Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
ཕྱག་ཆེན་ཞལ་གདམས།
   
   
   
   
   
   
   
   
   
   
   
   
   


 
previousཕྱག་ཆེན་ཞལ་གདམས།next

ཕྱག་ཆེན་ཞལ་གདམས།


CMR051_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ། སངས་རྒྱས་ཀུན་གྱི་ངོ་བོ་པདྨ་འབྱུང་། །བླ་མ་རང་སེམས་དབྱེར་མེད་ཆོས་སྐུ་ལ། །གསོལ་བ་འདེབས་སོ་སྙིང་རྗེའི་དོན་རྟོགས་སྩོལ། །རང་སེམས་ངོ་བོ་རྫོགས་པ་ཆོས་ཀྱི་སྐུ། །སེམས་ཀྱི་རང་བཞིན་རང་གསལ་ལོངས་སྤྱོད་རྫོགས། །སེམས་ཀྱི་རྣམ་པ་འགགས་མེད་སྤྲུལ་པའི་སྐུ། །བླ་མ་སྐུ་གསུམ་རང་གི་སེམས་ལ་རྫོགས། །གང་ཤར་མ་བཅོས་ལྷོད་པར་ཀློད་ལ་ཞོག །མ་ཡེངས་དྲན་རྫི་ཙམ་ཞིག་སྐྱོང་བ་ལས། །བསྒོམ་རྒྱུ་ཅི་ཡོང་མེད་ན་བསྒོམ་པའི་མཆོག །དུས་གསུམ་བསགས་པའི་དགེ་བ་ཅི་ཡོད་མཐུས། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ཕྱི་མ་བདེ་ཆེན་ཞིང་དུ་བརྫུས་སྐྱེས་ནས། །ཆོས་སྐུ་འོད་དཔག་མེད་དང་མི་འབྲལ་ཤོག ༈ །ལྟ་ལུགས་དེ་གཉིས་ལ་དང་པོ་འདི་ལྟར་ཡིན་ཏེ། ད་ནི་དེ་འདྲ་མ་བྱེད། སེམས་གང་ཤར་ལ་བལྟས་པས་སྟོང་པ་ཡལ་ནས་ཡུད་ཙམ་སྟོང་སེང་ངེ་བ་དེ་བསྒོམ་ཡིན་བསམ། ཡང་ཅིག་ཤར་ཙ་ན་དེའི་ངོ་བོ་ལ་བལྟ་དེ་ལྟར་བྱེད་པ་དེ་སེམས་ལ་སེམས་མཐུད་པ་ཞེས་བྱ་སྟེ། བསྒོམ་གྱི་གོ་མི་ཆོད། སེམས་ལ་བལྟ་དགོས་བསམ་ཧྲིག་གེ་བྱེད་མི་རུང་།


CMR051_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཁོ་རང་གནས་ན་ཡང་རུང་། འགྱུ་ན་ཡང་རུང་། གསལ་ན་ཡང་རུང་། མི་གསལ་ན་ཡང་རུང་། མ་ཡེངས་དྲན་རྫི་སྐྱོང་ཙམ་གྱིས་ཆོག །དེ་ལ་ཡག་འདོད་ཉེས་དོགས་ཅི་ཡང་མི་བྱེད། དེ་སེམས་མ་བཅོས་པ་ཡིན། ཕྱག་རྒྱ་ཆེན་པོ་ཡིན། དེ་ཡིན་དོན་ནི་སེམས་ཁོ་རང་ཡེ་ནས་ཡེ་ཤེས་ཡིན་པར་འདུག །དེ་ངོ་མ་ཤེས་ན་མ་རིག་པ་རེད། ངོ་ཤེས་ན་ཡེ་ཤེས་རེད། འགྱུ་བ་ངོ་མ་ཤེས་ན་རྣམ་རྟོག་རེད། ངོ་ཤེས་ན་ཆོས་སྐུ་རེད། དེ་ངོ་ཤེས་པས་ཆོག །རང་ཞི་རང་གྲོལ་མི་དགོས། དྲན་རྗེ་དང་བྲལ་བ་དང་མ་བྲལ་བ་ཙམ་མ་གཏོགས་ཁྱད་ཆེར་མི་གདའ། དེ་ལ་ཡེ་ཤེས་སྐྱེས་ན་དེས་ཆོག །དྲན་རྫི་མ་བྲལ་ཙམ་གྱི་ངང་ནས་ལྷ་བསྒོམ་པ་དང་འདོན་པ་བྱེད་པ་སོགས་ཅི་བྱས་ཀྱང་བསྒོམ་རེད། དྲན་རྫི་ཡང་མི་དགོས་པ་ནི་བསྒོམ་མེད་པ་འོང་རྒྱུ་མ་རེད། དྲན་རྫི་ཙམ་མ་གཏོགས་ལུས་ངག་ཡིད་གསུམ་ལྷོད་ཅི་ཐུབ་གྱིས། ལྷོད་རབ་ལ་བསྒོམ་རབ་ཟེར་བ་ཡིན། འགྱུ་བ་མང་ན་ཡེ་ཤེས་མང་བ་ཡིན་པས་མི་དགའ་བ་མ་བྱེད་དགའ་བ་བསྒོམ། ཅི་འཕྲོ་འཕྲོ་ཆུག་ལ་ངོས་བཟུང་མི་དགོས་རང་བབས་ཞོག །བར་སྐབས་བརྗེད་པ་འོང་དེ་ལ་འགྱོད་པ་མི་རུང་། །


CMR051_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མཚམས་ནས་བཟུང་སྟེ་དྲན་པའི་རྩི་ཡིས་གཟུང་། བསྒོམ་རྒྱུ་ནི་ཅི་ཡང་མེད་དེ། རྒྱལ་བ་བྱམས་པས།། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །ཅེས་གསུངས་སོ། །ཀྱི་ལེ་གནས་དུས་ཞི་གནས་དེའི་ངོ་བོ་ལ་བལྟས་པས་སྟོང་པར་མཐོང་བ་ལྷག་མཐོང་། འགྱུ་བ་གང་ཤར་ངོས་བཟུང་ནས་དེའི་ངོ་བོ་ལ་བལྟས་པས་སྟོང་པ་ཡ་ལེ་དེ་འགྱུ་བའི་སྟེང་ནས་ལྷག་མཐོང་ཤར་བ་དེ་རྣམས་དང་པོ་ངོ་སྤྱད་དུས་དེ་ལྟར་རེད་དེ་ད་དེ་མི་དགོས་གནས་དང་འགྱུ་བ་ངོས་བཟུང་མི་དགོས། འགྱུ་བ་ཕྲ་ཞིབ་དེ་ཚོའང་ངོས་བཟུང་མི་དགོས། སེམས་ཀྱི་ངོ་བོ་ལ་ཧྲིག་གེར་བྱེད་ནས་བལྟ་ཡང་མི་དགོས། སེམས་མ་བཅོས་པར་ཞོག་ཟེར་བའི་ཚིག་གཅིག་པོ་དེ་གོ་བའི་སྐྱོན་ཡིན། མ་བཅོས་པ་དེ་གང་ཡིན་ན་ཐ་མལ་གྱི་ཤེས་པ་དེ་ཡིན། ཐ་མལ་གྱི་ཤེས་པ་དེ་གང་ཡིན་ན། ནམ་དྲན་དུས་སུ་སེམས་ལ་བལྟ་སྙམ་པའི་དྲན་རྫི་མ་བརྗེད་ཙམ་དེ་བས་བསྒོམ་རྒྱུ་ཅི་ཡང་མེད། རང་གར་ཁ་རོག་ཡེངས་ནས་འདུག་པ་འདྲ་བ། ཡེངས་པ་རང་ནི་མིན་ཏེ་སེམས་བསྲུང་བའི་དྲན་རྫི་མ་བརྗེད་ཙམ་ཞིག་ཡོད་པ་དེ་ཕྱག་རྒྱ་ཆེན་པོ་ཡིན། དེ་མ་བཅོས་པ་


CMR051_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཐ་མལ་གྱི་ཤེས་པ་ཡིན། སེམས་ཁོ་རང་ཡེ་ནས་ཆོས་སྐུ་རེད་པས་དེ་མ་བརྗེད་ཙམ་དུ་བསྲུང་བ་དེས་ཆོག །ཡག་འདོད་པ་དང་ཉེས་དོགས་པ་ཅི་ཡང་མི་བྱེད་པར་བློས་བཏང་ལ་མ་ཡེངས་པའི་དྲན་ཙམ་མ་གཏོགས་ཅི་ཡང་གཏད་སོ་མེད་པར་ལྷོད་ཅི་ཐུབ་གྱིས་དང་སྐྱེད་ཆེ་བ་ཡིན། བདེ་ཉམས་གསལ་ཉམས་ཅི་ཤར་ཡང་དེ་བློ་གཏད་མེད། མགོ་གཡོགས་བྱེད་མི་འདྲ། དེ་བས་ཐ་མལ་ཤེས་པ་དང་རང་ཚོ་མ་ཡེངས་ཙམ་འདི་བསྒོམ་ཡིན་པས་ལྷག །བར་སྐབས་ཅུང་ཟད་ཡེངས་ཀྱང་སྐྱོན་མེད། སེམས་ལ་བསྒོམ་རྒྱུ་ཅི་ཡང་མེད། གཏད་སོ་ཅི་ཡང་མེད་པའི་ངང་ནས་ལྷོད་ཅི་ཐུབ་བྱ། སྐབས་སྐབས་སུ་དྲན་རྫི་ཡང་ཡང་གསལ་འདེབས། དེ་མ་འགྱོགས་དུས་དམིགས་པ་ཕུར་ཚུགས་སུ་བསྒོམ། ། ཡེངས་སྐབས་སུ་དྲན་རྫི་མ་ཡེངས་པའི་ངང་ནས་དམིགས་པ་བསྒོམ་ཨེ་ཐུབ་ཚད། དེའི་གནད་ནི་དམིགས་པ་བསྒོམ་པ་དེ་འགྱུ་བ་ཡིན། འགྱུ་བ་དེ་རྣམ་རྟོག་ཡིན། རྣམ་རྟོག་ཡེ་ནས་ཆོས་སྐུ་ཡིན་རྣམ་རྟོག་འཕྲོ་འཕྲོའི་ངང་ནས་ངོ་བོ་སྟོང་པ་ཉིད་ཡིན། དེ་ངོ་ཤེས་པས་ཆོག །བླ་མའི་རྣལ་འབྱོར་ནམ་རེད་བསྒོམ་ཆོག་ཐུན་མཚམས་མི་དགོས། ཁྱེད་རང་གི་ད་


CMR051_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ། སེམས་ནི་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པས་བློ་ཐག་རྦད་ཀྱིས་ཆོད། དེ་ངོ་ཤེས་པས་ཆོག་པར་ཐག་ཆོད། བསྒོམ་རྒྱུ་ཅི་ཡང་མེད་པ་ལ་མ་ཡེངས་པའི་དྲན་རྫི་བརྟེན་ཙམ་དེ་ཕྱག་རྒྱ་ཆེན་པོ་ཡིན་པ་ཐག་ཆད་ཀྱིས་ཆོད། སེམས་ལ་བཟང་ངན་ཅི་ཤར་ཡང་ཁྱད་མེད་པར་ཐག་རྦད་ཀྱིས་ཆོད། ལུས་སེམས་ལྷོད་ལ་དྲན་རྫི་ཡང་ཡང་གསལ་འདེབས་པ་གལ་ཆེ། དྲན་རྫི་དང་མ་བྲལ་བའི་ངང་ནས་བསྐྱེད་རིམ་སྒོམ་ཨེ་ཐུབ་ལྟོས་དེ་མ་ཐུབ་ན་རེས་མོས་ཀྱིས་ནད་གདོན་སེལ་བ་ལ་དམིགས་པ་གལ་ཆེ། ཉམས་རྟོགས་བཟང་པོ་སྐྱེ་འདོད་པའི་རེ་བ་དང་། གེགས་གོལ་སར་འགྲོ་བའི་དོགས་པ་གཏན་ནས་མ་བྱེད་པ་བློས་ཐོངས། མི་དྲན་དགུ་དྲན་གྱི་འགྱུ་བ་དེ་མེད་ནི་འགྲོ་མི་སྲིད། ཆུ་རླབས་ལྟ་བུའོ། །དྭགས་པོས། རང་ལས་སྐྱེས་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པ་ཙིར་གྱིས་ཟུངས། །ཉམས་སུ་མྱོང་ན་སྙིང་པོ་མཐོང་། །གསུངས་སོ། །སྙིང་པོ་ནི་འགྱུ་བ་ཁོ་རང་འགྱུ་དུས་ནས་ངོ་བོ་སྟོང་པ་ཡིན། སྟོང་པ་དེ་ཆོས་སྐུ་ཡིན་དེ་ཤེས་པར་གྱིས་ལ་མི་དྲན་དགུ་དྲན་གྱི་རྣམ་རྟོག་ཅི་བྱུང་དེ་སྐྱོན་དུ་མ་བལྟ། བལྟ་མི་འདོད་ན་སེམས་ལ་མ་ལྟ་མ་སྒོམ་


CMR051_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་དུ་ཞོག་གསུངས་པས། སེམས་ཁོ་རང་རང་སར་བཞག་པ་མ་གཏོགས་ཧྲིག་གེར་བལྟས་ནས་ངོས་བཟུང་མི་དགོས་ལྷོད་ལ་ཞོག །བར་སྐབས་སུ་ཡེངས་བ་དེས་མི་སྒྲིབ་གསུངས་པས། ཡེངས་བ་ལ་འགྱོད་པ་མ་བྱེད། ཡེངས་ཤོར་བའི་སེམས་ལ་ཅི་འདྲ་ཞིག་ཡོད་ལྟོས། མ་ཡེངས་པའི་སེམས་ཀྱི་ངོ་བོ་ཅི་འདྲ་ཞིག་གདའ་ལྟོས་དང་། །ཁྱད་མེད་པ་ངོ་བོ་སྟོང་པ་ཉིད། དེ་ལ་གོམས་ནས་དོན་ལ་ཡེངས་མ་ཡེངས་ཁྱད་མེད་པའི་ངེས་ཤེས་ཤིག་སྐྱེས། དེ་ལ་རང་བཞིན་ཡོངས་ཤེས་བྱ་བ་ཡིན། དེ་རྟོགས་ན་འབྲུག་པ་རྣམས་ཀྱིས་དེ་ལ་ཡེངས་སྐབས་མེད་པ་བརྩིའོ། །དྭགས་པོས། ཡེངས་བྱ་བ་མེད་པ་ཡིན་གསུངས་པ་དེ་ལ་དགོངས་པ་རེད། ཁར་ཉིན་ཚིག་གཅིག་པོ་དེས་ཕྱག་རྒྱ་ཆེན་པོ་དེ་ངོ་འཕྲོད་པ་རེད་པས་བོགས་ཆེན་པོ་བྱུང་ཟིན་ད་རུང་ཡང་སྐྱོང་ལུགས་སྔ་མ་ལྟར་གྱིས་ངོ་འཕྲོད། དེས་ཀྱང་གསལ་འགྲིབ་ནི་མང་པོ་འོང་བ་ཡིན། ཞེས་དབོན་པོའི་ཞུས་པའི་ལན་དུ་རྭ་ག་ཨ་སྱས་སོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR051_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཉམས་ལེན་འདོད་ཟེར་བའི་སོགས་ཉམས་ཀྱི་འཆར་ལུགས་དང་ཞི་ལྷག་ཁྲིད་བཅས།


CMR051_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཉམས་ལེན་འདོད་ཟེར་བའི། །ལེན་པ་གདམས་པ་ཚིག་གསུམ་བཤད། །སེམས་ལ་རྟོགས་པ་འཆར་བའི་ཐབས། །བླ་མ་སྒྲུབ་ལས་ཟབ་པ་མེད། །བླ་སྒྲུབ་ཀུན་གྱི་མཆོག་གྱུར་པ། །པདྨ་འོད་འབར་ངོ་མཚར་ཆེ། །མི་ཁྱིམ་རང་ཁྱིམ་གང་དུ་ཡང་། །དེ་ཉིད་ཉིན་རེ་ཚར་གསུམ་ཐོན། །ཁྱེད་རང་ཆོས་སྒོར་འཛུད་མཛད་པའི། །བླ་མ་ཀརྨ་དགེ་ལེགས་དང་། །ཆོས་འབྲེལ་ཐོབ་ཚད་བླ་མ་དང་། །དད་པ་གང་ཡོད་བླ་མ་དང་། །ཐམས་ཅད་གཅིག་བསྡུས་ཨོ་རྒྱན་དང་། །དབྱེར་མེད་པདྨ་འོད་བར་དེ། ། རང་དང་དབྱེར་མེད་གཅིག་ཏུ་བསྒོམ། །བླ་མ་རང་སེམས་གཅིག་ཏུ་བསྲེས། །རེས་འགའ་སྤྱི་བོའི་གཙུག་ཏུ་བསྒོམ། །ལེའུ་བདུན་ལེའུ་དང་པོ་ཐོན། །ཨོ་རྒྱན་འོད་ཞུ་རང་ལ་བསྟིམ། །རེས་འགའ་འོད་འབར་མདུན་བསྐྱེད་བྱ། །ཚོགས་དང་མཆོད་གཏོར་ཐམས་ཅད་ཕུལ། །ཉམས་རྟོགས་སྐྱེ་བར་གསོལ་བ་འདེབས། །རྒྱུན་དུ་སེམས་ཀྱིས་ལ་སེམས་ལ་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །མེད་པ་མ་ཡིན་གང་ཡང་འཕྲོ། །འཕྲོ་ན་འཕྲོད་མཁན་སེམས་དེ་ལ། །ཧྲིག་གེ་བལྟས་པས་སྟོང་པར་ཡལ། །ཅི་ཡང་མི་


CMR051_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ཡུད་ཙམ་གནས། །དེ་ཡི་མིང་ལ་གནས་པ་ཟེར། །རི་བྲག་ཆུ་ཡིས་མི་གནོད་པར། །ཐལ་ཐལ་འགྲོ་བ་འགྱུ་བ་ཡིན། །གནས་སམ་འགྱུ་བ་ཅི་བྱེད་དེ། །སེམས་ཀྱིས་རིག་པས་རིག་པ་ཟེར། །གནས་སམ་འགྱུ་བ་རིག་པ་གསུམ། །ཕྱག་ཆེན་བསྒོམ་པའི་ལམ་སྣེ་ཡིན། །ལམ་སྣེ་འདི་ཉིད་མ་སྐྱུར་ན། །ཕྱག་རྒྱ་ཆེན་པོའི་གྲོང་དུ་ཕྱིན། །སེམས་ཀྱིས་སེམས་ལ་ལྟ་བ་དེ། །ལྟ་བ་ཡིན་པར་བློ་ཐག་ཆོད། །དེ་ལ་རྒྱུན་དུ་བསྒོམ་འཇུག་ན། །བསྒོམ་པ་ཡིན་ནོ་རིགས་ཀྱི་བུ། །དེ་ཡི་ངང་ལ་སྡིག་ལ་འཛེམ། །དགེ་བ་སྒྲུབ་པ་སྤྱོད་པའི་མཆོག །རང་སེམས་ཆོས་སྐུར་རྟོགས་པ་ན། །འབྲས་བུ་སངས་རྒྱས་དེ་ལ་མཛོད། ༈ །ཉམས་དང་པོ་རི་གཟར་ཆུ་འབབ་འདྲ། །སེམས་མི་དྲན་དགུ་དྲན་རླུང་ལྟར་འཚུབ། །འཚུབ་པས་སྐྱོན་མེད་སློད་ལ་ཐོངས། །གར་འགྲོ་ཐོངས་ལ་རྒྱངས་སྲུང་གྱིས། །བཏང་བས་མི་འགྲོ་ཚུར་ལ་འཁོར། ༈ །ཉམས་གཉིས་པ་ལུང་རོང་ཆུ་དང་འདྲ། །སེམས་རེས་གནས་དེ་རེས་འགའ་འགྲོ། །གནས་ན་གནས་པའི་ངོ་བོར་ལྟོས། །འགྱུ་བ་འགྱུ་བའི་ངོ་བོར་ལྟོས། །བལྟ་ཡུན་ཐུང་ལ་གྲངས་མར་ལྟོས། །


CMR051_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་གསུམ་པ་ཆུ་བོ་གང་གཱ་འདྲ། །སེམས་མེར་རེ་འཁྱིལ་ལེ་གནས་ནས་འོང་། །བདེ་ཉམས་ལུས་སེམས་ཞུ་ལ་ཁད། །གསལ་ཉམས་གསལ་དང་ལྷན་ནེ་བ། །སྟོང་ཉམས་ཐམས་ཅད་སྟོང་པར་འཆར། །ལེགས་ལེགས་འདྲ་བའི་ཉམས་སྣང་ལ། །ཆགས་ཞེན་མ་བྱེད་རིགས་ཀྱི་བུ། །སྤྲིན་དང་ཆར་པ་འཇའ་སྤྲིན་གསུམ། །ནམ་མཁའ་ཁོ་ནའི་ཆོ་འཕྲུལ་ཡིན། །བདེ་དང་གསལ་དང་མི་རྟོག་གསུམ། །སེམས་ཉིད་ཁོ་ནའི་ཆོ་འཕྲུལ་ཡིན། །མ་བཅོས་རང་ངོ་གང་ཤར་ལྟོས། །རེས་འགའ་མི་གསལ་ཟིང་ཞིང་འཐིབས། །བལྟས་ཀྱང་ལྟ་རྒྱུ་མི་རྙེད་ལ། །བདག་ལ་བསྒོམ་ནི་མི་གདའ་སྙམ། །དེ་འདྲ་བྱུང་ཡང་སྐྱོན་མེད་དེ། །ལུས་སེམས་བསྒྲིམས་ལ་ཧྲིག་གེ་ལྟོས། །མིག་རྒྱང་རི་རྩེ་མཐོན་པོར་ལྟོས། །རེས་འགའ་སེམས་འཚུབ་ཅི་ཡང་དྲན། །སྙིང་ཡང་མི་བདེ་སྡོད་མི་ཚུགས། །དེ་ཡང་ཉམས་ཀྱི་བྱེ་བྲག་ཡིན། །དེ་དུས་ལུས་སེམས་བག་ཞི་ལྷོད་། །སེམས་ཀྱང་ལྷོད་ལ་གར་འགྲོ་ཐོངས། །རྒྱངས་སོ་ཚུགས་དང་རང་ལ་འཁོར། ༈ །ཉམས་བཞི་པ་རྒྱ་མཚོ་ཆེན་པོ་འདྲ། །མེར་རེ་འཁྱིལ་ལེ་གནས་པ་ལ། །


CMR051_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་བསྒོམ་ལ་མི་གནོད་པར། །དྲན་ཚད་ཐམས་ཅད་བསྒོམ་དུ་འཆར། །མཚོ་ལ་ཁ་བ་འབབ་པའམ། །ཆུ་རླབས་ཆུ་ལ་ཐིམ་པ་འདྲ། །དེ་དུས་སྤྱོད་ལམ་ཀུན་ལ་བསྲེས། །ཟ་ཞིང་འགྲོ་ཞིང་གཏམ་ཞིང་བསྒོམ། །ཉལ་ཞིང་ལང་ཞིང་ལས་ཤིང་བསྒོམ། །གང་ཤར་བསྒོམ་གྱི་འཁོར་ལོ་ཡིན། །དེ་འདྲའི་སྐབས་མཚམས་ཐམས་ཅད་དུ། །རང་ཉིད་པདྨ་འོད་འབར་བསྒོམ། །རྔ་ཡབ་གླིང་ནས་ཨོ་རྒྱན་དང་། །དད་པ་གར་ཡོད་བླ་མ་རྣམས། །ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །རང་གི་སྙིང་ཁར་ཐིམ་པར་བསྒོམ། །བྱིན་རླབས་འཇུག་པའི་གདམས་ངག་ཟབ། །བྱིན་རླབས་ཞུགས་ན་ཉམས་རྟོགས་ནི། །མི་འདོད་ན་ཡང་དབང་མེད་འཆར། །གལ་ཏེ་བྱིན་རླབས་མ་ཞུགས་ན། །ལོ་བརྒྱར་མཚམས་བཅད་བསྒོམས་བྱས་ཀྱང་། །ཕྱག་རྒྱ་ཆེན་པོ་སྐྱེ་མི་སྲིད། །བྱིན་རླབས་འཇུག་གམ་མི་འཇུག་ནི། །མོས་གུས་ཆེ་ཆུང་དེ་ལ་རག །མོས་གུས་དད་པ་མེད་པ་ལ། །བྱིན་རླབས་ཞུགས་པར་མི་སྲིད་དོ། །མོས་གུས་དྲག་པོས་གསོལ་བཏབ་ན། །བྱིན་རླབས་མི་ཞུགས་རང་དབང་མེད། །དེ་ཕྱིར་ཨོ་རྒྱན་ཆེན་པོ་དང་། །འབྲེལ་ཐོགས་


CMR051_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཐམས་ཅད་ལ། །དད་གུས་བསྐྱེད་ཅིག་རིགས་ཀྱི་བུ། །རྩེ་གཅིག་སྒྲུབ་པ་བྱེད་པ་དང་། །བླ་མའི་ཆགས་ཕྱི་བྱེད་པ་གཉིས། །འདྲ་འདྲ་འདྲ་ལ་ཆགས་ཕྱི་ལྷག །ཉམས་རྟོགས་སྐྱེ་ལ་ཆགས་ཕྱི་ལྷག །སྡིག་སྒྲིབ་དག་ལ་ཆགས་ཕྱི་ལྷག །བྱིན་རླབས་འཇུག་ལ་ཆགས་ཕྱི་ལྷག །དེ་ཚོ་ང་ཡི་འདོད་གཏམ་མིན། །མདོ་རྒྱུད་གྲུབ་གསུང་རྣམས་མཐུན། །དེ་ཕྱིར་བླ་མའི་ཆགས་ཕྱི་དང་། །མི་ཁོམ་མི་ལྕོགས་མང་པོས་གཡེང་། །ཉམས་ལེན་མི་ཡོང་མ་བསམ་ལ། །རྒྱུན་དུ་སེམས་ངོ་མ་སྐྱུར་བསྲུང་། །རི་ཁྲོད་འདུག་དུས་ནངས་སྔ་དང་། །ནུབ་ཕྱི་ལུས་གནད་བསྲང་ལ་བསྲུང་། །རི་ཁྲོད་སྔགས་གདོན་གཏོར་བཅའ་དང་། །འགྲོ་འདུག་ཟ་འཐུང་མེ་བཞོག་དུས། །དལ་བུས་ལས་ཤིང་སེམས་ངོ་བསྲུང་། །དུས་དང་རྣམ་པ་ཐམས་ཅད་དུ། །མར་ཁུའི་ཕོར་ཁ་འཚོ་བ་བཞིན། །རང་སེམས་ཡེངས་དོགས་འཚོ་ཤེས་མཛོད། །བདག་གིས་བྲིས་པའི་དཔེ་ཆ་འདི། །དཔེ་རུལ་གསེབ་ཏུ་མ་བཅུག་ལ། །རྒྱུན་དུ་ལྟོས་ཤིང་སེམས་ལ་སྦྱོར། །ཉམས་རྟོགས་སྐྱེ་བར་ཐེ་ཚོམ་མེད། །ཟླ་ཁྲིད་མང་པོའི་བཤད་ཆོས་ལ། །འདི་འདྲའི་དམར་


CMR051_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་འོང་བར་དཀའ། །ལན་གཅིག་གསུངས་ཀྱང་བརྗེད་ནས་འགྲོ། །དཔེ་འདི་སློབ་དཔོན་ཁྲོད་མེད་ཡིན། །དེ་སྐད་༧ རཱ་གའི་མིང་ཅན་གྱི། །ཕན་སེམས་བཟང་པོའི་བྲིས་པ་འདི། །བུ་ཡི་སེམས་ལ་ཐིམ་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མངྒ་ལཾ།། །། ༈ ཞི་གནས་ལྷག་མཐོང་གི་ངོ་སྤྲོད་ཞལ་གདམས་ཟབ་མོ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། བསྒོམ་གྱི་རྩ་བ་ཞི་ལྷག་གཉིས། །ཡིན་པར་སྔར་ནས་ཤེས་མོད་ཀྱང་། །བོགས་སྐྱེད་ཆེན་པོ་མི་འབྱུང་བས། །ཆོས་དང་འཇིག་རྟེན་བྱ་བ་རྣམས། །གལ་པོ་ཆེ་རྣམས་གཙོ་བོར་བྱས། །བསྒོམ་ལོ་ཞོར་ལ་བྱས་པས་ལན། །ད་རེས་མཚམས་འདི་བྱེད་ཚེ་ལ། །བྱ་བ་གཞན་རྣམས་བློ་ཡིས་ཐོངས། །རིག་པ་རྩེ་གཅིག་བསྒོམ་ལ་གཏོད། །རང་ཉིད་ཚེ་དཔག་དམར་སེར་སྐུ། །ནམ་མཁའི་འཇའ་ལྟར་ལམ་ཙམ་བསྒོམ། །སྙིང་དབུས་ཚེ་དཔག་ཡབ་ཡུམ་དཀར། །སྐུ་ཆུང་བཀྲག་མདངས་ལྡན་པ་ལ། །སྐད་ཅིག་རིག་པ་གཏད་པ་ཡིས། །ཡུན་རིང་མི་འཕྲོ་གནས་པ་ན། །མཚན་བཅས་ཞི་གནས་ཆགས་པ་ཡིན། །རང་ལུས་ཚེ་དཔག་ཡིན་སྙམ་པའི། །མོས་པ་རྩེ་


CMR051_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་པོ་བྱ། །དེ་ནས་དམིགས་པ་མི་སྒོམ་པར། །སེམས་ཀྱིས་སེམས་ལ་བལྟས་བསྡད་པས། །མི་འཕྲོ་མེ་རེ་འཁྱིལ་ལེ་གནས། །མཚན་མེད་ཞི་གནས་ཆགས་པ་ཡིན། །གནས་པའི་ངོ་བོ་བལྟས་པའི་ཚེ། །སྟོང་པ་ཉིད་དུ་ལྷག་གིས་མཐོང་། །དེ་ལ་ལྷག་མཐོང་ཤར་བ་ཟེར། །གནས་པ་དེ་དང་སྟོང་པ་གཉིས། །གནས་ཤིང་སྟོང་ལ་སྟོང་ཤིང་གནས། །དེ་ལ་ཞི་ལྷག་ཟུང་འཇུག་ཟེར། །ཉམས་ལེན་གཙོ་བོ་དེ་ལ་བྱ། །མི་གནས་འགྱུ་བ་མང་ན་ཡང་། །འགྱུ་བ་མི་དགག་ལྷོད་ལ་བལྟ། །ཆུ་རླབས་ཆུ་རུ་ཐིམ་པ་ལྟར། །འགྱུ་བ་ཉིད་ཀྱང་སྟོང་པར་མཐོང་། །འགྱུ་བའི་སྟེང་ན་ལྷག་མཐོང་ཤར། །གནས་འགྱུ་གདམས་ག་མི་བྱེད་པར། །ལྷོད་དེ་ལྷོད་ལ་གང་ཤར་བལྟ། ། གནས་པ་དེ་ལ་མི་གནོད་པར། །འགྱུ་བ་ཅུང་ཟད་བྱུང་ན་ཡང་། །དེ་ཉིད་དོགས་ཟོན་མི་གནོད་པར། །ཞི་གནས་མཚོ་ཆུང་འཁྱིལ་འདྲ་ལ། །ལྷག་མཐོང་ཉ་མོ་འཁྱུག་འདྲ་ལ། །དེ་ལས་རབ་ཅིག་བསྒོམ་པ་དང་། །འགྱུ་བ་ཇི་ལྟར་མང་ན་ཡང་། །གནས་པས་ཉམས་ལ་མི་གནོད་པར། །མཚོ་ལ་ཆར་པ་འབེབས་པ་ལྟར། །སྔར་དང་མི་འདྲ་སྐྱོང་


CMR051_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ། །གནས་འགྱུ་གཅིག་ཏུ་འདྲེས་པ་ཟེར། །དེང་ཕན་གནས་ན་དགའ་སྣང་ཆེ།


previousཕྱག་ཆེན་ཞལ་གདམས།next