Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
ཕྱག་རྒྱ་ཆེན་པོ་མཐོང་བ་ཞལ་གདམས་གནད་འགག
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྒྱ་ཆེན་པོ་མཐོང་བ་ཞལ་གདམས་གནད་འགགnext

ཕྱག་རྒྱ་ཆེན་པོ་མཐོང་བ་ཞལ་གདམས་གནད་འགག


CMR051_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་མཐོང་བ་ཞལ་གདམས་གནད་འགག་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡེ། ད་ནི་ངོ་བོ་རྗེན་པར་མཐོང་། །ཚེས་གསུམ་ཟླ་བ་མཐོང་དང་འདྲ། །རྟོགས་པ་གོང་དུ་འཕེལ་བ་དང་། །ངོ་བོ་འགྱུར་བ་མེད་པ་ཡིན། །རྣལ་འབྱོར་བཞི་རིམ་དང་བསྟུན་ན། །སྤྲོས་བྲལ་ཆུང་ངུའི་རྣལ་འབྱོར་དང་། །འདི་བསྒོམ་གཏད་སོ་སྤུ་ཙམ་མེད། །བལྟ་བྱ་ལྟ་བྱེད་གཅིག་ཏུ་དྲིལ། །རྣམ་རྟོག་ཉུང་དུ་མ་སོང་ཡང་། །མཚོ་ལ་ཁ་བ་བབ་པ་ལྟར། །རྣམ་རྟོག་བསྒོམ་གྱི་ངོ་བོར་འཆར། །མ་དྲན་ན་ནི་འཁྲུལ་པ་སྟེ། །ནམ་དྲན་བསྒོམ་གྱི་ངོ་བོ་སྟེ། །དྲན་པ་ཙམ་གྱི་ཐོག་ཏུ་སླེབ། །ད་རུང་མཐོ་དམན་འགའ་རེ་འཆར། །མཐོ་དུས་སྤྱོད་ལམ་ཀུན་ཏུ་འདྲེས། །ཉིན་པར་ཕལ་ཆེར་འབྲལ་བ་མེད། །རྨི་ལམ་རེས་ཟིན་རེས་མི་ཟིན། །རེས་འགའ་དལ་དུས་ཅུང་རེ་འགྲུལ། །སྡུག་བསྔལ་ན་ཚ་འཇིགས་སྐྲག་དུས། །ལྷག་པར་གསལ་ཞིང་བརྟེན་པར་འགྱུར། །རེས་འགའ་རྨི་ལམ་འོད་གསལ་ཟིན། །ཉིན་ལས་གསལ་ཞིང་བརྟན་པར་འབྱུང་། །དེ་ཡང་དལ་དུས་ཟིན་པ་དང་། །མ་སད་བར་དུ་ཟིན་པ་སོགས། །ཡུན་ལ་ངེས་མེད་སྣ་ཚོགས་ཏེ། །ལན་


CMR051_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཟིན་ན་བར་དོ་ཆོད། །ནམ་གཉིད་ཕལ་ཆེར་ཟིན་ན་ནི། །འཆི་ཁར་འོད་གསལ་ངོས་ཟིན་པས། །བར་དོ་མེད་པར་མངོན་སངས་རྒྱས། །རྟོགས་པ་འདི་ཙམ་སྐྱེས་པ་དེ། །དང་པོའི་ས་ཐོབ་སེམས་དཔའ་དང་། །རྟོགས་པ་མཐོ་དམན་མཉམ་པར་བཤད། །རྩལ་དང་ཡོན་ཏན་མ་རྫོགས་པས། །གཞན་དོན་རྫུ་འཕྲུལ་སྟོན་མི་ནུས། །སྒོ་ངའི་ནང་གི་ཁྱུང་ཕྲུག་ལྟར། །གཤོག་དྲུག་རྒྱས་ཀྱང་འཕུར་མི་ནུས། །སྒོ་ང་ཆག་ནས་འཕུར་བ་ལྟར། །ཤ་ཁྲག་ལུས་དང་བྲལ་མ་ཐག །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ། ། ཐོད་པ་བོར་ཆོག་དེ་ལ་ཟེར། །རྟོགས་ལྡན་ཞེས་བྱའི་མིང་དེ་ཡང་། །འདི་ཙམ་ཞིག་ལ་བཏགས་པ་ཡིན། །ད་རུང་གེགས་སེལ་ཕྲན་བུ་དགོས། །སྤྲོས་བྲལ་མེད་པའི་སྟོང་རྫིས་ཁྱེར། །ཕྱི་ནང་སྣོད་བཅུད་འཁོར་འདས་ཀུན། །སྟོང་པ་ཡིན་པར་བློས་དཔྱད་དེ། །གོ་བ་ཙམ་ལ་གདེང་བཅས་ནས། །དགེ་སྒྲུབ་སྡིག་སྤངས་མ་བྱས་ན། །སྟོང་ལྟ་ཧད་པོར་འགྲོ་ཉན་ཡོད། །ལྟ་བ་ཇི་ཙམ་མཐོ་ན་ཡང་། །སྤྱོད་པ་ཞིབ་པ་སྙིང་གཏམ་ཡིན། །སྤྲོས་བྲལ་ངོ་བོ་མཐོང་བ་འདི། །རང་སེམས་སྟོང་ཉིད་མངོན་སུམ་རྟོགས། །སྨྲ་བསམ་


CMR051_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་མེད་དོན་གོ་བས། །གང་ཟག་བདག་མེད་རྟོགས་མོད་ཀྱང་། །ཆོས་ཀྱི་བདག་མེད་མ་རྟོགས་པས། །རང་སེམས་བསྲེ་བའི་བོགས་འདོན་དགོས། །མིག་གི་ཡུལ་དུ་གང་སྣང་བའི། །གཟུགས་དང་རང་སེམས་གཅིག་ཏུ་བསྲེ། །ཉམས་ལེན་ཐོག་ཏུ་བཞག་པ་ཡིས། །སྣང་སྟོང་ཕྱག་རྒྱ་ཆེན་པོར་འཆར། །རྣ་བའི་ཡུལ་དུ་གྲག་པའི་སྒྲ། །དེ་དང་རང་སེམས་གཅིག་ཏུ་བསྲེ། །ཉམས་ལེན་ཐོག་ཏུ་བཞག་པ་ཡིས། །སྒྲ་དང་རང་སེམས་གཅིག་ཏུ་བསྲེས། །གྲུག་སྟོང་ཕྱག་རྒྱ་ཆེན་པོར་འཆར། །ནམ་མཁའ་སེམས་ཉིད་གཅིག་ཏུ་བསྲེ། །ཉམས་ལེན་ཐོག་ཏུ་བཞག་པ་ཡིས། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ། །དེ་ཙམ་རྟོགས་པ་སྐྱེས་ཙ་ན། །ཚེ་འདས་དང་ནི་ནད་པ་ལ། །རིག་པ་གཏད་ནས་ཉམས་ལེན་ལ། །མཉམ་པར་བཞག་པས་ཕན་ཐོགས་ཆེ། །བཀའ་བརྒྱུད་ལུགས་ཀྱི་བསྲེ་བ་ཡིན། །རྒྱལ་བ་རྣམས་ཀྱི་ཐུགས་དང་ནི། །འགྲོ་དྲུག་ཀུན་གྱི་སེམས་རྒྱུད་དང་། །རྣལ་འབྱོར་རང་གི་རིག་པ་གསུམ། །དབྱེར་མེད་བསྲེས་ནས་ངོ་བོ་སྐྱོང་། །དེ་གསུམ་དབྱེར་མེད་ངོ་བོ་


CMR051_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །ངོ་བོ་སྟོང་པ་ཡིན་པར་མཉམ། །རང་བཞིན་གསལ་བ་ཡིན་པར་མཉམ། །ཐུགས་རྗེ་འགགས་མེད་འཆར་བ་མཉམ། །ལྟ་བ་འཁོར་འདས་དབྱེར་མེད་ཡིན། །འདི་ག་ཙམ་ཞིག་རྟོགས་པས་ན། །གསོན་ཤོག་བཞུ་བར་རུང་བ་ཡིན། །འོན་ཀྱང་དེ་དག་ཐམས་ཅད་ལ། །གོ་བ་དང་ནི་ཉམས་མྱོང་དང་། །རྟོགས་པ་ཤར་བ་གསུམ་རེ་ཡོད། །དེ་འདྲ་ཡིན་པར་འདུག་སྙམ་ན། །གོ་བ་ཡིན་ན་ཕན་པ་ཆུང་། །དེ་འདྲ་བཅོས་ཤིང་བསྒོམ་པའི་ཚེ། །དེ་འདྲ་ཉིད་དུ་འུར་ཆོང་ན། །ཉམས་ཡིན་དེ་འདྲ་ཕྱོགས་འགྲོ་ཙམ། །མ་བཅོས་ཤུགས་ཀྱིས་འཆར་བ་ལ། །ནམ་སྒོམ་དེ་ཡི་ངང་སོང་ན། །རྟོགས་པ་ཡིན་ཞིང་ངོ་མཚར་ཆེ། །ད་རུང་ཡངས་སྐབས་བརྗེད་སྐབས་ཡོད། །མཐོ་དམན་གསལ་འགྲིབ་འགའ་རེ་ཡོད། །མ་བརྗེད་དྲན་པའི་སོ་མ་བཞག །རེས་འགའ་འབྲལ་མེད་ཡེངས་མེད་ཀྱང་། །ཉམས་ཀྱི་གཤིས་ཡིན་རྟག་མི་ཐུབ། །གཞི་ཡི་གནས་ལུགས་གོ་བ་ཡིན། ། ཡེངས་དང་མ་ཡེངས་ཁྱད་མེད་ཅེས། །སྨྲ་ན་གོ་བ་སྐམ་པོ་ཡིན། །ཡེངས་དང་མ་ཡེངས་ཁྱད་མེད་པའི། །རྟོགས་པ་འབྲལ་བ་མེད་པ་དེ། །བསྒོམ་མེད་རྟོགས་དུས་ཡིན་སྐད་


CMR051_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས། །སྣང་སྟོང་ཡི་དམ་བསྐྱེད་རིམ་དང་། །ངོ་བོ་སྐྱོང་བའི་རྫོགས་རིམ་གཉིས། །ནམ་མཁའ་དང་ནི་འཇའ་ཚོན་བཞིན། །དབྱེར་མེད་གཅིག་གིས་གཅིག་མི་བཤོས། །བསྐྱེད་རྫོགས་ཟུང་འཇུག་རྣལ་འབྱོར་ཡིན། །བླ་མའི་ཐུགས་དང་རང་གི་སེམས། །དབྱེར་མེད་ངོ་བོ་གཅིག་ཏུ་རྟོགས། །མོས་གུས་ཕྱག་རྒྱ་ཆེན་པོ་ཡིན། །ཉམས་ལེན་སྟོང་ཉིད་ལྟ་བའི་ངང་། །མ་རྟོགས་འགྲོ་ལ་སྙིང་རྗེ་སྐྱེས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཡིན། །སྙིང་རྗེ་སྐྱེ་ཡུལ་སེམས་ཅན་ཡང་། །རང་གི་སེམས་ལས་གཞན་མ་གྲུབ། །དམིགས་པ་མེད་པའི་སྙིང་རྗེ་ཡིན། །རང་གི་མྱོང་བ་དང་བསྟུན་ནས། །རཱ་ག་ཨ་སྱས་འཕྲལ་དུ་བྲིས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕྱག་རྒྱ་ཆེན་པོ་མཐོང་བ་ཞལ་གདམས་གནད་འགགnext