Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
བླ་མ་དོན་གྲུབ་ཀྱི་གཏོར་བསྔོས་བྲིས་ཟེར་ནས་ཤོག་བུ་གཏད་པ་ལ་ཤོག་ལྷག་བྱུང་བས་བྲིས་པ།
   
   
   
   
   
   


 
previousབླ་མ་དོན་གྲུབ་ཀྱི་གཏོར་བསྔོས་བྲིས་ཟེར་ནས་ཤོག་བུ་གཏད་པ་ལ་ཤོག་ལྷག་བྱུང་བས་བྲིས་པ།next

བླ་མ་དོན་གྲུབ་ཀྱི་གཏོར་བསྔོས་བྲིས་ཟེར་ནས་ཤོག་བུ་གཏད་པ་ལ་ཤོག་ལྷག་བྱུང་བས་བྲིས་པ།


CMR051_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དོན་གྲུབ་ཀྱི་གཏོར་བསྔོས་བྲིས་ཟེར་ནས་ཤོག་བུ་གཏད་པ་ལ་ཤོག་ལྷག་བྱུང་བས་བྲིས་པའོ། ། །


CMR051_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ།། ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས། །ཐུགས་རྗེ་ཆེན་པོས་དངོས་གྲུབ་སྩོལ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲོངས། །ཐུགས་རྗེ་ཆེན་པོས་བར་ཆད་སོལ། །ཐུགས་རྗེ་ཆེན་པོ་འགྲུབ་པར་ཤོག །ཐུགས་རྗེ་ཆེན་པོ་འགྲུབ་ནས་ཀྱང་། །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །བདེ་བ་ཅན་དུ་ཁྲིད་པར་ཤོག །འཇིག་རྟེན་སྲིད་པའི་ཁ་དཔེ་ལ། །མ་རྒས་བར་དུ་མི་གོམས་ཟེར། །དེ་ལ་བདེན་པ་ཆེན་པོ་གདའ། །ད་ནི་ཁོ་བོ་རབ་ཏུ་རྒས། །བསམ་བློ་ཆེན་པོ་སྐྱེས་ནས་བྱུང་། །སྔོན་ཆད་ཧ་


CMR051_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལོང་དུ་སོང་། །ད་ནི་དོན་གྱི་སྙིང་པོ་མཐོང་། །ཆུ་བུར་མིག་གིས་མ་མཐོང་ཡང་། །ཡེ་ཤེས་དག་པའི་སྤུན་ཟླར་བྱེད། །སེམས་ཉིད་སྟོང་པའི་དཀྱིལ་འཁོར་ན། །ཆོས་སྐུ་རྡོ་རྗེ་འཆང་ཆེན་དེ། །འདུ་འབྲལ་མེད་པར་བཞུགས་ནས་གདའ། །སེམས་ཉིད་གསལ་བའི་དཀྱིལ་འཁོར་ན། །ལོངས་སྐུ་ཐུགས་རྗེ་ཆེན་པོ་དེ། །གསལ་འགྲིབ་མེད་པར་བཞུགས་ནས་གདའ། །སེམས་ཉིད་འགགས་མེད་དཀྱིལ་འཁོར་ན། །སྤྲུལ་སྐུ་པདྨ་འབྱུང་གནས་དེ། །རྒྱུན་ཆད་མེད་པར་བཞུགས་ནས་གདའ། །ཕུང་པོ་ལྔ་ཡི་དཀྱིལ་འཁོར་ན། །སངས་རྒྱས་རྒྱལ་བ་


CMR051_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་དེ། །ལྷུན་གྱིས་གྲུབ་པར་བཞུགས་ནས་གདའ། །ཁམས་ལྔ་དག་པའི་དཀྱིལ་འཁོར་ན། །ཡུམ་ཆེན་ལྷ་མོ་དབྱིངས་ཕྱུག་ལྔ། །གདོད་ནས་དག་པར་བཞུགས་ནས་གདའ། །ཚོགས་བརྒྱད་དག་པའི་དཀྱིལ་འཁོར་ན། །ཉེ་བའི་སྲས་ཆེན་བརྒྱད་པོ་དེ། །སྤྲུལ་སྒྱུར་བྱེད་ཅིང་བཞུགས་ནས་གདའ། །ཚོགས་བརྒྱད་རྒྱུ་བའི་ཡུལ་བརྒྱད་ན། །སྒེག་སོགས་མཆོད་པའི་ལྷ་མོ་བརྒྱད། །རོལ་གར་འཆམ་སྟབས་ངང་ནས་གདའ། །སྣང་སྲིད་སྲིད་པའི་ཆོས་རྣམས་ཀུན། །ཐམས་ཅད་སེམས་སུ་རོ་གཅིག་ཐིམ། །ཕྱི་ནང་དབྱེར་མེད་འདྲེས་ནས་གདའ། །སྣང་བ་ཕྱི་རུ་མ་ལུས་ཤིང་། །རིག་པ་ནང་དུ་མ་ལུས་པར། །དབྱེར་མེད་ཁྱབ་གདལ་ཆེན་པོར་གདའ། །བདག་དང་གཞན་དུ་མ་གྲུབ་ཅིང་། ། ཐམས་ཅད་སེམས་ཉིད་གཅིག་ཏུ་གདའ། །སེམས་ཡང་ཡེ་ནས་ཡོད་མེད་དང་། །རྟག་ཆད་སྐྱེ་འགགས་བྲལ་བར་གདའ། །མ་བསྒོམ་པ་ཡང་འཁྲུལ་པ་སྟེ། །བསྒོམ་པ་རང་ཡང་འཁྲུལ་པ་ཉིད། །བསྒོམ་དང་མི་སྒོམ་ཁྱད་མེད་པར། །ཡེ་ནས་ཆོས་སྐུ་རྗེན་པར་གདའ། །ཡེངས་བ་ཉིད་ནི་འཁྲུལ་པ་ཉིད། །མ་ཡེངས་པ་ཡང་འཁྲུལ་པ་ཉིད། །ཡེངས་


CMR051_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་ཡེངས་དབྱེར་མེད་པར། །ཡེ་ནས་སྤྲོས་བྲལ་ཆེན་པོར་གདའ། །བདག་མེད་ཕྱིར་ན་གཞན་མེད་ཕྱིར། །བདག་གཞན་གཉིས་མེད་སྟོང་པ་ཉིད། །དབྱེར་མེད་རོ་གཅིག་ཆེན་པོ་གདའ། །རང་སེམས་གདོད་ནས་ཀུན་ཏུ་བཟང་། །དང་པོའི་སངས་རྒྱས་བཅོམ་ལྡན་འདས། །རང་ལ་ཡེ་ནས་བཞུགས་པའི་ཕྱིར། །འབྲས་བུ་ཐོབ་འདོད་ངང་གིས་ཆུང་། །རིགས་དྲུག་སེམས་ཀྱི་སྣང་བ་ལས། །གཞན་དུ་གྲུབ་པ་མ་དམིགས་པས། །འཁོར་བར་འཁྱམས་དོགས་ད་ནི་ཆུང་། །སེམས་ཅན་ཡེ་ནས་མ་དམིགས་པས། །སྙིང་རྗེ་སྐྱེ་བའི་ཡུལ་མ་མཆིས། །དངོས་འཛིན་སྙིང་རྗེ་ད་ནི་ཆུང་། །རང་སེམས་རྫོགས་པའི་སངས་རྒྱས་མཐོང་། །ལྷ་ཞལ་མཐོང་འདོད་ད་ནི་ཆུང་། །མུན་པ་ལ་ནི་སྒྲོན་མེ་ལྟར། །རང་སེམས་ཆོས་སྐུར་རྟོགས་མ་ཐག །སྡིག་སྒྲིབ་མ་ལུས་ཐམས་ཅད་དག །དཀོར་སྒྲིབ་ཆེ་ཡང་ང་མི་སྐྲག །རྗེས་སུ་འཇུག་པའི་སློབ་མ་ཚོ། །ཚ་ཚ་བརྐོས་ཕོར་ཇི་བཞིན་དུ། །བོགས་སྐྱེད་འོང་ན་ད་འོང་རན། །ཚོང་པ་ཁྱིམ་དུ་བསླེབས་པ་བཞིན། །བློ་བདེའི་བསམ་དོན་ད་ནི་འགྲུབ། །གངས་དཀར་སེང་ལྕམ་དཀར་མོ་


CMR051_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཡ་ང་བག་ཚ་མི་འདུག་སྟེ། །གངས་དཀར་འགྲིམས་པ་སེང་གེའི་ལུགས། །འཁོར་བར་ལྟུང་དོགས་མི་གདའ་སྟེ། །རྒྱུ་འབྲས་འཛེམ་པ་ཆོས་པའི་ལུགས། །གཙང་ཆབ་ཉ་མོ་གསེར་མིག་དེ། །འཚུབ་ནས་འཆི་དོགས་མི་གདའ་སྟེ། །མཚོ་འཁྱིལ་བསྡོམ་པ་གསེར་ཉའི་ལུགས། །ལྟུང་བའི་དོགས་པ་མི་གདའ་སྟེ། །ཚུལ་ཁྲིམས་བསྲུང་བ་བཙུན་པའི་ལུགས། །འཕགས་པ་འཇིག་རྟེན་དབང་ཕྱུག་གི །སེམས་ཅན་དམིགས་སུ་མ་མཆིས་ཏེ། །འགྲོ་དོན་བྱེད་པ་རྒྱལ་སྲས་ལུགས། །བདག་གཞན་གཉིས་མེད་རྟོགས་ལགས་ཀྱང་། །གཞན་ཕན་བྱེད་པ་བློ་སྦྱང་ལུགས། །ཡུམ་ཆེན་འཕགས་མ་སྒྲོལ་མ་དེ། །སངས་རྒྱས་ཀུན་དང་དབྱེར་མེད་ཀྱང་། །དཀྱིལ་འཁོར་ཀུན་གྱི་མཆོད་ལྷ་མ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ད་ནི་ངེས་ཤེས་སྐྱེ་ལགས་ཀྱང་། །མཆོད་གཏོར་མཎྜལ་མི་གཅོད་པར། །འདི་ཡང་རྟེན་འབྲེལ་དོན་རྟོགས་རྟོགས། །ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ཀྱང་། །རང་རིག་རྩལ་དུ་རྟོགས་མོད་ཀྱང་། །གཏོར་བསྔོ་དུས་གཏོར་མི་གཅོག་པར། །འདི་ཡང་རྟེན་འབྲེལ་གནད་ཅིག་རྟོགས། །སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཀུན། །


CMR051_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ཡིན་པར་ཐག་ཆོད་ཀྱང་། །བསང་མཆོད་དཀར་གཏོར་བསྔོ་བ་སོགས། །རྟེན་འབྲེལ་ཁྱད་དུ་མི་གསོད་པ། །འདི་ཡང་རྒྱུད་ཀྱི་དགོངས་པ་ཡིན། །ད་ལྟ་ཤི་ཡང་མི་འགྱོད་ཅིང་། །བློ་བདེ་ཁོང་དུ་ཆུད་ལགས་ཀྱང་། །སྲུང་འདོགས་ཚེ་སྒྲུབ་སྨན་བླ་སོགས། །རྟེན་འབྲེལ་ཐབས་ལ་འབུངས་བ་འདི། །ད་རུང་ལུས་འདིས་མགྲོན་པོ་ཞིག །འགྲུབ་ན་བསམ་པའི་སེམས་བསྐྱེད་ཡིན། །རྒས་པོ་བཅོས་པའི་དཔའ་གཏམ་འདི། །བུང་བུས་སེང་སྐད་ཡིན་ནམ་མིན། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་མཁྱེན། །ཆུང་ནས་འགྲོགས་པའི་དོན་འགྲུབ་ལ། །དེ་རིང་སྙིང་གཏམ་རྗེན་པར་ཞུ། །ཤོག་བུ་ལྷག་པས་ཉམས་མཚར་དུ། །ཁོང་ཆུང་དབེན་ཕྱིར་ཉམས་ལ་ཤར། །འཕྲལ་དུ་བྲིས་པ་མངྒ་ལཾ། །ཨ་རཱ་གས་སོ།། ༈ །།རྗེ་ཆོས་སྐུའི་རྒྱལ་པོ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །ལུས་འཆི་མེད་ཚེ་ཡི་རིག་འཛིན་མ་ཐོབ་པར་གྱུར་ཀྱང་། །ལྷ་མིའི་བདེ་སྐྱིད་ལ་ཆགས་ཞེན་སྤངས་ནས་བདེ་སྨོན་ལ་ཡི་དམ་བྱེད་དང་། །འདི་ནས་འཕོས་མ་ཐག་ཏུ་ཞིང་དེར་སྐྱེ་བ་ཞིག་འོད་དཔག་མེད་ཁྱེད་མཁྱེན་ནོ། །རྗེ་ལོངས་


CMR051_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་རྒྱལ་པོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སོ། །ཚེ་འདིར་འགྲོ་དོན་དུས་གསུམ་སངས་རྒྱས་དང་མ་མཉམ་པར་གྱུར་ཀྱང་། །རང་དོན་ཡིད་བྱེད་སྤངས་ནས་སེམས་བསྐྱེད་དང་སྨོན་ལམ་འདི་ལ་འབད་དང་། །འབྲེལ་ཚད་དོན་དང་ལྡན་པ་ཞིག་སྤྱན་རས་གཟིགས་ཁྱེད་རང་མཁྱེན་ནོ། །རྗེ་སྤྲུལ་སྐུ་པའི་སྐུ་ཡི་རྒྱལ་པོ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །འབྱུང་བཞི་ལ་རང་དབང་བསྒྱུར་བའི་གྲུབ་རྟགས་མ་ཐོན་གྱུར་ཀྱང་། །ཐ་མལ་གྱི་སྣང་ཞེན་སྤངས་ནས་བསྐྱེད་རིམ་བསྙེན་སྒྲུབ་ཞིག་བྱེད་དང་། །ཕྲིན་ལས་རྣམ་བཞི་འགྲུབ་པ་ཞིག་པད་འབྱུང་ཁྱེད་རང་མཁྱེན་ནོ། །རྗེ་མཁའ་འགྲོའི་རྒྱལ་མོ་བྷ་ག་ལ་ཡི་ཕག་མོ་ལ་གསོལ་བ་འདེབས་སོ། །ཚེ་འདིར་འཇའ་ལུས་མཁའ་སྤྱོད་རང་མ་གྲུབ་གྱུར་ཀྱང་། །ཐེག་དམན་གྱི་བསམ་པ་སྤངས་ནས་རྩ་རླུང་ལ་ཉམས་ལེན་ཞིག་བྱེད་དང་། །རླུང་སེམས་དབུ་མར་ཚུད་པ་ཞིག་མ་གཅིག་ཁྱེད་རང་མཁྱེན་ནོ། །རྗེ་པཎ་གྲུབ་རྒྱལ་པོ་ཏེ་པུ་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །རྒྱ་བོད་ཀུན་ཏུ་མཁས་གྲུབ་ཀྱི་གྲགས་པ་འཐོན་པར་མ་བྱུང་གྱུར་ཀྱང་། །རྨོངས་ཞེན་གྱི་ཨུ་ཚུག་སྤངས་ནས་མདོ་རྒྱུད་ཕྱོགས་མེད་ལ་ལྟ་


CMR051_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལམ་ལོག་ལམ་གོལ་མེད་པ་ཞིག་པཎ་གྲུབ་ཁྱེད་རང་མཁྱེན་ནོ། །རྗེ་རྟོགས་ལྡན་གྱི་རྒྱལ་པོ་རས་ཆུང་རྡོར་གྲགས་ལ་གསོལ་བ་འདེབས་སོ། །ལུས་འདིས་འཕགས་ཡུལ་སོགས་གནས་ཆེན་དུ་མ་བགྲོད་པར་མ་གྱུར་ཀྱང་། །མི་གཙང་བའི་འདུ་ཤེས་སྤངས་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་དང་། །གནས་གསུམ་ཌཱཀྐིས་བྱིན་གྱིས་བརླབས་པ་ཞིག་སྐྱེས་བུ་ཁྱེད་རང་མཁྱེན་ནོ། །རྗེ་རས་པའི་རྒྱལ་པོ་ཟངས་རི་རས་པ་ལ་གསོལ་བ་འདེབས་སོ། །ལོ་སར་གངས་ཁྲོད་དུ་ཆུ་རས་ཐུབ་པ་མ་བྱུང་གྱུར་ཀྱང་། །དགུན་ཚེའི་རིང་ལ་གཏུམ་མོ་ཨ་ཐུང་གི་དམིགས་ཐུན་རེ་སྐྱོང་དང་། །བདེ་སྟོང་གི་ཡེ་ཤེས་སྐྱེ་བ་ཞིག་རས་པ་ཁྱེད་རང་མཁྱེན་ནོ། །རྗེ་འགྲོ་མགོན་རྒྱལ་པོ་རས་ཆེན་ཡབ་སྲས་ལ་གསོལ་བ་འདེབས་སོ། །ཆོས་སྐྱོང་མི་བཞིན་དུ་དངོས་སུ་འཁོར་བའི་ནུས་པ་མཐུ་སྟོབས་ཞིག་མ་བྱུང་གྱུར་ཀྱང་། །སྡིག་གྲོགས་སྤངས་ནས་ཆོས་སྐྱོང་སྲུང་མ་འདི་གྲོགས་སུ་བརྟེན་དང་། །ཆོས་དང་བསྒྲུབ་པའི་ས་ལམ་དུ་འགྲོ་བ་ཞིག་འགྲོ་མགོན་ཁྱེད་མཁྱེན་ནོ། །རྗེ་གྲུབ་ཆེན་གྱི་རྒྱལ་པོ་ཀརྨ་པཀྵི་ལ་གསོལ་བ་འདེབས་སོ། །མེ་ཆུ་དུག་མཚོན་གྱི་ནུས་པ་


CMR051_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པར་མ་ནུས་སུ་གྱུར་ཀྱང་། །སྣང་བ་འདི་བདེན་འཛིན་སྤངས་ནས་སྒྱུ་ལུས་ཀྱི་རྣལ་འབྱོར་བསྒོམ་དང་། །དགྲ་གཉེན་གྱི་འཛིན་པ་ཞིག་པ་ཞིག་གྲུབ་ཆེན་ཁྱེད་རང་མཁྱེན་ནོ། །རྗེ་བཀའ་བརྒྱུད་གྱི་རྒྱལ་པོ་ཀཾ་ཚང་དོན་བརྒྱུད་ལ་གསོལ་བ་འདེབས་སོ། །མཐོང་གྲོལ་དྲན་གྲོལ་ཐོས་གྲོལ་ཙམ་མ་གྲུབ་གྱུར་ཀྱང་། །བླ་མའི་སྐྱོན་ཚོལ་སྤངས་ནས་སྙིང་ནས་གསོལ་བ་ཞིག་འདེབས་དང་། །ཉམས་རྟོགས་འདི་ཡར་ངོའི་ཟླ་ལྟར་འཕེལ་བ་ཞིག་བཀའ་བརྒྱུད་ཁྱེད་རང་མཁྱེན་ནོ། །རྗེ་དྲིན་ཆེན་གྱི་རྒྱལ་པོ་ཆོས་ཀྱི་དབང་ཕྱུག་ཡབ་སྲས་ལ་གསོལ་བ་འདེབས་སོ། །མཁས་བཙུན་བཟང་གསུམ་གྱི་གྲགས་པོས་འཛམ་གླིང་ཁྱབ་པར་མ་གྱུར་ཀྱང་། །སྡོམ་གསུམ་ལ་ངོས་ལྐོག་མེད་པར་བསླབ་གསུམ་ལ་ནན་ཏན་ཞིག་བྱེད་དང་། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཞིག་རྩ་བའི་བླ་མ་ཁྱེད་རང་མཁྱེན་ནོ། །རྗེ་ཡི་དམ་གྱི་རྒྱལ་པོ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཡི་དམ་དངོས་སུ་མཇལ་བ་རྫུ་འཕྲུལ་སྟོན་པར་མ་ཐོབ་གྱུར་ཀྱང་། །ལོ་གྲངས་བཅུ་གསུམ་གྱི་བར་དུ་གསོལ་བ་འདེབས་པ་ཞིག་བསྒྲུབ་དང་། །བདེ་ཆེན་གྱི་ཞིང་དུ་སྐྱེས་ནས་ས་བཅུ་ཐོབ་པ་ཞིག་ཡི་དམ་ཁྱེད་རང་


CMR051_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ནོ། །རྗེ་ཆོས་སྐྱོང་གི་རྒྱལ་པོ་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས་སོ། །སངས་རྒྱས་བསྟན་པ་སྲུང་བའི་མཐུ་ནུས་ཞིག་མ་གྲུབ་གྱུར་ཀྱང་། །དམ་ཚིག་ཆག་ཉམས་སྤངས་ནས་གཏོར་བསྔོས་དང་དགུ་གཏོར་འདི་མ་ཆག་པར་བྱེད་ན། །བསྒྲུབ་པའི་བར་ཆད་ཞི་ཞིང་མཐུན་རྐྱེན་འབྱོར་བ་ཞིག་ཆོས་སྐྱོང་ཁྱེད་རང་མཁྱེན་ནོ། །རྗེ་བསླུ་བ་མེད་པའི་ཀུན་རྫོབ་དོན་དམ་གྱི་བདེན་པ་གཉིས་ལ་གསོལ་བ་འདེབས་སོ། །བསྔོ་བ་སྨོན་ལམ་གང་བཏབ་འཕྲལ་དུ་དངོས་སུ་མ་གྲུབ་པར་གྱུར་ཀྱང་། །བློ་ཆུང་སྤངས་ནས་དགེ་བ་ཅི་བྱེད་གཞན་དོན་དུ་བསྔོ་དང་། །མཐར་ཐུག་རྫོགས་སངས་རྒྱས་པ་ཞིག་བདེན་གཉིས་ཁྱེད་རང་མཁྱེན་ནོ།། ༈ །།དབང་ལུང་གི་ཐོབ་རྒྱ་བསྐྱེད་ན། །ས་སྟེང་གི་བླ་མ་ཀུན་བསྟེན་ཡང་དགོས་པར་འདུག་སྟེ། །རྩེ་གཅིག་གསོལ་བ་བཏབ་ན་ལྷན་སྐྱེས་ཡེ་ཤེས་ནི་རྩ་བའི་བླ་མ་གཅིག་པོས་ཀྱང་སྟེར་བར་འདུག་པས། །འབུལ་སྡུད་ཀྱི་ཚོང་ཟོག་ལ་དམིགས་ནས་ཐོབ་རྒྱ་ཡི་བླ་མ་རྩ་བ་བཞག་ལ། །མོས་གུས་གཅིག་ཆོག་གིས་གསོལ་བ་འདེབས་ཡུལ་རྒྱལ་བ་ཡབ་སྲས་བཞུགས་པ་འདི་དགའ་ཡང་དགའོ། །སྔགས་ལ་མཁས་པའི་


CMR051_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་བསྒྲུབས་ན་གསར་རྙིང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་དགོས་པར་འདུག་སྟེ། །རྒྱུད་སྡེ་བཞི་ཡི་སྤྱི་སྒྲུབ་ནི་རྒྱལ་བ་རྒྱ་མཚོ་ལྷ་ལྔས་ཀྱང་ཐུབ་པར་འདུག་པས། །མངོན་དཀྱིལ་མང་པོའི་ཟིན་ཐུན་ལ་མི་ཚེ་བསྐྱལ་བ་དེ་བཞག་ལ། །དཀྱིལ་འཁོར་ཀུན་འདུས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་ཉམས་སུ་ལེན་པ་འདི་དགའ་ཡང་དགའོ། །མང་པོའི་ལས་ཚོགས་དང་བརྩོན་འགྲུས་རྣམས་བསྒྲུབས་ན་ལྷ་ཚོགས་རྒྱ་མཚོ་ཐམས་ཅད་ཀྱང་དགོས་པར་འདུག་སྟེ། ། །མཆོག་ཐུན་མོང་གི་དངོས་གྲུབ་ནི་རྒྱལ་བ་རྒྱ་མཚོས་ཀྱང་སྟེར་བར་འདུག་པས། །ངག་ནུས་དང་འདྲེ་བརྡུང་ལ་དམིགས་པའི་མཚམས་སྒྲུབ་མང་པོ་བཞག་ལ། །ལུས་སེམས་འཁྲུལ་པ་སྦྱོང་ཕྱིར་ཐུགས་རྗེ་ཆེན་པོ་ཡབ་ཡུམ་བསྒོམ་པ་འདི་དགའ་ཡང་དགའོ། །མཆོད་བསྟོད་ཀྱིས་བསོད་ནམས་བསགས་ན་གསར་རྙིང་གི་ཆོ་ག་དང་མཆོད་ཕྲེང་མང་པོ་ཡང་དགོས་པར་འདུག་སྟེ། །རྩ་བ་གསུམ་དང་སངས་རྒྱས་ཀྱི་མཆོད་རྟེན་ནི་ཐུགས་རྗེའི་ཆོ་གས་ཀྱང་འཐུས་པར་འདུག་པས། །དབང་ལུང་ངེས་ཆ་མེད་ཅིང་བསྙེན་སྒྲུབ་མ་ཐེམ་པའི་ཆོ་ག་མང་པོ་བཞག་ལ། །ཐམས་ཅད་ཀུན་འདུས་ཐུགས་རྗེ་ཆེན་པོའི་མཆོད་


CMR051_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བཏང་བ་འདི་དགའ་ཡང་དགའོ། །བསྟན་པའི་རླབས་རྒྱ་སྐྱོང་ཞིང་བསྟན་འགྲོའི་ལམ་ངན་འདུལ་ན་ཆོས་སྐྱོང་ཐམས་ཅད་ཀྱང་དགོས་པར་འདུག་སྟེ། །བྱང་ཆུབ་སྒྲུབ་པའི་བར་ཆད་ནི་མ་མགོན་ཡབ་ཡུམ་ཁོ་ནས་ཀྱང་སེལ་བར་འདུག་པས། །གཏད་སེལ་སྲེག་གསུམ་བསྒྲུབ་པའི་ངག་བཅད་དང་མུན་མཚམས་ཀྱང་བཞག་ལ། །བརྒྱུད་པའི་བཀའ་སྲུང་ལ་གཏོར་བསྔོས་དང་དུས་གཏོར་ཙམ་བཏང་ནས་འདོད་དོན་གསོལ་བ་འདི་དགའ་ཡང་དགའོ། །མཁས་པའི་གྲལ་ལ་བསྙག་ན་བཀའ་བཅུ་དང་རབ་འབྱམས་ཀྱང་གྲྭ་སྐོར་ཡང་དགོས་པར་འདུག་སྟེ། །མདོ་རྒྱུད་ཀྱི་གོ་བ་ནི་བསྒོམས་བྱུང་གི་ཤེས་རབ་དང་དཔེ་བལྟས་གཉིས་སྦྲགས་ན་ཡང་འོང་བར་འདུག་པས། །མི་ཚེ་ཚིག་ཕྱིར་འབྲང་ནས་ཉམས་ལེན་དང་བྲལ་བ་དེ་བཞག་ལ། །གཅིག་ཤེས་ཀུན་གྲོལ་གྱི་གདམས་ངག་ཟབ་མོ་ཉམས་སུ་ལེན་པ་འདི་དགའ་ཡང་དགའོ། །བཟང་པོའི་གྲྭ་ལ་བསྐངས་ན་དཀའ་ཐུབ་དང་ཆུ་འཐུང་རྡེལ་འཆའ་ཡང་དགོས་པར་འདུག་སྟེ། །བསོད་ནམས་བསགས་པའི་ཐབས་ལ་ནང་གི་སྦྱིན་སྲེག་ཀྱང་ཟབ་པར་འདུག་པས། །ཕུང་ཁམས་ཀྱི་ལྷ་ལ་བརྙས་ཆོས་ཀྱིས་དཀའ་ཐུབ་དྲག་པོ་


CMR051_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཞག་ལ། །ཤ་ཆང་ལོག་འཚོ་སྤངས་ནས་གདན་གཅིག་བྱེད་པ་འདི་དགའ་ཡང་དགའོ། །བཙུན་པོའི་གྲལ་བསྙགས་ན་དགོན་པ་དང་གྲ་འགྲིག་བཅའ་ཁྲིམས་ཀྱང་འོང་དགོས་པར་འདུག་སྟེ། །ཚུལ་ཁྲིམས་གཙང་མ་ནི་བག་ཡོད་དྲན་ཤེས་བརྟེན་པ་ཁོ་ནས་ཀྱང་ཆོག་པར་འདུག་པས། །སྐྱབས་གནས་བླ་མ་ཚེ་འདིའི་མི་དཔོན་དུ་མཐོང་བའི་བཅའ་ཁྲིམས་ཀྱང་བཞག་ལ། །རང་གིས་ཚུལ་ཁྲིམས་བསྲུང་ཞིང་གཞན་ལ་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པ་འདི་དགའ་ཡང་དགའོ། །བྱ་བཏང་གི་གྲ་ལ་བསྙག་ན་ཚོང་དང་རྐང་བཞི་སྤོང་བའང་དགོས་པར་འདུག་སྟེ། །ཏིང་འཛིན་གྱི་གཡེང་བ་སྤང་བ་ནི་དགོས་མེད་ཀྱི་དྲན་པ་བརྟེན་པས་ཀྱང་ཆོག་པར་འདུག་སྟེ། །བྱ་བ་བཏང་ནས་འབུལ་སྡུད་རྒྱལ་ཁམས་འགྲིམ་པ་དེ་བཞག་ལ། །གང་བྱུང་ལེན་ཞིང་དཀོར་ཕུད་དགེ་བ་གང་འགྲུབ་བསྒྲུབ་པ་འདི་དགའ་ཡང་དགའོ། །ནུས་པ་ཆེ་བའི་གྲ་ལ་བསྙག་ན་བཟླས་པའི་དུང་གྲངས་ཕྲེང་བ་ཁྲ་ཆོབ་སེར་སོང་དགོས་པར་འདུག་སྟེ། །བསྐྱེད་རྫོགས་འབྲེལ་པའི་བྱེ་ཆུང་བཅའ་བཅུས་ཀྱང་རྟགས་མཚན་ཅུང་ཟད་སྟོན་པར་འདུག་པས། །ལྷ་དང་བྲལ་བའི་མི་ནག་སྔགས་འདྲེན་གྱི་དུང་གྲངས་


CMR051_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཞག་ལ། །བསྐྱེད་རྫོགས་མཆོད་བསྟོད་རྡོ་རྗེའི་བཟླས་པ་རྣམས་དང་འབྲེལ་པ་འདི་དགའ་ཡང་དགའོ། །ཆེན་པོ་གྲྭ་ལ་བསྙག་ན་སྡེ་དང་དགོན་པ་གདན་ས་ཡང་འོང་དགོས་པར་འདུག་སྟེ། །ཅི་ཡང་མེད་ན་དཀའ་ལས་དང་སེམས་ཁུར་སྡུག་བསྔལ་ནི་ཆུང་བར་འདུག་པས། །ཆེན་པོའི་ས་ལ་ཞེ་འདོད་དང་ཡིད་སྨོན་རློམས་སེམས་ཀྱང་བཞག་ལ། །གཉོམ་ཆུང་རི་སུལ་དུ་ཉམས་ལེན་རྩེ་གཅིག་ཏུ་སྐྱོང་བ་འདི་དགའ་ཡང་དགའོ། །ཞེན་ལོག་གི་གྲྭ་ལ་བསྙག་ན་ཕ་ཡུལ་དང་གཉེན་འདུན་སྤང་བ་ཡང་དགོས་པར་འདུག་སྟེ། །དད་འདུན་དང་རྩི་འཇོག་ཆུང་བའི་རང་ཡུལ་ན་ཐུགས་དམ་འཕེལ་བར་འདུག་པས། །རང་ཡུལ་སྤངས་ནས་མི་ཡུལ་ན་དགྲ་འདུལ་གཉེན་སྐྱོང་བྱེད་པའང་བཞག་ལ། །དགྲ་གཉེན་སུ་ལའང་ཧ་ཅང་མཛའ་འཁོན་མེད་པ་འདི་དགའ་ཡང་དགའོ། །རྟོགས་ལྡན་གྱི་གྲལ་ལ་བསྙག་ན་རྒྱ་བོད་ཀྱི་གནས་རི་བསྐོར་བའང་དགོས་པར་འདུག་སྟེ། །ཉི་ཤུ་རྩ་བཞིའི་གནས་ཆེན་རྣམས་རྡོ་རྗེའི་ལུས་ལའང་ཚང་བར་འདུག་པས། །ཁ་ཕྱེད་ཀྱིས་རྒྱལ་ཁམས་བསྐོར་ཞིང་དབུས་རྐང་གི་དགེ་དགོན་འགྲིམ་པ་དེ་བཞག་ལ། །རྟེན་འབྲེལ་ལུས་ལ་


CMR051_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བ་འདི་དགའ་ཡང་དགའོ། །བདེ་སྟོང་དཔེའི་ཡེ་ཤེས་བསྒྲུབས་ན་ལས་ཀྱི་ཕྱག་རྒྱ་བསྟེན་པ་ཡང་དགོས་པར་འདུག་སྟེ། །བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་ཙཎྜ་ལི་དམ་ཚིག་གི་ཕྱག་རྒྱས་ཀྱང་སྟེར་བར་འདུག་པ། །བསྟན་པའི་ཞབས་འདྲེན་བྱིས་པ་ལྐོག་གསོད་བྱེད་པའི་ཆགས་ལམ་དེ་བཞག་ལ། །ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱས་གསང་སྔགས་ཀྱི་དམ་ཚིག་མི་འགལ་བ་འདི་དགའ་ཡང་དགའོ། །སྤྲོས་མེད་ཁོར་ཡུག་གིས་ཉམས་ལེན་སྐྱོང་ན་བྱ་ཆ་དང་དགེ་སྦྱོར་ཡང་སྤོང་དགོས་པར་འདུག་སྟེ། །འབྲས་བུ་སྐུ་གཉིས་ནི་ཐབས་ཤེས་ཟུང་འཇུག་གིས་ཀྱང་འགྲུབ་པར་གསུངས་པས། །སྤྲོས་མེད་དུ་རློམས་ནས་ལུས་ངག་བཏང་སྙོམས་སུ་ལུས་པ་འདི་བཞག་ནས། །གཉིད་ཚེ་མ་གཏོགས་བསྐྱེད་རྫོགས་བཟླས་བརྗོད་གང་རུང་ཞིག་དང་ནམ་ཡང་འབྲལ་མེད་འདི་དགའ་ཡང་དགའོ། །དབུ་ཕར་གྱི་བཤད་པ་བཏང་ན་རང་གཞན་གྱི་ལྟ་གྲུབ་དགག་བཞག་ཀུན་དགོས་པར་འདུག་སྟེ། །ཕྱག་རྫོགས་དབུ་གསུམ་གྱི་ཉམས་ལེན་ནི་རང་སེམས་རང་ངོ་ལྟ་བས་ཀྱང་འཐུས་པར་འདུག་པས། །ཆོས་སྤང་གི་སྒྲིབ་པ་སོགས་པའི་ལྟ་གྲུབ་ཀྱི་དགག་


CMR051_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཀུན་བཞག་ལ། །བྱིན་རླབས་སྟོབས་ལས་འཁྲུངས་པའི་ཉམས་མྱོང་སྐྱོང་བ་འདི་དགའ་ཡང་དགའོ། །མངོན་ཤེས་དང་རྫུ་འཕྲུལ་བསྒྲུབས་ན་ཞི་གནས་ཀྱི་ཏིང་འཛིན་བཟང་པོ་ཡང་དགོས་པར་འདུག་སྟེ། །འཁོར་བའི་འཁྲུལ་སྣང་རྒྱུན་ནི་ལྷག་མཐོང་གི་རྟོགས་པས་ཀྱང་སེལ་བར་འདུག་པས། །དམིགས་བཅས་ཀྱི་སེམས་འཛིན་མང་པོ་ལ་སྡུག་བཙིར་བྱེད་པ་དེ་བཞག་ལ། །གང་ཤར་དགག་སྒྲུབ་མེད་པར་ལྷུག་པར་འཇོག་པ་འདི་དགའ་ཡང་དགའོ། །བྱང་སེམས་ཀྱི་སྤྱོད་པ་སྐྱོང་ན་ཕྱོགས་མེད་འགྲོ་དོན་ཀྱང་དགོས་པར་འདུག་སྟེ། །གཞན་དོན་གཟུགས་སྐུའི་ས་བོན་ནི་སེམས་བསྐྱེད་བསྔོ་བས་ཀྱང་ཐོབ་པར་འདུག་པས། །རང་གི་འགྲོ་དོན་བཤོལ་ཞིང་གཞན་རྒྱུད་མི་གྲོལ་བའི་འགྲོ་དོན་ཡང་བཞག་ལ། །རང་རྒྱུད་ཅི་ཐུལ་བྱེད་ཅིང་གཞན་དོན་སྨོན་ལམ་འདེབས་པ་འདི་དགའ་ཡང་དགའོ། །དགེ་བཤེས་ཀྱི་གྲལ་ལ་བསྙག་ན་ས་ལམ་དང་འབྲས་བུའི་བཤད་པའང་དགོས་པར་འདུག་སྟེ། །རང་སེམས་གློ་བུར་གྱི་དྲི་མ་དེ་དག་ནི་སངས་རྒྱས་རང་ཡིན་པར་གསུངས་པས། །ས་ལམ་འབྲས་བུའི་རྩིས་བགྲང་དང་རྩོད་པ་དེ་བཞག་ལ། །རང་སེམས་


CMR051_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ངོ་བོ་སྐྱོང་བ་འདི་དགའ་ཡང་དགའོ། །ཞེས་པ་འདི་གྲོ་ཞུན་ཟླ་བའི་ཡར་ཚེས་གསུམ་གྱི་ཉིན་ཉམས་མཚར་དུ་བྱས་པའོ། །ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་དོན་གྲུབ་ཀྱི་གཏོར་བསྔོས་བྲིས་ཟེར་ནས་ཤོག་བུ་གཏད་པ་ལ་ཤོག་ལྷག་བྱུང་བས་བྲིས་པ།next