱེད་པའི་ལུང་འདྲེན་དང་བཅས་ཏེ། རྗེ་བཙུན་བྲམ་ཟེ་ཉིད་ཀྱི་སྐུ་ཡི་བཀོད་པ་ཀརྨ་པ་དགུ་པས་ཁྲིད་ཡིག་རྒྱས་བསྡུས་གསུམ་མཛད་པ་ལས་རྒྱས་པ་འདི་ཉིད་ཞྭ་དམར་ཅོད་པན་འཛིན་པ་དྲུག་པའི་ཞལ་སྔ་ནས་ཟླ་ཁྲིད་རྒྱས་པར་ལྗགས་


CMR051_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དང་བཅས་པ་ཐོབ་པ་ལགས་སོ། །ཏེ་ལོ་ནཱ་རོ་ནས་བརྒྱུད་པའི་ལྷན་ཅིག་སྐྱེས་སྦྱོར་ཡང་འདི་རང་ལ་འཐུས་ཤིང་། བརྒྱུད་པ་ཡང་མར་པ་མན་གཅིག་གོ ། བརྒྱུད་པའི་དོགས་གཅོད་ནི་ཀར་ལུགས་ལ། བྲམ་ཟེ་ཆེན་པོའི་ལོ་རྒྱུས་དྲུང་པ་རིན་པོ་ཆེས་གསུངས་པ་ཅུང་ཙམ་ཡིད་ལ་སྣང་བ་ནི། སྔོན་སངས་རྒྱས་ཞིག་སངས་རྒྱས་ནས་རིང་པོར་མ་ལོན་པ་ན། བྲམ་ཟེ་མཆེད་ལྔ་ཡོད་པ་སྐྱོ་བསངས་ལ་བྱོན་པས། བུད་མེད་ཁ་དོག་མི་གཅིག་པ་ལྔས་ཆང་མི་གཅིག་པ་ལྔ་ཁྱེར་ནས། གླུ་ལྔ་བླངས་ཏེ་ཆང་དྲངས་བ་བྲམ་ཟེ་མཆེད་བཞིས་གསོལ་བས། དོ་ཧ་གླུ་བཞི་པོ་དེ་ཡི་དོན་རྟོགས་ཏེ་སྐད་ཅིག་དེ་ཉིད་ལ་མི་སྣང་བར་མཁའ་སྤྱོད་དུ་གཤེགས། ཐ་ཆུང་རྟེན་དགེ་སློང་ཡིན་པ་དང་། རིགས་བྲམ་ཟེ་ཡིན་པས་ཆང་མ་གསོལ་བས་ལུས། དེ་ནས་ཕྱིར་ཉིན་ཐུགས་སྐྱོ་ཞིང་སྐྱེད་མོས་ཚལ་དུ་བྱོན་ཙ་ན་བུད་མེད་དམར་མོ། །ལྟ་བས་ཆོག་མི་ཤེས་པ་གཅིག་གིས་ཁོང་ལ་ཟུར་གྱིས་ལྟ་ཞིང་བྱོན་ནས་དོ་ཧའི་གླུ་བླངས་པས། སྔོན་ཡང་ཐེ་ཚོམ་བྱས་པས་ལེན་དགོངས་ནས། དེ་ཡི་ཆང་གསོལ། སྙོམས་འཇུག་རོལ་པས་བརྗོད་མེད་ལྷན་སྐྱེས་ཀྱི་རྟོགས་པ་ཤར། དེ་


CMR051_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཁའ་འགྲོ་མ་དེས་ལུང་བསྟན་ནས། ད་ནི་ཞག་གཉིས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་བྱོན་ནས་དབང་དང་གདམས་པ་གནང་ནས་ལུང་བསྟན་པ། ད་ནི་ཞག་གཉིས་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་བྱོན་ནས་བྱིན་གྱིས་རླབས་པར་འགྱུར་རོ་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཞག་གཉིས་ནས་དགའ་ལྡན་ནས་ལྷའི་བུ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་དངོས་སུ་བྱོན་ནས་ཕྱག་རྒྱ་ཆེན་པོ་གནང་བ་ཡིན་པ་ཐོས་སོ། །འགའ་ཞིག་ན་རེ། ས་ར་ཧ་ཡི་གསང་མཚན་བློ་གྲོས་རིན་ཆེན་ཡིན། དེ་ལྷའི་བུ་གཅིག་ལོགས་སུ་འདོད་པ་ནོར་ཟེར་ནའང་། ཀར་ལུགས་ཀྱིས་བཞེད་པ། ས་ར་ཧའི་གསང་མཚན་བློ་གྲོས་རིན་ཆེན་གཞན་མིན་པ་ག་ལ་གྲུབ་སྟེ། ད་ལྟ་ཡང་ཀརྨ་པ་ཡི་སྐུའི་བཀོད་པ་དགའ་ལྡན་ན་བློ་གྲོས་རིན་ཆེན་དང་། ལྷོ་ཕྱོགས་དཔལ་གྱི་རི་ལ་ས་ར་ཧ་དངོས་སུ་བཞུགས་ཏེ། ཐུགས་རྒྱུད་གཅིག་ལ་སྐུ་སོ་སོར་འདོད་དོ། །གྲུབ་ཆེན་སེང་ལྡེང་པས་བཞེད་པས། སྟོན་པའི་དྲུང་དུ་ལི་ཙཱ་བྱི་དྲི་མ་མེད་པར་གྲགས་པ་དེ་བློ་གྲོས་རིན་ཆེན་ཡིན་པར་བྱེད་དོ། །སྤྱིར་བྲམ་ཟེ་ཆེན་པོ་ས་ར་ཧ་ཆེན་པོ་དང་། ཤ་ཝ་རི་པ་ལ་ས་ར་ཧ་འབྲིང་


CMR051_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། མེ་ཏྲི་པའི་སློབ་མ་ར་མ་ཕ་ལ་དེ་ལ་ཏྲི་ས་ར་ཧ་ཞེས་ས་ར་ཧ་ཆུང་བའི་ཐ་སྙད་བྱེད་ལ། པདྨ་ས་ར་ཧ་ཞེས་པ་ཨོ་རྒྱན་རིན་པོ་ཆེའི་མཚན་བཞི་བཅུའི་གཅིག་དེ་ལ་བྲམ་ཟེ་ཆེན་པོ་ས་ར་ཧ་འདི་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་རྡོ་རྗེ་ཐེག་པའི་སྒོ་ནས་གྲུབ་པ་བརྙེས་པའི་སྔ་ཤོས་ཡིན་པས། གྲུབ་ཐོབ་ཐམས་ཅད་ཀྱི་སྤྱི་སྐྱེས་ལྟ་བུ་སྟེ་འདི་ལས་མ་རྒྱུད་པ་ཆེར་མེད་ལ། ས་ར་ཧ་རབ་ཏུ་བྱུང་བ་ཡང་སྲས་སྒྲ་གཅན་འཛིན་ལ་ཡིན་ཏེ། འདུལ་བའི་མཁན་རྒྱུད་ལས་བྲམ་ཟེ་སྒྲ་གཅན་འཛིན་ཞེས་ས་ར་ཧ་ཡིན་པས། དེས་ཀླུ་སྒྲུབ་རབ་ཏུ་བྱུང་ལ་ས་ར་ཧས་ལྷོ་ཕྱོགས་ཀྱི་རྒྱལ་པོ་སུ་ཀལྤག་ལས་གསང་འདུས་སོགས་གསན་ཏེ། རྒྱལ་པོ་དེ་ནི་སྲས་སྒྲ་གཅན་འཛིན་ཡིན་ནོ། །ཐུན་མོང་མ་ཡིན་པ་གསང་བའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་སྒྲ་གཅན་འཛིན། །ཞེས་གསུངས་པས་དོན་ལ་རྡོ་རྗེ་སེམས་དཔའ་འོ། །དེ་ལྟར་ས་ར་ཧ་ནི་ཕྱག་ན་རྡོ་རྗེ་དང་བྱང་སེམས་བདེ་བའི་མགོན་པོ་དང་། བློ་གྲོས་རིན་ཆེན། རྡོ་རྗེ་རྣལ་འབྱོར་མ་དང་། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། ལྔ་ཀ་ལས་དངོས་སུ་ཕྱག་རྒྱ་ཆེན་པོ་འདི་གསན་ཅིང་། བདེ་མཆོག་


CMR051_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བའི་རྒྱུད་སོགས་ནས་ས་ར་ཧ་དང་གྲུབ་ཆེན་བརྒྱད་ལུང་བསྟན་གསལ་བར་ཡོད། ཁྱད་པར་ཀླུ་སྒྲུབ་ནི་རྔ་བོ་ཆེ་ཡི་མདོ་སོགས་མདོ་སྡེ་བཅུ་གཉིས་ནས་ལུང་བསྟན་པས་སྟོན་པ་གཉིས་པ་ལྟ་བུ་ཡིན་ནོ། །ཡང་ཐེལ་ལུགས་ཀྱི་བཤད་སྲོལ་ལ། རྗེ་བཙུན་མི་ལ་ཡོན་ལ་ཆོས་དྲུག་གི་གཏུམ་མོའི་ཡོན་ཏན་རྫོགས་ནས་འོད་གསལ་གྱི་སྐབས་སུ་ངོ་སྤྱོད་པ་ལས། མགོན་པོ་ཟླ་འོད་གཞོན་ནུས་ཚད་མེད་པའི་ཐུགས་རྗེས་ཀུན་ནས་བསླངས་ཏེ་འགྲོ་བ་མཆོག་དམན་ཐམས་ཅད་ཀྱི་རྟོགས་སླ་བའི་ཕྱིར་ཟུར་ཁྲིད་དུ་གོ་ཆ་གཉིས་སམ་བཞི་ཡི་ལམ་ཁྱེར་མཛད། དེ་ཡི་འགྲེལ་པ་ཕག་གྲུས་ལྷན་ཅིག་སྐྱེས་སྦྱོར་ཚིགས་བཅད་མ་མཛད། དེ་ལ་གླིང་རས་པ་དང་འཇིག་རྟེན་གསུམ་མགོན་གྱིས་གསན་ནས་འབྲི་གུང་པ་སྤྱན་སྔ་ཡབ་སྲས་ཀྱིས་ལྔ་ལྡན་ལ་གཙོ་བོར་མཛད་པ་ཡིན་གསུངས་སོ། །ཡང་ཕྱག་ཆེན་གོ་ཆ་གཉིས་མ་ནི་མདོ་ལུག་གས་ཡིན་པར་ཕག་གྲུས་བཤད་དེ། མཛད་མཁན་ཤར་ཕྱོགས་ལྭ་བ་པ་ཇོ་བོའི་བླ་མ་རྩྭ་རིའི་གནས་སྒོ་འབྱེད་མཁན་དེ་ཡིན། དེས་རཀྴི་ཏ། དེས་མར་པའོ། །ཡང་ལྭ་བ་པ། ཇོ་བོ་རྗེ། དགེ་བཤེས་དགོན་པ་བ། རྒྱ་ལྕགས་རི་བ། དྭགས་པོ་རིན་པོ་


CMR051_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའོ། །འདི་ལ་འགའ་ཞིག་འཁྲུལ་ནས་ལྷན་ཅིག་སྐྱེས་སྦྱོར་བཀའ་གདམས་པའི་གདམས་པ་ཡིན་ཟེར་བ་འབྱུང་ངོ་། །ཡང་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་ལ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཞག་པོ་བཅོ་བརྒྱད་ཙམ་ལ་ཐོབ་ཅིང་གནས་འགྱུའི་ངོ་སྤྲོད་མཛད་དོ། །དེ་དུས་རྒྱ་བོད་དུ་ཕྱག་ཆེན་གྱི་བཀའ་བབས་བྱོན་ཚད་ཕལ་ཆེར་གྱི་རྣམ་ཐར་ཧྲག་བསྡུས་དང་། དེ་ཐམས་ཅད་ཀཾ་ཚང་གི་བརྒྱུད་པ་དེ་ལ་ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ་པ་ལྟར་ཚང་ཚུལ་རྒྱ་ཆེར་གསུངས་ཤིང་། ཟུར་མང་ལུགས་ཀྱི་ལྷན་ཅིག་སྐྱེས་སྦྱོར་འདི་ནི་གནས་ལུགས་ཡིད་བཞིན་ནོར་བུ་ཞེས་བྱ་སྟེ། སྙན་བརྒྱུད་ཀྱི་ཆ་ལག་ཏུ་བགྲང་བར་བྱེད་པས་ན། དེ་ཡི་གནད་ཀྱིས་ཟུར་མང་ལུགས་ཀྱི་ཁྲིད་འདི་གཉན་ཅིང་། འཚུབ་སློང་ཆེ་བ་ཡིན་ཟེར་ཏེ་བདེན་པར་སྣང་ལ། དེ་ཡི་ལུགས་ཀྱི་རྟོགས་པ་དོན་བརྒྱུད་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཏཻ་ལོ་ནཱ་རོ་ནས་ཀཾ་ཚང་དོན་བརྒྱུད་ལྟར་ལས། དེ་བཞིན་གཤེགས་པས་གྲུབ་ཆེན་རྨ་སེ་ལ། ཆོས་སྐུ་འོད་ཀྱི་མཚན་ཅན་ཞེས་སམ། །ལྷ་ཡག་ཆོས་དཔལ་ཡེ་ཤེས་འདི་པ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་སྐྱེས་མཐའ་ཡིན་པར་སྣང་ལ། དེ་རྨ་སེའི་


CMR051_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་དང་དབོན་གཉིས་ཡིན་པས་ཇོ་དན་བློ་གྲོས་གྲགས་པ་ལ། དེས་རྒྱལ་བ་རྒོད་ཚང་པའི་སྤྲུལ་པ་རྨ་སེའི་དབོན་རིགས་བྱ་བཏང་བློ་གྲོས་རྒྱ་མཚོ་ལ། དེས་འགྲོ་མགོན་ཏི་ཤྲཱི་རས་པའི་སྐྱེས་མཐའ་རྟོགས་ལྡན་དོན་གྲུབ་བཀྲ་ཤིས་དང་། དེས་བྱ་བཏང་བློ་གྲོས་སྐུ་སྐྱེ་རྨ་སེའི་གདུང་རིགས་ལེགས་བཤད་སྒྲ་དབྱངས་ལའོ། །དེས་གར་དབང་སྤྲུལ་སྐུ་རྒྱལ་སྲས་བློ་གྲོས་རྣམ་རྒྱལ་ལའོ། །དེས་སྔགས་འཆང་སངས་རྒྱས་རིན་པོ་ཆེ། དེས་དྲིན་ཀུན་དགའ་རྣམ་རྒྱལ་ལའོ། །ཡང་དོ་ཧ་མཛོད་བརྒྱད་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། གོང་དུ་བཤད་པའི་ཚིག་གི་བརྒྱུད་པ་དེ་ཉིད་ལ། དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །དེས་མཁས་གྲུབ་ལུང་རིགས་ཉི་མ་ལ། དེས་བདག་ལའོ། །ཡང་མོས་གུས་ཕྱག་ཆེན་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མས་རྒོད་ཚང་བ་ལ་དངོས་སུ་གནང་ནས། ཨོ་རྒྱན་པ་དང་། སྙེ་མདོ་བ་ཀུན་དགའ་དོན་གྲུབ་སོགས་ལ་རང་བྱུང་བས་གསན་པ་ནས། རྗེ་ཆོས་ཀྱི་དབང་ཕྱུག་གི་དོན་བརྒྱུད་ལྟར་ལས། དྷརྨའི་མཚན་ཅན་གྱིས་བདག་ལའོ། །ལྔ་ལྡན་ཉུང་ངུས་ལུང་ཐོབ་པ་ནི། བརྒྱུད་པ་ཏེ་ལོ་ན་རོ་ནས་འདེད་ཅིང་།


CMR051_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་གྲུ་འཇིག་རྟེན་མགོན་པོ། །རྗེ་དུས་མཁྱེན་ནས་དོན་བརྒྱུད་ལྟར་ལས་ཆོས་ཀྱི་དབང་ཕྱུག །རབ་འབྱམས་སྨྲ་བ་ངག་གི་དབང་ཕྱུག །དེས་བདག་ལའོ། །ལྔ་ལྡན་གྱི་མཐའ་གཅོད་འབྲི་གུང་དགོངས་གཅིག་གཞུང་བཤད་རྒྱ་ཆེན་པོ་དང་བཅས་པ་ཚར་ཕྱེད་གཉིས་ནི་རྗེ་ཞྭ་དམར་དྲུག་པ་ཉིད་ལའོ། །དེ་ལས་གཞན་པའི་བཞག་ཐབས་དང་ཕྱག་ཆེན་ལུང་འདྲེན་ཐོབ་པའི་བརྒྱུད་པ་ཁྲིར་མི་ལོང་ལ། རས་ཆུང་སྙན་བརྒྱུད་ཀྱི་ནང་ནས་ཕྱག་ཆེན་ཡེ་ཤེས་གསལ་བྱེད་ཀྱི་ལུང་ཐོབ་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཏཻ་ལོ་ནཱ་རོ་མར་མི། རས་ཆུང་པ། ཁྱུང་ཚང་གྲུབ་ཐོབ་རྣམ་གསུམ་འགྲོ་མགོན་ཡབ་སྲས། ཀུན་ལྡན། གཟི་བརྗིད་རྒྱལ། བཀའ་བབས་རྣམ་གསུམ། ཤེས་རྡོ་ལོ་ཙཱ། ཟླ་བ་རྒྱལ་མཚན། ཆོས་གྲགས། སང་ཡེའི་མཚན་ཅན་རཏྣ་བཛྲ། ཡར་བྱོན་སངས་རྒྱས་བཟང་པོ། །སྤྲུལ་སྐུ་བསོད་ཡེ། སངས་རྒྱས་རིན་ཆེན། དྲུང་པ་ཀུན་དགའ་རྣམ་རྒྱལ་ཀརྨ་དོན་དམ་སྙིང་པོ། དེས་བདག་ལའོ། །དེ་ལྟར་ཆོས་ཕྱག་རྒྱ་ཆེན་པོ་ཉམས་སུ་བླངས་པས་གྲུབ་ཐོབ་བྱོན་ཚུལ་ནི། ས་ར་ཧས་ཆོས་བསྟན་པས་རྒྱ་གར་ལྷོ་ཕྱོགས་


CMR051_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་རིའི་བྱ་རི་དྭགས་ཡན་ཆད་མཁའ་སྤྱོད་དུ་གཤེགས་ནས་རྒྱ་གར་ལྷོ་ཕྱོགས་ལན་གཅིག་སྟོང་པར་གྲགས་ཤིང་། རྒྱ་གར་གྱི་གྲུབ་ཆེན་ཐམས་ཅད་ས་ར་ཧ་ཡི་ཆོས་བརྒྱུད་དེ་ལ་མ་ཐུག་པར་ཆེར་མེད་སྐད། ཀླུ་སྒྲུབ་ཀྱིས་ལོ་བརྒྱའི་བར་དུ་མདོ་སྔགས་གཉིས་ཀ་བསྐྱངས་པས་དེ་དུས་པཎ་གྲུབ་ཐམས་ཅད་སློབ་མར་མ་གྱུར་པ་མེད་ལ་ཟབ་མོ་ལྟ་བའི་ཤིང་རྟ་ཆེན་པོ་ཡིན་ཅིང་ཤ་ཝ་རི་ཀླུ་ཡི་བྱང་ཆུབ་སོགས་ལ་མན་ངག་བསྟན་པས་གྲུབ་པ་ཐོབ་པ་མཐའ་ཡས་ལ། ཀླུ་ཡི་བྱང་ཆུབ་དང་མ་ཏང་གི་གཉིས་གཅིག་ཡིན་པར་འགའ་ཞིག་གིས་འདོད་དོ། །ཏཻ་ལོ་པས་ཆོས་གསུངས་པས་ཐམས་ཅད་མཁའ་སྤྱོད་དུ་བཞུད་ནས་ཟ་ཧོར་གྱི་ཡུལ་རེ་ཞིག་སྟོང་པར་གྲགས། ནཱ་རོ་པ། ཏི་རི་པ། ཀཎྜ་རི་པར་སྤྲུལ་པས་བཏུལ་བའི་གྲུབ་ཐོབ་བརྒྱུད་སོགས་བྱོན་ནོ། །རྗེ་ནཱ་རོ་པ་ལ་མེ་ཏྲི་པ་སོགས་རང་དང་འདྲ་བ་བདུན། སན་དྷ་པ་སོགས་གྲུབ་ཐོབ་བརྒྱ་རྩ་བརྒྱད། བརྟུལ་ཞུགས་གྲུབ་པའི་རྣལ་འབྱོར་པ་ལྔ་བཅུ་ང་བཞི། མཚན་ལྡན་གྱི་རྣལ་འབྱོར་མ་སྟོང་དང་ཆིག་བརྒྱ། ཕམ་མཐིང་བ་དང་མར་པ་ལ་སོགས་པ་སྙན་བརྒྱུད་ཀྱི་སློབ་མ་ཡ་ཟུང་བྱོན་ཅིང་། དེ་དག་རེ་རེའི་སྨིན་གྲོལ་ལ་བཀོད་པ་


CMR051_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་དོ། །ཤཱ་ཝ་རི་པ་ལྷོ་ཕྱོགས་དཔལ་གྱི་རི་ལ་མཁའ་སྤྱོད་གྲུབ་ནས་སངས་རྒྱས། མེ་ཏྲི་པ་ལ་སློབ་མ་རྒྱལ་པོ་ར་མ་ཕ་ལ། དེ་ཝ་ཙནྡ། ན་ཏི་གྷ་ན། བཛྲ་པཱ་ཎི་བཞི། གྲུབ་ཐོབ་པ་ཎི་བཞི། གྲུབ་ཐོབ་བུ་བཞི་སྟེ་འདའ་ཁར་འཛམ་བུ་གླིང་གི་ཕྱོགས་བཞིར་སྙིང་པོའི་དོན་སྤེལ་བར་བཀའ་བསྒོས་སོ། །མར་པ་ལ་བཀའ་བབས་བུ་ཆེན་བཞི། མགོ་ཡག་སོགས་བྱོན། མགོ་ལེགས་ནས་བརྒྱུད་པ་མང་རབས་བྱོན་ཅིང་། མཚུར་སྟོན་དབང་ངེ་ནས་ཀུན་མཁྱེན་འཕགས་འོད་དང་བུ་སྟོན་ཡན་དུ་མཁས་གྲུབ་མང་དུ་བྱོན། རྔོག་ཆོས་སྐུ་རྡོ་རྗེ་མཁའ་སྤྱོད་དུ་བྱོན་པར་གྲགས་ལ། སྲས་རྒྱུད་རྒྱུན་གྱི་བར་དུ་བཤད་སྒྲུབ་མཐར་ཕྱིན་པའི་མཁས་གྲུབ་ཤ་སྟག་བྱོན། མེས་སྟོན་ཆེན་པོ་ནས་རྒྱུད་པ་གསུམ་གྱི་བར་དུ་གྲུབ་ཐོབ་བྱོན། མི་ལའི་སློབ་མ་རས་ཆུང་བ། ཞི་བ་འོད། བདེ་བ་སྐྱོངས། རས་ལ་དབུས་ན་མོ་རྣམས་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན། རིས་པ་ཆེ་བཞི་ཆུང་བརྒྱད་སྟོན་པ་དྲུག་སོགས་གྲུབ་ཐོབ་མང་དུ་བྱོན། རས་ཆུང་བ་ལ་ལོ་རས་མཆེད་གསུམ། ཁྱུང་ཚང་བ། བུར་སྒོམ་འགྲོ་རས་སོགས་དང་། །


CMR051_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་བཙུན་ཆུང་ལ་སོགས་མཁའ་སྤྱོད་དུ་གཤེགས་པ་བཞི་ལྔ་ཙམ་བྱུང་། འབྲོ་རས་ལ་ཟངས་རི་རྒྱ་རས་སོགས་མང་དུ་བྱུང་། བུལ་སྒོམ་ལ་ཕག་གྲུ་རྨོག་ཅོག་པ་སོགས་ཀྱི་ཆོས་གསན་པས་ཡོན་ཏན་དུ་མ་སྐྱེས། མི་ལའི་སློབ་མ་འབྲི་སྒོམ་རས་པ་ལ། །སློབ་མ་མལ་ཡེལ་སྐུ་མཆེད་བྱོན། །དེ་ལ་ཞང་ཚལ་པ་ཐུན་མོང་། གཞན་ཡང་མི་ཡི་འགྲོ་བ་འདུལ་བའི་མཆོག་རྗེ་སྒམ་པོ་པ། མི་མ་ཡིན་འདུལ་བའི་མཆོག་ཇོ་མོ་ཚེ་རིང་མ། མཁའ་འགྲོ་མ་འདུལ་བའི་མཆོག་སྔགས་སྐྱེས་ལྷན་ཅིག་སྒྲོན་མེ། ཞེས་པའི་ནང་ནས་རྗེ་སྒམ་པོ་པ་ལ། བརྒྱུད་འཛིན་གྱི་བུ་འགྲོ་མགོན་ཕག་གྲུ། དྭགས་པོ་སྒོམ་ཚུལ། གྲུབ་ཐོབ་དབུ་སེ། །འབྲོམ་བྲོམ་དར་མ་དབང་ཕྱུག་དང་བཞི། རྣལ་འབྱོར་ཆོས་གཡུང་སོགས་ཡོངས་གྲགས་ཀྱི་གྲུབ་ཐོབ་བཞི། དྭགས་པོ་འདུལ་དཀར་སོགས་ཉེ་བའི་སྲས་བཞི། སྒོམ་ཚུལ་སོགས་ཐུགས་སྲས་བཞི། དག་པའི་སློབ་མ་ལྔ་བརྒྱ། མ་དག་སློབ་མ་ལྔ་བརྒྱ། དགྲ་བཅོམ་པ་ལྔ་བརྒྱ་ཞེས་གྲགས་སོ། །སྒོམ་ཚུལ་ཞང་ཚལ་པ་དང་། དྭགས་ལྷ་སྒམ་པོའི་བླ་བརྒྱུད་རྣམས་བྱོན། ཚལ་པ་བུ་ཆེན་བཞི་སོགས་མང་དུ་བྱོན། ཕག་གྲུ་ལ་ཐང་པ་


CMR051_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་རས་ཐུགས་སྲས་བུ་བཞི། འཇིག་རྟེན་མགོན་པོ་སོགས་རོ་གཅིག་རྟོགས་པ་ཕྱེད་བཞི། སྐལ་ལྡན་ཡེ་ཤེས་སེངྒ། ཀུན་མཁྱེན་གཙང་པ་ལ་སོགས་གདམས་པའི་བུ་ཆེན་བཞི། གཉེར་མགོན་དཀར་ལ་སོགས་པ་ཐུགས་སྲས་བུ་བཞི། ཤུག་མཚེར་བ་ལ་སོགས་ཡི་གེ་མེད་པའི་བུ་བཞི། སྨར་པ་ཡེལ་པ་སོགས་ཉེ་བའི་སྲས་བཞི། གདུགས་ཐོགས་པ་ལྔ་སྟོང་དང་བརྒྱདབརྒྱ་བྱུང་ཞེས་གྲགས་སོ། །འཇིག་རྟེན་གསུམ་མགོན་ལ་རྗེ་སྤྱན་སྔ་རིན་པོ་ཆེ། དབོན་རིན་པོ་ཆེ། ཅུང་རིན་པོ་ཆེ། དབོན་ཤེལ་འབྱུང་། གཉོས་མགརཆོས་གསུས། བོ་མུ། གང་པོ་བཀྲ་ཤིས་ལ་སོགས་པ་མང་དུ་བྱོན། རྗེ་སྤྱན་སྔ་རིན་པོ་ཆེ་ལ་རྒྱལ་བ་བཅུ་གཉིས་པ། ཡང་དགོན་པ། གྲགས་བསོད་པ། གཏེར་རྒྱབ་པ། ཐོག་ཁ་བ་སོགས་མང་དུ་བྱོན་ཞིང་། འདི་སྐབས་འབྲི་གུང་འཚོགས་པ་ཁྲི་ཚོ་བཅོ་བརྒྱད་འཚོག ཏི་སེ་ཆུ་བར་ཙཱ་རི་གསུམ་དུ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་རེ། སྒྲུབ་པ་ལ་བརྫངས་ཀྱང་ད་རུང་འཚོགས་པ་ཉུང་དུ་མ་སོང་། དེ་ཐམས་ཅད་རྫུ་འཕྲུལ་གྱིས་མ་མཁའ་ལ་འཕུར་ནུས་པ་ཤ་སྟག་ཡིན་པས། གསོ་སྦྱོང་དུས་བྱང་རོག་པོ་འདམ་མཆོད་རྟེན་


CMR051_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མདར་འབེབས་ཀྱི་དྲུང་དུ་འཕུར་ནས་འབྱོན་པའི་སྣམ་སྦྱར་གྱི་འོད་ཀྱིས་ནམ་མཁའ་མདོག་འགྱུར་ཐུབ་པར་གྲགས་སོ། །དེ་ནས་བཅུ་གཉིས་པ་ནས་གྲགས་ཡེ་པ་གཉིས་མཆོད་པ།། ཚེས་བཞི་པ། བཅུ་གཉིས་པ། གྲགས་བྱུང་པ། བསོད་ནམས་གྲགས་པ། བསོད་ནམས་རྒྱལ་མཚན་སོགས་ཐེལ་པ་རྣམས་དང་། སྐྱེས་བུ་དམ་པ་དུ་མ་བྱོན་པ་རེ་རེ་ལའང་བུ་ཆེན་ཁྱད་པར་ཅན་མང་དུ་བྱོན། དབོན་རིན་པོ་ཆེ་ནས་རིམ་པར་བརྒྱུད་དེ་འབྲི་གུང་པའི་སློབ་བརྒྱུད་མང་དུ་བྱོན། གཉོས་ལྷ་ནང་པ་ནས་ལྷ་སི་སློབ་བརྒྱུད་རྣམས་བྱོན། སྟག་ལུང་ཐང་པ་ནས་སྐུ་ཡལ་ན། སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། ཨོ་རྒྱན་མགོན་པོ་རྣམས་གྲུབ་ཐོབ་རྩོད་མེད་བྱོན་ལ། ཡར་ཐང་དུ་འཚོགས་པ་སུམ་སྟོང་དྲུག་བརྒྱ། མར་ཐང་དུ་ཡང་སྟོང་ཕྲག་ཙམ་བྱུང་ཞིང་། རིམ་པར་སྐྱེས་བུ་དམ་པ་མང་དུ་བྱོན་ནོ། །སྐལ་ལྡན་ཡེ་ཤེས་སེང་གེ་ནས་གཡའ་བཟང་བའི་བླ་རབས་རྣམས་བྱོན། ཀུན་ལྡན་གཙང་པོ་རས་ཆུང་ནས་ཁྲོ་ཕུའི་བླ་རབས་རྣམས་བྱོན་ཏེ། ཁྲོ་ཕུ་ལོ་ཙཱ། བུ་སྟོན། གཅེར་སྒོམ་ལྗོང་པ་སོགས་མཁས་གྲུབ་ཁྱད་པར་ཅན་མང་དུ་བྱོན། གཤེན་མགོན་དཀར་བ་ལ། །


CMR051_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཞང་སོགས་བུ་ཆེན་དུ་མ་བྱོན། བླ་མ་སྨར་པས་ཤོ་དགོན་བཏབ་པ་ནས་གྲུབ་ཐོབ་འགའ་བྱོན་གདའ། ཡེལ་པས་རྟ་རྣ་ཡེལ་ཕུག་སོགས་བཏབ་ཅིང་བུ་ཆེན་མང་དུ་བྱོན། གླིང་རས་ལ་ནཱ་རོའི་སྤྲུལ་པ་གཙང་པ་རྒྱ་རས་བྱོན། དེ་ལ་སློབ་མ་དབོན་རས་དང་། དང་པོར་ཆེ་བ་སྤ་རི་བ་དང་། སྤྱང་མོ་ཁ་པ། བར་དུ་ཆེ་བ་རྒྱ་ལེགས་པ་དང་། འབྲས་མོ་བ། ཐ་མར་ཆེ་བ་ལོ་རས་པ་དང་། རྒོད་ཚང་པ་རྣམས་བྱོན། དབོན་རས་ནས་གཞོན་ནུ་སེང་གེ །ཉི་མ་སེང་གེ་སོགས་དབོན་བརྒྱུད་རིམ་པར་བྱོན་པ་བར་འབྲུག་ཟེར། ལོ་རས་ནས་སྨད་འབྲུག་པའི་གྲགས་པ་བྱུང་ཟེར་ཏེ་དགོན་པ་བརྒྱ་རྩ་བརྒྱད་དར་འདུག །རྒོད་ཚང་བ་ལ་རང་ལས་ལྷག་པ་གཅིག །རང་དང་འདྲ་བ་དང་བརྒྱད། །དེ་ཡང་དགོན་པ། ཨོ་རྒྱན་པ། ནེ་རིགས་པ། བ་རི་བ། ཕོ་རི་པ། མ་བདུན་པ། སྤྱིལ་དཀར་བ། གས་པ་བ། བྱང་ཆུང་གླིང་པ་རྣམས་དང་། གཞན་ཡང་ཤཀ་རས་། ཟླ་རས་ལ་སོགས། རྒོད་ཚང་བའི་བུ་སློབ་བྱ་རྒོད་པོས་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པས་སྟོདའབྲུག་གནམ་གྱི་སྐར་མ་ཙམ་བྱུང་ངོ་། ཡང་ཡང་དགོན་པ་ལ་སྤྱན་སྔ་རིན་


CMR051_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལྡན་དང་། ལོ་རས་ཆོས་སྐྱོང་དཔལ་སོགས་བྱོན་ནོ། །རྗེ་དུས་མཁྱེན་སོགས་ཀྱི་གནས་གསུམ་སོགས་གདན་ས་ཆེ་ཕྲ་རྣམས་སུ་བཤད་སྒྲུབ་ཀྱི་སྡེ་དཔག་ཏུ་མེད་པ་དང་། །བསྟན་པ་ཤར་ཕྱོགས་རྒྱ་མཚོའི་མཐའ་ལ་ཐུག་གི་བར་དུ་ཁྱབ་ཅིང་གྲགས་སོ། །ཁྱད་པར་འབའ་ཚ་སྟག་དེལ་སོགས་རྫུ་འཕྲུལ་ཐོབ་པ་དང་། རབ་བྱུང་བའི་སློབ་མ་བརྒྱ་རྩ་བརྒྱད་དུས་གཅིག་ཏུ་མཁའ་སྤྱོད་དུ་གཤེགས་པ་དང་། དྲུང་མཁའ་སྤྱོད་པ་ནས་རྗེ་ཞྭ་དམར་དྲུག་པའི་སློབ་བུ་སྟག་ཚང་ཡང་དག་ཡན་དུ་འཇའ་ལུས་མཁའ་སྤྱོད་གྲུབ་པ་མང་དུ་བྱུང་ངོ་། ། ཀཾ་ཚང་གི་བུ་སློབ་བྱུང་ཚུལ་རྣམ་ཐར་རྣམས་ན་གསལ་ཕྱིར་མ་སྤྲོས་ལ། སྤྱིར་དྭགས་པོ་རིན་པོ་ཆེ་ནི། ཏིང་འཛིན་རྒྱལ་པོ་དང་། པདྨ་དཀར་པོ་ནས་གསལ་བར་ལུང་བསྟན་པས་སྙིང་པོ་དོན་གྱི་སྟོན་པ་གཉིས་པ་ལྟ་བུ་ཡིན་ཞིང་། རྗེ་དྭགས་པོའི་ཁམས་པ་མི་གསུམ་ལ་ཆོས་བརྒྱུད་ཀྱི་རྟེན་འབྲེལ་བསྒྲིགས་ནས་ཤིང་ཐུ་བཅུག་པས་ཕག་གྲུས་ཤིང་སྣ་ཚོགས་སྐམ་རློན་རིང་ཐུང་བཟང་ནང་ཇི་སྙེད་གཤིབ་པའི་ཁུར་པོ་ཆེ་བ་ལོན། དུས་མཁྱེན་གྱིས་ཤིང་སྐམ་པོ་གཙང་མ་རིང་ཐུང་མཉམ་པ་ཁུར་པོ་རན་པ་གཅིག་ལོན། སྒོམ་ཤོས་ཐང་ཤིང་རྩ་བ་


CMR051_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བལ་ནས་ཕྲག་ལ་བཀར་ནས་ཕྱིན་པ་དང་། ཕྲུག་དམར་པོ་འདོན་རེ་བྱིན་ནས། ཞྭ་རེ་བཟོ་བཅུག་པས། གསུམ་ཁས་ཞྭ་དབྱིབས་དྭགས་ཞུ་ལ་དཔེ་བྱས་ནས། ཕག་གྲུས་འདོན་ཕྱེད་བསྣན་ནས་སྨུག་སྤེལ་མ། དུས་མཁྱེན་གྱིས་བསྣོན་ཕྲི་མེད་པར་དར་སྣ་ལྔས་བརྒྱན་ནས་ཞྭ་ཁྲ། སྒོམ་ཤོས་ཕྱེད་དེ་ཆང་ལ་བཙོང་ནས་ཕྱེད་དེ་ལ་ཏིལ་མིག་མ་བཟོས། ཁྱེད་གསུམ་ད་ལྟ་ཡིད་ལ་ཅི་འདོད་གསུངས་པས། ཕག་གྲུས་དགོན་ཆེན་ཁྲ་ལྟེམ་མེ་བ། དུས་མཁྱེན་གྱིས་སྒར་ཆེན་རྟ་དྲེལ་འཚེར་ལྷང་ངེ་བ། སྒོམ་ཤོས་དགེ་མ་ཉ་ཡུ་ཚོ་འདི་གེ་བས་ཆང་དམ་ཁུར་རུ་གེ་བ་འདོད་ཞུས་པ་སོགས་ཀྱིས་རྟེན་འབྲེལ་ལ་ཕག་གྲུས་བརྒྱུད་པ་མང་ཞིང་རྒྱ་ཆེ་ལ་འགའ་ཞིག་འཆོབ་པ་དང་། དུས་མཁྱེན་བརྒྱུད་པ་ཧ་ཅང་མི་མང་མི་ཉུང་བར་གཙང་རུག་གེ་བ་དང་། སྒོམ་ཤོས་ཆོས་བརྒྱུད་ཆད་པའི་རྟེན་འབྲེལ་རྣམས་བྱུང་བར་གྲགས་སོ། །དེ་ལྟར་སྨོས་པ་དེ་དག་ཆེ་ལོང་ཙམ་སྟེ་དེ་རྣམས་ནི་ཡང་དག་པའི་ལམ་ལ་ཞུགས་ནས་མངོན་ཤེས་རྫུ་འཕྲུལ་མངའ་བ་ཤ་སྟག་ཡིན་ཅིང་། དེ་དག་གིས་བསྒྲོད་པ་གཅིག་པའི་ལམ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་འདི་ཡིན་ཞེས་སྤྱན་སྔ་བསོད་


CMR051_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་རྒྱལ་མཚན་པས་གསུངས་སོ། །དེ་ལྟར་གྲུབ་ཐོབ་དེ་ཙམ་གྱིས་བགྲོད་པ་གཅིག་པའི་ལམ་འདིར་སྤྲོ་བ་དང་བཅས་པས་འཇུག་པར་གྱིས་ཤིག་ཀྱང་གསུངས་སོ། །འོན་ཀྱང་འགའ་ཞིག་གིས་དགག་པ་མཛད་པ་ཡོད་པས་ཕྱག་ཆེན་འདི་ལ་དོགས་པ་བསལ་བ་ནི། འགའ་ཞིག་གིས་གཅིག་ཆར་བ་དང་། རིམ་སྐྱེས་པ་ལ་དགག་པ་བྱེད་ཀྱང་། དབང་པོ་རྣོ་བརྟུལ་ལ་གཅིག་ཆར་དང་རིམ་སྐྱེས་ཟེར་བ་ཡིན་ལ། དབང་པོ་རྣོ་བརྟུལ་གཉིས་ནི་མདོ་རྒྱུད་ཐམས་ཅད་ནས་གསུངས་པས་དེ་ལ་ཐེ་ཚོམ་མེད་དོ། །ཡང་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་ལ་སོགས་ཧྭ་ཤང་ལྟ་བ་དང་མཐུན་སྙམ་ན། དེ་ནི་ཤིན་ཏུ་འཁྲུལ་ཏེ་ཧྭ་ཤང་གིས་ཡིད་ལ་མི་བྱེད་པ་ནི་ལུང་མ་བསྟན་ཡིན་ལ། འདི་ཡང་དག་པའི་དྲན་པ་དང་མ་བྲལ་བའི་ཕྱིར་དང་། ཧྭ་ཤང་གིས་རྒྱུ་འབྲས་ཁྱད་དུ་གསོད་ལ། འདིར་སྟོང་ཉིད་རྟེན་འབྲེལ་དབྱེར་མེད་པ་རྟོགས་ནས་རྒྱུ་འབྲས་ལ་འཕྲིག་ཚུད་ཅིང་དགེ་བ་རྒྱ་ཆེན་པོ་སྒྲུབ་པ་ཡིན་ཏེ་བཀའ་བརྒྱུད་རྣམས་ཀྱི་ཕྱག་རྗེས་ལ་ལྟོས་ཤིག །འོ་ན་སེམས་ཐོག་ཏུ་ངོ་སྤྲད་པས་སེམས་ཙམ་པ་ཡིན་ཏེ། སེམས་ཙམ་པས་ནི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་བདེན་པར་འདོད་ལ། །


CMR051_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་སེམས་སྤྲོས་བྲལ་དུ་གཏན་ལ་འདེབས་པ་ཡིན་ནོ། །འོ་ན་སྣང་བ་སེམས། སེམས་སྤྲོས་བྲལ་དུ་འདོད་པ་རྣལ་འབྱོར་སྤྱོད་པའི་བུ་མོ་སྙམ་ན། དེ་དག་ནི་བློས་བྱས་ཀྱི་སྟོང་པ་ཞིག་འདོད་ལ། འདིར་བློས་མ་བརྟག་ཡིད་ལ་མི་བྱེད་གནས་ལུགས་ཀྱི་དོན་མངོན་སུམ་དུ་གཏན་ལ་འབེབས་པའི་རྣལ་འབྱོར་སྤྱོད་པར་མ་ཟད་མཚན་ཉིད་ཐེག་པ་ནས་བསྟན་པའི་དབུ་མ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ། །འདི་ལ་དགོངས་ནས་བྲམ་ཟེ་ཆེན་པོའི་དབུ་མ་པ་རྣམས་ཀྱང་གནས་ལུགས་དོན་མ་རྟོགས། ཞེས་སོགས་རྒྱ་ཆེར་གསུངས་སོ། །འོ་ན་རིགས་ཚོགས་དྲུག་སོགས་དབུ་མ་དོན་མེད་དམ་སྙམ་ན། ཐེག་པ་འོག་མ་རྣམས་དགག་པའི་ཕྱིར་རིགས་པས་གཏན་ལ་དབབ་ཅིང་། གང་ཟག་གི་བློ་དང་བསྟུན་ནས་མཁས་གྲུབ་རྣམས་ཀྱི་གསུངས་པ་ལ་འགལ་བ་མེད་པས་ཐེ་ཚོམ་མི་བྱའོ། །ས་པཎ་གྱིས་ཕྱག་ཆེན་བཀག་པ་ནི། མར་པས་རྫོགས་ཆེན་འདི་ས་བརྒྱད་པ་ཡན་གྱི་ཆོས་ཡིན། ད་ལྟ་རྫོགས་ཆེན་པ་ཚོས་བྱི་སྦ་ལོ་ལྔ་ལོན་པ་གཅིག་གིས་ལོ་ཉི་ཤུ་ལོན་པའི་དཔའ་རྩལ་ཡོད་པར་ཁས་ལེན་པ་དང་འདྲ་གསུངས་པ་དང་། མི་ལར་དྭགས་པོས་ཞག་བཅུ་


CMR051_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཙམ་མི་འཆོར་བའི་ཏིང་འཛིན་བཟང་པོ་ཡོད་ཞུས་པས། ཧ་ཧ་བོད་ངན་པའི་སྙིང་ལ་འདྲེ་ཞུགས་ནས་ཨ་ཏི་ཤ་ལ་གསང་སྔགས་འཆད་མ་བཅུག་པས་བོད་མང་པོ་ཕུང་འདུག་གསུངས་པ་དང་། རོང་སྟོན་ལྷ་དགས་རྫོགས་པ་ཆེན་པོ་འདི་ལྟ་བ་ནམ་མཁའ་དང་འདྲ་སྟེ་སྤྱོད་པ་ཐབས་ནག་དགུ་པ་ཅིག་འདུག་ང་རང་ཡིད་མ་ཆེས་གསུངས་པའི་ལོ་རྒྱུས་དང་། །ཕག་གྲུས་ས་སྐྱ་པ་གྲགས་པ་རྒྱལ་མཚན་ལ་ལམ་འབྲས་ཞུས་ནས་མཐོང་ལམ་དུ་ངོ་སྤྲད་པ་དེ་དྭགས་པོས་ཁྱོད་ཀྱི་ལྟ་བ་དེ་ལས་ང་ཡི་འདི་ཟོ་དང་དགའ་གསུངས་ནས་གསོལ་འཕྲོ་ཟན་ཆང་གང་གནང་བ་གསོལ་བས་རྟོགས་པ་ཁྱད་པར་ཅན་སླར་སྐྱེས་ནས་སྔར་གྱི་བླ་མ་ཚོ་ལ་ཅི་བྱུང་བ་ཡིན་གསུངས་ཤིང་། ང་མཉམ་མེད་དྭགས་པོ་དང་མ་མཇལ་ན་ལྷ་ཚེ་རིང་པོ་གཅིག་ཏུ་དེའུ་ཤི་སྐྱེས་གསུངས་ཤིང་། ཚིག་འདི་རྣམས་གྲུབ་མཐའ་གཞན་ལ་ཅུང་གནོད་པ་དང་། སྐྱོབ་པའི་སྐུ་ཚེའི་སྨད་ཙམ་ལ། བཀའ་བརྒྱུད་ཤིན་ཏུ་དར་ཞིང་མངོན་ཤེས་གྲུབ་རྟགས་ཐོན་པ་ཁོ་ན་བྱུང་བས་ཞི་བྱེད་བཀའ་གདམས་རྙིང་མ་ས་སྐྱ་པ་ཐམས་ཅད། རྟ་མཐོང་བེར་ག་ཤེས་པའི་དཔེ་ཐམས་ཅད་བཀའ་བརྒྱུད་ལ་འགྱུར་གྲབས་བྱུང་། དེའི་ཚེ་རྒྱ་


CMR051_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་པཎྜི་ཏ་ཤྲཱི་རྣམ་གཉིས་སོགས་ཀྱིས་ཀྱང་བཀའ་བརྒྱུད་རྣམས་ལ་བསྟོད་པ་བྱས། འཇིག་རྟེན་གསུམ་མགོན་ཀླུ་སྒྲུབ་ཡིན་པའི་ལུང་བསྟན་དང་མེ་ཏོག་དགྲ་བཅོམ་པས་བསྐུར་པ་འཕྲོད་ཅིང་། ལྷག་པར་བཀའ་བརྒྱུད་ལ་མོས་པ་བྱུང་དུས། ས་སྐྱ་པའི་མཁས་པ་གྲུ་སྐྱ་མོ་འབྲི་གུང་པ་སུན་འབྱིན་པའི་ཕྱིར་རྩོད་པ་ལ་བཏང་བ་ཡང་སློབ་མར་གྱུར། ས་པཎ་ཉིད་རྩོད་པ་ལ་བྱོན་པས་འབྲི་གུང་མདའ་ཡི་ཆུ་སྒྲ་ལས་ནཱ་ག་ཛུ་ནའི་སྒྲ་གྲག་པས་ཀླུ་སྒྲུབ་ཀྱི་སྤྲུལ་པར་ཤེས་པས་བྲོས་ཤིང་། དོན་ལ་བཀའ་བརྒྱུད་ལ་དད་པས་ནུབ་མོ་མིས་མ་ཚོར་བར་འཇིག་རྟེན་གསུམ་མགོན་གྱི་སྐུ་ལ་ཕྱག་བསྐོར་བ་བཤགས་པ་མཛད་ཅིང་། ཉིན་མོ་བཀའ་བརྒྱུད་ལ་དགག་པ་ཁོ་ན་མཛད་ཅིང་། སྡོམ་གསུམ་སྤྲིང་ཡིག་བཞི་སོགས་མཛད་དོ། །དགོས་པ་རང་གི་ཆོས་བརྒྱུད་ཆད་དོགས་ནས་རང་གི་བསྟན་པ་སྲུང་བ་ཡིན་ནོ། །པཎ་ཆེན་ཤཱཀྱ་ཤྲཱི་དང་ས་སྐྱ་གོང་མ་དཀར་པོ་རྣམ་གསུམ་སོགས་ཀྱིས་མཛད་པའི་ཁྲིད་ཡིག །ལྟ་སྒོམ་བཀའ་བརྒྱུད་ལ་ཁྱད་པར་ཅུང་ཟད་མེད་པ་དངོས་སུ་གསལ་ལོ། །ས་པཎ་ལ་གསོལ་དཔོན་གྱིས་ཞུས་ནས་ཁྱེད་ཉིན་མོ་འབྲི་གུང་པ་བཀག །མཚན་མོ་


CMR051_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་གུང་པའི་སྐུ་འདྲ་ལ་ཕྱག་བསྐོར་བ་མཛད་པ་ཅི་ལགས་ཞུས་པས། བཀག་པ་མ་བྱས་ན་ང་ཡི་ཆོས་བརྒྱུད་ཆད་པར་འདུག་པས་བསྟན་པ་བསྲུང་བ་ཡིན། བཤགས་པ་མ་བྱས་ན་ཁོང་སྐྱེས་བུ་དམ་པ་ཡིན་པས་ཉེས་པ་ཆེ་གསུངས་པ་དང་། སྐྱོབ་པ་འདས་དུས་གྲྭ་པ་ཞིག་གིས་འབྲི་རྒན་ཡང་ད་རེས་འགྱེལ་ཟིག་སྨྲས་པས། གསོལ་དཀོར་ཕྱག་ནས་ཤོར་ཏེ། །བསྟན་པའི་རུ་ཡ་བུ་གསུངས་ནས་ཐུགས་ནད་ཆེན་པོ་མཛད་སྐད་དོ། །དེས་ན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་འདི་ནི། མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ། རྒྱ་གར་གྱི་པཎ་གྲུབ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་ཁུ། བཀའ་བརྒྱུད་བླ་མ་ཐམས་ཅད་ཀྱི་ཉམས་སུ་བླངས་བའི་ཆོས་འདི་བྱིན་རླབས་ཀྱི་བརྒྱུད་པ་ཟམ་མ་ཆད་པས་བར་ཆད་མི་འཇུག །ཉམས་ལེན་གྱི་བརྒྱུད་པ་བར་མ་ཆད་པས་གོལ་འཕྱུག་མེད། གནས་ལུགས་ཀྱི་དོན་མངོན་སུམ་གཏན་ལ་འབེབས་པས་ཐེ་ཚོམ་མི་ཟ། འདི་བས་ལྷག་ཅིང་ཟབ་པའི་ཆོས་ཅིག་ཡོད་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་ཆད་པ་ཆོད་ཅིག །ཅེས་དམ་བཅའ་བར་ནུས་ཞེས་སྤྱན་སྔ་བསོད་ནམས་རྒྱལ་མཚན་པས་གསུངས་སོ། །དེ་ལ་ཕྱག་ཆེན་གྱི་ལྟ་བ་


CMR051_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མྱོང་ཐོག་ཏུ་སྒྲོ་འདོག་ཆོད་པས་སངས་རྒྱས་བྱོན་ཡང་ཐེ་ཚོམ་དང་དྲི་རྒྱུ་མེད་པ་ཞིག་དགོས་ཀྱི། དེ་མ་ཡིན་པའི་ཞེན་པ་དང་ཕྱོགས་འཛིན་ལ་ངེས་པ་མེད་ཅིང་། རང་སྟོང་གཞན་སྟོང་དང་། སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་མེད། ཀུན་རྫོབ་ཏུ་ཡོད་པས་གོ་ཆོད་མི་ཆོད་སོགས་དགོངས་པ་མང་དུ་ཡོད་ནའང་དེ་ཐམས་ཅད་མཉམ་བཞག་སྐད་ཅིག་མ་ཡི་ཐོག་ཏུ་འགལ་མེད་དུ་འཁྱེར་ཤེས་ན་ཕྱག་རྒྱ་ཆེན་པོའི་དགོངས་པ་ཤེས་པ་ཡིན་ཏེ། མི་ལས། ལྟ་བ་ཕྱོགས་རེས་མེད་པ་ཡིན། །ཅེས་གསུངས་སོ། །དེ་ལྟར་མ་རྟོགས་ནའང་སེམས་ཅན་གྱི་བློ་རིག་དང་བསྟུན་ནས་སངས་རྒྱས་ཀྱིས་གང་ལ་གང་འདུལ་དུ་གསུངས་པ་ལྟར། མཁས་གྲུབ་རྣམས་ཀྱིས་བཀྲལ་བ་ཡིན་པས། རང་གང་མོས་པའི་རྗེས་སུ་འབྲང་ལ་གཞན་ལ་སྡིག་པ་མི་བསགས་པ་གལ་ཆེ་གསུངས་སོ། །དེ་ལྟར་གྲུབ་མཐའ་ཐམས་ཅད་དང་མི་འགལ་ཅིང་ཀུན་ལས་ཁྱད་པར་དུ་འཕགས་པའི་ཆོས་འདི་ལ་ཨ་སྒམ་བཅའ་བར་རིགས་སོ། །ཡང་རྗེ་བཅུ་པའི་ཞལ་སྔ་ནས་ཕྱག་ཆེན་བཞག་ཐབས་ཉུང་ངུ་ཐོབ་ཅིང་། རྒྱས་པར་སླད་ནས་རྒྱས་པར་གནང་བར་སྨོན་ནོ། །ཞེས་ཕྱག་རྒྱ་ཆེན་པོའི་ཁྲིད་


CMR051_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ་ཞེས་བྱ་བའི་བརྒྱུད་ཚུལ་དོགས་གཅོད། དེ་ཉིད་ལ་མོས་པ་ལམ་དུ་བྱེད་པའི་དགེ་སློང་རི་ཁྲོད་པ་ཀརྨ་ཨ་རཱ་གས་བྲིས་པའོ། །འདི་ལ་འགལ་འཁྲུལ་ཉེས་པ་གང་མཆིས་བཀའ་བརྒྱུད་རྣམས་ལ་བཤགས་ཤིང་། དགེ་བས་བདག་དང་བདག་ལ་འབྲེལ་ཐོགས་ཀྱིས་གཙོས་པའི་སེམས་ཅན་ཐམས་ཅད་ཚེ་གཅིག་ལུས་གཅིག་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ངེས་དོན་རྒྱ་མཚོའི་བརྒྱུད་ཚུལ་དོགས་གཅོད།next