Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་ཀརྨ་དགེ་ལེགས་པའི་དྲིས་ལན་མགུར་སྣ་བདུན་པ།
   
   
   
   


 
previousབླ་མ་ཀརྨ་དགེ་ལེགས་པའི་དྲིས་ལན་མགུར་སྣ་བདུན་པ།next

བླ་མ་ཀརྨ་དགེ་ལེགས་པའི་དྲིས་ལན་མགུར་སྣ་བདུན་པ།


CMR051_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཀརྨ་དགེ་ལེགས་པའི་དྲིས་ལན་མགུར་སྣ་བདུན་པ་བཞུགས་སོ།།


CMR051_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་ཡེ། །དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཁྱེད་བླ་མ་ཀརྨ་དགེ་ལེགས་པས། །གནས་གོ་བོ་ཁྱུང་ཕུག་གནས་སྒོ་དེ། །མི་བདག་གིས་ཕྱེས་ན་ཨེ་འབྱེད་གསུངས། །ཕྱི་ས་རྡོའི་གནས་སྒོ་ངས་མི་འབྱེད། །དེ་འབྱེད་པའི་ལུང་བསྟན་བདག་ལ་མེད། །ས་རྐོ་རྡོ་མཆུའི་ལྷ་ཞལ་ངས་མི་མཐོང་། །དེ་མཐོང་བའི་ཁ་བྱང་བདག་ལ་མེད། །ང་ཡི་མཆེད་པོ་ཆོས་དབང་ཀུན་བཟང་གིས། །གནས་གོ་བོ་ཕུག་དེ་མཇལ་བའི་དུས། །ཨོ་རྒྱན་གྱི་ཞབས་རྗེས་གསལ་པོ་གཅིག །སྔར་མེད་པར་གསར་དུ་རྙེད་ནས་ཀྱང་། །སྣུམ་བྱུགས་ནས་


CMR051_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་བསྟན་འདུག་ཀྱང་། །དེ་ངེས་ཤེས་དང་ཡིད་རང་བྱེད་མཁན་མེད། །ངས་ཕྱི་ཡི་གནས་སྒོ་མི་འབྱེད་ཀྱང་། །ནང་རྡོ་རྗེ་ལུས་ཀྱི་གནས་སྒོ་ཅིག །དེ་ཅི་འབྱེད་ལ་བརྩོན་འགྲུས་བྱེད་ན་བསམ། །དེ་ཁ་བྱང་བླ་མེད་ཀྱི་རྒྱུད་སྡེ་མཐོང་། །ཡང་བྱང་བླ་མའི་བཀའ་ལུང་ཐོབ། །གནས་བྱང་རང་སེམས་ཀྱི་ངོ་བོ་མཐོང་། །གནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན། །ལྷ་ཕ་རྒྱུད་གསང་འདུས་ཀྱི་ལྷ་ཚོགས་བཞུགས། །ཐབས་གཙོ་བོ་སྟོན་ནས་འབྱེད་ན་བསམ། །གནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། །ལྷ་མ་རྒྱུད་མཱ་ཡཱའི་ལྷ་ཚོགས་བཞུགས། །ཤེས་རབ་


CMR051_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་སྟོན་ནས་འབྱེད་ན་བསམ། །གནས་སྙིང་ག་ཆོས་ཀྱི་འཁོར་ལོ་ན། །ལྷ་དགྱེས་རྡོར་སྤྲུལ་པའི་ལྷ་དགུ་བཞུགས། །ཐབས་ལམ་གཙོ་བོར་སྟོན་ནས་ཕྱེ་ན་བསམ། །གནས་ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །ལྷ་བདེ་མཆོག་དྲུག་ཅུ་རྩ་གཉིས་བཞུགས། །ཨ་ཐུང་གཙོ་བོར་སྟོན་ནས་ཕྱེ་ན་བསམ། །གནས་གསང་གནས་བདེ་སྐྱོང་གི་འཁོར་ལོ་ན། །ལྷ་དུས་འཁོར་བདུན་བརྒྱ་ཉི་ཤུ་བཞུགས། །ཟུང་འཇུག་གཙོ་བོར་སྟོན་ནས་ཕྱེ་ན་བསམ། ། །གནས་ཙིཏྟ་སྙིང་གི་ཕུག་པ་ན། །ལྷ་ཞི་བ་བཞི་བཅུ་རྩ་གཉིས་བཞུགས། །ཨ་ཏི་གཙོ་བོར་སྟོན་ནས་ཕྱེ་ན་བསམ། །གནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། །ལྷ་དག་པ་རིག་འཛིན་གྱི་ལྷ་ཚོགས་བཞུགས། །ཨ་ནུ་གཙོ་བོར་སྟོན་ནས་ཕྱེ་ན་བསམ། །གནས་སྤྱི་བོར་ཀླད་པ་དུང་ཁང་ན། ལྷ་ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་བཞུགས། །མ་ཧཱ་གཙོ་བོར་སྟོན་ནས་ཕྱེ་ན་བསམ། །ལུས་རྩ་གནས་ཉི་ཤུ་རྩ་བཞི་ན། །ཡུལ་ཉི་ཤུ་རྩ་བཞིའི་གནས་སྒོ་ཡོད། །རླུང་འཁྲུལ་འཁོར་ལ་བརྟེན་ནས་ཕྱེ་ན་བསམ། །གནས་གསང་བའི་རྩ་མདུད་འོག་མ་ན། །ཕྲིན་ལས་གྲུབ་པའི་གནས་ཆེན་ཡོད། །ལྷ་ལས་ཀྱི་མཁའ་


CMR051_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དངོས་སུ་བཞུགས། །ངས་དབབ་བཟློག་ལ་བརྟེན་ནས་ཕྱེ་ན་བསམ། །གསང་གནས་ཀྱི་རྩ་མདུད་བར་མ་ན། །ལྷ་དོན་ཡོད་གྲུབ་པ་དངོས་སུ་བཞུགས། །ངས་ལྷ་ཞལ་གཅིག་དེ་རུ་མཇལ་ན་བསམ། །གསང་གནས་ཀྱི་རྩ་མདུད་གོང་མ་ན། །ལྷ་རྡོ་རྗེ་གཞོན་ནུ་དངོས་སུ་བཞུགས། །ངས་ཕྲིན་ལས་ཀྱི་རྟེན་འབྲེལ་ཞིག་བསྒྲིགས་ན་བསམ། །གནས་ལྟེ་བའི་རྩ་མདུད་འོག་མ་ནི། །ལྷ་རིན་ཆེན་མཁའ་འགྲོ་དངོས་སུ་བཞུགས། །ཡོན་ཏན་རྒྱས་པའི་གནས་ཆེན་ཡིན། །ངས་ཨ་ཐུང་གི་གདམས་པས་ཕྱེ་ན་བསམ། །གནས་ལྟེ་བའི་རྩ་མདུད་བར་མ་ན། །ལྷ་རིན་ཆེན་འབྱུང་ལྡན་དངོས་སུ་བཞུགས། །ངེས་ལྷ་ཞལ་གཅིག་དེ་རུ་མཇལ་ན་བསམ། །གནས་ལྟེ་བའི་རྩ་མདུད་འོག་མ་ན། །ལྷ་ཆེ་མཆོག་ཧེ་རུ་དངོས་སུ་བཞུགས། །ངས་ཡོན་ཏན་གྱི་རྟེན་འབྲེལ་ཞིག་བསྒྲིགས་ན་བསམ། །གནས་སྙིང་གའི་རྩ་མདུད་འོག་མ་ན། །གནས་མི་འགྱུར་རྡོ་རྗེའི་གཞལ་ཡས་ཡོད། །ལྷ་རྡོ་རྗེ་མཁའ་འགྲོ་དངོས་སུ་བཞུགས། །ངས་འོད་གསལ་གྱི་གདམས་པས་ཕྱེ་ན་བསམ། །གནས་སྙིང་གའི་རྩ་མདུད་བར་མ་ན། །ལྷ་རྡོ་རྗེ་སེམས་དཔའ་དངོས་


CMR051_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཞུགས། །དྭངས་མ་ལྔ་ལྡན་གྱི་བུ་ག་ན། །ལྷ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་བཞུགས། །ངས་ལྷ་ཞལ་གཅིག་དེ་རུ་མཇལ་ན་བསམ། །གནས་སྙིང་གའི་རྩ་མདུད་གོང་མ་ན། །ལྷ་ཐུགས་མཆོག་བཛྲ་ཧེ་རུ་ཀ །ཉམས་རྟོགས་པའི་རྟེན་འབྲེལ་ཞིག་བསྒྲིགས་ན་བསམ། །གནས་མགྲིན་པའི་རྩ་མདུད་འོག་མ་ན། །པདྨ་གསུང་གི་གནས་ཆེན་ཡོད། །ལྷ་པདྨ་ཊཱཀི་དངོས་སུ་བཞུགས། །ངས་སྔགས་བཟླས་ལ་བརྟེན་ནས་ཕྱེ་ན་བསམ། །གནས་མགྲིན་པའི་རྩ་མདུད་བར་མ་ན། །ལྷ་སྣང་བ་མཐའ་ཡས་དངོས་སུ་བཞུགས། །ངས་ལྷ་ཞལ་ཞིག་དེ་རུ་མཇལ་ན་བསམ། །གནས་མགྲིན་པའི་རྩ་མདུད་འོག་མ་ན། །ལྷ་པདྨ་དབང་ཆེན་དངོས་སུ་བཞུགས། །ངག་ནུས་པའི་རྟེན་འབྲེལ་ཞིག་བསྒྲིགས་ན་བསམ། །གནས་སྤྱི་བོའི་རྩ་མདུད་འོག་མ་ན། །བདེ་ཆེན་དག་པའི་གནས་ཆེན་ཡོད། །ལྷ་སངས་རྒྱས་མཁའ་འགྲོ་དངོས་སུ་བཞུགས། །ངས་རྩ་ཐིག་རླུང་གི་གདམས་པས་ཕྱེ་ན་བསམ། །གནས་སྤྱི་བོའི་རྩ་མདུད་བར་མ་ན། །ལྷ་སྐུ་མཆོག་རྣམ་པར་སྣང་མཛད་བཞུགས། །ངས་ལྷ་ཞལ་ཞིག་དེ་རུ་མཇལ་ན་བསམ། །གནས་སྤྱི་བོའི་རྩ་མདུད་གོང་མ་


CMR051_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ལྷ་འཇམ་དཔལ་གཤིན་རྗེ་གཤེད་པོ་བཞུགས། །ལུས་སྤྲུལ་སྐུའི་རྟེན་འབྲེལ་ཞིག་བསྒྲིགས་ན་བསམ། །མིག་ཙཱ་རི་དང་ཙཱ་འདྲའི་གངས་རི་ན། །མིག་འབྲས་གཡུ་མཚོ་དང་མཐིང་མཚོ་ཡོད། །ལྷ་ས་སྙིང་ཡབ་ཡུམ་དངོས་སུ་བཞུགས། །ངས་སྣང་སྟོང་གི་མཚོ་ཞལ་ཞིག་མཇལ་ན་བསམ། །རྣ་བ་དྷེ་ཝི་ཀོ་ཊི་ན། །ལྷ་ཕྱག་རྡོར་ཡབ་ཡུམ་དངོས་སུ་བཞུགས། །ངས་གྲག་སྟོང་གི་སྒྲུབ་ཕུག་ཞིག་མཇལ་ན་བསམ། །གནས་རྡོ་རྗེ་གངས་རིའི་ཏི་སེ་ན། །ལྷ་དབང་ཕྱུག་ཆེན་པོ་དངོས་སུ་བཞུགས། །ངས་དབབ་ལྡོག་གིས་གངས་བསྐོར་ཅིག་བྱེད་ན་བསམ། །གནས་དེ་ཚོ་ངེས་པར་འབྱེད་གྱུར་ན། །ས་རྡོའི་གནས་ཀྱིས་དོ་ཟླ་མེད། །སྔར་བྱོན་གྱི་གྲུབ་ཐོབ་ཐམས་ཅད་ཀྱང་། ། གནས་དེ་ཚོ་ཕྱེས་ནས་གྲུབ་པ་ཐོབ། །གནས་དེ་ཚོ་ཕྱེས་ནས་དངོས་གྲུབ་ཐོབ། །གནས་དེ་ཚོ་ཕྱེས་ནས་རྫོགས་སངས་རྒྱས། །མི་བདག་ཀྱང་དེ་འདྲའི་གནས་སྒོ་ན། །ད་མྱུར་དུ་གེགས་མེད་ཕྱེས་པ་ཞིག །ལྷ་ཐུགས་རྗེ་ཆེན་པོ་ཁྱེད་རང་མཁྱེན། །གནས་དེ་འདྲ་འབྱེད་ལ་ཡིད་སྨོན་ཆེ། །ས་རྡོའི་གནས་སྒོ་ཡིད་སྨོན་མེད། །དེ་འཕྲལ་དུ་ཡིད་ལ་ཤར་ནས་


CMR051_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས། །མངྒ་ལཾ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། ཡང་གསོན་དང་ཀརྨ་དགེ་ལེགས་པ། །གནས་ཚྭ་བ་རྡོ་རྗེ་དྲེལ་དཀར་ནས། །སྐྱེ་བདུན་རིལ་བུའི་གཏེར་ཁ་སོགས། །ལུང་བསྟན་དང་ཁ་བྱང་བདག་ལ་མེད། །ཕྱི་རྫ་ས་གཏེར་ཆོས་གཏེར་ངས་མི་ཐོན། །དེ་ཐོན་པའི་ལུང་བསྟན་བདག་ལ་མེད། །ནང་རིག་པ་ཆོས་སྐུའི་གཏེར་ཆེན་གཅིག །དེའི་ཁ་བྱང་མདོ་རྒྱུད་ཀུན་ནས་མཐོང་། །ཡང་བྱང་བླ་མའི་བཀའ་ལུང་ཐོབ། །གནད་བྱང་ངོ་སྤྱོད་ལ་རྡོ་རུས་གཏུག །ལུས་ཤ་ཁྲག་གདོས་བཅས་ཀྱི་རི་བོ་ལ། །སེམས་ཆོས་སྐུའི་གཏེར་ཆེན་གཅིག་འདོན་ན་བསམ། །སེམས་ཞི་གནས་ཀྱི་རྒྱ་མཚོ་མེར་བ་ན། །སེམས་ལྷག་མཐོང་གི་ཆོས་གཏེར་གཅིག་ཐོན་ན་བསམ། །སེམས་འགྱུ་བའི་ནགས་ཚལ་སྤྱན་སྤུན་ན། །སེམས་གཅེར་མཐོང་གི་ཤོག་དྲིལ་འགའ་འདོན་ན་བསམ། །སེམས་སྒོམ་འདོད་ཀྱི་བྲག་རི་གཟར་མོ་ན། །སེམས་མ་བཅོས་ཀྱི་སྐྱེ་བདུན་གཅིག་འདོན་ན་བསམ། །སེམས་ཞེ་སྡང་གི་བྲག་རི་ནག་པོ་ན། །ལྷ་རྡོ་རྗེ་སེམས་དཔའི་ཐུགས་གཏེར་ཡོད། །མེ་ལོང་ཡེ་ཤེས་ཀྱི་གཏེར་ཁ་ཞིག་འདོན་ན་བསམ། །ང་རྒྱལ་གྱི་སྤང་རི་སེར་


CMR051_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ན། །ལྷ་རིན་ཆེན་འབྱུང་ལྡན་ཐུགས་གཏེར་ཡོད། །མཉམ་ཉིད་ཡེ་ཤེས་ཀྱི་གཏེར་ཁ་ཞིག་འདོན་ན་བསམ། །སེམས་འདོད་ཆགས་ཀྱི་རྫ་རི་དམར་པོ་ན། །ལྷ་སྣང་བ་མཐའ་ཡས་ཀྱི་ཐུགས་གཏེར་ཡོད། །སོར་རྟོག་ཡེ་ཤེས་ཀྱི་གཏེར་ཁ་ཞིག་འདོན་ན་བསམ། །སེམས་ཕྲག་དོག་གི་གཡའ་རི་ལྗང་ཁུ་ནི། །ལྷ་དོན་ཡོད་གྲུབ་པའི་ཐུགས་གཏེར་ཡོད། །བྱ་གྲུབ་ཡེ་ཤེས་ཀྱི་གཏེར་ཁ་ཞིག་འདོན་ན་བསམ། །གཉིད་གཏི་མུག་ཀླུ་བདུད་ཀྱི་བླ་མཚོ་ན། །སེམས་འོད་གསལ་ཆོས་སྐུའི་གཏེར་ཆེན་ཡོད། །འོད་གསལ་ཆོས་སྐུའི་གཏེར་ཞིག་འདོན་ན་བསམ། །རྨི་ལམ་འཁྲུལ་པའི་ལྷ་ཁང་ན། །ལོངས་སྐུ་ཞིང་སྦྱོང་གི་གཏེར་ཆེན་ཡོད། །ལོངས་སྐུ་དག་པའི་གཏེར་ཁ་ཞིག་འདོན་ན་བསམ། །སད་པ་ཉིང་འཁྲུལ་གྱི་བྲག་ཕུག་ན། །གཏུམ་མོ་ཨ་ཐུང་གི་གཏེར་གཅིག་ཡོད། །བདེ་དྲོད་རང་འབར་གྱི་གཏེར་གཅིག་འདོན་ན་བསམ། །ཐུན་མཚམས་ཐ་མལ་གྱི་འདྲེ་གནས་ན། །སྒྱུ་ལུས་ལྷ་སྐུའི་རྫས་གཏེར་ཡོད། །འཁྲུལ་པ་རང་གྲོལ་གྱི་གཏེར་གཅིག་འདོན་ན་བསམ། །གཏེར་དེ་འདྲ་ལ་ཡིད་སྨོན་ཤིན་ཏུ་ཆེ། །ད་བརྩོན་འགྲུས་གཅིག་ཆེ་ན་ཐོན་


CMR051_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྲིད། །མཚོ་རི་བྲག་ལ་སྦས་པའི་གཏེར་ཁ་འདིར། །དེ་དུག་སྦྲུལ་མགོ་ཡི་ནོར་བུ་བཞིན། །ཁོ་ཡག་ཉེས་ཤིན་ཏུ་ཆེ་བའི་ཕྱིར། །ད་ལུང་བསྟན་བྱུང་ཡང་དགའ་བ་ཆུང་། ། སྔོན་གཏེར་སྟོན་བརྒྱ་རྩ་ལྷག་ཙམ་བྱོན། །དེ་བར་ཆད་དབང་དུ་མ་ཤོར་བར། །དོན་འགྲོ་དོན་ལུང་བཞིན་འགྲུབ་པ་ནི། །རྗེ་རཏྣ་གླིང་པ་ཙམ་ཞིག་ལགས། །གཞན་གཏེར་སྟོན་ཚད་ལྡན་ཕལ་ཆེར་ཡང་། །ལ་ལ་ནི་དུས་གནད་རྟེན་འབྲེལ་འཆུགས། །ལ་ལ་ནི་གསང་བའི་རྟེན་འབྲེལ་འཆུགས། །ལ་ལ་ནི་ཕྱག་རྒྱའི་རྟེན་འབྲེལ་འཆུགས། །ལ་ལ་ནི་ཆོས་བདག་རྟེན་འབྲེལ་འཆུགས། །ལ་ལ་ནི་སྐུ་ཚེའི་བར་ཆད་གྱུར། །ལ་ལ་ནི་ཆོས་རྒྱུད་མྱུར་དུ་ཆད། །ལ་ལ་ནི་འགྲོ་དོན་རྒྱ་སྡུག་འགྱུར། །དེ་འདྲའི་ཁེ་ཉེས་དགོས་དོན་མེད། །ཆོས་འདོད་ན་གཏེར་ཆོས་ཀྱིས་ས་གཞི་གང་། །གཏེར་ཕྲན་གཅིག་ཐོན་པས་ཅི་མི་འཚངས། །གནས་འདོད་ན་གནས་ཆེན་གྱི་འཛམ་གླིང་གང་། །གནས་ཕྲན་གཅིག་ཕྱེས་པས་ཅི་མི་འཚིངས། །སྔོན་བྱོན་གྱི་སངས་རྒྱས་བྱང་སེམས་ཀུན། །རང་སེམས་ཆོས་སྐུའི་གཏེར་ཐོན་པས། །ས་ལམ་རྣམས་རིམ་པར་བགྲོད་པ་ཡིན། །བདག་ཀྱང་དེ་འདྲ་


CMR051_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིད་སྨོན་འཆོར། །ཁྱེད་ཀྱང་དེ་འདྲ་ལ་ཐུགས་འདུན་མཛོད། །ཅེས་པ་ཡང་འཕྲལ་དུ་སྨྲས་སོ། །མངྒ་ལཾ།། ༈ །།ན་མོ་གུ་རུ་ཡེ། ཁྱེད་བླ་མ་ཀརྨ་དགེ་ལེགས་ཀྱིས། །ཁོང་བལ་པོ་རྟོགས་ལྡན་དྲིས་པའི་ལན། །རྗེ་མཁས་པ་ནཱ་རོ་པཎ་ཆེན་དེས། །ཁོང་སྒྲ་བསྒྱུར་མར་པ་ལོ་ཙཱ་ལ། །བུ་སེང་གེ་ཁྱུང་གི་ཕྲུ་གུ་བཞིན། །སློབ་མ་བས་ཀྱང་ཡང་སློབ་བཟང་། །ཞེས་གསུངས་ལུང་བསྟན་བསྔགས་པ་མཛད། །རྗེ་རྨོག་ཅོག་རིན་ཆེན་བརྩོན་འགྲུས་པས། །ཁོང་གྲུབ་ཐོབ་སྤྱོད་པ་དགོངས་པ་ལ། །ཉམས་རྟོགས་ང་བས་ཁྱོད་རང་བཟང་། །བ་ལ་མཛོ་སྐྱེས་ཡིན་གསུངས་སོ། །དཔེ་དེ་བཞིན་བལ་པོ་རྟོགས་ལྡན་པ། །ཕ་ང་བས་ཉམས་རྟོགས་བུ་ཁྱོད་བཟང་། །ངེད་ཕ་ཡང་ཕ་གླང་བུ་མཛོ་ཡིན། །མི་ང་བས་བུ་དགའ་བལ་པོ་དེ། །སེམས་ཤེས་རབ་རིག་པའི་བློ་ཁ་བྱེ། །ལག་ཅི་བཟོས་སྤྲུལ་པའི་ལྷ་བཟོ་འདྲ། །སེམས་ངེས་འབྱུང་སྐྱོ་ཤས་རང་དབང་མེད། །ཚེ་འདི་ཡི་བྱ་བར་ཡིད་མི་འགྱུར། །ཟས་འདོད་ཡོན་ཞེན་པ་གཏིང་ནས་ལོག །ཟས་དཀའ་ཐུབ་བཅུད་ལེན་སྙིང་ལ་འཆང་། །ཚེ་འདི་ཡི་སྙན་གྲགས་འདོད་པ་མེད། །ལུས་


CMR051_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ཚུགས་མི་འཛིན་སྨྱོ་སྤྱོད་བྱེད། །ཆོས་ལུས་ངག་དགེ་སྦྱོར་ཞེ་མི་ཚིམ། །གནད་རྩ་རླུང་ཐིག་ལེ་སྙིང་ལ་འཆང་། །སྒོམ་རྩེ་གཅིག་ཙམ་གྱིས་ཞེ་མི་ཚིམ། །དོན་རོ་གཅིག་ཆེན་པོ་སྙིང་ལ་འཆང་། །ཉམས་བཟང་དུས་དཔའ་སྐད་ཞེ་མི་ཚིམ། །རྐྱེན་དྲག་པོ་བསྲེ་བ་སྙིང་ལ་འཆང་། །ཆོས་བརྩམ་ཆོས་པོད་གཞུང་ཞེ་མི་ཚིམ། །དོན་གཏེར་ཆོས་སེལ་མེད་སྙིང་ལ་འཆང་། །འཕྲལ་གྲོང་ཆོག་འགྲོ་དོན་ཞེ་མི་ཚིམ། །ཚེ་བློས་བཏང་སློབ་མ་སྙིང་ལ་འཆང་། །ལུས་སོས་དལ་ཙམ་སྒྲུབ་ཞེ་མི་ཚིམ། །དོན་བརྩོན་འགྲུས་དྲག་པོ་སྙིང་ལ་འཆང་། །རྟག་དག་སྣང་ཕྲན་བུས་ཞེ་མི་ཚིམ། །དོན་ཡི་དམ་དངོས་མཇལ་སྙིང་ལ་འཆང་། །ལུས་འདུལ་ཁྲིམས་མཛེས་ཆོས་ཞེ་མི་ཚིམ། །སྔགས་གྲུབ་ཐོབ་སྤྱོད་པ་སྙིང་ལ་འཆང་། །གནས་གྲོང་ལྟག་རི་ཁྲོད་ཞེ་མི་ཚིམ། །གནས་མི་མེད་ལུང་སྟོང་སྙིང་ལ་འཆང་། །དོན་ལྟ་བ་ནམ་མཁའ་གཡའ་དག་འདྲ། །སེམས་སྒོམ་པ་ཆུ་བོའི་གཞུང་དང་འདྲ། །ལུས་སྤྱོད་པ་ངེས་མེད་སྨོན་པ་འདྲ། །ཉམས་རྨི་ལམ་ཞལ་གཟིགས་འཇའ་ལྟར་བཀྲ། །ངག་ངོ་སྲུང་མི་ཤེས་གདོལ་ཚིག་སྨྲ། །ནོར་གསོག་འཇོག་མི་ཤེས་ཅི་དགར་


CMR051_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད། །གནས་གཅིག་ཏུ་མི་སྡོད་རླུང་ལྟར་འཕྱོ། །མི་ང་ལ་མངོན་ཤེས་མ་མཆིས་ཀྱང་། །རྟགས་དེ་ཚོ་དོན་ལ་རྗེས་དཔག་ན། །ཁོང་ལས་ཅན་སྐྱེས་བུ་གཅིག་ཡིན་ངོ་ཤེས། །ངེས་མེད་སྤྲུལ་པ་གཅིག་ཡིན་ངོ་ཤེས། །ཚེ་སྲོག་ལ་བར་ཆད་མ་བྱུང་ན། །འབྲེལ་ཚད་དོན་ལྡན་ཞིག་འོང་ངོ་ཤེས། །རྗེ་པད་འབྱུང་གི་བསྟན་ལ་ཕན་ངོ་ཤེས་། །རྒྱ་ཆེན་གྱི་འགྲོ་དོན་ཞིག་འགྲུབ་བམ་སེམས། །དོན་དེ་ཚོ་བལ་པོའི་སྤྱོད་འགྲོའི་ལགས། །ཞེས་སྨྲས་སོ། །མངྒ་ལཾ།། ༈ །།ན་མོ་གུ་རུ་པྲ་ཝ་ཀ་ར་ཡེ། པད་འབྱུང་རྗེ་ལ་གསོལ་བ་འདེབས། །དཔེ་ཆ་འགའ་རེ་འདོད་གསུངས་པས། །འདི་ལ་ཉམས་མཚར་ཚིག་འགའ་ཞུ། །བདག་ཏུ་འཛིན་པའི་རྩ་བ་འདི། །ཤེས་རབ་མཚོན་ཆས་བཅད་པ་ན། །འཁོར་བའི་འཁོར་ལོ་རྒྱུན་ཆད་ནས། །སྤང་བྱའི་སྒྲིབ་པ་མཐའ་དག་གཏོར། །འཁོར་བ་མྱང་འདས་གནས་སུ་ཟློག །མཚོན་ཆ་འཁོར་ལོའི་གཏོར་ཟློག་ཡིན། །རང་ཉིད་དྲག་པོའི་སྐུར་གསལ་བས། །ཐ་མལ་གཟུགས་ཀྱི་ཕུང་པོ་ནི། །སྣང་སྟོང་ལྷ་ཡི་སྐུ་རུ་བཟློག །གུ་རུ་དྲག་པོའི་བཟློག་པ་ཡིན། །སྣང་བ་སྐུ་ཡི་ཁྱེར་སོ་


CMR051_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །མཐོང་ཚད་ལྷ་ཡི་སྐུར་གསལ་བས། །ཐ་མལ་གཟུགས་ཀྱི་སྣང་བ་ཟློག་།འཇམ་དཔལ་སྐུ་ཡི་བཟློག་པ་ཡིན། །སྣང་བ་སྐུ་ཡི་ཁྱེར་སོ་ཡིན། །གྲག་པ་གསུང་གི་ཁྱེར་སོ་ཡིན། །སྒྲ་གྲག་སྔགས་ཀྱི་སྒྲར་གསལ་བས། །བསྟོད་སྨད་ཆགས་སྡང་འཛིན་པ་ཟློག །རྟ་མགྲིན་གསུང་གི་བཟློག་པ་ཡིན། །དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ཡིས། །གང་ཤར་བཟོ་མེད་རང་ངོར་བལྟ། །དྲན་ཚད་ཕྱག་རྒྱ་ཆེན་པོར་ཟློག །ཕྱག་རྡོར་ཐུགས་ཀྱི་བཟློག་པ་ཡིན། །གཏུམ་མོའི་འབར་འཛག་བཟློག་པ་ཡིས། །ཁམས་ལྔ་ཌཱཀྐི་ལྔ་རུ་སྒྱུར། །དུག་ལྔ་ཡེ་ཤེས་ལྔ་རུ་ཟློག །ཡོན་ཏན་མཁའ་འགྲོའི་བཟློག་པ་ཡིན། །ལྷ་སྔགས་འགྲེལ་བའི་ཏིང་འཛིན་གྱིས། །ལས་ཚོགས་གང་འདོད་ཐམས་ཅད་འགྲུབ། །བདུད་དང་ལོག་འདྲེན་བར་ཆད་ཟློག །ཡཀཱ་མེ་དབལ་བཟློག་པ་ཡིན། །རང་ངོ་ཤེས་པའི་མཁའ་ལྡིང་གིས། །མ་རིག་དུག་སྦྲུལ་ཞལ་དུ་ཐོབ། །རྣམ་རྟོག་ཐམས་ཅད་ཆོས་སྐུར་ཟློག །བྱ་ཁྱུང་རྒྱལ་པོའི་བཟློག་པ་ཡིན། །འདོད་ཆགས་མ་མོ་སྲིན་མོ་ལ། །ཡེ་རིག་ཡེ་ཤེས་རིཀས་མཆོད། །འདོད་ཆགས་བདེ་སྟོང་ངང་དུ་ཟློག །སྲིན་མོ་ཟ་ལམ་བཟློག་


CMR051_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །དྲག་པོའི་གཏོར་ཟློག་དེ་ལྟར་མཛོད། །འདྲེ་ངན་བརྡུངས་བའི་གཏོར་ཟློག་སྟེ། །སེམས་བསྐྱེད་སྙིང་རྗེས་མ་ཟིན་ན། །ཕ་མ་བརྡུངས་དང་ཁྱད་པར་མེད། །དེ་ཕྱིར་སྙིང་རྗེ་སེམས་བསྐྱེད་གཟོབ། །ཁྲོ་བོའི་བཞུགས་གནས་དུང་ཁང་ལ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འབབ། །གནས་སྐབས་བཞི་ཡི་སྒྲིབ་པ་གཏོར། །འབྲས་བུ་སྐུ་བཞིའི་ངང་དུ་ཟློག །ཁྲོ་ཆུའི་གཏོར་ཟློག་དེ་ལ་ཟེར། །ཁྲོ་དང་འདོད་ཆགས་གཏི་མུག་གསུམ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །དུག་ལྔ་འཁོར་བའི་སྡོང་པོ་ལྔ་། །སྐུ་ལྔ་ཡེ་ཤེས་ལྔ་རུ་ཟློག །ཁྲོ་ཆུ་དུག་སྡོང་བཟློག་པ་ཡིན། །ཚོགས་གཉིས་ཟུང་དུ་འཇུག་པ་ཡིས། །ཚེ་བསོད་འཕེལ་ཞིང་བདག་འཛིན་ཞི། །ནག་པོ་བདུད་ཀྱི་གཡུལ་ངོ་ཟློག །ཚེ་བདག་ནག་པོའི་བཟློག་པ་ཡིན། །སྐྱེ་འཆི་མེད་པའི་དོན་རྟོགས་ནས། །ཤི་ཡང་བདག་གིས་སྐྲག་པ་མེད། །ངན་སོང་ནག་པོ་ལུས་ངན་ཟློག །འཆི་བདག་ནག་པོའི་བཟློག་པ་ཡིན། །སྲོག་དང་རྩོལ་བའི་རླུང་ལ་སྦྱོང་། །རྡོར་བཟླས་དག་གིས་ངག་ནུས་འབར། །ནག་པོ་བདུད་ཀྱི་བར་ཆད་ཟློག །སྲོག་བདག་ནག་པོའི་བཟློག་པ་ཡིན། །


CMR051_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྷེ་ཝ་ས་ཏ་ཡོན་ཏན་ཏེ། །མདོ་རྒྱུད་མན་ངག་གནད་ཤེས་པས། །བླུན་སྒོམ་ཨུ་ཚུགས་གོལ་ས་ཟློག །བྷེ་ཝ་ས་ཏའི་བཟློག་པ་ཡིན། །ཤུགས་འབྱུང་དཀོར་ཟས་ཅི་ཟ་བ། །རང་བྱུང་ལྗགས་དམར་མེ་ལ་བསྲེགས། །ཕུང་པོའི་ལྷ་མཆོད་དཀོར་སྒྲིབ་ཟློག །ཟ་བ་ལྗགས་དམར་བཟློག་པ་ཡིན། །བཟློག་པ་མཛད་ན་དེ་ལྟར་མཛོད། །ཡ་མཚན་ལྡན་པའི་ཞིང་ཁམས་སུ། །མ་གྱུར་འགྲོ་རྣམས་འདྲེན་པའི་ཕྱིར། །ཐབས་ཤེས་རྭ་ལྟར་འབྲལ་མེད་ཅིང་། །རྩ་དང་རླུང་བསྒོམ་འཁྲུལ་པ་ཟློག །ཡ་མ་ར་ཙའི་བཟློག་པ་ཡིན། །གྱེར་བསྒོམ་རྔ་སྒོག་ཅི་བརྡུང་ཡང་། །གོང་མའི་ཕ་རབ་མི་ཟིན་པས། །གཏོར་ཟློག་དེ་ལྟར་བྱེད་སྙིང་འདོད། །ཚེ་ལུང་ཁྲུས་ལུང་མི་ཤེས་པར། །དམིགས་ངན་བསྒོམ་ཞིང་འགུགས་གཞུག་བྱེད། །ཞེ་སྡང་སྐྱེད་ཅིང་ཕུར་པ་འདེབས། །དམིགས་ངན་དེ་འདྲས་དམྱལ་བར་སྐྱེ། །དེ་འདྲའི་ལས་འགྲིགས་དགོས་པ་མེད། །སྐུ་གསུམ་རང་ཤར་ཧོམ་ཁུང་དུ། །དུག་ལྔ་དུག་གསུམ་དགྲ་དང་བགེགས། །བདག་མེད་རྟོགས་པའི་ཕུར་པས་བསྒྲལ། ། །བསྒྲལ་ལས་དེ་འདྲ་བྱེད་སྙིང་འདོད། །རྣམ་ཤེས་ཆོས་ཉིད་བསྟིམ་མི་ཤེས། །ལིངྒ་ཤ་


CMR051_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་ཁྲག་ཐིགས་རྣམས། །ང་རྒྱལ་བསྐྱེད་ཅིང་བསྟབ་པ་བྱེད། །དགྲ་བགེགས་ཟོས་བསམ་གཏོར་མར་བླུག །ཕྱི་མ་རང་ཉིད་གཤིན་རྗེས་ཟ། །དེ་འདྲའི་བསྟབ་པ་ངོས་མི་འདོད། །ཆོས་ཉིད་སྐྱེ་མེད་ཞལ་ནང་དུ། །གང་སྐྱེས་རྣམ་རྟོག་རང་ཞིར་བསྟབ། །ལྷན་སྐྱེས་ཡེ་ཤེས་ལྷ་ཞལ་མཐོང་། །དེ་འདྲའི་བསྟབ་པ་བྱེད་སྙིང་འདོད། །བརྡ་དོན་རྟེན་འབྲེལ་མི་ཤེས་པའི། །དུག་ཤིང་སྐྱེར་པའི་རྩང་ཁྲོས་དེ། །བཟོ་ན་ཕྱག་ཚ་ཁུར་ན་དཀའ། །འཁོར་ལོ་བཞི་ཡི་རྩ་འདབ་རྣམས། །དྲྭ་བ་དྲྭ་ཕྱེད་འཚུབ་མ་རིས། །རང་བྱུང་རྩང་ལྷས་ངོ་མཚར་ཆེ། །སྟོང་རའི་རྩང་ར་བསྐོར་སྙིང་འདོད། །ཨ་མྱེའི་གསོལ་ལྷག་ཆང་སྐྱུར་ཏེ། །ཡོན་བདག་ནས་ལ་གཟན་པའི་རྒྱུ། །འཐུང་ན་འདུལ་བའི་ཁྲིམས་དང་འགལ། །ཆང་སྐྱུར་བདུད་རྩི་ཅི་ལ་ཕན། །སྤྱི་བོ་ཚངས་པའི་ཡུལ་ས་ན། །ཧཾ་ཡིག་ཀུནྡྷའི་བདུད་རྩི་བབས། །ཧེ་རུ་ཀ་རྣམས་དེ་ལ་དགྱེས། །དེ་འདྲའི་ཆང་བཟང་བཙག་ན་བསམ། །འཆག་ཁྲག་གཏར་བའི་སྣེ་ཁྲག་དེ། །རྣམ་སྨིན་ཆེ་བས་ལྷ་མི་དགྱེས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །རཀྟ་ཀུན་གྱི་དྭངས་མ་ནི། །ཨ་ཐུང་


CMR051_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རཱ་གའི་མདོག །མ་རྒྱུད་མཁའ་འགྲོ་དེ་ལ་འཁོར། །དེ་འདྲའི་རཀྟ་སྤེལ་ན་བསམ། །ཟས་སུ་ཁ་རེའི་གཏོར་གདུགས་དེ། །ཁྱེར་ན་ཡོན་བདག་སེར་སྣ་སྐྱེ། །དབུ་མ་ལུས་ཀྱི་སྲོག་ཤིང་སྟེ། །བདེ་ཆེན་འཁོར་ལོའི་རྩ་འདབ་རྣམས། །རང་བྱུང་གདུགས་ཀྱི་ཚུལ་དུ་ཡོད། །གཙུག་ཏོར་རྩ་བཞི་ཏོག་གི་ཚུལ། །དེ་འདྲའི་གཏོར་གདུགས་ཕུབ་སྙིང་འདོད་། །གཟའ་དང་དབང་ཕྱུག་མཁའ་འགྲོ་སོགས། །ཐེབ་ལྡོག་རྒྱུ་དུས་མི་ཤེས་པའི། །གཏོར་འཕེན་ཕན་བས་གནོད་པ་ཆེ། །གང་ཤར་འགྱུ་བའི་གཏོར་མ་འདི། །རང་གྲོལ་དབྱིངས་སུ་འཕེན་ཤེས་ན། །ཉོན་མོངས་བདུད་བགེགས་ཐམས་ཅད་ཐུལ། །དེ་འདྲའི་གཏོར་མ་འཕེན་སྙིང་འདོད། །ལྔ་སེར་ལྟོ་འཕྱེ་ལ་སོགས་པ། །མི་ཤེས་མེ་མཆོད་གནོད་པ་ཆེ། །ཟང་ཟིང་རྫས་རྣམས་སྣང་བ་སྤུན། །ཀུན་རྟོགས་བསྲེག་རྫས་སྣ་ཚོགས་པ། །མི་རྟོག་ངང་དུ་བསྲེག་ཤེས་ན། །ཡེ་ཤེས་མེ་ཆེན་རབ་ཏུ་འབར། །དེ་འདྲའི་མེ་མཆོད་བླུག་སྙིང་འདོད། །ཨ་ནུ་ཨ་ཏི་ཡོ་གའི་ལུགས། །གཏོར་ཟློག་སྦྱིན་སྲེག་བྱ་ཚུལ་འདི། །འཕྲལ་དུ་ཉམས་ལ་ཤར་ནས་སྨྲས། མ་གྱུར་འགྲོ་བ་ཐམས་ཅད་ཀྱི། །གཏོར་


CMR051_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་དེ་འདྲ་བཅའ་བར་ཤོག །ཅེས་སྨྲས་སོ། །མངྒ་ལཾ།། ༈ །།ན་མོ་ཤཱཀྱ་མུ་ན་ཡེ། །བླ་མ་རིག་འཛིན་དགེ་ལེགས་པས། །དུས་རྟག་ཏུ་ལུང་བསྟན་དགོས་གསུངས་པ། །སྐྱེས་པའི་ཐ་མ་ངེས་པར་འཆི། །བསགས་པའི་ཐ་མ་ངེས་པར་ཟད། །འདུས་པའི་ཐ་མ་ངེས་པར་འབྲལ། །བརྩེགས་པའི་ཐ་མ་ངེས་པར་འཇིག །དར་བའི་ཐ་མ་ངེས་པར་རྒུད། །ཐམས་ཅད་མི་རྟག་སྒྱུ་མ་ཡིན། །རྟག་པར་གནས་པ་གཅིག་ཀྱང་མེད། །དེ་ནི་ལུང་བསྟན་རྩ་ཚིག་ཡིན། །ལོ་ཟླ་ཡུད་ཡུད་ཟད་པ་འདི། །ཚེ་ཡུད་ཡུད་ཟད་པའི་ལུང་བསྟན་ཡིན། །མི་ཕུ་ཤི་མདའ་ཤི་ཟེར་བ་འདི། །ད་མྱུར་དུ་འཆི་བའི་ལུང་བསྟན་ཡིན། །ནོར་བསགས་པ་དགྲ་ཡིས་ཁྱེར་ཐོས་ཚེ། །ནོར་སྙིང་པོ་མེད་པའི་ལུང་བསྟན་ཡིན། །གྲོགས་ཉེ་དུ་དམེ་ཤི་བྱས་ཐོས་ཚེ། །གྲོགས་སྙིང་པོ་མེད་པའི་ལུང་བསྟན་ཡིན། །རྗེ་རྒྱལ་པོ་མེད་པའི་སྒྲ་ཐོས་ཚེ། །གཏམ་སྙིང་པོ་མེད་པའི་ལུང་བསྟན་ཡིན་། །རྗེ་སངས་རྒྱས་ལ་སྐུར་བ་འདེབས་ཐོས་ཚེ། །གཏམ་སྙིང་པོ་མེད་པའི་ལུང་བསྟན་ཡིན། །དགོན་དགེ་འདུན་ཚོགས་ཆེན་འཐོར་ཐོས་ཚེ། །གྲྭ་སློབ་སྙིང་པོ་མེད་པའི་


CMR051_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་ཡིན། །མི་ད་ནངས་ནད་མེད་དོ་དགོང་ཤི། །ཚེ་ངེས་པ་མེད་པའི་ལུང་བསྟན་ཡིན། །གནས་གྲོག་ཚང་རེ་ན་སྟོང་ཕྲག་བརྒྱ། །དལ་འབྱོར་རྙེད་དཀའ་ལུང་བསྟན་ཡིན། །འབྲས་དྲུག་སོ་སོར་སྨིན་པ་འདི། །རྒྱུ་འབྲས་བསླུ་མེད་ཀྱི་ལུང་བསྟན་ཡིན། །སྨན་རིམ་གྲོས་མ་བསླུས་ཤི་ཐོས་ཚེ། །འཆི་བ་བཟློག་མེད་ཀྱི་ལུང་བསྟན་ཡིན། །རང་སྡུག་བསྔལ་བྱུང་དུས་ཡིད་མི་དགའ། །སྡིག་སྒྲིབ་བཤགས་པ་དགོས་པའི་ལུང་བསྟན་ཡིན། །ཚེ་བསོད་དཔལ་འབྱོར་རྒྱས་ན་དགའ་བ་སྐྱེས། །བསོད་ནམས་ཚོགས་བསགས་དགོས་པའི་ལུང་བསྟན་ཡིན། །མི་གནོད་འཚེ་མཁན་ལ་མནར་སེམས་སྐྱེ། །བྱམས་སྙིང་རྗེ་བསྒོམ་དགོས་ཀྱི་ལུང་བསྟན་ཡིན། །རང་ཁོ་ན་སྐྱིད་འདོད་ཞེ་ན་ཆང་། །ཐེག་དམན་ལམ་དུ་གོལ་བའི་ལུང་བསྟན་ཡིན། །ཞེ་སྡང་བསྐྱེད་ཅིང་ཁྲོ་སྐུ་ཨ་འཐས་བསྒོམ། །སྲིན་པོའི་ལུས་སུ་སྐྱེ་བའི་ལུང་བསྟན་ཡིན། །དམ་ཚིག་མི་སྲུང་གསང་སྔགས་སྒྲུབ་ལ་འབདེ། །རླུང་ལྷའི་འཁོར་དུ་སྐྱེ་བའི་ལུང་བསྟན་ཡིན། །བླ་མ་མི་བཀུར་སྨད་ཅིང་དཔེ་ཆོས་སྤྱོད། །དམ་སྲིའི་རིགས་སུ་སྐྱེ་བའི་ལུང་བསྟན་ཡིན། །སྤྱོད་པ་མ་དག་ལྟ་བ་རྣམ་པར་དག །


CMR051_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཡི་རིགས་སུ་སྐྱེ་བའི་ལུང་བསྟན་ཡིན། །ལྟ་བ་མ་རྟོགས་སྤྱོད་པར་རྣམ་པར་དག །ཐར་པ་མི་ཐོབ་འཁོར་བ་ཡུན་རིང་དུ། །ལྷ་མིའི་ལུས་བཟང་ལེན་པའི་ལུང་བསྟན་ཡིན། །བདེ་གསལ་མི་རྟོག་ཉམས་ལ་ཆགས་ཞེན་ཆེ། །ཁམས་གསུམ་གནས་སུ་གོལ་བའི་ལུང་བསྟན་ཡིན། །རྣམ་རྟོག་བཀག་ནས་མི་རྟོག་སྒོམ་པར་སེམས། །དགེ་སྡིག་གཉིས་ཀ་སྤངས་ནས་སྟོང་སྙམ་གནས། །ཧཱཤང་ལྟ་བར་གོལ་བའི་ལུང་བསྟན་ཡིན། །ལྟ་བ་མཐོ་ཡང་རྒྱུ་འབྲས་བྱོལ་ཉོག་སྤྱོད། །བདུད་ཀྱི་ལྟ་བར་གོལ་བའི་ལུང་བསྟན་ཡིན། །དགེ་བ་མི་བསྒྲུབ་སྡིག་པ་ཚབས་ཆེན་སྤྱོད། །དམྱལ་བར་གཏན་ཡུལ་བྱེད་པའི་ལུང་བསྟན་ཡིན། །དམ་པའི་ཆོས་ལ་འབྲེལ་བ་ཅུང་ཟད་མེད། །ནམ་ཡང་ཐར་དུས་མེད་པའི་ལུང་བསྟན་ཡིན། །སྡོམ་པ་དམ་ཚིག་ཞུས་ནས་མི་བསྲུངས་ན། །རེ་ཞིག་ཚབས་ཆེ་ཡུན་ཐུང་སྡུག་བསྔལ་སྤྱོད། །ནམ་ཞིག་ཐར་པ་ཐོབ་པའི་ལུང་བསྟན་ཡིན། །སྙིང་རྗེ་ཆུང་ཞིང་རང་དོན་ཆོས་ལ་འབད། །ཉན་ཐོས་དགྲ་བཅོམ་ཐོབ་པའི་ལུང་བསྟན་ཡིན། །བླ་མ་གསང་ཞིང་རང་དོན་ཆོས་ལ་འབད། །རང་རྒྱལ་དགྲ་བཅོམ་ཐོབ་པའི་ལུང་


CMR051_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཡིན། །སྙིང་རྗེ་ཆེ་བས་དགེ་བ་འགྲོ་ལ་བསྔོ། །ནམ་ཞིག་རྫོགས་སངས་རྒྱས་པའི་ལུང་བསྟན་ཡིན། །བླ་མ་ཡི་དམ་དངོས་ལྟར་སྒྲུབ་ལ་བརྩོན། །དངོས་གྲུབ་རྣམ་གཉིས་ཐོབ་པའི་ལུང་བསྟན་ཡིན། །རྩེ་གཅིག་ཡེངས་མེད་རྩ་རླུང་འོད་གསལ་བསྒོམ། །མྱུར་དུ་སངས་རྒྱས་འགྲུབ་པའི་ལུང་བསྟན་ཡིན། །བླ་མ་སངས་རྒྱས་དངོས་ལ་གསོལ་འདེབས་རེམ། །མྱུར་དུ་ཉམས་རྟོགས་འཆར་བའི་ལུང་བསྟན་ཡིན། །དགེ་སྒྲུབ་སྡིག་སྤང་སྨོན་ལམ་རྣམ་པར་དག །དག་པའི་ཞིང་ཁམས་བགྲོད་པའི་ལུང་བསྟན་ཡིན། །ལུང་བསྟན་སོ་བཞིར་ལྡན་པའི་ལུང་བསྟན་འདི། །འཕྲལ་དུ་ཡིད་ལ་ཤར་ནས་སྨྲས་པ་ཡིན། །མངྒ་ལཾ། ༈ །།ན་མོ་ཀཱ་ལ་ཙཀྲ་མཉྫ་གྷོ་ཥ་ཡེ། དཀར་ནག་གི་རྩིས་གཞུང་རྒྱ་མཚོ་ལས། །བློ་གྲོས་ཀྱི་སྣང་བ་ཆེར་རྒྱས་པའི། །རྩིས་པའི་མཆོག་གྱུར་དགེ་ལེགས་པས། །རྒྱ་འབོར་དང་དོན་བདུན་གྱིས་རྩིས་གཞུང་ལ། །རྡེལ་བཞག་གི་ཡི་གེ་གྱིས་གསུངས་པ། །ཕྱི་ཀུན་རྫོབ་ཀྱི་རྡེའུ་དཀར་ནག་དེ། །ཐབས་མཁས་ཀྱི་དགེ་བསྐུལ་མ་ཤེས་ན། །ལྕགས་ཚེར་གྱིས་འབིགས་པའི་དམྱལ་བར་སྐྱེ། །ནང་དོན་དམ་གྱི་རྡེའུ་འདི་


CMR051_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཀྲམ། །ལུས་སྣང་སྟོང་རྡོར་སེམས་ཀྱི་རྡེའུ་གཞི་བཏིང་། །སྙིང་ཙཏྟ་འོད་ཀྱི་རེ་མིག་ལ། །ལྷ་ཞི་བའི་རྡེའུ་དཀར་ཞེ་གཉིས་བཞག །མགོ་ཀླད་པ་དུང་ཁང་གི་རེ་མིག་ལ། །ལྷ་ཁྲག་འཐུང་གི་རྡེའུ་ནག་ང་བརྒྱད་བཞག །ངག་མགྲིན་པ་འཇའ་ཚོན་གྱི་རྡེའུ་ལམ་ལ། །ལྷ་རིག་འཛིན་གྱི་རྡེའུ་ཕྲེང་ལྔ་པོ་བཀོད། །ཡུལ་ཉི་ཤུ་རྩ་བཞིའི་རྡེའུ་ལམ་ལ། །ལྷ་དཔའ་བོ་ཌཱཀྐིས་ཁ་དམར་རྒྱབ། །ཁྱེད་རྒྱ་འབོར་ཅིག་རྒྱབ་ན་དེ་ལྟར་རྒྱོབས། །རྡེའུ་ངོ་མཚར་ཅན་བརྒྱ་དང་རྩ་དགུ་ཡིན། །ད་དཔྱད་དོན་བདུན་མ་འདི་ལྟར་སྤྱད། །ཚུལ་ཁྲིམས་ཀྱི་ས་གཞི་གཙང་མ་ལ། །དགེ་བའི་ལོ་ཏོག་ཐམས་ཅད་སྨིན། །དེ་ས་གཞི་ལྟ་བུར་དཔྱད་པ་ཡིན། །ལྷན་སྐྱེས་མ་རིག་པའི་རུས་སྦལ་ལ། །ཆོས་རྟེན་འབྲེལ་བཅུ་གཉིས་ལུགས་སུ་འབྱུང་། །དེ་འཁོར་བའི་རྒྱ་མཚོ་འཁོར་ལུགས་ཤེས། །དེ་ལུས་པོ་ཐར་པའི་ཐོབ་ལུགས་གསལ། །དེ་རུས་སྦལ་ལྟ་བུར་དཔྱད་པ་ཡིན། །ཚད་མེད་བཞི་ཡི་ཀ་བ་ལ། །འཕགས་ལམ་བརྒྱད་ཀྱི་གདུང་མ་བྲིས། །བསྡུ་དངོས་བཞི་ཡི་སྒོ་བཞི་གསལ། །ཚད་མེད་སྙིང་རྗེ་ཕུག་ན་གནས། །དེ་གཙུག་ལག་ལྟ་བུར་དཔྱད་པ་


CMR051_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཆོས་སྡོམ་པ་གསུམ་གྱི་བང་རིམ་སྟེང་། །བློ་བྱང་ཆུབ་སེམས་ཀྱི་བུམ་པ་བཞག །དོན་ཚད་མེད་བཞི་ཡི་བྲེ་སྟེང་དུ། །ས་བཅུ་རིམ་པའི་ཆོས་འཁོར་ལ། །མ་འགྲོ་དྲུག་སྐྱོབ་པའི་གདུགས་ཀྱི་དགབ། །འབྲས་བུ་སྐུ་གསུམ་ཉི་ཟླའི་ཏོག །དེ་མཆོད་རྟེན་ལྟ་བུར་དཔྱད་པ་ཡིན། །ཆོས་ཚད་མེད་བཞི་ཡི་རི་རབ་ལ། །དོན་འཕགས་ནོར་གསེར་རི་བདུན་གྱིས་བསྐོར། །ཐབས་ཤེས་རབ་ཉི་ཟླ་ཟུང་གིས་བརྒྱན། །དེ་རི་རབ་ལྟ་བུ་དཔྱད་པ་ཡིན། །ཆོས་སེམས་བསྐྱེད་ཟབ་མོའི་རྩ་བ་ལ། །དོན་བྱང་ཆུབ་སེམས་ཀྱི་སྡོང་པོ་རྒྱས། །བྱང་ཆོས་སོ་བདུན་གྱི་ཡལ་འདབ་ལ། །སྐུ་ལྔ་ཡེ་ཤེས་ཀྱི་མེ་ཏོག་བཀྲ། །སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ་སྨིན། །དེ་ལྗོན་ཤིང་ལྟ་བུར་དཔྱད་པ་ཡིན། །དོན་མཐའ་བཞིར་མ་ལྷུང་དབུ་མའི་ལམ། །ཆོས་འོད་གསལ་ཕྱག་རྒྱ་ཆེན་པོ་དེ། །དཔེ་སྤྲིན་ཐག་ཆད་པའི་ནམ་མཁའ་བཞིན། །སྤྲིན་འཇའ་ཚོན་ཀུན་ལངས་སྣ་ཚོགས་པ། །དེ་མཁའ་ལས་བྱུང་ཞིང་མཁའ་ལ་ཐིམ། །སེམས་རྣམ་རྟོག་འགྱུ་བ་སྣ་ཚོགས་པ། །དེ་སེམས་ལས་བྱུང་ཞིང་སེམས་ལ་ཐིམ། །སྤྲིན་འཇའ་ཚོན་ཤར་ཚེ་ནམ་མཁའི་ངང་། །སེམས་འགྱུ་བ་


CMR051_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་གཞན་དུ་མེད། །གཞི་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ནས། །ཡེ་གདོད་ནས་ཐམས་ཅད་ཆོས་སྐུར་རྟོགས། །དེ་ནམ་མཁའ་ལྟ་བུར་དཔྱད་པ་ཡིན། ། རྩིས་དཔྱད་དོན་བདུན་མ་དེ་ལ་མཛོད། །ཅེས་སྨྲས་སོ། །མངྒ་ལཾ།། ༈ །།ན་མོ་གུ་རུ་དྷེ་ཝ་ཌཱཀི་ནི། རིག་འཛིན་ཀརྨ་དགེ་ལེགས་པས། །འབྲས་མོའི་གནས་ཡིག་གསུངས་པའི་ལན། །འབྲས་མོ་ལྗོངས་སོགས་གནས་ཆེན་དུ། །འགྲོ་བའི་དུས་ཚོད་ཡིན་སྲིད་ཀྱང་། །ན་སོ་རྒས་པས་ཕྱིན་པར་དཀའ། །དེ་བས་ཐག་ཉེའི་སྦས་ལུང་དང་། ། གནས་རི་བཟང་པོ་མང་དུ་གདའ། །བྱང་ཆུབ་སེམས་བསྐྱེད་ལུང་པ་ན། །བྱང་ཆོས་སོ་བདུན་གྱི་ལོ་ཏོག་འཁྲུངས། །སྐུ་ལྔ་ཡེ་ཤེས་ཀྱི་ནོར་བུ་ལ། །བཟོད་པའི་ལམ་འགག་དམ་དྲགས་པས། །དགྲ་བོ་མཐའ་དམག་གི་འཇིགས་པ་བྲལ། །འབྲས་མོའི་སྦས་ལུང་ཞིག་དེ་ན་གདའ། །ཕྱག་རྒྱ་ཆེན་པོའི་ལུང་པ་ན། །ཉམས་རྟོགས་རང་གྲོལ་གྱི་ལོ་ཏོག་རྒྱས། །དུག་ལྔ་ཡེ་ཤེས་ཀྱི་མེ་ཏོག་རྒྱས། །རང་སེམས་སངས་རྒྱས་ཀྱི་གཏེར་ཆེན་བརྡོལ། །པདྨ་བཀོད་ཆེན་ཞིག་དེ་ན་གདའ། །ཕྱག་རྒྱ་ཆེན་པོའི་ལུང་པ་ན། །ཉམས་


CMR051_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་རང་གྲོལ་གྱི་ལོ་ཏོག་རྒྱས། །ཞི་གནས་བརྟན་པོའི་ལུང་ཕྲན་ལ། །ལྷག་མཐོང་ཉམས་རྟོགས་ཀྱི་གྲོ་མ་ཞིམ། །གྲོ་མའི་སྐུ་ལུང་ཞིག་དེ་ན་གདའ། །ཙིཏྟ་འོད་ཀྱི་ལུང་པ་ན། །ཞི་བའི་ལྷ་ཚོགས་རང་བྱོན་བཞུགས། །དྭངས་མ་ལྔ་ཡི་འཇའ་ཚོན་འཁྲིགས། །ཟམ་བུའི་གཏེར་ལུང་ཞིག་དེ་ན་གདའ། །ཀླད་པའི་དུང་མཚོ་དཀར་པོ་ན། །ཁྲག་འཐུང་ལྔ་བཅུའི་ཞལ་གཟིགས་གསལ། །ཙཱ་རི་མཚོ་དཀར་ཞིག་དེ་ན་གདའ། །ལྟོ་བ་རྒྱ་མཚོ་ཆེན་པོའི་དཀྱིལ། །སྤྲུལ་པའི་འཁོར་ལོ་པདྨའི་སྟེང་། །ཨ་ཐུང་ཕག་མོ་དངོས་སུ་བཞུགས། །མ་ཕམ་གཡུ་མཚོ་ཞིག་དེ་ན་གདའ། །དབུ་མ་བྱང་ཆུབ་ཤིང་དྲུང་ན། །སྙིང་ཁ་མི་ཤིགས་རྡོ་རྗེའི་གདན། །རང་སེམས་མ་ཧཱ་བོ་དྷི་བཞུགས། །རྡོ་རྗེ་གདན་ཞིག་དེ་ན་གདའ། །ཡན་ལག་ལྔ་ཡི་དབུས་མ་སྟེ། །དཔྲལ་བ་མི་ཤིགས་མཛོད་སྤུ་ན། །སྐུ་མཆོག་འཇམ་དཔལ་ལྷ་ཚོགས་བཞུགས། །རི་བོ་རྩེ་ལྔ་ཞིག་དེ་གདའ། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །དབང་ཕྱུག་ཆེན་པོ་རང་བྱུང་ཡོད། །ཏི་སེའི་གནས་ཆེན་ཞིག་དེ་ན་གདའ། །དབུ་སྐྲ་ལྕང་ལོ་འཁྱིལ་བའི་གསེབ། །རྣ་བོ་ཕྱག་ན་རྡོ་རྗེ་བཞུགས། །


CMR051_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལྕང་ལོ་ཅན་ཞིག་དེ་ན་གདའ། །ཁ་རང་བྱུང་ཡེ་ཤེས་བྲག་ཕུག་ན། །ལྕེ་རང་བྱོན་སྤྱན་རས་གཟིགས་དབང་བཞུགས། །པོ་ཊ་ལ་ཡི་གནས་ཤིག་དེ་ན་གདའ། །རྫི་མ་མུ་ལེའི་གྲམ་ཤིང་ཚོལ། །མིག་འབྲས་བྱང་སེམས་ས་སྙིང་བཞུགས། །རྒྱ་ནག་གི་མི་ཤན་ཞིག་དེ་ན་གདའ། །རང་ལུས་གླང་ཆེན་འགྱིང་རི་ལ། །རང་སེམས་ཀུན་ཏུ་བཟང་པོ་བཞུགས། །གླང་ཆེན་འགྱིང་རི་ཞིག་དེ་གདའ། །ཐག་ཉེ་བའི་སྦས་ལུང་གནས་རི་དེ། །བགྲོད་འདོད་ཀྱི་ཐུགས་མོས་ཡོད་པ་ན། །གསང་སྔགས་ཀྱི་ཉམས་ལེན་གནད་དུ་བསྣུན། །བརྩོན་འགྲུས་ལ་ཐང་ལྷོད་མེད་པར་མཛོད། །སྦས་ལུང་དེ་ཚོར་ཕྱིན་པས་འཇིགས་པ་བྲལ། །གནས་རི་དེ་ཚོ་བསྐོར་ན་སྒྲིབ་པ་དག །རང་བྱོན་དེ་ཚོ་མཇལ་ན་དངོས་གྲུབ་ཐོབ། །དེ་ཕྱིར་གནས་བསྐོར་དེ་ལྟར་མཛོད། །ཅེས་སྨྲས་སོ། །བླ་མ་ཀརྨ་དགེ་ལེགས་པའི་དྲིས་ལན་མགུར་སྣ་བདུན་པོ་འདི་ཤིང་ཕོ་རྟ་ལོའི་སྤྲུལ་གྱི་ཟླ་བའི་ནག་པོའི་ཕྱོགས་ཀྱི་ཚེས་བདུན་བརྒྱད་གཉིས་ལ། ཀརྨ་ཨ་རཱ་གས་རྫོགས་པར་བྲིས་པའོ། །མངྒ་ལཾ།། །། ༧ ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་ཀརྨ་དགེ་ལེགས་པའི་དྲིས་ལན་མགུར་སྣ་བདུན་པ།next