Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
གློ་བུར་འཆི་བ་ཐོག་བབ་བྱུང་ན་འདི་བྱ་འདི་བྱེད་ཀྲིག་གེ་ཡོད་པ་པདྨ་མཐར་ཕྱིན་ལ་གདམས་པ།
   
   
   
   
   
   
   
   
   
   
   


 
previousགློ་བུར་འཆི་བ་ཐོག་བབ་བྱུང་ན་འདི་བྱ་འདི་བྱེད་ཀྲིག་གེ་ཡོད་པ་པདྨ་མཐར་ཕྱིན་ལ་གདམས་པ།next

གློ་བུར་འཆི་བ་ཐོག་བབ་བྱུང་ན་འདི་བྱ་འདི་བྱེད་ཀྲིག་གེ་ཡོད་པ་པདྨ་མཐར་ཕྱིན་ལ་གདམས་པ།


CMR051_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བུར་འཆི་བ་ཐོག་བབ་བྱུང་ན་འདི་བྱ་འདི་བྱེད་ཀྲིག་གེ་ཡོད་པ་པདྨ་མཐར་ཕྱིན་ལ་གདམས་པ་ཀུན་ལ་གལ་ཆེའོ།།


CMR051_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། གསོན་དང་བདག་ལ་ལྟོས་པའི་གྲྭ་སློབ་རྣམས། །ད་རེས་དལ་འབྱོར་མི་ལུས་ལན་གཅིག་འདི། །དུས་ངན་སྙིགས་མ་ལྔ་ཡི་དུས་དང་ཐུག །ཚེ་སྟོད་ཕལ་ཆེར་ཡང་ཡེངས་ངང་ལ་ཟད། །བྱ་བ་སྒྲུབ་དགོས་ཆུ་ཡི་གཉེར་མ་འདྲ། །རྣམ་གཡེང་མང་པོས་དམ་ཆོས་སྒྲུབ་མི་ཁོམ། །མེད་པ་འཚོལ་དགོས་ཡོད་པ་འཚོ་སྐྱོང་སྡུག །མུ་གེ་དུས་འཁྲུག་ནད་ཡམས་མང་བས་སྡུག །དགྲ་ཇག་ཆོམ་རྐུན་རྒྱལ་པོའི་འཇིགས་པས་སྡུག །ནད་དང་གདོན་དང་དུས་མིན་འཆི་དོགས་སྡུག །འཆི་ཁ་གནད་གཅོད་ཟུག་གཟེར་དྲག་པོས་སྡུག །འབྱུང་བཞི་ཐིམ་


CMR051_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་སྲོག་ཆད་ཚོར་བས་སྡུག །བར་དོའི་འཁྲུལ་སྣང་འཇིགས་སྐྲག་དྲག་པོས་སྡུག །སྡུག་བསྔལ་དེ་རྣམས་མི་མྱོང་ཐབས་མི་གདའ་། །འོན་ཀྱང་ཚེ་མཇུག་དགུན་གྱི་ཉི་མ་ཙམ། །འཆི་ནད་སྲོག་གཅོད་ཟླ་ཤས་ཞག་ཤས་ཙམ། །བར་དོའི་འཁྲུལ་སྣང་ཟླ་ངོ་གཅིག་གཉིས་ཙམ། །འཁོར་བ་མཐའ་མེད་གནས་སུ་མ་འཁྱམས་ན། །དེ་ཙམ་སྡུག་ཀྱང་སྡུག་ཡུན་ཐུང་བས་དྲག །སྡུག་བསྔལ་དེ་རྣམས་སྡུག་བསྔལ་རྫོགས་སོ་བྱེད། །དེ་བས་གཏན་བདེའི་གནས་སུ་འགྲོ་བའི་ཐབས། །ཆོས་སྐད་དམའ་འུ་ལག་ཏུ་ལོན་ངེས་པ། །སྙིང་གི་གཏམ་འདི་སྙིང་ལ་འཆང་


CMR051_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ཕན་ངེས་སྐྱོབ་ངེས་ཡིན་ནོ་རིགས་ཀྱི་བུ། །ལོ་མང་མཐའ་འམ་ད་ལོ་སང་ཕོད་བར། །བསམ་དུ་མེད་པར་འཆི་ནད་ཕོག་བྱུང་ན། །ཅི་བྱ་བསམ་དུས་ངེས་ཀྲིག་ཡོད་པར་བྱ། །བདག་ནི་ཆོས་སྒོར་ཞུགས་པའི་ལ་དོན་དེ། །དགོས་པའི་དུས་ལ་བབ་བསམ་རིག་པ་སྒྲིམས། །ངོ་ཤི་སྙམ་དུ་ཞེ་རྩ་མ་ཁུམ་པར། །ཤཱཀ་ཐུབ་མན་ནས་འཇག་མའི་སྲིན་བུ་ཡན། །མི་འཆི་འདུག་པས་ཆོག་པ་གཅིག་ཀྱང་མེད། །ད་རེས་ཁོ་ན་ཤི་བ་མ་ཡིན་ཏེ། །ཚེ་སྔོན་བྱེ་བ་དུང་ཕྱུར་གྲངས་མེད་ཤི །ལུས་པོ་ཁང་པ་སྒྱུར་ལྟར་བྱེད་པ་ལས། །སེམས་ཉིད་སྟོང་པ་ཉིད་ལ་འཆི་རྒྱུ་མེད། །འཆི་ཁ་གནད་གཅོད་སྡུག་བསྔལ་འདི་སྡུག་ཀྱང་། །འཆི་བ་དངོས་ནི་སྐད་ཅིག་བཏང་སྙོམས་ཏེ། །བདེ་སྡུག་ཚོར་བ་ཅི་ཡང་མེད་པར་གསུངས། །ད་རེས་འཆི་བ་འདི་ལ་བརྟེན་ནས་ཀྱང་། །འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཆི་བ་འོད་གསལ་ཆོས་སྐུར་ངོས་བཟུང་སྟེ། །བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས། །སྐྱེ་བ་སྤྲུལ་སྐུ་བདེ་ཆེན་ཞིང་ཁམས་སུ། །མེ་ཏོག་པདྨའི་སྦུབས་ལ་བརྫུས་སྐྱེས་ནས། །ས་བཅུ་ཐོབ་ནས་ཕྱོགས་བཅུའི་ཞིང་ཁམས་སུ། །


CMR051_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པས་འགྲོ་བ་མ་ལུས་འདྲེན་པར་བྱ། །སྙམ་དུ་སེམས་བསྐྱེད་སྙིང་ལ་ལན་འགར་བསམ། །དེ་ནས་རང་ཉིད་རྒྱལ་བ་རྒྱ་མཚོར་བསྒོམ། །སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁའ་ལ། །པདྨ་འདབ་མ་སྟོང་ལྡན་ཟླ་བའི་སྟེང་། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀུན། །གཅིག་བསྡུས་ངོ་བོ་སངས་རྒྱས་འོད་དཔག་མེད། །མངོན་སུམ་ལྟ་བུར་ཤིན་ཏུ་གསལ་བར་བསྒོམ། །བདེ་བ་ཅན་ནས་ཡིད་ཀྱིས་སྤྱན་དྲངས་བསྟིམ། །ལུས་དང་ལོངས་སྤྱོད་ཉེ་དུ་རྟེན་གསུམ་སོགས། །མཎྜལ་དུ་དམིགས་མཎྜལ་ལན་གསུམ་ཕུལ། །དེ་ནས་འབུལ་བ་ཚར་བའི་ཡོན་བདག་བཞིན། །སུ་ཡིས་ཁྱེར་ན་སེར་སྣ་ཆགས་སྡང་སྤོངས། །དེ་ནས་རང་ལུས་སྟོང་པ་ཕུས་བཏབ་བཞིན། །མ་དག་སྒོ་བརྒྱད་ཧཱུྃཿཡིག་རེ་རེས་བཀག །ལུས་དབུས་དབུ་མ་ཁང་སྟོང་ཀ་བ་བཞིན། །ཕྱི་དཀར་ནང་དམར་སྟོང་པ་སང་ངེ་བ། །ཡར་སྣེ་ཚངས་བུག་གནས་སུ་ཧད་པོ་ལ། །མར་སྣེ་ལྟེ་འོག་ཕུག་རྡུགས་སྨུག་ཚིགས་བཞིན། །ལྟེ་བར་པདྨ་དམར་པོ་འདབ་བཞིའི་སྟེང་། །རང་གི་རླུང་སེམས་རྣམ་ཤེས་ངོ་བོ་ནི། །ཐིག་ལེ་དཀར་པོ་སྲན་མ་རློན་པ་ཙམ། །བཀྲག་མདངས་ལྡན་ཞིང་


CMR051_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་འདར་ལིང་ལིང་བསྒོམ། །ཐིག་ལེ་དེ་ཉིད་སྐར་ཁུང་མདའ་འཕང་བཞིན། །འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསྒོམ། །སླར་ཡང་ལྟེ་བར་ཐིག་ལེ་གོང་ལྟར་བསྒོམ། །བསྒོམ་ཝིག་སྤར་ཝིག་བདུན་ནམ་ཉེར་གཅིག་བྱ། །དེ་ཡིས་གལ་ཏེ་ཐུགས་དམ་མ་ཟིན་ན། །བར་ཆད་རྐྱེན་གྱིས་ཟིན་པ་འགྲོགས་ན་ཡང་། །བུ་ག་གཞན་ནས་མི་འགྲོ་སྤྱི་བོར་འཕོ། །འཆི་ཁ་སེམས་དང་བསམ་པ་སྟོབས་ཆེ་བས། །བཟང་ངན་ཡིད་ལ་གང་བཟུང་ནུས་པ་ཆེ། །ལོ་ཏོག་སེམས་ཆགས་སད་ཀྱིས་ཁྱེར་ཟེར་དང་། །ཞེ་སྡང་སྨོན་ལམ་ངན་པས་འདྲེར་སྐྱེ་ནུས། །དེ་ཕྱིར་ཤི་ནས་ཞག་གྲངས་ལྔ་བདུན་ནམ། །ཅི་ཙམ་འདོད་པའི་བར་དུ་ཐུགས་དམ་ལ། །འདུག་ཅིང་མི་འཕོ་བསམ་པའི་དམ་བཅའ་བྱ། །ཞག་གྲངས་དུ་སོང་རང་གིས་ཤེས་དཀའ་སྟེ། །འཆི་སེམས་སྟོབས་ཀྱིས་དམ་བཅའི་སྟེང་དུ་འགྲོ། །དེ་ནས་ཐུགས་དམ་བརྟན་པར་བྱེད་པའི་ཐབས། །རང་ཉིད་རྒྱལ་བ་རྒྱ་མཚོའི་སྐུ་གཟུགས་ནི། །ཤིན་ཏུ་གསལ་བའི་བསྐྱེད་རིམ་གཟུང་བར་བྱ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། །ཧྲཱིཿཡིག་དམར་པོ་སྔགས་ཀྱིས་བསྐོར་བ་དེ། །འོད་ནི་མར་མེ་བལྟམས་


CMR051_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་ཡིས། །ལུས་ཀྱི་ནང་ཀུན་གསལ་བར་ཐུན་གཅིག་བསྒོམ། །དེ་ནས་དམིགས་པ་ཅི་ཡང་མི་བསྒོམ་པར། །སྙིང་དཀྱིལ་ཐད་དུ་རིག་པ་ཚུར་བཀུག་ལ། །སེམས་ངོའི་སྟེང་དུ་རིག་པ་ཅི་གནས་བྱ། །འབྱུང་བཞི་ཐིམ་རིམ་དཀར་ལམ་དམར་ལམ་སོགས། །སོ་སོར་ངེས་ཤེས་ངོས་བཟུང་བྱ་མི་དགོས། །གང་ཤར་དེ་ཡི་ངོ་བོ་བལྟས་པས་ཆོག །དེ་ཡན་འཆི་ཁ་ཇི་ལྟར་བསྒོམ་པའི་ཚུལ། །རབ་འབྲིང་ཐ་མ་གསུམ་ཀ་སྒོམ་ལུགས་འདྲ། །དེ་ལྟར་སྒོམ་ལུགས་ཁྱད་པར་མེད་ན་ཡང་། །ཟིན་ལུགས་རབ་འབྲིང་ཐ་མ་ཡང་ཐ་བཞི། །རབ་ལ་རང་དབང་ཆེ་བ་འདྲ་ཞིག་བྱུང་། །ཕྱི་དབུགས་ཆད་ནས་ནག་ལམ་འཐུག་པོའི་སྐབས། །ཕྱི་ཡི་ཚོགས་བརྒྱད་འགགས་ནས་འཁོར་བ་མེད། །ཕུང་པོ་ཕན་ཚུན་ཁྱེར་རམ་གདུང་བཅས་སོགས། །ཤ་ཚ་མེད་ལྟར་བྱས་ཀྱང་ཚོར་བ་མེད། །དཔེར་ན་བུམ་པའི་ནང་གི་མར་མེ་འདྲ། །དེ་ནས་གཞི་ཡི་འོད་གསལ་ཞེས་བྱ་སྟེ། །ཕྱི་རོལ་ཅུང་གསལ་སྐྱ་རེངས་ཤར་བ་བཞིན། །ནང་དུ་སེམས་ངོ་སྟོང་གསལ་རྗེན་ལྷང་ངེར། །ཕར་ལ་ཚོལ་མི་དགོས་པར་ཚུར་ལ་འཆར། །ངོ་ཤེས་མི་དང་འཕྲད་བཞིན་ངོས་བཟུང་ནས། །


CMR051_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ངང་དུ་ལྷན་ནེ་གནས་པ་ཡིན། །རྟགས་ནི་ཕུང་པོ་བཀྲག་མདངས་བཟང་བ་དང་། །མིག་ནི་ཟིམ་བུ་ཁ་ཡང་འཛུམ་འདྲ་འབྱུང་། །སེམས་ངོ་ཡོད་པ་དེ་ཡི་དྲུང་ཕྱིན་ཚེ། །སེམས་ངོ་གསལ་ཞིང་བོགས་ནི་ཐོན་འདྲ་འབྱུང་། །རྣམ་རྟོག་རིགས་པ་སྐྱེས་པར་མ་གྱུར་ན། །ནང་དུ་རྣམ་རྟོག་ཕྲའུ་འགྱུ་ན་ཡང་། །དེ་ཡིས་ཐུགས་དམ་འགྲོགས་པར་མི་འགྱུར་ཏེ། །གདུང་ལ་ཐུག་རེག་མཆོད་བཤམས་ལ་སོགས་ཀྱིས། །གྲོལ་བར་མི་འགྱུར་ནམ་འདོད་བར་དུ་གནས། །དེ་ནས་འདུག་ཆེད་དམ་བཅའི་དུས་ཚང་ནས། །གཞན་ནས་མི་འཕོ་ཚངས་པའི་བུག་ནས་འཕོ། །དེ་ནས་ལུས་སེམས་བྲལ་བར་གྱུར་མ་ཐག །ད་ལྟར་དུ་འོད་གསལ་ཚུར་ལ་འཆར། །དེ་ཉིད་ངོས་བཟུང་ཅི་འདོད་བར་དུ་གནས། །དེ་ནི་འཆི་བ་ཆོས་སྐུར་སྦྱོང་བ་ཡིན། །གསོན་དུས་རྫོགས་ཆེན་རིག་པ་ཚད་ཕེབ་དང་། །འཆི་བ་འོད་གསལ་དེ་ཉིད་ངོས་ཟིན་ན། །བར་དོར་ཞི་ཁྲོའི་ལྷ་ཚོགས་མི་འཆར་ཏེ། །འོན་ཀྱང་བར་དོར་ལོངས་སྐུར་སྦྱོང་བའི་ཕྱིར། །རྒྱལ་བ་རྒྱ་མཚོ་ལ་སོགས་ཡི་དམ་གྱི། །བསྐྱེད་རིམ་གསལ་སྟོང་འཇའ་ཚོན་ལྟ་བུར་བསྒོམ། །ཐུགས་ཀའི་སྔགས་ཕྲེང་འོད་ཟེར་སྤྲོ་བསྡུ་


CMR051_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སངས་རྒྱས་མཆོད་དང་བྱིན་རླབས་སྡུད་པ་དང་། །སེམས་ཅན་རྣམས་ཀྱི་སྒྲིབ་སྦྱང་འདྲེན་སྟོན་སོགས། །བསྙེན་སྒྲུབ་དུས་ཀྱི་དམིགས་པ་བཞིན་དུ་བྱ། །ད་ལྟ་བསྒོམ་དང་མི་འདྲ་དེ་དུས་སུ། །བསྒོམ་པ་དེ་དག་དངོས་སུ་འགྱུར་བ་ཡིན། །དེ་ནི་བར་དོ་ལོངས་སྐུར་སྦྱོང་བའོ། །དེ་ནས་སྐྱེ་བ་སྤྲུལ་སྐུ་སྦྱོང་བ་ནི། །འཁོར་བ་རིགས་དྲུག་སྡུག་བསྔལ་རྒྱ་མཚོ་ལས། །བྲམ་ཟེའི་མདུན་དུ་བཤང་གཅི་བཞག་པ་བཞིན། །ཞེ་ཡི་གཏིང་ནས་ཞེན་པ་ལོག་པ་ཡིས། །ཡུལ་ཕྱོགས་གྲྭ་སློབ་གཉེན་འདུན་ལ་སོགས་པ། །ཐམས་ཅད་ཀུན་ལ་ཆགས་ཞེན་གཏིང་ནས་སྤོང་། །འོད་དཔག་མེད་དང་བདེ་ཆེན་ཞིང་ཁམས་ཀྱི། །ཡོན་ཏན་རྣམས་ལ་འདོད་པ་ཆེར་བསྐྱེད་དེ། །ཞིང་དེར་བདག་ཉིད་འགྲོ་བར་བྱེད་པ་ལ། །བར་ཆད་སོལ་ཅིག་ལམ་སྣ་དྲོངས་ཤིག་ཅེས། །བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་འབོད། །དེ་ཚེ་འོད་དཔག་མེད་པའི་སྤྲུལ་པ་ཡང་། །བསུ་མའི་ཚུལ་དུ་མདུན་དུ་འབྱོན་པར་བཤད། །བསྒྲུབས་པའི་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །མཆོད་པའི་སྤྲིན་དང་བཅས་ཏེ་སྐྱེལ་བསུ་བྱེད། །དེ་དོན་བདེ་མཆོག་རྩ་བའི་རྒྱུད་ལས་


CMR051_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །དཔལ་ལྡན་ཁྲག་འཐུང་ལ་སོགས་པས། །མེ་ཏོག་ལ་སོགས་ལག་ན་ཐོགས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་འགྱུར། །གསུངས་པ་དེ་ཡང་དེ་ལ་དགོངས་པ་ཡིན། །དེ་ནས་འབྲིང་པོ་རྣམས་ཀྱིས་ཟིན་ལུགས་ལ། །འོད་གསལ་བཟུང་ལུགས་ཟིན་ལུགས་ཁྱད་མེད་དེ།། གྲིབ་གཞི་ཕོག་དང་སྡིག་ཅན་གྲིབ་ཕོག་དང་། །བྱི་བ་སྲེ་མོང་རྨུག་དང་ཀུ་ཅོས་གྲོལ། །འདུག་པའི་དམ་བཅའ་སྟེང་དུ་མ་སོང་བར། །འོད་གསལ་གཉིས་པ་ཤར་ཡང་མ་ཟིན་ནོ། །ཟིན་ཀྱང་ཡུན་རིང་མི་གནས་འཁྲུལ་པར་འགྱུར། །དེ་ནས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ནི། །རིམ་བཞིན་ཐོས་གྲོལ་ནང་ནས་བཤད་ལྟར་འཆར། །ཤར་ཡང་ལོག་ནས་གྲུབ་པ་མེད་པ་ལྟར། །རང་གི་སེམས་ཀྱི་འཁྲུལ་སྣང་ཡིན་ཤེས་ནས། །སེམས་ངོའི་ངང་དུ་མཉམ་པར་བཞག་ན་ནི། །ལྷ་རྣམས་རང་ལ་ཐིམ་ནས་རང་ཉིད་ཀྱང་། །རྟོགས་པ་ལྷ་དེའི་དགོངས་པ་རྟོགས་པར་འགྱུར། །སེམས་ངོ་མ་ཤེས་ངོས་ཟིན་དད་འདུན་བྱས། །ཞིང་ཁམས་དག་པར་སྐྱེ་བའི་རྟེན་འབྲེལ་འགྲིགས། །དེ་ནས་ལྷ་སྐུའི་སྣང་བ་རྫོགས་ཚར་


CMR051_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རིགས་དྲུག་འཁྲུལ་པའི་སྣང་བ་མ་ཤར་སྔོན། །བདེ་བ་ཅན་ན་འགྲོ་བའི་འདུན་པ་བྱ། །བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་འབོད། །དེ་ནས་སངས་རྒྱས་སྤྲུལ་པ་སངས་རྒྱས་སྐུ། །མཐོང་བ་ཡིད་དགའ་སྐྱེ་བའི་རྒྱུ་བྱེད་ཅིང་། །སྨན་བླ་བཏོན་ན་བྱང་ཆུབ་སེམས་དཔའ་བརྒྱད། །ནམ་མཁར་འབྱོན་ནས་ལམ་ཡང་སྟོན་པར་གསུངས། །གསོན་པོའི་དུས་ནས་སྨོན་ལམ་བཏབ་པ་དང་། །བླ་མ་ཡི་དམ་རྣམས་ཀྱི་ཐུགས་རྗེ་ཡིས། །བདེ་བ་ཅན་དུ་ངེས་པར་སྐྱེ་བར་གསུངས། །དེ་ནི་ཟིན་ལུགས་འབྲིང་གི་དབང་ཡིན་ནོ། །ཐ་མས་འོད་གསལ་བཟུང་ལུགས་གོང་དང་འདྲ། །དང་པོ་ཟིན་ཀྱང་ཡུན་དུ་མི་གནས་ཏེ། །རེ་ཞིག་ཟིན་ཡང་མྱུར་དུ་འཁྲུལ་གྱུར་ཏེ། །ད་ལྟ་རྨི་ལམ་དང་པོ་ཟིན་ན་ཡང་། །དེ་ནས་མི་གནས་མཇུག་ན་འཁྲུལ་དང་འདྲ། །ལུས་སེམས་བྲལ་ནས་འོད་གསལ་གཉིས་པ་ཡང་། །ཡུད་ཙམ་ཟིན་ཏེ་དེ་ཡི་སྟེང་མི་གནས། །དེ་ནས་ཞི་ཁྲོའི་ལྷ་ཚོགས་རིམ་པ་བཞིན། །ཡུན་རིང་མི་འཆར་ཡུད་ཙམ་ཡུད་ཙམ་འཆར། །གཏན་གཏན་ངོས་མ་ཟིན་པས་གྲོལ་མི་ཐུབ། །ཁྲོ་བོ་ཤར་ཚེ་སྐག་སྔངས་བརྒྱལ་ནས་འགྲོ། །ཡང་


CMR051_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སོང་ཞིང་ཡང་ཡང་བརྒྱལ་བར་བྱེད། །དེ་ནས་སྲིད་པ་བར་དོ་ཤར་བའི་ཚེ། །རིག་པ་གསལ་ཞིང་ཤི་བ་ཐག་ཆོད་ནས། །གར་འགྲོ་ཅི་བྱེད་བློ་སེམས་སྦྱར་ཚུབས་སེ། །དེ་དུས་ད་ལྟ་སྨོན་ལམ་བཏབ་པ་དང་། །ཚེ་དཔག་འོད་དཔག་ལ་སོགས་པདྨའི་རིགས། །བསྙེན་སྒྲུབ་བྱས་པ་དེའང་ངེས་པར་དྲན། །ཡི་དམ་མཁའ་འགྲོའི་བསུ་སྐྱེལ་མ་བྱུང་ཡང་། །འགྲོ་ཤེས་མི་ལུས་ཆགས་ཞེན་མ་སྐྱེས་ན། །དེ་མ་ཐག་ཏུ་ཞིང་དེར་ངེས་པར་ཕྱིན། །ཆགས་ཞེན་སྐྱེས་ན་ལས་ཀྱི་སྒྲིབ་པ་ཡི། །བར་ཆད་ཡིན་པར་ངོས་བཟུང་ཆགས་ཞེན་སྤོངས། །དེ་ནས་ཐ་མའི་ཡང་ཐའི་འཆར་ལུགས་ལ། །འཆི་རྐྱེན་ངན་པས་ཐུགས་དམ་བཟུང་འོས་མེད། །འཕོ་བ་མ་ཐེབ་ཞི་ཁྲོ་ངོས་མ་ཟིན། །བདུན་གཉིས་ཡོལ་ནས་སྲིད་པ་བར་དོ་ཤར། །དེ་ནས་དུད་འགྲོ་ལ་སོགས་མ་ཡིན་ཞིང་། །མཚམས་མེད་བྱས་པའི་སྡིག་ཆེན་མ་ཡིན་པ། །མི་ནི་ཤི་ཚད་ཐམས་ཅད་ཁྱད་པར་མེད། །རྫུ་འཕྲུལ་ལྡན་ཞིང་ཟག་བཅས་མངོན་ཤེས་ཡོད། །དགེ་སྡིག་གང་བྱས་ཐམས་ཅད་ཡིད་ལ་གསལ། །ཤི་བའི་སྡུག་བསྔལ་ཆེ་ཞིང་ངན་སོང་སྐྲག །གར་འགྲོ་ཅི་བྱེད་བསམ་བློ་མང་པོ་དྲན། །ས་གཅིག་


CMR051_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆགས་སྟོང་གསུམ་ཀུན་ན་རྒྱུག །དེ་དུས་ད་ལྟ་བླ་མས་གསུངས་པ་ཡི། །རིགས་དྲུག་ཀུན་ཏུ་སྡུག་བསྔལ་ཆེ་ལུགས་དང་། །བདེ་ཆེན་ཞིང་གི་བདེ་སྐྱིད་ཡོན་ཏན་རྣམས། །དྲན་པར་གྱིས་ལ་མ་ཆགས་མ་ཞེན་པར། ཉེས་ཆེན་ས་བཙོན་ལྕགས་སྒྲོག་བཀྲོལ་བའམ། །བྱ་རྒྱལ་རྒོད་པོ་རྙི་ལས་ཐར་པ་བཞིན། །ཐེ་ཚོམ་མེད་པར་བདེ་བ་ཅན་དུ་སོང་། །བར་དོར་ཉི་མ་ཟླ་བ་མེད་པའི་ཕྱིར། །ནུབ་ཀྱི་ཕྱོགས་དེ་གར་ཡིན་མ་ཤེས་ན། །བདེ་བ་ཅན་དང་སངས་རྒྱས་འོད་དཔག་མེད། །ཡིད་ལ་དུང་དུང་བསྒོམ་ཞིང་འགྲོ་བར་བྱ། །འོད་དཔག་མེད་པ་བསྒོམ་པ་མ་གཏོགས་པ། །རྣམ་རྟོག་གཞན་དུ་མ་འཕྲོ་ངང་དུ་སོང་། །ང་ཡིས་བཤད་པའི་གདམས་ངག་འདི་རྣམས་ལ། །འབྲེལ་པ་བཞག་ན་ཐེ་ཚོམ་མེད་པར་ཕྱིན། །ཞིང་དེར་ཕྱིན་ནས་ཕྱིར་མི་ལྡོག་པར་གསུངས། །གལ་ཏེ་གདམས་ངག་འདི་དག་མ་བསྒོམ་ཞིང་། །ཞི་དྲག་ལ་སོགས་སྔགས་ཆོས་ཉམས་ལེན་མཁན། །བདེ་བ་ཅན་དུ་སྨོན་ལམ་མ་བཏབ་ན། །བདེ་བ་ཅན་དེ་ས་ཐག་རིང་བ་སྟེ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་སྟེང་གི་ཆར། །འཇིག་རྟེན་ཁམས་ནི་གངྒཱའི་ཀླུང་གི་


CMR051_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བྱེ་མ་སྙེད་ནི་འདས་པའི་ཕ་རོལ་ཡིན། །ས་ཐག་དེ་ཙམ་རིང་བས་འགྲོ་མི་འབྱོང་། །ཡི་དམ་ཆོས་སྐྱོང་བསུ་སྐྱེལ་ལམ་སྟོན་མེད། །འགྲོ་བའི་ཕྱོགས་ཀྱང་མི་ཤེས་མགོ་འཁོར་ན། །འཛམ་གླིང་འདི་ཡི་ལྷོ་ཕྱོགས་པོ་ཏ་ལར། །སྤྱན་རས་གཟིགས་དང་སྒྲོལ་མ་བཞུགས་པ་ཡིན། །འཛམ་གླིང་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་དབུས། །རྡོ་རྗེ་ཕག་མོ་མཁའ་འགྲོ་འབུམ་བཅས་བཞུགས། །རྒྱ་ནག་རི་བོ་རྩེ་ལྔར་འཇམ་དབྱངས་བཞུགས། །གངས་རི་ཏི་སེའི་རྩེ་མོར་བདེ་མཆོག་བཞུགས། །ཙཱ་རིའི་རྩེ་མོ་དག་པ་ཤེལ་རི་ན། །ལྷ་ཚོགས་ཉིས་སྟོང་བདུན་བརྒྱ་བཞུགས་པར་བཤད། །བསྙེན་སྒྲུབ་བྱས་ཤིང་དམ་ཚིག་གཙང་བ་ན། །དེ་དག་མཇལ་སྲིད་མཁའ་སྤྱོད་ཆུང་ངུ་ཡིན། །མཇལ་ནས་དབང་དང་གདམ་ངག་བྱིན་རླབས་ཞུས། །འོན་ཀྱང་དེ་དག་ཞིང་ཁམས་མ་ཡིན་ཞིང་། །གནས་རི་བཟང་པོ་ཡིན་ཕྱིར་དངོས་སུ་མེད། །ལས་ཅན་སྐྱེས་བུ་མིན་པས་མཇལ་ཤས་ཆུང་། །དེ་བས་ཕ་ཀི་ལྷོ་ནུབ་རྔ་ཡབ་གླིང་། །ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོ་ན། །པདྨ་འོད་ཀྱི་ཕོ་བྲང་དངོས་སུ་ཡོད། །དེ་ན་ཨོ་རྒྱན་པདྨ་དངོས་སུ་བཞུགས། །སྣང་སྲིད་ས་ལེར་མཁྱེན་པ་


CMR051_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་གཟིགས། །དེ་ལ་དབང་དང་བྱིན་རླབས་གདམས་ངག་ཞུས། །ལས་འཕྲོ་རབ་ལ་འཇའ་ལུས་རིག་འཛིན་འགྱུར། །ཨོ་རྒྱན་ཉིད་ཀྱི་འཁོར་དུ་གཏོགས་པ་ཡི། །དཔའ་བོ་མཁའ་འགྲོའི་གྲལ་དུ་ཚུད་པ་ཡིན། །འབྲིང་ནི་སྲིན་པོའི་བུ་རུ་སྐྱེས་ནས་ཀྱང་། །ཨོ་རྒྱན་ཞལ་མཐོང་ཆོས་ཐོབ་རྗེས་སུ་འཛིན། །དེ་ནི་ལུས་ངན་ཡིན་ཕྱིར་སྐྱེ་སླ་ཕྱིར། །མི་འོང་བ་ཡི་དོགས་པ་མེད་པ་ཡིན། །ཐ་མ་ཨོ་རྒྱན་ཆེན་པོའི་དབང་བསྐུར་ནས། །གསང་སྔགས་ཉམས་སུ་ལེན་པའི་མི་ལུས་སུ། །སོང་གསུངས་བཀའ་གནང་སྲིད་དེ་ཐ་མ་ཡིན། །དེ་མིན་རང་གི་དད་པ་ཆེ་བ་ཡི། །བླ་མའི་དྲུང་དུ་རེ་བཅར་སོང་ན་ཡང་། །བླ་མ་དོན་ལ་སངས་རྒྱས་ཡིན་ན་ཡང་། །སྐུ་ལུས་ཤ་ཁྲག་ལུས་དེས་སྒྲིབ་པའི་ཕྱིར། །རྒྱུན་དུ་བར་དོའི་རྣམ་ཤེས་གཟིགས་པར་དཀའ། །ཕན་པའི་དམིགས་རིམ་བསྔོ་བ་སྨོན་ལམ་ཙམ། །མ་མཛད་ལམ་སྟོན་ཚིག་གཅིག་མ་གསུངས་སམ། །རེ་མཁོན་ཞུགས་ནས་དད་པ་ལོག་ཉེན་ཡོད། །དེ་བས་ཨོ་རྒྱན་དྲུང་དུ་འགྲོ་བར་དྲག །དེ་ལྟར་འདི་རུ་བཤད་པའི་ངོ་སྤྲོད་ཀུན། །དབང་ཐོབ་ལུང་ཐོབ་ཕྱག་རྫོགས་ཧ་གོ་ཡོད། །འོན་ཀྱང་ཚུལ་བཞིན་


CMR051_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་མ་ལོན་པའི། །གང་ཟག་རབ་འབྲིང་ཐ་མ་ཡང་ཐ་ཡིས། །ཚུལ་བཞིན་ཉམས་སུ་ལེན་པ་འདིར་མ་གཏོགས། །བར་དོ་དང་པོ་དང་ནི་གཉིས་པ་ལ། །ཆོས་སྐུ་དང་ནི་ལོངས་སྐུར་སངས་རྒྱས་གསུངས། །ཆོས་སྒོར་མ་ཞུགས་སྐྱེ་བོ་ཕལ་པ་དང་། །སྡིག་ཆེན་རྣམས་ནི་འདི་རུ་མ་གཏོགས་ཏེ། །ཐུགས་དམ་ངོ་མི་ཤེས་པས་བཟུང་རྒྱུ་མེད། །ཆོས་མ་བྱས་པས་ཞིང་ཁམས་གདམས་རྒྱུ་མེད། །འཁོར་བ་མཐའ་མེད་སྐྱེ་འཆིའི་འཁོར་ལོར་འཁོར། །འདི་ནི་རང་དང་རང་གི་གྲྭ་སློབ་ཚོགས། །རབ་དང་འབྲིང་དང་ཐ་མ་ཡང་ཐ་ཡིས་། །རང་རང་ཉམས་ཚོད་དཔག་ལ་ཡིད་དུ་འཆང་། །འཆི་བ་ནམ་འོང་ཆ་མེད་གལ་ཆེ་ཡོད། །འདི་ཉིད་ཡིད་ལ་འཆང་བར་བྱེད་པ་དང་། །གདམས་ངག་བསྟན་པ་དེ་ཚོ་ཉམས་བླངས་ན། །གནད་གཅོད་སྲོག་ཆད་ཚོར་བས་འཚེ་ན་ཡང་། །དེ་བས་གཏན་དུ་བདེ་བའི་གནས་ཐོབ་སྟེ། །མི་ལུས་དོན་ལྡན་བྱ་བ་ཁམ་ཆེན་འགྲུབ། །དེ་ཕྱིར་བློ་སེམས་བདེ་བའི་ཞེ་གདེང་བསྐྱེད། །གདམས་ངག་དེ་རྣམས་ཅི་ནུས་ཉམས་སུ་ལོངས། །དེ་དོན་རང་གི་སྙིང་ལ་འཆང་བ་རྣམས། །གྲྭ་སློབ་རྣམས་ལ་ཕན་པར་བྱ་བའི་ཕྱིར། །རཱ་ག་ཨ་


CMR051_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྱས་ཇི་ལྟར་སྨྲས་པའི་ཚིག །བུ་ཆེན་པདྨ་མཐར་ཕྱིན་ཞེས་པས་བྲིས། །ནོངས་པ་མེད་པས་བཤགས་བྱ་ཅི་ཡང་མེད། །དགེ་བས་འགྲོ་དོན་རྒྱ་ཆེན་འབྱུང་བར་ཤོག །སརྦ་མངྒ་ལཾ། །། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགློ་བུར་འཆི་བ་ཐོག་བབ་བྱུང་ན་འདི་བྱ་འདི་བྱེད་ཀྲིག་གེ་ཡོད་པ་པདྨ་མཐར་ཕྱིན་ལ་གདམས་པ།next