Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
རང་རིག་གཉུག་མ་ཉམས་སུ་བླངས་པས་རྣལ་འབྱོར་བཞིའི་རིམ་པ་འཆར་ཚུལ་མདོར་བསྡུས་པ་སྒོམ་ཆེན་གུ་རུ་བསྟན་འཛིན་ལ་ཞལ་གདམས་གནང་བ།
   
   
   
   
   
   
   
   
   
   
   
   


 
previousརང་རིག་གཉུག་མ་ཉམས་སུ་བླངས་པས་རྣལ་འབྱོར་བཞིའི་རིམ་པ་འཆར་ཚུལ་མདོར་བསྡུས་པ་སྒོམ་ཆེན་གུ་རུ་བསྟན་འཛིན་ལ་ཞལ་གདམས་གནང་བ།next

རང་རིག་གཉུག་མ་ཉམས་སུ་བླངས་པས་རྣལ་འབྱོར་བཞིའི་རིམ་པ་འཆར་ཚུལ་མདོར་བསྡུས་པ་སྒོམ་ཆེན་གུ་རུ་བསྟན་འཛིན་ལ་ཞལ་གདམས་གནང་བ།


CMR051_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་གཉུག་མ་ཉམས་སུ་བླངས་པས་རྣལ་འབྱོར་བཞིའི་རིམ་པ་འཆར་ཚུལ་མདོར་བསྡུས་པ་སྒོམ་ཆེན་གུ་རུ་བསྟན་འཛིན་ལ་ཞལ་གདམས་གནང་བ་བཞུགས་སོ། །ན་མོ་མ་ཧཱ་མུ་དྲ་ཡེ། རྡོ་རྗེ་འཆང་དང་དབྱེར་མེད་པའི། །དྲིན་ཆེན་བླ་མ་རྗེ་ལ་འདུད། །སྒོམ་ཆེན་གུ་རུ་བསྟན་འཛིན་གྱིས། །རྣལ་འབྱོར་བཞི་རིམ་ས་མཚམས་རྣམས། །བདག་ལ་བྲིས་ནས་བསྐུར་ཅིག་ཟེར། །ཉམས་དང་རྟོགས་པ་མེད་པའི་ཕྱིར། །བཞི་རིམ་ས་མཚམས་ངས་མི་འབྱེད། །དེང་སང་རྣམ་གཡེང་ཆེ་དྲགས་པས། །དཔེ་ཆ་ལྟ་བའི་ལོང་མི་གདའ་། །དོན་ལ་གནས་པ་དཀའ་ན་ཡང་། །རང་གི་ཉམས་ལེན་དང་བསྟུན་ནས། །འཕྲལ་དུ་གང་དྲན་ཡི་གེར་བཀོད། །ངོ་མཐོང་འདི་ལ་གཉིས་སུ་གདའ། །གནས་འགྱུ་ངོ་འཕྲོད་ངེས་ཤེས་ཐོབ། །དེ་ཡང་ངོ་མཐོང་བཏགས་པ་ཙམ། །འདི་སྐབས་ཤོར་ས་གསུམ་ཡོད་པ། །ཚུར་ལ་རང་སེམས་ལྟ་མ་ཤེས། །སྭ་བྷ་ཝ་སོགས་སྔགས་བརྗོད་པས། །ནམ་མཁའ་ལྟ་བུའི་སྟོང་ཉིད་དུ། །བསྒོམ་པ་སྟོང་ཉིད་རྒྱས་འདེབས་ཤོར། །མདོ་རྒྱུད་དབུ་ཕར་གཞུང་ཚིག་ལ། །གོ་བ་རིགས་པས་དཔྱད་བྱས་པས། །ཆོས་ཀུན་


CMR051_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ནམ་མཁའ་ལྟར། །ཡོད་མེད་ལ་སོགས་མཐའ་བྲལ་བ། །ཡིན་པར་འདུག་གོ་ངེས་ཤེས་ལ། །དེ་ངང་འདུག་པ་གཤིས་ལ་ཤོར། །ཉོན་མོངས་དུག་ལྔ་འདུལ་བའི་ཕྱིར་། སྟོང་ཉིད་བསྒོམ་པ་ཡིན་བསམ་པ། །དེ་ནི་གཉེན་པོར་ཤོར་བ་ཡིན། །དེ་དག་བློས་བྱས་བཅོས་པའི་ལམ། །དེ་ལྟར་མ་ཡེངས་རང་སེམས་ལ། །རང་གིས་རང་ལ་བལྟས་པའི་ཚེ། །གཟུགས་དང་དངོས་པོ་མ་མཐོང་ཡང་། །མ་མཐོང་བ་ཡི་མཐོང་རྒྱུ་ཞིག །ས་ལེ་སིང་ངེ་ཡེ་རེ་བ། །ཡུད་ཙམ་ཀྱི་ལེ་གནས་པ་དེ། །གནས་པ་ཡིན་ཞིང་དེ་ཡང་ནི། །ཡུན་རིང་མི་གནས་ཀུན་ཏུ་རྒྱུག །དེ་ཡང་འགྱུ་མཁན་ཁོ་རང་ལ། །ཧྲིག་གེར་བལྟས་པས་རང་སར་ཞི། །ཆུ་རླབས་ཆུ་ལ་ཐིམ་པ་འདྲ། །འགྱུ་དང་གནས་པ་གང་བྱེད་པ། །རིག་ཅིང་མཐོང་བ་གནས་འགྱུ་ཤེས། །དེ་ལ་ཡུན་རིང་སྐྱོང་པའི་ཚེ། །དྲན་པ་ཙམ་ནས་ཐོག་ཏུ་སླེབ། །མ་དྲན་ན་ནི་འཁྲུལ་བ་སྟེ། །དྲན་ན་ཉམས་ལེན་སྟེང་དུ་ཕྱིན། །གནས་འགྱུ་སྐྱོང་བདེ་ཟེར་བའོ། །དེ་ལ་ཡུན་རིང་བསྐྱངས་བྱས་པས། །རླུང་མེད་མར་མེ་ཇི་བཞིན་དུ། །སྟོང་གསལ་བདེ་བའི་ཉམས་དང་ལྡན། །དེ་ལ་བསྒོམ་དུས་


CMR051_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་གནས། །ཡེངས་ན་ཐ་མལ་འཁྲུལ་པར་འབྱམས། །རེས་འགའ་ཉམས་ལེན་རེས་འགའ་འཁྲུལ། །ཉིན་རེ་ལ་ཡང་རེས་འཇོག་མང་། །རྩེ་གཅིག་ཆུང་ངུའི་རྣལ་འབྱོར་རོ། །དེ་ལ་བརྩོན་འགྲུས་ཆེར་བྱས་པས། །རེས་འགའ་བདེ་ལ་རེས་འགའ་གསལ། །རེས་འགའ་མི་རྟོག་ཉམས་འཆར་ཏེ། །གོལ་ས་གསུམ་ནི་འདི་སྐབས་འབྱུང་། །ལུས་བདེ་སེམས་བདེ་འགྱུ་བ་ཉུང་། །ཉིན་མོ་ཕལ་ཆེར་འབྲལ་བ་མེད། །སྤྱོད་ལམ་རྣམ་བཞིར་འབྲལ་མེད་འབྱུང་། །དེ་ལ་ཆགས་ཞེན་སྐྱེས་ན་ནི། །དེ་ཡན་ཉམས་རྟོགས་འཕར་མི་ནུས། །ཕྱི་མ་འདོད་ཁམས་ལྷ་རུ་སྐྱེ། །རེས་འགའ་གསལ་སྟོང་རྗེན་པར་བུད། །སྤྲིན་ཐག་ཆད་པའི་ནམ་མཁའ་བཞིན། །སྟོང་ཉིད་ཉམས་ལེན་མཐོ་སྙམ་པའི། །ངེས་ཤེས་འཛིན་པ་ཆེན་པོ་ཡོད། །ལྷང་ངེ་ས་ལེ་ཧྲིག་གེ་བ། །ལྟ་མི་ལྟ་རྒྱུ་ཡོད་ཡོད་འདྲ། །དེ་ལ་ཆགས་ཞེན་ཆེ་ན་ནི། །ཉམས་རྟོགས་དེ་ལས་མི་འཕར་ཞིང་། །ཕྱི་མ་གཟུགས་ཁམས་ལྷ་རུ་སྐྱེ། །དེ་ནས་དེ་དག་ཉམས་རྣམས་ལ། །ཆགས་ཞེན་འཛིན་པ་མ་སྐྱེས་ན། །ནམ་ཞིག་རྩུབ་ཉམས་ངེས་པར་སྐྱེས། །རྣམ་རྟོག་རླུང་


CMR051_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབ་བཞིན་དུ་ལྡང་། །སེམས་རྒྱུད་མི་བདེ་བློ་མི་བདེ། །སེམས་ལ་བལྟས་ཀྱང་ལྟ་རྒྱུ་མེད། །སྲོག་རླུང་ལྡང་བ་འདྲ་ཞིག་འབྱུང་། །ཞེ་སྡང་ཉོན་མོངས་སྔར་ལས་ཆེ། །དེ་ནི་ལས་སློང་རྩུབ་ཉམས་ཏེ། །དེ་དུས་དེ་ཡི་དབང་བཏང་ན། །སྒོམ་འཁྲེབ་སོང་ཞིང་ཀུན་གྱིས་འཕྱ། ། །དེ་དུས་གསོལ་འདེབས་རྒྱང་འབོད་བྱ། །རང་སེམས་ཀློད་ལ་འབོལ་ལེ་བཞག །དེ་ཡིས་བོགས་ནི་ཆེན་པོ་འབྱུང་། །རེས་འགའ་ཕར་ལ་མ་བལྟས་ཀྱང་། །ཚུར་ལ་རྗེན་ནེ་ས་ལེ་འཆར། །བདེ་ཉམས་གསལ་ཉམས་མི་རྟོག་ཉམས། །མ་ངེས་ཅི་ཡང་འཆར་བ་སྟེ། །འདུག་ས་ནོན་ལ་བྱ་བ་ཐོངས། །ཉམས་ལེན་རྩེ་གཅིག་བྱེད་སྙིང་འདོད། །རྨི་ལམ་ཕལ་ཆེར་ཟིན་གྲངས་མང་། །བརྩོན་འགྲུས་ཆེ་ན་ཉིན་ཕལ་ཆེར། །ཡེངས་སྐབས་འདྲ་བ་མེད་པ་འབྱུང་། །དེ་ལ་རྩེ་གཅིག་འབྲིང་པོར་རྩི། །དེ་ནས་གསལ་ཉམས་འཆར་བ་ནི། །གཞན་སེམས་ཤེས་ལ་ཁད་པ་དང་། །གཉིད་དང་མ་གཉིད་སོ་མཚམས་ན། །མེ་རུ་བཀྱག་འདྲའི་འོད་དང་ནི། །ཟླ་ཐིག་འདྲ་བའི་འོད་འབྱུང་བས། །དེ་ཡིས་རྐྱེན་བྱས་སེམས་ངོ་ཟིན། །ཐག་རིང་མི་ཡིས་ཅི་བྱེད་མཐོང་། །ཐག་རིང་ཅི་


CMR051_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་སྐད་གོ་བ། །མངོན་ཤེས་འདྲ་བ་ལན་འགའ་འབྱུང་། །རྒྱུན་དུ་འབྱུང་བ་མ་ཡིན་ནོ། །རྨི་ལམ་རེས་ཟིན་རེས་འགའ་འཁྲུལ། །འཁྲུལ་དུས་རྨི་ལམ་གང་རྨིས་པ། །མངོན་ཤེས་ལྟ་བུར་ཐོག་ཏུ་བབ། །ཉམས་དང་རྨི་ལམ་ཡི་དམ་དང་། །ཆོས་སྐྱོང་ལྷ་འདྲེ་གཞི་བདག་མཐོང་། །དེ་དག་མངོན་ཤེས་ཡིན་སྙམ་ནས། །ང་རྒྱལ་སྐྱེས་ན་བདུད་ཀྱིས་བསླུས། །མཆོག་འཛིན་མེད་ན་ལམ་དུ་འགྲོ། །འགྱུ་བས་བསྒོམ་ལ་མི་གནོད་ཅིང་། །ཆུ་དང་རླབས་བཞིན་དབྱིངས་སུ་ཐིམ། །རྣམ་རྟོག་སྒོམ་དུ་ཤར་བ་སྟེ། །བསྐྱེད་རྫོགས་ཟུང་འཇུག་གསལ་སྟོང་འཆར། །དེ་ནས་སྟོང་ཉམས་འཆར་བ་སྟེ། །འཁོར་འདས་ཐམས་ཅད་སྟོང་པ་ཉིད། །ནམ་མཁའ་ལྟ་བུའི་ཉམས་ཤིག་འཆར། །ཐམས་ཅད་ནམ་མཁའ་འདྲ་འོ་ཞེས། །འཛིན་པས་བཅིངས་ན་གོལ་ས་འོ། །ཐམས་ཅད་རང་སེམས་ཁོ་ནར་རྟོགས། །ཐམས་ཅད་རང་སེམས་ཡིན་ནོ་ཞེས། །འཛིན་པས་བཅིངས་ན་གོལ་ས་འོ། །ཐམས་ཅད་སེམས་ཡིན་སེམས་དེ་ཡང་། །མེད་སྟོང་ཉིད་མིན་སེམས་ཡིན་པར། །སེམས་མེད་བསམ་པའི་འཛིན་པས་བཅིངས། །དེ་ཡང་གོལ་ས་ཡིན་པ་འོ། །


CMR051_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་ཡོད་པ་མ་ཡིན་ཞིང་། །མེད་པ་མ་ཡིན་ཅི་ཡང་འཆར། །ཡོད་མིན་མེད་མིན་ཡིན་ནོ་ཞེས། །འཛིན་པས་བཅིངས་ན་གོལ་ས་སྟེ། །གཟུགས་མེད་མུ་བཞིའི་གོལ་ས་འོ། །འདོད་ཁམས་ལྷ་ཡི་གོལ་ས་དང་། །བདེ་སྟོང་ཕྱག་ཆེན་ནོར་དོགས་གདའ། །གཟུགས་ཁམས་ལྷ་ཡི་གོལ་ས་དང་། །གསལ་སྟོང་ཕྱག་ཆེན་ནོར་དོགས་གདའ། །སྐྱེ་མཆེད་མུ་བཞིའི་གོལ་ས་དང་། །མི་རྟོག་ཕྱག་ཆེན་ནོར་དོགས་གདའ། །གང་ཤར་འཛིན་མེད་ཕྱག་ཆེན་ཡིན། །འཛིན་པས་བཅིངས་ན་གོལ་ས་ཡིན། །བདེ་གསལ་མི་རྟོག་ཏིང་འཛིན་བརྟན། །ཆོས་ཚུགས་འཛིན་ལ་རང་རྒྱུད་དུལ། །ཉམས་རྟོགས་བཟང་བའི་རློམ་པ་ཆེ། །ལྟ་རྒྱུའི་ངེས་ཤེས་ཆེན་པོ་ཡོད། །རྩེ་གཅིག་རབ་ཡིན་དེ་ཡན་ཆད། །ཉམས་ཡིན་འཕོ་འགྱུར་ཤིན་ཏུ་ཆེ། །དེ་ནས་བལྟ་མི་ལྟ་རྒྱུ་མེད། །ངེས་ཤེས་བརྟན་པོ་གར་སོང་མེད། །འདི་ཡིན་འདི་མིན་འདི་བསྒོམ་མེད། །སེམས་ངོ་མ་ཤེས་ཐ་མལ་ལུས། །དེ་དང་ཁྱད་མེད་འདྲ་བ་ལ། །ཅུང་ཙམ་མི་འདྲ་ཅི་ཡིན་སྙམ། །ཁ་རོག་བསྡད་པ་འདྲ་གཅིག་ལས། །ཅི་ཡང་བསྒོམ་རྒྱུ་མེད་པ་ཅིག །བྱུང་ན་ངོ་བོ་མཐོང་བ་སྟེ། །


CMR051_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་ཤེས་པ་རྗེན་པ་ཞེས། །སྤྲོས་བྲལ་ཆུང་ངུའི་རྟོགས་པ་ཡིན། །ཡེངས་སྐབས་ཐ་མལ་འཁྲུལ་པ་སྟེ། །མ་ཡེངས་འཕོ་འགྱུར་ཆེན་པོ་མེད། །ཕྱི་རོལ་གཟུགས་སྒྲ་དྲི་རོ་སོགས། །ཚོགས་བརྒྱད་སྣང་བ་ཅི་ཤར་ཡང་། །སོ་སོར་མཐོང་ཐོས་ཚོར་ན་ཡང་། །འཛིན་པ་མི་འཇུག་ཉམས་ལེན་ངང་། །གང་ཟག་བདག་མེད་ཅེས་བྱ་འོ། །ཡེངས་སྐབས་ཉོན་མོངས་རྟོག་པ་འཆར། །དྲན་པས་ཟིན་ན་རང་སར་ཞི། །ཡེངས་སྐབས་མང་ཉུང་བརྩོན་འགྲུས་ཁྱད། །ཕལ་ཆེར་བསྐྱེད་རྫོགས་ཟུང་འཇུག་གོ །དེ་ནི་སྤྲོས་བྲལ་འབྲིང་པོ་འོ། །དེ་ནས་རང་སེམས་ནམ་མཁའ་གཉིས། །དབྱེར་མེད་འདྲེས་པའི་འཛིན་པ་ཅན། །ཐམས་ཅད་སྟོང་པའི་ཉམས་ཤིག་འཆར། །སྤྲོས་པ་མེད་པའི་སྟོང་རྫིས་ཁྱེར། །ཡང་ཡང་ངོ་བོ་ལྟ་བ་དང་། །ལྟ་སྟངས་ཡང་ཡང་བྱ་བ་གཅེས། །རྒྱལ་བའི་ཐུགས་དང་རང་སེམས་དང་། །འགྲོ་བའི་སེམས་རྒྱུད་དབྱེར་མེད་པའི། །རྟོགས་པ་རེས་འཆར་རེས་མི་འཆར། །སྤྲོས་བྲལ་ཆེན་པོ་ཡིན་པའོ། །དེ་ནས་ཕྱི་ཡི་སྣང་བ་ཡི། །རི་བྲག་གྲོང་ཁྱེར་གཟུགས་སྒྲ་སོགས། །ཐམས་ཅད་རྒྱ་མཚོར་གཟའ་སྐར་ལྟར། །


CMR051_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསལ་ཡང་ངོ་བོ་སྟོང་། །ཕལ་ཆེར་རང་ཤར་ཤུགས་འབྱུང་འཆར། །ལྷ་དང་འདྲེ་དང་བཟང་དང་ངན་། །ཐམས་ཅད་སེམས་དང་དབྱེར་མེད་འདྲེས། །རོ་གཅིག་ཆུང་ངུ་ཡིན་པར་སྣང་། །ཡེངས་སྐབས་ད་རུང་འཁྲུལ་པར་འབྱམས། །དུག་ལྔ་ཁོང་ཁྲོ་སྔར་ལས་ཧྲག །རོ་གཅིག་འདྲེས་པའི་རྦ་ལ་གཡེང་། །ཡེངས་སྐབས་མང་བས་ཡིད་མི་ཚིམ། །དེ་ནས་ཡེངས་སྐབས་ཡོད་ན་ཡང་། །ཡེངས་དང་མ་ཡེངས་ཁྱད་མེད་ཅིང་། །གཉིད་དང་མ་གཉིད་ཁྱད་མེད་ལ། །འཁྲུལ་དང་མ་འཁྲུལ་ཁྱད་མེད་པའི། །གོ་བ་སྐམ་པོ་མ་ཡིན་པའི། །རྟོགས་པའི་གདེང་ཞིག་ནང་ནས་འཆར། །བླ་མ་ཡི་དམ་མཁའ་འགྲོ་ཡང་། །རང་སེམས་ཉིད་དང་དབྱེར་མེད་རྟོགས། །རྣམ་རྟོག་རང་གཟུགས་མ་གཏོགས་པའི། །འདྲེ་གཞན་མེད་པར་ཁོ་ཐག་ཆོད། །རོ་གཅིག་འབྲིང་པོ་ཡིན་ནམ་སེམས། །དེ་ཡན་ང་ལ་བཤད་རྒྱུ་མེད། །སྐྱིད་སྡུག་བདེ་དང་ནད་ཐུ་མོ། །གཤེ་དང་བསྟོད་སོགས་ཁྱད་མེད་པ། །རོ་གཅིག་ཆེན་པོ་ཡིན་སྐད་ཐོས། །དེ་ནས་དྲན་རྫི་མི་དགོས་པར། །ངོ་བོ་རྗེན་པར་གནས་པ་ནི། །བསྒོམ་མེད་ཡིན་པར་ནཱ་རོས་གསུངས། །བསྒོམ་ཡོད་


CMR051_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མེད་ཁྱད་པར་ནི། །དྲན་རྫི་དགོས་དང་མི་དགོས་ཀྱིས། །ཁྱད་པར་ཡིན་པར་གསུངས་གདའོ། །གང་དྲན་བྲིས་པས་མཁས་གྲུབ་རྣམས། །བཀའ་བསྐྱོན་གནང་བ་སྲིད་ན་ཡང་། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས། །དཔེ་དང་བསྟུན་ན་འགྲིགས་དཀའ་ཡང་། །གང་དྲན་ཉམས་ལ་གང་ཤར་ཡིན། །རཱ་ག་ཨ་སྱས་གདམས་པའོ།། ༈ །།རྟ་མགྲིན་མགོན་ལ་གནང་བའི་ཞལ་གདམས་བཞུགས། །ན་མོ་ལོ་ཀེ་ཤྭ་ར་ཡེ། བུ་འདྲེས་སྔའི་གྲོགས་མཆོག་རྟ་མགྲིན་མགོན། །ཡུན་རིང་པོ་ན་ནས་ཡུས་ཆེ་ཞིང་། །དུས་ད་རེས་ང་དང་མཇལ་བ་དེ། །དཔེ་ཤི་གསོན་འཕྲད་ལྟར་དགའ་བར་བྱུང་། །སྔོན་རང་གིས་བྱས་པའི་ལས་འབྲས་ལ། །དེ་བཅོས་སུ་མེད་པར་ཐུབ་པས་གསུངས། །དོན་དེ་ཕྱིར་ནད་འདིར་ཕན་དཀའ་ཡང་། །ནད་བྱང་ཆུབ་ལམ་དུ་བསྒྱུར་བའི་ཐབས། །ཚེ་འདི་ཕྱིར་ཕན་པའི་གདམས་ངག་འཆད། །དེས་ཕན་སྲིད་མ་ཕན་ཤི་ན་ཡང་། །བདག་མཚམས་ཀྱི་བཅད་རྒྱ་དམ་པ་དེས། །ཚེ་འདི་ལ་འཕྲད་པའི་སྐབས་མེད་ཀྱང་། །ནུབ་བདེ་བ་ཅན་


CMR051_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞིང་ཁམས་སུ། །རང་གཉིས་པོ་མཇལ་བའི་སྨོན་ལམ་བྱེད། །དེ་བར་དུ་ང་དང་འཕྲད་འདོད་དུས། །དཔེ་ཡི་གེ་འདི་དོན་ལྟོས་ཤིང་བསྒོམ། །སྔོན་ཤཱཀ་ཐུབ་ལ་སོགས་སངས་རྒྱས་ཀུན། །རང་བློས་བཏང་གཞན་དོན་བྱས་པས་འཆིངས། །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །གཞན་བློས་བཏང་རང་དོན་བྱས་པས་ཕུང་། །གནད་འདི་ལ་བསམ་བློ་ཐོངས་མཛོད་ལ། །རླུང་སྣ་ནས་ཕར་ལ་འགྲོ་བའི་ཚེ། །བདག་རང་གི་བདེ་སྐྱིད་དགེ་རྩ་ཀུན། །མ་འགྲོ་དྲུག་ཀུན་ལ་སིབ་སིབ་ཐིམ། །དེ་ཐམས་ཅད་བདེ་སྐྱིད་ལྡན་པར་བསྒོམ། །དེ་བྱམས་པ་ཚད་མེད་བྱང་ཆུབ་ལམ། །རླུང་སྣ་ནས་ཚུར་ལ་རྔུབ་པའི་དུས། །མ་འགྲོ་དྲུག་སྡིག་སྒྲིབ་སྡུག་བསྔལ་ཀུན། །དེ་སིབས་སེ་བསྡུས་ནས་རང་ལ་བསྟིམ། །མ་འགྲོ་དྲུག་སྡུག་བསྔལ་བྲལ་བར་བསྒོམ། །དེ་སྙིང་རྗེ་ཚད་མེད་བྱང་ཆུབ་ལམ། །དེ་སྙིང་ནས་རྩེ་གཅིག་བསྒོམ་ནུས་ན། །ཚེ་སྔོན་གྱི་ལས་ངན་ཐམས་ཅད་གང་། །ནད་ཀུན་ཞི་གདོན་ཀུན་དམ་ལ་ཐོགས། །ཆོས་མདོ་སྡེ་རྣམས་ཀྱི་སྙིང་པོའི་བཅུད། །དཔལ་ཇོ་བོ་རྗེ་ཡི་ཟབ་ཆོས་ཏེ། །དཔལ་འབྲི་གུང་འཇིག་རྟེན་གསུམ་མགོན་


CMR051_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དགེ་བཤེས་འཆད་ཁའི་མཛེ་བཅོས་ཡིན། །དེ་སྔོན་འགྲོའི་ཉམས་ལེན་མཐིལ་པོ་མཛོད། །ཡང་རང་ལ་གནོད་བྱེད་གང་ཡིན་དང་། །མ་འགྲོ་དྲུག་ཀུན་གྱི་སྡུག་བསྔལ་ཀུན། །དེ་མ་ལུས་བསྡུས་ནས་ན་སར་བསྟིམ། །དེ་རུལ་བ་ལྟར་དུ་ཁྲག་བབ་ནས། །ས་ལུང་པ་ཐམས་ཅད་གང་བ་ལ། །གདོན་ལན་ཆགས་ཀུན་གྱིས་དེ་འཐུང་བས། །ཁོ་དགའ་མགུ་ལན་ཆགས་བྱང་བར་བསྒོམ། །དེ་ཕ་གཅིག་དམ་པའི་གདམས་ངག་ཡིན། །དོན་དམིགས་པའི་ཁྲག་གཏད་ནད་ལ་ཕན། །ཡང་གཟེར་ཆེན་བསྒྱུར་ཡང་མི་ཚུགས་ན། །རང་སེམས་ཉིད་ནམ་མཁའི་དཀྱིལ་དུ་འཕོངས། །ལུས་བེམ་རིག་ཉལ་ས་དེ་ལ་བཞག །རང་ནམ་མཁའི་དབྱིངས་སུ་ཡོད་པ་དེས། །ཕྱིར་ལུས་པོ་དེ་ལ་ལྟ་བར་བསྒོམ། །དེས་གཟེར་ཆེན་ཆོག་ནས་བསྲན་ཚུགས་འོང་། །གདོན་ཆེ་ནས་ཅིས་ཀྱང་མ་ཐུབ་ན། །རང་ལྟེ་བའི་དབུས་སུ་རཾ་དམར་པོ། །རཾ་དེ་ལས་མེ་འབར་ལུས་ཀུན་དང་། །གདོན་སྡིག་སྒྲིབ་བཅས་པ་དུས་གཅིག་བསྲེགས། །ལུས་མེ་ལྕེ་ཕུང་པོ་གཅིག་ཏུ་གྱུར། །མེ་དེ་ཡི་མེ་སྒྲ་སྔགས་སྒྲར་བསྒོམ། །སྔགས་རྟ་མགྲིན་སྙིང་པོ་ཅི་ནུས་འདོན། །


CMR051_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དེ་པདྨ་འབྱུང་གནས་གདམས་པ་སྟེ། །གདོན་ལུས་ལ་ཞུགས་པ་དེ་ཡིས་སེལ། །ལུས་བེམ་པོ་འདི་ནི་ས་རྡོ་འདྲ། །སེམས་སྟོང་པ་དངོས་མེད་ནམ་མཁའ་འདྲ། །ནད་ཅེས་བྱ་སེམས་ཀྱི་རྣམ་རྟོག་ཙམ། །ང་ནའོ་བསམ་མཁན་སེམས་ལ་ལྟོས། །དེ་བལྟས་པས་སྟོང་གསལ་རྗེན་པར་འཆར། །གཟེར་ནམ་བྱུང་སེམས་ལ་ལྟ་ནུས་ན། །ནད་སྡུག་བསྔལ་ཕྱག་རྒྱ་ཆེན་པོར་འཆར། །དེ་ནཱ་རོ་པཎ་ཆེན་གདམས་ངག་ཡིན། །ཁྱོད་དེ་ལྟར་རྒྱུན་དུ་ཉམས་བླངས་ན། །ནད་ན་བ་སྒྲིབ་པའི་ཕྱགས་ཤིང་ཡིན། །དུས་ནམ་ཞིག་ལུས་སེམས་བྲལ་བའི་ཚེ། །རང་བར་དོ་ཡིན་པར་ངོ་ཤེས་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །རང་འགྲོ་བའི་འདུན་པ་རྩེ་གཅིག་མཛོད། །དེར་བསམ་མ་ཐག་ཏུ་ཕྱིན་པར་འགྱུར། །དེ་དྲན་པས་ཆོག་གོ་དཀའ་ལས་མེད། །དེ་མགྱོགས་བུལ་ད་ལྟའི་འགྱུ་བ་ལྟོས། །དེ་འོད་དཔག་མེད་པ་ཞལ་མཐོང་ནས། །ཡིད་དགའ་ནས་པདྨའི་སྦུབས་ལ་སྐྱེས། །དེ་སངས་རྒྱས་མཇལ་བའི་བྱིན་རླབས་ཡིན། །གདན་པདྨ་ངོས་བཟུང་སོགས་མི་དགོས། །དེ་མདོ་རྒྱུད་དགོངས་པ་ཡིན་པའི་ཕྱིར། །ཁྱོད་ཐེ་ཚོམ་མ་བྱེད་སྙིང་ལ་


CMR051_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཆོངས། །དེ་གསང་འདུས་སྒྲུབ་ཆེན་ཆོས་ར་ན། །མཚན་མར་མེའི་ངོས་ལ་བྲིས་པ་ཡིན། །བདག་རྣལ་འབྱོར་རཱ་ག་ཨ་སྱས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརང་རིག་གཉུག་མ་ཉམས་སུ་བླངས་པས་རྣལ་འབྱོར་བཞིའི་རིམ་པ་འཆར་ཚུལ་མདོར་བསྡུས་པ་སྒོམ་ཆེན་གུ་རུ་བསྟན་འཛིན་ལ་ཞལ་གདམས་གནང་བ།next