Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
གཏན་ཐུབ་སྐྱབས་ལ་རེ་བ་སོམ་ཉི་དང་བྲལ་བར་ཉམས་སུ་ལོངས་ན་དོན་འགྲུབ་པའི་ཉམས་མྱོང་སྐྱིད་པ་དགུའི་མགུར།
   
   
   
   
   


 
previousགཏན་ཐུབ་སྐྱབས་ལ་རེ་བ་སོམ་ཉི་དང་བྲལ་བར་ཉམས་སུ་ལོངས་ན་དོན་འགྲུབ་པའི་ཉམས་མྱོང་སྐྱིད་པ་དགུའི་མགུར།next

གཏན་ཐུབ་སྐྱབས་ལ་རེ་བ་སོམ་ཉི་དང་བྲལ་བར་ཉམས་སུ་ལོངས་ན་དོན་འགྲུབ་པའི་ཉམས་མྱོང་སྐྱིད་པ་དགུའི་མགུར།


CMR051_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཐུབ་སྐྱབས་ལ་རེ་བ་སོམ་ཉི་དང་བྲལ་བར་ཉམས་སུ་ལོངས་ན་དོན་འགྲུབ་པའི་ཉམས་མྱོང་སྐྱིད་པ་དགུའི་མགུར་ནི། ཨེ་མ་ཧོ། བློ་ཁྱེད་ཤེས་ཀྱི་ལིང་སྐྱུར་ནུས་པ་ན། །བསླུ་མེད་ཀྱི་སྐྱབས་གནས་དཀོན་མཆོག་བཞུགས། །རྒྱབ་རྟེན་འདི་བཟང་བས་ང་རེ་སྐྱིད། །སེམས་གདུང་ཤུགས་ཀྱིས་གསོལ་བ་འདེབས་ནུས་ན། །བྱིན་རླབས་ཀྱི་གཏེར་མཛོད་བླ་མ་བཞུགས། །འཇུ་ས་འདི་བཟང་བས་ང་རེ་སྐྱིད། །ཚད་མེད་ཀྱི་སྙིང་རྗེ་བསྒོམ་ནུས་ན། །ཚོགས་གཉིས་ཀྱི་གཏེར་མཛོད་སེམས་བསྐྱེད་བཞུགས། །ཅི་བྱས་ཀུན་ཆོས་ཕྱོགས་སུ་འགྲོ་བས་ང་རེ་སྐྱིད། །བསྐྱེད་རིམ་དང་བསྙེན་སྒྲུབ་འབད་ནུས་ན། །དངོས་གྲུབ་ཀྱི་གཏེར་མཛོད་ཡི་དམ་བཞུགས། །མཆོག་ཐུན་མོང་གཉིས་འགྲུབ་པས་ང་རེ་སྐྱིད། །སྣང་སྟོང་སངས་རྒྱས་སུ་བསྟེན་ནུས་ན། །དཀྱིལ་འཁོར་གྱི་གཏེར་མཛོད་ལུས་ལ་བཞུགས། །ཐིག་ཚོན་མི་དགོས་ང་རེ་སྐྱིད། །བྱིན་རླབས་ཀྱི་དམིགས་རིམ་གསལ་ནུས་ན། ། ཚོགས་འཁོར་གྱི་གཏེར་མཛོད་བཟའ་བཏུང་བཞུགས། །ཚོགས་ཞོར་ལ་རྫོགས་པ་ང་རེ་སྐྱིད། །མ་བཅོས་ཀྱི་རང་བབས་སྐྱོང་ནུས་ན། །ཆོས་སྐུའི་གཏེར་མཛོད་སེམས་ཉིད་


CMR051_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །འབྲས་བུ་འདི་རང་ཆས་ང་རེ་སྐྱིད། །མ་ཡེངས་ཀྱི་ཏིང་འཛིན་གསལ་ནུས་ན། །ཕོ་ཉའི་གཏེར་མཛོད་དམིགས་རིམ་བཞུགས། །དངོས་རྟགས་རང་ཐོན་པས་ང་རེ་སྐྱིད། །མཆོད་བསྟོད་དང་བསྐང་གསོལ་བརྩོན་ནུས་ན། །ཕྲིན་ལས་ཀྱི་གཏེར་མཛོད་ཆོས་སྐྱོང་བཞུགས། །གང་བསམ་ཀུན་འགྲུབ་པ་ང་རེ་སྐྱིད། །ཅེས་པ་འདི་འགྲུབ་པར་དཀའ་བའི་དོན་ཅིག་གྲུབ་པས་ཡིད་དགའ་ནས་ཨ་རཱ་གས་སྦྱར་བའོ།། མངྒ་ལཾ།། ༈ །།སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །རང་བྱུང་རྡོ་རྗེའི་ཞབས་ལ་འདུད། །སངས་རྒྱས་ཀུན་གྱི་རིང་བཞིན་ནི། །ཆོས་སྐུ་སྐྱེ་བ་མེད་པར་ལགས། །སེམས་ཅན་ཀུན་གྱི་རང་བཞིན་ཡང་། །དེ་ལས་གཡོ་བ་མ་མཆིས་ཀྱང་། །རང་ངོ་ཤེས་དང་མི་ཤེས་ལས། །སངས་རྒྱས་སེམས་ཅན་ཁྱད་པར་བྱུང་། །གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །འགྱུར་མེད་ནམ་མཁའ་ལྟ་བུ་ལ། །འདུ་བྱེད་གཡོ་བའི་བདག་འཛིན་གྱིས། །རྣམ་རྟོག་སྤྲིན་ཚོགས་ལྟ་སྤྲིན་ཚོགས་ནམ་མཁའི་ཆོ་འཕྲུལ་ལགས། །ནམ་མཁའ་ལས་བྱུང་ནམ་མཁར་ཐིམ། །སྤྲིན་ཀྱང་ནམ་མཁའ་ལས་གཞན་མིན། །བདག་ཏུ་འཛིན་པའི་རྣམ་རྟོག་


CMR051_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །སེམས་ལས་བྱུང་ཞིང་སེམས་སུ་ཐིམ། །སེམས་ལས་རྣམ་རྟོག་གཞན་མ་ཡིན། །རྣམ་རྟོག་རང་བཞིན་ཤེས་པ་ལ། །མི་རྟོག་ཡེ་ཤེས་མཚན་དུ་གསོལ། །རྣམ་རྟོག་དགག་པས་མི་རྟོག་མིན། །ཆུ་རླབས་ཆུ་ལས་གཞན་མིན་ལྟར། །རྣམ་རྟོག་སེམས་ལས་གཞན་མིན་ཏེ། །སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ། །ཆོས་སྐུ་དེ་ལ་བཅོས་མི་དགོས། །ཡག་འདོད་བཅོས་པས་འཁྲུལ་པ་ཉིད། །ངན་དོགས་གཟབ་པས་ངན་དུ་སོང་། །བཟོ་བཅོས་མེད་པར་རང་བབས་སུ། །ཀློད་དེ་བཞག་ལ་མ་ཡེངས་ཙམ། །འདི་བསྒོམ་གཏད་སོ་མེད་པ་ལ། །འདི་ཡིན་འདི་མིན་འཛིན་པ་ཞིག །ཉམས་ལ་བཟང་ངན་བླང་དོར་མེད། །གང་ཤར་དེ་ཡི་ངང་དུ་ལྷོད། །སངས་རྒྱས་དེ་ཡིན་སེམས་ཅན་དེ། །འཁོར་བ་དེ་ཡིན་མྱང་འདས་ཏེ། །ཐམས་ཅད་དེ་ཡི་རང་བཞིན་ཉིད། །སེམས་ཉིད་དངོས་པོའི་གནས་ཚུལ་ཏེ། །ཡིན་ལ་ཡིན་བཞིན་བཞག་པ་ན། །ཕྱག་ཆེན་སྒོམ་པའི་ཉམས་ལེན་ཟེར། །དེ་ཡི་རང་བཞིན་ཤེས་པ་ལ། །རང་བཞིན་ཡོངས་ཤེས་མི་ཟེར་རམ། །དབང་པོ་རབ་ཀྱི་གང་ཟག་ལ། །དེ་དོན་གོ་རྟོགས་དུས་གཅིག་


CMR051_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །དབང་པོ་འབྲིང་གི་གང་ཟག་ལ། །དང་པོ་གོ་སྟེ་ཕྱིས་ནས་རྟོགས། །དབང་པོ་ཐ་མའི་གང་ཟག་ལ། །གསོལ་བ་བཏབ་ཅིང་ཉམས་བླངས་ན། །རིག་པར་ཉམས་ནི་སྣ་ཚོགས་འཆར། །ཉམས་དེ་ཡལ་ནས་དངོས་སུ་རྟོགས། །གློ་བུར་སྒྲིབ་པ་ཟེར་བ་དེ། །འཛིན་པའི་འདུ་ཤེས་ཡིན་པར་སྣང་། །གང་དང་གང་ལ་དེར་འཛིན་གྱི། །མཚན་མ་མ་ཞུགས་རང་བབས་སུ། །མ་ཡེངས་ཙམ་ལས་གཞན་མེད་པར། །བཞག་པས་ཆོག་པ་གནད་དམ་པ། །དྲན་རྫི་དགོས་དང་མ་དགོས་ནི། །སློབ་དང་མི་སློབ་ལམ་གྱིས་ཁྱད་། །བ་གླང་མདུན་གྱི་གསེར་དེ་ནི། །ངོ་མི་ཤེས་ཀྱང་གསེར་ཡིན་ལྟར། །དྲན་རྫི་ཡོད་དམ་མེད་ཀྱང་རུང་། །སེམས་ཉིད་ཆོས་སྐུ་ཡིན་ཞེས་པ། །གཞི་ཡི་ཆོས་སྐད་གོ་བ་ཙམ། །གོ་བ་ཕྱི་ཡི་ལྷན་པོ་དེ། །མངོན་སུམ་མ་རྟོགས་དགོས་པ་ཆུང་། །དེ་ཕྱིར་མ་བསྒོམས་མ་རྟོགས་བར། །དྲན་རྫི་བརྟེན་པ་གནད་དུ་ཆེ། །འདི་བསྒོམ་གཏད་སོ་མེད་པ་དེ། །སྤྲོས་དང་བྲལ་བའི་རྟོགས་པ་སྟེ། །བསྒོམ་མེད་ཡིན་པར་རློམ་པ་ན། །ཝ་ཡི་སེང་སྐད་གོལ་ས་ཆེ། །འོན་ཀྱང་ཆོས་སྐུའི་བཞུགས་ཚུལ་གྱིས། །གནད་གསང་གསང་


CMR051_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྙིང་པོའི་དོན། །ཡེ་ཤེས་མཁའ་འགྲོའི་སྙན་བརྒྱུད་དོན། །གྲུབ་ཆེན་རྣམས་ཀྱི་ཉམས་རྟོགས་གདེང་། །མདོ་རྒྱུད་ཀུན་གྱི་བཅུད་དང་སྙིང་། །བཀའ་བརྒྱུད་བླ་མའི་བཞེད་པའི་དོན། །རང་བྱུང་རྡོ་རྗེའི་དགོངས་པའི་མཐིལ། །ནམ་ལང་གཉིད་ལས་སད་པ་བཞིན། །བླ་མའི་ཐུགས་རྗེའི་ཅུང་ཟད་ཙམ། །རྟོགས་པ་བླ་མའི་དྲིན་དུ་གོ །སངས་རྒྱས་ཀུན་འདུས་བླ་མ་རྗེ། །ད་དུང་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་དང་སློབ་མ་བརྒྱུད་བཅས་ལ། །རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །ཞེས་པ་འདི་རྗེ་རང་བྱུང་རྡོ་རྗེའི་གསུང་གཅིག་མཐོང་བ་ལ་བརྟེན་ནས། རང་གི་རྟོགས་པ་ལ་བོགས་ཆེན་པོ་ཞིག་བྱུང་བ་ལ་བརྟེན་ནས་རྭགས་སྨྲས་པ་སྟེ། ཁ་སྦད་རང་མིང་ཉམས་པ་ཡོད། །རྗེ་བཙུན་བླ་མའི་རྟོགས་པ་དེ། །བདག་གཞན་འགྲོ་ལ་སྨིན་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏན་ཐུབ་སྐྱབས་ལ་རེ་བ་སོམ་ཉི་དང་བྲལ་བར་ཉམས་སུ་ལོངས་ན་དོན་འགྲུབ་པའི་ཉམས་མྱོང་སྐྱིད་པ་དགུའི་མགུར།next