Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཕྱག་རྫོགས་གདམས་པ། ལེ་ཚན་གཉིས།
   
   
   
   
   
   
   


 
previousཕྱག་རྫོགས་གདམས་པ། ལེ་ཚན་གཉིས།next

ཕྱག་རྫོགས་གདམས་པ། ལེ་ཚན་གཉིས།


CMR051_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་དང་འབྲེལ་བའི་འགྲོ་བ་རྣམས། །འདི་ཕྱིའི་སྐྱིད་སྡུག་ཁྱེད་རང་ཤེས། །གོ་འཇོའི་ཡུལ་ནས་བྱོན་པ་ཡི། །གཅིག་ཞུས་བྱེས་མཁན་འགའ་ཞིག་དང་། །དགོན་པ་གསུམ་གྱི་བཙུན་པ་རྣམས། །བན་རྒན་བདག་ལ་ཕྲད་པ་ལ། །བསླབ་བྱ་ཁ་ད་ཚིག་གསུམ་ཞུ། །མི་ལུས་ཡང་ཡང་ཐོབ་དཀའ་བས། །ལུས་འདི་དོན་དང་ལྡན་པའི་ཕྱིར། །སྡོམ་པ་དམ་ཚིག་གཙང་མར་སྲུང། །ནམ་འཆི་ངེས་མེད་ངེས་པར་འཆི། །ཤི་ཁ་མི་འགྱོད་ཙམ་རེ་མཛོད། །ལས་འབྲས་བསླུ་མེད་རང་ལ་སྨིན། །དགེ་སྒྲུབ་སྡིག་སྤང་བརྩོན་འགྲུས་སྐྱེད། །རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག །ད་རེས་ཐར་པའི་ལམ་ཡུ་ཟུངས། །འགྲོ་དྲུག་ཕ་མ་དྲིན་ཆེན་ལ། །སྙིང་རྗེ་ཕན་སེམས་རྒྱ་མ་ཆུང་། །བཤགས་ན་མི་འདག་སྡིག་ལྟུང་མེད། །སྔར་བྱས་ལས་ལ་བཤགས་པ་མཛོད། །ཚེ་རབས་གཏན་གྱི་སོ་ནམ་ཡིན། །གང་འགྲུབ་བསོད་ནམས་ཚོགས་ལ་འབད། །འབྲེལ་ཐོགས་བླ་མ་ཐམས་ཅད་དང་། །


CMR051_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དཀོན་མཆོག་ཀུན་འདུས་པ། །ཨོ་རྒྱན་ཆེན་པོ་སྤྱི་བོར་བསྒོམ། །ཅི་མཛད་ཁྱེད་ཤེས་བློ་སྙིང་གཏོད། །གདུང་ཤུགས་དྲག་པོས་གསོལ་བ་ཐོབ། །རང་ལུས་ཐུགས་རྗེ་ཆེན་པོར་བསྒོམས། །སྙིང་པོ་ཡི་གེ་དྲུག་པ་ཐོན། །སྐབས་སུ་རང་གི་སེམས་ལ་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །སྟོང་པ་ཉིད་ཅེས་དེ་ལ་ཟེར། །མེད་པ་མ་ཡིན་གར་ཡང་འགྲོ། །དྲན་རྩལ་ཐོགས་མེད་དེ་ལ་ཟེར། །གཅིག་པ་མ་ཡིན་དུ་མ་འཕྲོ། །ཐ་དད་མ་ཡིན་ངོ་བོ་གཅིག །ཡོད་མིན་མེད་མིན་གཉིས་ཀ་མིན། །དབུ་མ་ཆེན་པོ་དེ་ལ་ཟེར། །དེ་ཤེས་ཤེས་བྱ་ཀུན་གྱི་རབ། །ཤེས་རབ་ཕ་རོལ་ཕྱིན་པ་ཟེར། ། །ཆོས་ཀུན་དེ་ལས་འདའ་ས་མེད། །ཕྱག་རྒྱ་ཆེན་པོ་དེ་ལ་ཟེར། །དེ་ལ་མ་རྫོགས་ཆོས་ཤིག་མེད། །རྫོགས་པ་ཆེན་པོ་དེ་ལ་ཟེར། །དེ་ལ་བཟོ་བཅོས་མི་བྱེད་པར། །གང་ཤར་ངོ་བོ་སྐྱོང་བ་ལ། །ཉམས་ལེན་སྐྱོང་བའི་མིང་དུ་བཏགས། །དང་པོ་རི་གཟར་ཆུ་དང་འདྲ། །རིག་པ་འཕྲོ་རྒོད་ཚུབ་ཚུབ་ཚུབ། །དེ་དུས་ལྷོད་ཅིང་རང་ངོ་ལྟོས། །རེས་འགའ་ལུང་རོང་ཆུ་དང་འདྲ། །རེས་འགའ་དལ་ཞིང་རེས་འགའ་བྲེལ། །དགའ་སྡུག་མ་བྱེད་


CMR051_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤར་སྐྱོང་། །དེ་ནས་མེ་རེ་འཁྱིལ་ལེ་གནས། །དེ་དུས་ངོ་བོ་ཧྲིག་གེ་ལྟོས། །རེས་འགའ་ལུས་བདེ་སེམས་ཀྱང་བདེ། །བདག་གཞན་མ་བྱེད་ངོ་བོ་ལྟོས་། །རེས་འགའ་ས་ལེ་རྗེན་ནེ་བ། །ང་རྒྱལ་མ་སྐྱེ་ངང་ལ་ཞོག །རེས་འགའ་མི་གསལ་ཐིབ་བེ་བ། །ལུས་སེམས་ཀྲིམ་མེ་སྒྲིམ་ལ་ལྟོས། །རེས་འགའ་སྟོང་པ་ཧད་དེ་བ། །ཐམས་ཅད་སྟོང་པ་རེད་བསམ་པའི། །འཛིན་པ་མ་ཞུགས་རྒྱུ་འབྲས་རྩིས། །རེས་འགའ་ཐེ་ཚོམ་ཡིད་གཉིས་སྐྱེ། །སྐྱུར་ནས་མ་བཞག་རྒྱུན་དུ་སྲུངས། །རྣམ་རྟོག་ཉུང་དུ་མ་སོང་ཡང་། །ཆུ་དང་རླབས་བཞིན་རང་སར་ཞི། །དྲན་པ་ཙམ་ནས་ཐོག་ཏུ་སླེབས། །སྤྱོད་ལམ་ཕལ་གྱིས་མི་གནོད་པ། །ཉམས་ལེན་སྐྱོང་བདེ་ཙམ་ཞིག་ཡིན། །མ་སྐྱུར་རྒྱུན་དུ་སྐྱོང་ནུས་ན། །ངོ་བོ་སླདེ་ནས་རྟོགས་པར་འགྱུར། །ཉམས་ལེན་ཐུགས་དམ་གང་བྱེད་ཀྱང་། །རང་དང་འབྲེལ་ཐོགས་ཐམས་ཅད་ཀུན། །བདེ་ཆེན་ཞིང་དུ་སྨོན་ལམ་ཐོབ། །ད་ལམ་ཆོས་འབྲེལ་དེ་ཙ་མཛོད། །དེ་སྐད་རཱ་ག་ཨ་སྱ་ཡིས། །འབྱོན་ཁར་མར་མེའི་ངོགས་ནས་བྲིས། །མངྒ་ལཾ།། །།


CMR051_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་རཏྣ་ཡེ། བླ་མ་ནམ་མཁའ་བཀྲ་ཤིས་ཁྱེད། །བླ་མ་དམ་པའི་དབོན་ལས་འཁྲུངས། །ཨོ་རྒྱན་ཆེན་པོའི་རྗེས་ཞུགས་ནས། །ཟབ་གཏེར་བསྟན་ལ་གང་ཕན་དང་། །གདུལ་བྱ་འགྲོ་དོན་ཆེ་བ་དེ། །ཧ་ཅང་རྣམ་གཡེང་ཆེ་ན་ཡང་། །ཉམས་རྟོགས་ལེགས་པོར་འཁྲུངས་པ་དེ། །ཨོ་རྒྱན་ཐུགས་རྗེ་ངོ་མཚར་ཆེ། །ད་ཡང་ཨོ་རྒྱན་བསྟན་པ་ལ། །གང་ཕན་གྲྭ་ཚོགས་སྐྱོང་བར་མཛོད། །དེང་སང་དུས་ངན་སྙིགས་མ་ལ། །སེམས་ཅན་བཅུ་ཕྲག་རེ་ཡན་གྱི། །སྣང་བ་ཆོས་ལ་བསྒྱུར་ནུས་ན། །བྱང་ཆུབ་སེམས་དཔའ་ཡིན་པར་གསུངས། །འགྲོ་དོན་སྐྱོང་ལ་སེམས་བསྐྱེད་གཙོ། །བྱ་བ་སྤྱོད་ལམ་ཅི་བྱེད་ཀྱང་། །བསྟན་དང་འགྲོ་བའི་དོན་དུ་སེམས། །རྟོགས་པ་སྐྱེ་དང་མི་སྐྱེ་ནི། །མོས་གུས་ཆེ་ཆུང་ཁོ་ནའི་ཁྱད། །བླ་མ་ཨོ་རྒྱན་དབྱེར་མེད་ལ། །གསོལ་བ་སྙིང་གི་དཀྱིལ་ནས་ཐོབ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གདོད་ནས་ལིང་གའི་དཀྱིལ་འཁོར་ཏེ། །ཡིན་ན་ཡིན་པར་ཤེས་པ་ཡི། །བསྐྱེད་རིམ་སྣང་སྟོང་དབྱེར་མེད་བསྒོམ། །ཉམས་ལེན་རྩི་དང་མ་བྲལ་བའི། །མཁའ་ལ་འཇའ་ཚོན་ཤར་བ་ལྟར།།


CMR051_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་ཟུང་འཇུག་རྒྱུན་དུ་བསྒོམ། །ཁྲེགས་ཆོད་ཉམས་ལེན་དངོས་གཞི་ལ། །ཚོགས་དྲུག་སྣང་བ་སྣ་ཚོགས་འདི། །རྣམ་པ་གསལ་ཡང་ངོ་བོ་སྟོང་། །ཆུ་ནང་ཤར་བའི་ཟླ་གཟུགས་འདྲ། །དེ་འདྲ་རྟོགས་པར་མ་གྱུར་ན། །ཚོགས་དྲུག་གཟུགས་སྒྲ་དྲི་རོ་དང་། །ས་རྡོ་རི་བྲག་ཐམས་ཅད་དང་། །རང་སེམས་བསྲེས་ལ་ངོ་བོ་སྐྱོང་། །དབྱེར་མེད་འདྲེས་ནས་སྟོང་ཉིད་འཆར། །ནམ་མཁས་གར་ཁྱབ་སེམས་དང་བསྲེ། ། །ཉམས་ལེན་ངོ་བོ་སྐྱོང་བ་དང་། །སངས་རྒྱས་ཐུགས་དང་སེམས་ཅན་སེམས། །རང་སེམས་བསྲེས་ལ་ངོ་བོ་སྐྱོང་། །དབྱེར་མེད་ཆེ་ཆུང་བཟང་ངན་དེ། །ལྟ་བ་འཁོར་འདས་དབྱེར་མེད་དེ། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །ཉམས་ལེན་སེམས་ངོ་མ་ཡེངས་པར། །བསྔོ་བ་སྨོན་ལམ་བྱ་བ་དེ། །འཁོར་གསུམ་ཡང་དག་བསྔོ་བ་སྟེ། །བསྔོ་བ་རྣམ་པར་དག་པ་ནི། །ཉམས་ལེན་མེད་པའི་བསྔོ་བ་ནི། །བསྔོ་བ་དུག་ཅན་ཕན་ཡོན་ཆུང་། །དངོས་གྲུབ་ཡི་དམ་ལྷ་ཡིས་འབྱུང་། །ཚེས་བཅུ་ཚོགས་འཁོར་གཏོར་བསྔོས་བརྩོན། །བསམ་པ་ཆོས་སྐྱོང་སྲུང་མས་སྒྲུབས། །དགུ་གཏོར་དུས་སུ་གསོལ་མཆོད་འབད། །ནུས་པ་སྔགས་ལས་འབྱུང་


CMR051_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །བསྙེན་སྒྲུབ་ཆུ་བོའི་རྒྱུན་བཞིན་བཟླ། །ཨོ་རྒྱན་བསྟན་ལ་ཕན་པ་ནི། །རང་དོན་དེ་བས་ལྷག་པ་མེད། །གྲྭ་ཚོགས་སྐྱོང་ལ་བློ་སྟོབས་བསྐྱེད། །བླ་མའི་ཐུགས་ལ་དེ་ལྟར་ཞོག །དེ་སྐད་རཱ་ག་ཨ་སྱས་འཕྲལ་དུ་གང་དྲན་ཞུས་པ་ལགས།།


previousཕྱག་རྫོགས་གདམས་པ། ལེ་ཚན་གཉིས།next