Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཟོ་པའི་དཔོན་གསེར་འོད་གཟུངས་ལ་གདམས་པའི་མགུར་ལེའུ་དགུ་པ།
   
   
   


 
previousཟོ་པའི་དཔོན་གསེར་འོད་གཟུངས་ལ་གདམས་པའི་མགུར་ལེའུ་དགུ་པ།next

ཟོ་པའི་དཔོན་གསེར་འོད་གཟུངས་ལ་གདམས་པའི་མགུར་ལེའུ་དགུ་པ།


CMR051_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཟོ་པའི་དཔོན་གསེར་འོད་གཟུངས་ལ་གདམས་པའི་མགུར་ལེའུ་དགུ་པ་བཞུགས་སོ།


CMR051_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མད་སུམ་ཅུའི་གླུ་ཞེས་བྱ་བ་བྷ་ཝནྟུ། ཀ་ཡེ་གསོན་དང་དཔོན་རྒན་གསེར་འོད་གཟུངས། །ཁ་ད་རང་གིས་རང་ལ་མཛད་ན་ལེགས། །ག་ནས་བསམ་ཀྱང་ངེས་པར་འཆི་དགོས་པས། །ང་ཁྱོད་ང་རྒྱལ་མ་རྩོད་གཤིས་འཇམ་མཛོད། །ཅ་ཅོའི་འཆལ་གཏམ་སྤོངས་ལ་ཡིག་དྲུག་གསུངས། །ཆ་བེ་ཆོ་བའི་སྤྱོད་པ་རྣམས་ཀྱང་སྤོངས། །ཇ་གསོལ་ཆང་ལ་གསོལ་ཚོད་རན་པར་མཛོད། །ཉ་སྟོང་བརྒྱད་ལ་བསྙེན་གནས་གཙང་མ་སྲུངས། །ཏ་ཐཱ་ག་ཏའི་རྟེན་ལ་ཕྱག་བསྐོར་མཛོད། །ཐ་མལ་ཁྱི་སྤྱང་ཡན་ལ་སྦྱིན་པ་ཐོངས། །ད་ནི་ཚེ་ཡང་སུམ་གཉིས་ཙམ་


CMR051_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སོང་། །ན་རྒས་འཆི་བ་བྱུང་ཚེ་འགྱོད་མེད་མཛོད། །པ་དེ་པུ་དེའི་དོན་ཆུང་མནའ་འདི་སྤོངས། །ཕ་རོལ་ཕྱིན་པའི་གླེགས་བམ་ཅི་འགྲུབ་ཐོན། །བ་སོགས་སྒོ་ནོར་གཅིག་ཀྱང་བཤས་མ་བྱེད། །མ་སོགས་རྒན་རྒོག་རྣམས་ལ་བཀུར་སྟི་མཛོད། །ཙ་ཐོར་ཤིང་འགེལ་ཡན་གྱིས་ཡིག་དྲུག་བསྐུལ། །ཚྭ་སོགས་ཚོང་ལ་བྲེ་སྲང་གཡོ་སྒྱུ་སྤོངས། །ཛ་རེ་ཛོ་རེའི་འགྲོ་འདུག་སྤྱོད་ལམ་དུས། །ཝ་རེ་ཡེ་རེ་རང་སེམས་ངོ་བོར་ལྟོས། །ཞྭ་ལྟར་བླ་མ་སྤྱི་བོའི་གཙུག་ཏུ་བསྒོམ། །ཟ་འཐུང་ཕུད་ཀྱིས་བླ་མ་དཀོན་མཆོག་མཆོད། །འ་རེ་འུ་རེའི་རྣམ་གཡེང་ཅི་


CMR051_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡང་། །ཡ་ང་མེད་པར་ཐུགས་རྗེ་ཆེན་པོ་སྒོམས། །ར་ལུག་ཕོ་རིགས་གང་ཡོད་ཚེ་ཐར་ཐོངས། །ལ་ཆེན་བློ་ཕུག་དམ་པའི་ཆོས་ལ་གཏོད། །ཤ་ཡང་ཉིན་ཤ་སྔོས་ཤ་སྤང་བར་མཛོད། །ས་ཆ་ཡུལ་རིས་མི་ལ་ཕན་པར་མཛོད། །ཧ་ཁོག་གོ་ན་དམ་ཆོས་ཞོར་ལས་འབྱུང་། །ཨ་ཀྱང་ཀུ་རེ་མིན་པས་ཐུགས་ལ་ཞོག །ཅེས་སྨྲས་སོ།། ༈ །།དམ་པའི་ཆོས་ལ་བསྐུལ་བ་གྲོས་འདེབས་ཀྱི་གླུ། ན་མོ་ལོ་ཀེ་ཤྭ་ར་ཡེ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །མི་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །གནས་བདེ་ཆེན་ཞིང་དེར་ལམ་སྣ་དྲོངས། །སྤྱིར་མགོ་ནག་མི་ལ་གྲོས་ཤིག་འདེབས། །དགོས་གསེར་འོད་གཟུངས་ལ་ཞུ་རྒྱུ་ལ། །སྤྱིར་བསྐལ་པ་བྱེ་བ་དུང་ཕྱུར་ལ། །དེ་ཕལ་ཆེར་མུན་པའི་བསྐལ་པ་ཡིན། །ཆོས་སངས་རྒྱས་ཟེར་བའི་སྒྲ་མི་གྲག །དུས་ད་རེས་བསྐལ་པ་བཟང་པོར་སྐྱེས། །དུས་ད་རེས་དམ་ཆོས་བསྒྲུབ་པ་ནི། སྤྱིར་བསྐལ་བཟང་སངས་རྒྱས་སྟོང་འབྱོན་ཀྱང་། །དེ་བསྟན་པའི་གནས་ཡུན་ཤིན་ཏུ་ཐུང་། །བར་སྐབས་སུ་ཆོས་མེད་མུ་སྟེགས་དར། །དུས་ད་རེས་ཤཱཀ་ཐུབ་བསྟན་དང་མཇལ། །དུས་ད་རེས་དམ་ཆོས་བསྒྲུབས་ན་


CMR051_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། །ངན་སོང་གསུམ་དུ་སྐྱེ་བའི་གྲངས། །ས་ཆེན་རྡུལ་གྱི་གྲངས་དང་མཉམ། །མི་ལུས་གཙང་མར་སྐྱེས་པ་ནི། །སེན་མོ་སྟེང་གི་རྡུལ་ཙམ་ཡིན། །ད་རེས་དལ་འབྱོར་མི་ལུས་ཐོབ། །ད་རེས་དམ་ཆོས་བསྒྲུབས་ན་ལེགས། །མཐའ་འཁོབ་བརྒྱ་དང་རྩ་བརྒྱད་དང་། །ཡང་འཁོབ་སྟོང་དང་རྩ་གཉིས་ན། །མི་ལུས་ཐོབ་ཀྱང་ཆོས་མི་དར། །ད་རེས་བོད་ཁམས་ཁ་བ་ཅན། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས། །དམ་ཆོས་དར་ས་འདི་རུ་སྐྱེས། །ད་རེས་དམ་ཆོས་བསྒྲུབས་ན་ལེགས། །ཐོབ་དཀའི་དལ་འབྱོར་མི་ལུས་ཐོབ། །མཇལ་དཀའི་སངས་རྒྱས་བསྟན་དང་མཇལ། །སངས་རྒྱས་བྱང་སེམས་སྤྲུལ་པའི་སྐུ། ། །ས་ཐོབ་སེམས་དཔའ་མང་དུ་བཞུགས། །ད་རེས་ཆོས་འབྲེལ་ཞུ་ན་ལེགས། །སྔོན་གྱི་ལོ་པཎ་མཁས་གྲུབ་རྣམས། །གསེར་སྲང་སྟོང་ཕྲག་མང་པོ་ཁྱེར། །དཀའ་སྤྱད་རྒྱ་གར་ཡུལ་དུ་གཤེགས། །དམ་ཆོས་སྣ་ཁ་འགའ་རེ་ཐོབ། །ད་ལྟ་དཀའ་སྤྱད་མི་དགོས་པར། །ཟབ་ཆོས་ཐམས་ཅད་སྒོ་སྐྱེལ་ཡོད། །ད་རེས་དམ་ཆོས་བསྒྲུབས་ན་ལེགས། །ནཱ་རོ་པཎ་ཆེན་ལ་སོགས་པ། །བླ་མ་སྲོག་ལ་བརྔོས་


CMR051_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཙལ། །ད་ལྟ་བླ་མས་སློབ་མ་ཚོལ། །ད་རེས་བླ་མ་བསྟེན་ན་ལེགས། །སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས། །བསྐལ་པ་གྲངས་མེད་ཚོགས་བསགས་ནས། །དེ་ནས་སེམས་ངོ་གསར་དུ་མཐོང་། །ད་ལྟ་གདམས་ངག་ཟབ་ཁྱད་ཀྱིས། །ཟླ་རེ་ཙམ་ནས་སེམས་ངོ་མཐོང་། །མར་མེ་འཆི་ཁ་གསལ་བ་བཞིན། །སངས་རྒྱས་བསྟན་པ་ནུབ་ཀ་རུ། །ཟབ་མོའི་ཆོས་རྣམས་དར་གསུངས་པའི། །དུས་དེ་རིང་སང་ཉིན་ཡིན་པའི་ཕྱིར། །ད་ལྟ་ཟབ་ཆོས་ཞུས་ན་ལེགས། །གྲུབ་མཐའ་མི་གཅིག་གྲངས་མང་ཡང་། །ཐམས་ཅད་ཤཱཀ་ཐུབ་བསྟན་པ་ཡིན། །སེར་མོའི་རྟགས་ཙམ་འཆང་བ་ཡང་། །མོས་པའི་བསྟན་ལ་བྱང་ཆུབ་ཐོབ། །ངུར་སྨྲིག་ཆོས་ཀྱི་གོས་རྣམས་ཀྱང་་། །ལྷ་མི་ཀུན་གྱི་མཆོད་པའི་རྟེན། །དེང་སང་སེར་གཟུགས་ས་སྟེང་ཁྱབ། །ཀུན་ལ་དག་སྣང་སྦྱང་ན་ལེགས། །འདྲེན་མེད་སྤྲུལ་པའི་སྐུ་རྣམས་ཀྱིས། །བཟང་འབྲེལ་ངན་འབྲེལ་ཐམས་ཅད་འདྲེན། །གནོད་འཚེ་གཤེ་སྐུར་བྱེད་རྣམས་ཀྱང་། །ལས་ངན་བྱང་རྗེས་ངེས་པར་འདྲེན། །དེ་ཕྱིར་དེ་ཡང་ཕྲིན་ལས་སྒོ། །དེ་ཕྱིར་དེང་སང་ཕྱོགས་རིས་ཀྱིས། །གཤེ་སྐུར་རྩོད་པ་བྱེད་


CMR051_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་། །དོན་ལ་སངས་རྒྱས་ཕྲིན་ལས་ཡིན། །སྣ་ཚོགས་ཐབས་ཀྱིས་འབྲེལ་པ་ཐོབ། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདྲེན། །དེ་ཕྱིར་ཕྱོགས་རིས་ཆགས་སྡང་སྤོངས། །ཀུན་ལ་དད་གུས་བསྐྱེད་ན་ལེགས། །སངས་རྒྱས་སེམས་ཅན་ཁྱད་པར་ཡང་། །རང་སྣང་དག་དང་མ་དག་ཡིན། །དེ་ཕྱིར་རང་སེམས་དག་སྣང་སྦྱོངས། །སྣོད་ཀྱི་འཇིག་རྟེན་བདེ་བ་ཅན། །བཅུད་ཀྱི་སེམས་ཅན་ཡི་དམ་ལྷ། །ཕོ་རྣམས་ཐམས་ཅད་སྤྱན་རས་གཟིགས། །མོ་རྣམས་ཡི་གེ་དྲུག་མའི་སྐུ། །བུ་རྣམས་སྲས་པོ་ནོར་བུ་འཛིན། །བུ་མོ་ལྷ་མོ་རིག་སྔགས་འཛིན། །སྒྲ་སྐད་ཐམས་ཅད་ཡིག་དྲུག་སྒྲ། །དེ་འདྲ་བསྒོམ་ལ་དག་སྣང་སྦྱོངས། །སེམས་ཀྱི་དྲན་རྟོག་སྣ་ཚོགས་ཀུན། །མ་རིག་རྣམ་རྟོག་འཁོར་བའི་རྒྱུ། ། །རིག་ན་རང་རིག་ཡེ་ཤེས་ཏེ། །དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །མ་བཅོས་ཐ་མལ་རང་ངོ་སྐྱོངས། །དེ་འདྲའི་ཉམས་ལེན་མཛད་ན་ལེགས། །ཞེས་སྨྲས་སོ།། ༈ །།མི་རྟག་པའི་སྐྱོ་ཤས་ཀྱི་གླུ་དྲན་པའི་ལྕགས་འདེབས་སོ། །ན་མོ་གུ་རུ། བསམ་བློ་གཅིག་བཏང་ན། །སྐྱོ་བ་ནི་སྐྱེའོ། །སངས་རྒྱས་


CMR051_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདས་ན། །རང་རེ་ནི་ལོས་འཆི། །འཇིག་རྟེན་ཡང་འཇིག་ན། །མི་ལུས་ནི་ལོས་འཇིག །ལོ་ཟླ་ནི་སོང་བཞིན། །འཆི་བ་ནི་ཉེའོ། །འབྱུང་བཞི་ཡི་ལུས་ལ། །བློ་གཏད་ནི་མི་འདུག །ཁར་སང་གི་ནད་མེད། །དེ་རིང་ནི་རོར་གྱུར། །འཆི་བདག་གི་གཤིན་རྗེ། །ནམ་ཡོང་ནི་ཆ་མེད། །གཤིན་རྗེ་ཡི་ཕོ་ཉ། །བཟློག་པ་ཡི་ཐབས་མེད། །ནོར་གྱིས་ནི་བསླུ་ཐབས། །འབྲོས་ས་ཡི་ས་མེད། །ཚིག་གསུམ་གྱི་གཏམ་བ། །སྤྱད་ཙམ་གྱིས་འཐེན་མེད། །བེམ་རྒོག་ཀྱང་བསྐྱུར་ནས། ཟས་ནོར་ནི་ལོས་ལུས། །ཤ་རུས་ཀྱང་འབྲལ་ན། །ཉེ་དུ་དང་ལོས་འབྲལ། །ཆ་མེད་ཀྱི་ཡུལ་དུ། །རྒྱུས་མེད་ཀྱིས་བགྲོད་དགོས། །མཐུན་གྲོགས་ཀྱང་སྐྱུར་ནས། །གཅིག་པུ་རང་འཁྱམས་དགོས། །བཟུར་བ་ནི་ས་མེད། །བར་དོ་ཡི་འཕྲང་དམ། །འཇིགས་སྐག་ནི་ཆེ་སྟེ། །མགོ་དཔོན་གྱིས་མི་སྐྱོབ། །བཀྲེས་སྐོམ་ནི་ཆེ་སྟེ། །ཟས་ནོར་གྱིས་མི་སྐྱོབ། །གཅིག་པུ་རུ་སྐྱེ་སྟེ། །ཟླ་གྲོགས་ཀྱིས་མི་སྐྱོབ། །འཁྲུལ་སྣང་ནི་ཆེ་སྟེ། །ངོ་སྤྲོད་མཁན་མི་རྙེད། །གར་འགྲོ་ནི་ཆ་མེད། །ལས་དབང་གི་ཤུགས་བཙན། །གཤིན་རྗེ་ཡི་


CMR051_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་རར། །རྫུན་ཞུས་ཀྱིས་མི་ཕན། །ཡིག་ཆུང་ནི་མི་ནོར། །མེ་ལོང་ནི་མདོག་གསལ། །སྡིག་པ་ལ་འགྱོད་ཀྱང་། །དེ་དུས་སུ་བཅོས་མེད། །དམ་ཆོས་ནི་འདོད་ཀྱང་། །ཉོ་སྐྱི་ཡི་ས་མེད། །དེ་འདྲ་ཡི་དུས་ཤིག །མགོ་ནག་ནི་ཀུན་ལ། །ངེས་པར་ནི་འོང་བས། །བསམ་བློ་རེ་ཐོངས་ལ། །དྲན་ཆིས་རེ་མཛོད་དང་། །ནམ་འོང་ཡང་ཆ་མེད། །སྔ་ཐབས་སུ་དགོས་སོ། །དེ་འདྲ་ཡི་དུས་ལ། །འགྱོད་མེད་གཅིག་བྱུང་ན། །ཕོ་རྒོད་ནི་ཡིན་ན། །སྤྲང་པོ་ཡི་སྙིང་གཏམ། །དཔོན་པོ་ལ་ཞུས་སོ། །མགོ་ནག་གི་མི་སྡེའི། །ཐུགས་ལ་ཡང་ཞོག་ཅིག །ཅེས་སྨྲས་སོ།། ༈ །།འཁོར་བར་ཞེན་པ་ལོག་གླུའོ། །ན་མོ་རཏྣ་གུ་རུ་དྷརྨ་ཤྭ་ར་ཡེ། དྲིན་ཆེན་གྱི་རྗེ་བཙུན་བླ་མ་ལ། །མི་འབྲལ་བར་སྙིང་ནས་གསོལ་བ་འདེབས། །འཁོར་བ་ལ་ཞེན་པ་ལོག་པ་དང་། །ཐར་ལམ་ཅིག་ཟིན་པར་བྱིན་གྱིས་རློབས། །ཞེ་སྡང་སྲོག་བཅད་ཀྱི་རྣམ་སྨིན་གྱིས། །དམྱལ་བའི་སྡུག་བསྔལ་ཡ་རེ་ང་། །ཉིན་རེ་ཡང་ལན་གྲངས་སྟོང་ཕྲག་ཏུ། །མཚོན་ཆས་གས་གཏུབ་ལུས་སེམས་བྲལ། །ལས་ངན་གྱི་དབང་གིས་སླར་ཡང་


CMR051_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སོས། །སོག་ལེ་དང་སྟ་མོས་དྲ་ཞིང་བཞག །ལྕགས་སྲེག་གི་རི་བོས་མནན་ཞིང་བཙིར། །ཟངས་ཆེན་གྱི་ནང་དུ་ཆང་ལྟར་བཙོ། །མེ་མ་མུར་གྱི་འོབ་ཏུ་འཕེན། །ཁྲོ་ཆུ་ཁོལ་མ་འབོག་ཅིང་སྐྱལ། །མེ་དཔུང་ཆེན་པོའི་དཀྱིལ་དུ་བསྲེག །མི་ཡུལ་དུ་ཡོད་པའི་མེ་འདི་བས། །དམྱལ་བ་ཡི་མེ་འདི་བདུན་འགྱུར་ཚ། །ད་ལྟ་མེ་སྟག་རེ་ཕོག་ན་ཡང་། །བྱབ་པ་ལ་ལག་མགྱོགས་འདི་ཙམ་ལ། །དེ་འདྲ་ཞིག་བྱུང་ན་ཅི་འདྲ་བྱེད། །དེ་ཚོ་ལ་བསམ་བློ་ཐོངས་མཛོད་ལ། །སྲོག་བཅད་འདི་སྲོག་ལ་བབ་ཀྱང་སྤོངས། །གྲང་དམྱལ་གྱི་སྡུག་བསྔལ་ཡི་རེ་མུག །ལུས་པོ་ནི་འཁྱགས་པས་ཆུ་བུར་འབུད། །ཆུ་བུར་ཡང་རྡོལ་ནས་ཁྲག་རྣག་འབབ། །ཁ་སོ་ཡང་འདར་ནས་འདར་ཞིང་བསྔངས། །ལུས་པོ་ཡང་བརྒྱ་སྟོང་དུ་མར་གས། །ལུས་པོ་ནི་མེ་ལ་གདུང་ལུག་གིས། །ལོ་གྲངས་ཡང་བརྒྱ་སྟོང་ཁྲི་འབུམ་ལ། །ལས་ངན་ཡང་མི་ཟད་ཐར་ཐབས་མེད། །ད་ལྟ་ནི་ཞག་རེ་གོས་སྲབ་ཀྱང་། །བཞོག་ཡིན་མེ་ལ་གདུང་ལུགས་ཀྱིས། །དེ་འདྲ་ཞིག་བྱུང་ན་ཇི་ལྟར་བྱེད། །དེ་ཚོ་ལ་སོམས་ལ་སྡིག་པ་འཛེམ། །སེར་སྣ་དང་རྐུ་འཕྲོག་རྣམ་སྨིན་གྱིས། །ཡི་དྭགས་ཀྱི་སྡུག་


CMR051_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་སྐྱུགས་རེ་བྲོ། །ལོ་གྲངས་བརྒྱ་སྟོང་མང་པོ་ལ། །ཆུ་ཐིགས་གཅིག་འཐུང་རྒྱུ་མི་རྙེད་ན། །ཟས་སྐོམ་ནི་རྙེད་པ་ག་ལ་སྲིད། །གལ་ཏེ་ཟས་ཁམ་གང་རྙེད་ན། །མིད་པ་ནི་ཕྲ་བས་ཐར་བར་དཀའ། །ཟས་ཁམ་གཅིག་ཁོག་ཏུ་ཕྱིན་པ་ན། །མེ་ལྕེ་རུ་འབར་ནས་ལུས་སྲོག་འཚིག །ལས་ངན་གྱི་དྲག་པོའི་རྣམ་སྨིན་གྱིས། །ཆུ་ཆེན་ཀུན་བལྟས་པ་ཙམ་གྱིས་སྐམ། །ཆར་པ་ཀུན་ལྕགས་མདའ་མེ་འདག་མཐོང་། །ས་གཞི་ཀུན་བྱེ་ཚན་དུ་གྱུར་པས་སྐམ། །དེ་འདྲའི་གནས་ཚུལ་བསམ་གཞིག་ན། །གཞན་ནོར་རྐུ་འཕྲོག་ཇི་ལྟར་ཕོད། །སྐུར་འདེབས་དང་ཚིག་ངན་གྱི་རྣམ་སྨིན་གྱིས། །དུད་འགྲོའི་སྡུག་བསྔལ་སྙིང་རེ་རྗེ། །ད་ལྟ་བསམ་ཡོད་ཀྱི་མི་ཡིན་པ། །ཕྱི་མ་བསམ་མེད་ཀྱི་དུད་འགྲོར་སྐྱེས། །གླིང་བར་མུན་པའི་གླིང་ནར་དྲུ། །ལྟོགས་དྲགས་པས་རང་ཤ་རང་གིས་ཟ། །དེ་ཟོས་པས་ན་ཚ་ཆེ་ན་ཡང་། །བླུན་དྲགས་པས་དེ་དོན་མི་ཤེས་ཟ། །གཡུང་དྭགས་ཀུན་རྨོ་འགེལ་རྒས་ཙ་བཤའ། །རི་དྭགས་ཀུན་ཉེས་མེད་སྲོག་དང་ཕྲལ། །ཀླུ་རྣམས་ཀྱང་བྱེ་ཚན་ཚད་པས་གདུང་། །སྐབས་སྐབས་སུ་ཁྱུང་གིས་གསོན་པོར་ཟ། །


CMR051_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕལ་ཆེར་ལན་གྲངས་ལྔ་བརྒྱར་སྐྱེ། །དེ་འདྲའི་གནས་ཚུལ་གོ་བའི་མི། །སྐུར་འདེབས་དང་རྫུན་ཚིག་ཅི་ལ་སྨྲ། །ཕྲག་དོག་དང་འཛིང་རྩོད་རྣམ་སྨིན་གྱིས། །ལྷ་མིན་གྱི་སྡུག་བསྔལ་བློ་སེམས་སྐྱོད། །ལོ་རེར་ལན་གྲངས་གཉིས་རེ་འཐབ། །སྨྲས་པ་ཀུན་མུན་པའི་གླིང་དུ་འཕེན། །དེར་ཡུན་རིང་དུ་མི་འཆི་སྡུག་བསྔལ་ཆེ། །ལྷ་དབང་པོ་བརྒྱ་བྱིན་མངའ་ཐང་ལ། །དུས་རྒྱུན་དུ་ཕྲག་དོག་སེམས་སྡུག་ཆེ། །དེར་ཤི་བ་ཕལ་ཆེར་དམྱལ་བར་འགྲོ། །དེ་འདྲའི་ལས་ངན་དེ་བསམས་ན། །ཁ་ལྕེ་དང་དབྱེན་འདི་ཅི་ལ་ཡོད། ། གནས་སྐབས་དགེ་བའི་འབྲས་བུ་ཡིས། །ལྷ་ཁམས་ནི་བདེ་སྐྱིད་ཕུན་སུམ་ཚོགས། །ཚེ་རིང་ཞིང་བག་མེད་རྩེ་མོར་ཡེངས། །དུས་ནམ་ཞིག་དགེ་འབྲས་ཚེ་ཚད་རྫོགས། །རྒྱན་དར་གོས་མེ་ཏོག་ཕྲེང་བ་རྙིང་། །ལུས་དྲི་ངན་བྲོ་བས་རོགས་ཀུན་བྲལ། །རང་འཆི་བས་ངན་སོང་ལྟུང་བར་ཤེས། །དེ་ཤེས་ཀྱང་ཐབས་མེད་སྡུག་བསྔལ་ཆེ། །ལྷ་ཡུལ་འདི་སྐྱིད་ཀྱང་ནམ་ཕུག་ཞན། །ཚུལ་ཁྲིམས་དང་དགེ་བའི་འབྲས་བུ་ཡིས། །དལ་འབྱོར་གྱི་མི་ལུས་ཐོབ་ན་ཡང་། །ནད་གདོན་དང་དུས་མིན་འཆི་བ་མང་། །ཆུང་ཚེ་ནས་བསམ་


CMR051_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འབུ་སྲིན་བཞིན། །བསོད་ཡོད་ཀུན་ཚེ་འདིའི་བྱ་བས་གཡེང་། །ནད་མུག་མཚོན་གསུམ་ཡང་ཇེ་ཆེར་དར། །སྐྱེ་རྒས་ན་འཆིའི་འཕྲང་ལ་འགྲིམ། །མི་ལུས་ཀྱི་བདེ་སྐྱིད་ཀྱང་རྨི་ལམ་ཙམ། །དེ་འདྲ་ཡི་དོན་དེ་གོ་བའི་མི། །ལྷ་མི་རུ་སྐྱེས་ཀྱང་ཅི་ལ་སྨོན། །ཟངས་མདོག་དཔལ་རི་པོ་ཏ་ལ། །དགའ་ལྡན་བྱམས་པའི་ཞབས་དྲང་སོགས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད། །སྐྱེས་ཀྱང་མི་ལྟུང་ངེས་པ་མེད། །མངོན་དགའ་དཔལ་ལྡན་ལས་རབ་རྫོགས། །འོག་མིན་འཐུག་པོ་བཀོད་པ་སོགས། །ས་ཐོབ་སེམས་དཔའ་མ་གཏོགས་པ། །སྨོན་ལམ་བཏབ་ཀྱང་སྐྱེ་མི་སྲིད། །དམ་པའི་ལྷ་ཆོས་མ་སྤོངས་ཤིག །མཚམས་མེད་ཀྱི་སྡིག་པ་མ་བསགས་ན། །སྡིག་སྒྲིབ་དང་ཉེས་ལྟུང་གཞན་ཡོད་ཀྱང་། །རྩེ་གཅིག་ཏུ་སྨོན་ལམ་བཏབ་པ་ནི། །ནུབ་ཕྱོགས་བདེ་ཆེན་གྱི་ཞིང་ཁམས་སུ། །ཞིང་དེ་རུ་ངན་སོང་གི་སྒྲ་མི་གྲག །སྡུག་བསྔལ་ཀུན་མེད་པས་བདེ་བ་ཅན་། །དེར་སྐྱེས་ན་འཁོར་བར་ལྟུང་མི་སྲིད། །ལོ་བསྐལ་པ་བྱེ་སྟོང་འཆི་བ་མེད། །ཚེ་བརྗེས་ནས་རྫོགས་པའི་སངས་རྒྱས་ཐོབ། །སྤྱང་བདག་ཀྱང་སྨོན་ལམ་དེ་རུ་བཏབ། །


CMR051_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཁྱེད་ཀྱང་སྨོན་ལམ་དེ་རུ་ཐོབ། །འོད་མདོ་ལ་ཚར་གྲངས་མང་དུ་ཐོན། །བདེ་ཆེན་གྱི་ཞིང་བཀོད་ཐང་སྐུ་བཞེངས། །ཡིག་དྲུག་སོགས་དགེ་སྦྱོར་གང་བྱེད་ཀྱང། །ཞིང་དེ་རུ་སྐྱེ་བའི་ཕྱིར་དུ་བསྔོ། །དུས་ནམ་ཞིག་གནད་ཅན་གྱི་སྙིང་གཏམས། །ཞིང་དེ་རུ་འགྲོ་བའི་དམ་བཅའ་ནི། །དུས་རྒྱུན་དུ་ཡིད་ལ་དུང་ངེ་གྱིས། །དེར་ཕྱིན་ནམ་མི་ཕྱིན་ཐེ་ཚོམ་སྤོངས། །སྤང་བདག་གི་གནད་ཅན་གྱི་སྙིང་གཏམ་ཡིན། །ཁྱེད་དཔོན་རྒན་གྱི་ཐུགས་ལ་དེ་ལྟར་ཞོག །ཅེས་སྨྲས་སོ།། ༈ །།གསོལ་འདེབས་ཀྱི་གླུ་དབྱངས་བྱིན་རླབས་ཆར་འབེབས་བཞུགས་སོ། །ན་མོ་གུ་རུ་བྷྱ། གནས་སྤྱི་གཙུག་ཚངས་པའི་ཡུལ་ས་ན། །གདན་པདྨ་ཉི་མ་བརྩེགས་པའི་སྟེང་། །ཆོས་འབྲེལ་བ་ཐོབ་ཚད་བླ་མ་དང་། །དོན་དབྱེར་མེད་ཨོ་རྒྱན་སྤྲུལ་པའི་སྐུ། །སྐུ་དཀར་དམར་མདངས་ལྡན་མཚན་དཔེས་རྫོགས། །དབུ་པད་ཞྭ་སྒྲོ་དར་ཉི་མས་བརྒྱན། །ཞལ་ཁྲོ་འཛུམ་སྤྱན་གཉིས་བདག་ལ་གཟིགས། ། ཕྱག་རྡོ་རྗེ་བྷནྡྷ་ཁཊཱྃ་འཛིན། །སྐུ་ཟ་བེར་ཆོས་གོས་རྣམ་གསུམ་གསོལ། །ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །འཁོར་རྗེ་འབངས་ཉི་ཤུ་རྩ་ལྔ་སོགས། །གང་ཟག་སྙན་


CMR051_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་བླ་མ་རྣམས། །དེ་ཁྲོམ་ཚོགས་བཞིན་དུ་སྤུངས་སེ་བཞུགས། །རྗེ་དེ་ཡི་དབུ་གཙུག་བར་སྣང་ན། །རིག་འཛིན་དགའ་རབ་རྡོ་རྗེ་སོགས། །རིག་འཛིན་བརྡ་བརྒྱུད་ཀྱི་བླ་མ་རྣམས། །དེ་སྤྲིན་ཕུང་འཁྲིགས་པ་བཞིན་དུ་བཞུགས། །རྗེ་དེ་ཡི་དབུ་གཙུག་ནམ་མཁའ་ལ། །དཔལ་ཆོས་སྐུ་རྡོ་རྗེ་འཆང་ལ་སོགས། །རྒྱལ་བ་དགོངས་བརྒྱུད་ཀྱི་བླ་མ་རྣམས། །དེ་འཇའ་ཚོན་བཞིན་དུ་གསལ་བཞིན་བཞུགས། །ཞིང་ཕྱོགས་བཅུའི་དཀོན་མཆོག་རྒྱ་མཚོ་ཚོགས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་དབྱེར་མེད་ཆུ་ལ་ཆུ་བཞག་ཚོགས། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །དཔལ་ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་། །བསྐལ་བཟང་གི་སངས་རྒྱས་སྟོང་རྩ་སོགས། །རྒྱལ་བ་དགོངས་བརྒྱུད་ཀྱི་བླ་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྫས་བུམ་དབང་གཏོར་དབང་མ་ཐོབ་ཀྱང་། །དོན་དགོངས་པས་བྱིན་གྱིས་བརླབས་པ་ཞིག །དགོངས་བརྒྱུད་ཀྱི་བླ་མ་ཁྱེད་རྣམས་མཁྱེན། །གནས་འཕགས་ཡུལ་དང་ནུབ་ཕྱོགས་ཨོ་རྒྱན་ནས། །རྗེ་དགའ་རབ་རྡོ་རྗེ་རིག་འཛིན་བརྒྱད། །རྒྱ་གར་གྱི་གྲུབ་ཆེན་


CMR051_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་སོགས། །རིག་འཛིན་བརྡ་བརྒྱུད་ཀྱི་བླ་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཁྲིད་ཟླ་ཁྲིད་དང་བདུན་ཁྲིད་མ་ཐོབ་ཀྱང་། །བརྡ་བསྟན་པ་ཙམ་གྱིས་གྲོལ་བ་ཞིག །བརྡ་བརྒྱུད་ཀྱི་བླ་མ་ཁྱེད་རྣམས་མཁྱེན། །གནས་གངས་ཅན་བོད་ཀྱི་ཞིང་ཁམས་ན། །རྗེ་རྒྱལ་འབངས་ཉེར་ལྔ་མེས་དབོན་གསུམ། །ལོ་པཎ་མཁས་གྲུབ་ཐམས་ཅད་སོགས། །གང་ཟག་སྙན་བརྒྱུད་ཀྱི་བླ་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བཤད་ཆོས་ཀྱི་སོ་གྲངས་མ་ཐོབ་ཀྱང་། །དོན་ཚིག་གཅིག་ཙམ་གྱི་གྲོལ་བ་ཞིག །སྙན་བརྒྱུད་ཀྱི་བླ་མ་ཁྱེད་རྣམས་མཁྱེན། །གནས་རི་བོ་ཤན་སོགས་སྒྲུབ་གནས་ན། །རྗེ་མར་མི་དྭགས་པོ་དུས་གསུམ་མཁྱེན། །ཕག་གྲུ་དང་འབྲི་སྟག་ཚལ་འབྲུག་སོགས། །བཀའ་བརྒྱུད་བླ་མ་ཐམས་ཅད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཚེ་གྲངས་མེད་དུ་ཚོགས་གཉིས་མ་བསགས་ཀྱང་། །དོན་སྟོང་ཉིད་མངོན་སུམ་རྟོགས་པ་ཞིག །བཀའ་བརྒྱུད་བླ་མ་ཁྱེད་རྣམས་མཁྱེན། །གནས་ར་སྒྲེང་སོགས་དགོན་གནས་སོ་སོ་ནས། །རྗེ་ཇོ་འབྲོམ་དང་ཁུ་རྔོག་རྒྱལ་སྲས་གསུམ། །དོན་དགྲ་


CMR051_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ཐོབ་པ་བརྒྱད་ཁྲི་སོགས། །བཀའ་གདམས་ཀྱི་བླ་མ་ཐམས་ཅད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཕྱི་ཐོས་བསམ་གྱི་སྒྲོ་འདོགས་མ་ཆོད་ཀྱང་། །ནང་བྱམས་དང་སྙིང་རྗེ་འབྱོང་བ་ཅིག །བཀའ་གདམ་གྱི་བླ་མ་ཐམས་ཅད་མཁྱེན། །གནས་ཙཱ་རི་སོགས་གནས་ཆེན་སོ་སོ་ནས། །རྗེ་བི་མ་བེ་རོ་གཡུ་སྒྲ་སྙིང་། །གཏེར་སྟོན་པའི་སྤྲུལ་སྐུ་བརྒྱ་རྩ་སོགས། །རྫོགས་ཆེན་གྱི་བླ་མ་ཐམས་ཅད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལོ་ཟླ་གྲངས་མང་པོར་མ་བསྒོམས་ཀྱང་། །ཆོས་ཐོས་པ་ཙམ་གྱིས་གྲོལ་བ་ཅིག །རྫོགས་ཆེན་གྱི་བླ་མ་ཁྱེད་རྣམས་མཁྱེན། །དུས་དེང་སང་སྙིགས་མ་ལྔ་བརྒྱའི་མཐའ། །ལྷ་གཞན་གྱི་ཐུགས་རྗེ་རྡུགས་པའི་དུས། །ཆོས་གཞན་གྱི་བྱིན་རླབས་འཇའ་ལྟར་ཡལ། །ལྷ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བྲོས། །བ་ལྷ་སྲིན་སྡེ་བརྒྱད་རླུང་ལྟར་འཚུབ། །རྐྱེན་ནད་མུག་མཚོན་གསུམ་མེ་ལྟར་འབར། །དུས་དེ་འདྲར་ཐུགས་རྗེ་བྱིན་རླབས་ཀུན། །ཁྱེད་པདྨ་འབྱུང་གནས་ཆེ་གསུངས་ན། །མི་བདག་གིས་ཁྱེད་ལ་གསོལ་བ་འདེབས། །ཁྱེད་མ་གཡེལ་


CMR051_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་དཔུང་བསྐྱེད་ལ། །མི་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཁྱེད་སྐུ་ཡིས་ལུས་ལ་བྱིན་གྱིས་རློབས། །ལུས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཁྱེད་གསུང་གིས་ངག་ལ་བྱིན་གྱིས་རློབས། །ངག་ནུས་པ་འབར་བའི་དངོས་གྲུབ་སྩོལ། །ཁྱེད་ཐུགས་ཀྱིས་སེམས་ལ་བྱིན་གྱིས་རློབས། །སེམས་རྟོགས་པ་འཆར་བའི་དངོས་གྲུབ་སྩོལ། །བདག་དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །འཁོར་ཐམས་ཅད་པད་འབྱུང་སྐུ་ལ་ཐིམ། །རྗེ་པད་འབྱུང་འོད་ཞུ་བདག་ལ་ཐིམ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །དོན་འོད་གསལ་རང་སེམས་རྗེན་པར་བུད། །སེམས་བལྟ་རྒྱུ་ལྟ་མཁན་གཅིག་ཏུ་འདྲེས། །སེམས་བཟོ་མེད་ཆོས་སྐུའི་རང་ཞལ་མཐོང་། །མི་བདག་གི་གསོལ་འདེབས་སྒོམ་བཟླས་སོགས། །དུས་གསུམ་དུ་དགེ་བ་ཅི་བསགས་མཐུས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །ཉམས་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལ། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་དེར། །གདན་པདྨ་མཆོག་ལ་བརྫུས་སྐྱེས་ནས། །གཏན་དེ་ལ་ས་བཅུ་མངོན་གྱུར་ཤོག །བདག་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་


CMR051_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །གསོལ་འདེབས་དཔོན་རྒན་གསེར་འོད་ཟུང་གི་རྒྱུན་འདོན་དུ་བྲིས་སོ། ། ཨ་རཱ་གས་སྦྱར་བའོ།། ༈ །།གནས་འགྱུ་ངོ་སྤྲོད་ཀྱི་གླུ་རྒན་མོ་མཛུབ་ཚུགས་ཞེས་བྱ་བ། ན་མོ་མ་ཧཱ་མུ་དྲ་ཡེ། ཆོས་གསང་སྔགས་དམར་འདོན་བཤད་པ་འདི། །གསང་སྒྲོག་གི་ལྟུང་བ་ཕོག་པའི་རྒྱུ། །མ་མཁའ་འགྲོ་མི་དགྱེས་འཁྲུག་ན་ཡང་། །དུས་དེང་སང་བསྟན་པ་དར་བའི་དྲིན། །དབང་མ་ཐོབ་མི་གཅིག་མེད་པའི་ཕྱིར། །ད་གསང་སྒྲོག་གི་ལྟུང་བ་མེད་དོ་སེམས། །ངོ་སྤྲད་པ་ཙམ་གྱིས་རྟོགས་པ་སྐྱེས། །དེ་མི་འགྲིབ་ཟླ་བ་ཡར་བཞིན་འཕེལ། །དེ་སྔོན་སྦྱང་ཅན་གྱི་གང་ཟག་ཡིན། །ཚིག་ངོ་སྤྲོད་མང་པོ་དེར་མི་དགོས། །དེ་གཅིག་ཆར་གང་ཟག་རེ་རེ་ཡིན། །ཁྲིད་ཐོབ་ནས་ཉམས་རྟོགས་མཐོན་པོར་སླེབས། །དེ་བསྒོམ་ཡུན་ཅི་དགོས་ངོ་བོ་མཐོང་། །སེམས་ཆགས་ཞེན་བྲལ་བའི་གྲུབ་ཐོབ་འདྲ། །དུས་རེས་འགའ་ཉམས་རྟོགས་འཇའ་ལྟར་ཡལ། །སེམས་ཉོན་མོངས་དུག་ལྔ་གཞན་བས་ཆེ། ། ཉམས་རྟོགས་མ་ཐུབ་གཤེ་སྐུར་མང་། །དེ་ཐོད་རྒལ་པ་ཡི་གང་ཟག་ཡིན། །དེ་འདྲ་ཡང་དེང་སང་རེ་རེ་ཙམ། །རིམ་སྐྱེས་པ་ཡི་གང་ཟག་ནི། །ཚེ་སྔོན་གྱི་སྦྱངས་པ་ཤིན་ཏུ་


CMR051_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཞན། །སེམས་མཛུབ་ཚུགས་ངོ་སྤྲོད་མ་བྱས་ན། །ཁྲིད་ཁྲམ་ཆོས་ཙམ་གྱིས་ངོ་མི་འཕྲོད། །ངོ་འཕྲོད་ཀྱང་ད་རུང་ཐེ་ཚོམ་ཆེ། །དེ་རྒྱུན་དུ་སྐྱོང་ཡང་བོགས་སྐྱེད་ཆུང་། །དུས་དེང་སང་དེ་འདྲ་ཤིན་ཏུ་མང་། །དོན་དེ་ཕྱིར་གཅེར་མཐོང་མཛུབ་ཚུགས་དགོས། །ཡར་གསོན་དང་དཔོན་རྒན་གསེར་འོད་གཟུངས། །ཕར་རྒྱས་ན་ཆོས་ཕུང་བརྒྱད་ཁྲི་དེ། ། ཚུར་བསྡུས་ན་ངོ་སྤྲོད་ཚིག་གསུམ་ཡོད། །དེ་རྒྱས་བསྡུས་ཡིན་ནོ་རིགས་ཀྱི་བུ། །དཔལ་རྡོ་རྗེ་འཆང་དང་ད་ལྟའི་བར། །ཕ་གྲུབ་ཐོབ་བརྒྱུད་པ་རྒྱུན་མ་ཆད། །ཚིག་ངོ་སྤྲོད་ཞུ་གཏུགས་རྒྱུན་མ་ཆད། །དེ་ཐེ་ཚོམ་མེད་དོ་རིགས་ཀྱི་བུ། །རྗེ་མར་མི་གཉིས་ནས་ད་ལྟའི་བར། །ཉམས་རྟོགས་པའི་བརྒྱུད་པ་རྒྱུན་མི་ཆད། །དོན་ཉམས་ལེན་སྒྲུབ་བརྒྱུད་རྒྱུན་མ་ཆད། །ལམ་གོལ་ས་མེད་དོ་རིགས་ཀྱི་བུ། །ཆོས་ཕྱག་ཆེན་དང་རྫོགས་ཆེན་དབུ་མ་སོགས། །མིང་ཆེ་ཆེ་བཟང་བཟང་ཅི་བཏགས་ཀྱང་། །དོན་རང་སེམས་ཡིན་ནོ་རིགས་ཀྱི་བུ། །རང་སེམས་ཀྱིས་རང་ལ་བལྟས་ཙ་ན། །གཟུགས་ཁ་དོག་དངོས་པོ་མ་མཐོང་བས། །དེ་སྟོང་ཉིད་ཡིན་ནོ་རིགས་ཀྱི་བུ། །སེམས་རེས་འགའ་མེ་རེ་ཀྱི་ལེ་གནས། །


CMR051_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འདི་ཡིན་འདི་བསམ་གཅིག་ཀྱང་མེད། །དེ་གནས་པ་ཡིན་ནོ་རིགས་ཀྱི་བུ། །སེམས་རེས་འགའ་མི་འདུག་ཕྱོགས་བཅུར་རྒྱུག །དོན་ཡོད་མེད་བཟང་ངན་སྣ་ཚོགས་དྲན། །དེ་འགྱུ་བ་ཡིན་ནོ་རིགས་ཀྱི་བུ། །སེམས་གནས་སམ་འགྱུ་བ་ཅི་བྱེད་རིག །དེ་ངོ་བོར་བལྟས་པས་སྟོང་པར་ཡལ། །དེ་རིག་པ་ཡིན་ནོ་རིགས་ཀྱི་བུ། ། སེམས་གནས་པ་འགྱུ་བ་རིག་པ་གསུམ། །དེ་སོ་སོར་མཐོང་ཡང་ངོ་བོ་གཅིག །དཔེ་ཆུ་དང་ཆུ་རླབས་ཆུ་བུར་བཞིན། །དོན་རང་སེམས་ཡིན་ནོ་རིགས་ཀྱི་བུ། །སེམས་གནས་པ་སྟོང་ཉིད་ཆོས་ཀྱི་སྐུ། །སེམས་འགྱུ་བ་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་རིག་པ་སྟོང་གསལ་ལོངས་སྤྱོད་རྫོགས། །དེ་གསུམ་ཀ་དབྱེར་མེད་ངོ་བོ་གཅིག །དོན་སྐུ་བཞིའི་སེམས་ལ་ངོ་སྤྲོད་ལ། །ཆོས་སྙན་བརྒྱུད་ཡིན་ནོ་རིགས་ཀྱི་བུ། །རང་སེམས་ཀྱི་སེམས་ཀྱི་ལྟ་བ་འདི། །ལྟ་བ་ཀུན་གྱི་ཡང་རྩེ་ཡིན། །རང་སེམས་ངོ་བོ་ལྟོས་དང་རིགས་ཀྱི་བུ། །སེམས་མ་ཡེངས་དྲན་པའི་རྒྱང་སོ་འདི། །ཆོས་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡིན། །སེམས་འཚོ་སྐྱོང་མཛོད་དང་རིགས་ཀྱི་བུ། །ལས་དགེ་སྒྲུབ་སྡིག་སྤོང་བྱེད་པ་འདི། །


CMR051_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྒྱལ་བས་གསུངས་པའི་སྤྱོད་པ་ཡིན། །ལས་སྡིག་པ་འཛེམ་དང་རིགས་ཀྱི་བུ། །དོན་ཚོགས་གཉིས་བྲེ་ཁ་གང་བ་དེ། །དོན་འབྲས་བུ་བྱང་ཆུབ་ཐོབ་པར་གསུངས། །མཐར་སྨོན་ལམ་ཐོབ་དང་རིགས་ཀྱི་བུ། །ངོ་སྤྲོད་གཅར་ཕོད་གླུ་ཆུང་འདི། །དཔོན་རྒན་ཐུགས་ལ་བཞག་པར་ཞུ། །འགྲོ་བ་གཞན་ལའང་ཕན་པར་ཤོག་།ཅེས་པོ་མགུར་སྣ་ཁ་དྲུག་འདི་ཤིང་ཕོ་རྟ་ལོ་སྨིན་དྲུག་ཟླ་བའི་ཚེས་དགུའི་ཉིན་བར་ཁོ་ནར་ཉམས་ལ་གང་ཤར་འཕྲལ་དུ་བྲིས་པའོ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། གསོན་དང་དཔོན་རྒན་གསེར་འོད་འབུམ། །ཕར་བྱས་ན་ཆོས་ཕུང་བརྒྱད་ཁྲི་དེ། །ཚུར་བསྡུས་ན་ངོ་སྤྲོད་ཚིག་གསུམ་ཡིན། །དེ་རྒྱས་བསྡུས་ཡིན་ནོ་རིགས་ཀྱི་བུ། །རང་སེམས་ཀྱི་སེམས་ལ་བལྟས་ཙམ་ན། །གཟུགས་ཁ་དོག་དངོས་པོ་མ་མཐོང་ན། །དེ་སྟོང་ཉིད་ཡིན་ནོ་རིགས་ཀྱི་བུ། །སེམས་རེས་འགའ་མེ་རེ་ཀྱི་ལེ་གནས། །དེ་འདི་ཡིན་འདི་མིན་གཅིག་ཀྱང་མེད། །དེ་གནས་པ་ཡིན་ནོ་རིགས་ཀྱི་བུ། །སེམས་རེས་འགའ་མི་སྡོད་ཕྱོགས་བཅུར་རྒྱུག །དེ་འགྱུ་བ་ཡིན་ནོ་རིགས་ཀྱི་བུ། །སེམས་གནས་པ་འགྱུ་བ་ཅི་བྱེད་པ། །དེའི་ངོ་བོར་བལྟས་པས་ཅི་བྱེད་རིགས། །དེ་རིག་པ་


CMR051_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་རིགས་ཀྱི་བུ། །སེམས་གནས་པ་འགྱུ་བ་རིག་པ་གསུམ། །དེ་སོ་སོར་མཐོང་ཡང་ངོ་བོ་གཅིག །དཔེ་ཆུ་རླབས་ཆུ་ཐིམ་ལྟ་བུ་ཡིན། །དོན་རང་སེམས་ཡིན་ནོ་རིགས་ཀྱི་བུ།། ༈ །།ཉམས་འཆར་ལུགས་ཀྱི་གླུ་རྒན་པོའི་འབུག་སྒྲུང་ཞེས་བྱ་བ། ན་མོ་མ་ཧཱ་མུ་དྲ་ཡེ། དམ་ཆོས་འདོད་ན་བླ་མ་བཙལ། །ཉམས་ལེན་འདོད་ན་སྒོམ་ཁྲིད་ཞུས། །ཆོས་ཀུན་རྩ་བ་རང་སེམས་ཡིན། །རང་སེམས་ཚོལ་ལ་ཤོག་ཅེས་གསུངས། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །ཕྱི་ནས་བཙལ་ཡང་སེམས་མི་རྙེད། །ཤ་རུས་ལྤགས་པ་དོན་སྙིང་སོགས། །ནང་ནས་བཙལ་ཡང་སེམས་མི་རྙེད། །མ་ཞུས་ན་ཡང་ངོ་ནི་ཚ། །རྙེད་ཀྱི་འདི་རྙེད་ཞུ་རྒྱུ་མེད། །ཅི་དྲག་བསམ་ནས་བློ་མ་བདེ། །སེམས་ནི་དུས་གསུམ་རྒྱལ་བས་ཀྱང་། །མ་རྙེད་མི་རྙེད་མི་སྲིད་གསུངས། །མ་མཐོང་བ་དེ་མཐོང་བའི་མཆོག །སྟོང་ཉིད་ཕྱོགས་ཙམ་མཐོང་བ་ཡིན། །མ་བཅོས་ངང་ལ་ཞོག་དང་གསུངས། །སེམས་ནི་བཞག་པས་འདུག་མ་ཉན། །རྒྱ་བོད་ལྷོ་ཁྲི་འདན་གསུམ་བསྐོར། །བཟུང་བས་མི་ཟིན་རྒྱུན་མཆོང་ཙམ། །ང་ལ་བསྒོམ་གྱི་ལས་


CMR051_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད། །སེམས་ནི་འདུག་མཁན་མ་ཉན་བསམ། །སེམས་རྩ་སྡུག་ཅིང་བློ་མ་བདེ། །སེམས་ནི་རྒྱུག་པ་སྐྱོན་མེད་ཀྱིས། །གང་ཤར་ངོ་བོར་ལྟོས་ཤིག་གསུངས། །གང་ཤར་ངོ་བོར་ལྟས་ཙམ་ན། །ཡུད་ཙམ་གནས་དུས་སེམས་རྩ་སྐྱིད། །སྒོམ་ཆེན་དེ་ཉིད་ཡིན་འོས་བསམ། །ཡང་ནི་མི་སྡོད་ཏུར་ཏུར་འགྲོ། །འཕྲོ་དུས་མི་དགའ་འཕྲོ་ཤོར་བསམ། །དེ་ལ་ཡུན་རིང་བསྒོམས་བྱས་ཀྱང་། །ཡར་གྲགས་མེད་པ་དེ་ག་རང་། །འདི་ལ་འདི་ཡིན་མི་གདའ་བས། །དེ་བས་ཡིག་དྲུག་འདོན་དགའ་བསམ། །སྒོམ་ཆེན་འགའ་ལ་ཁ་ཉམས་ཉུལ། །འགའ་རེས་དེ་བས་མེད་དོ་ཟེར། །འགའ་རེས་དེ་བས་མི་ཆོག་ཟེར། །རང་ཡང་ཐེ་ཚོམ་འཁུ་འཕྲིགས་མང་། །བླ་མ་རྗེ་ལ་ཞུ་མ་ཕོད། །ཁྲིད་ཕྲུག་གསར་པའི་འཆར་ཚུལ་ཡིན། །དེ་ལ་གནས་འགྱུ་ངོ་སྤྲོད་དགོས། །སེམས་ལ་དངོས་པོ་མེད་པའི་ཕྱིར། །སྟོང་པ་ཉིད་ཀྱིས་མིང་དུ་བཏགས། །མི་འཕྲོ་ཀྱི་ལེར་གནས་པ་ལ། །གནས་པ་མིང་དུ་བཏགས་པ་ཡིན། །རྣམ་རྟོག་ཞི་ནས་ལྷན་ནེ་གནས། །ཞི་གནས་མིང་དུ་བཏགས་པ་ཡིན། །ཕྱོགས་བཅུར་གང་ཡང་འཕྲོ་བ་ལ། །འགྱུ་བ་མིང་དུ་


CMR051_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ཡིན། །ཚུབ་ཚུབ་འཚུབ་ཅིང་ཅི་ཡང་དྲན། །རི་གཟར་ངོས་ཀྱི་འབབ་ཆུ་འདྲ། །དང་པོ་ཉམས་ཀྱི་འཆར་ཚུལ་ཡིན། །གནས་དུས་གནས་པའི་ངོ་བོ་རིག །འགྱུ་དུས་འགྱུ་བའི་ངོ་བོ་རིག །རིག་པ་མིང་དུ་བཏགས་པ་ཡིན། །གནས་སམ་ཡང་ན་འགྱུ་ཡང་རུང་། །གང་ཤར་ངོ་བོ་ཧྲིག་གེར་བལྟ། །གཟུགས་དང་ཁ་དོག་དངོས་པོ་མེད། །སྟོང་པ་ཉིད་དུ་ལྷང་ངེ་མཐོང་། །ལྷག་མཐོང་མིང་དུ་བཏགས་པ་ཡིན། །ཀྱི་ལེ་གནས་པ་ཞི་གནས་ཡིན། །སྟོང་པར་མཐོང་བ་ལྷག་མཐོང་གཉིས། །དབྱེར་མེད་ཟུང་དུ་འཇུག་པ་ལ། །ཞི་ལྷག་ཟུང་འཇུག་མིང་དུ་བཏགས། །སེམས་ལ་འགྱུ་བ་ཅི་ཤར་ཡང་། །ངོ་བོ་བལྟས་པས་སྟོང་པར་ཡལ། །རང་ཞི་རང་གྲོལ་མིང་དུ་བཏགས། །འགྱུ་བའི་རྗེས་སུ་མི་འབྲང་བ། །འགྱུ་མཁན་ངོ་བོར་བལྟ་བར་བྱ། །ཕྲག་དོག་སྡུག་བཙིར་མ་བྱེད་པར། །གར་འགྲོ་ཐོངས་ལ་རྒྱང་སོ་ཚུགས། །རྟེའུ་ཆུང་ཟུང་བའི་རྒོད་མ་བཞིན། །བཏང་ཡང་མི་འགྲོ་ཚུར་ལ་འཁོར། །འཚུབ་དུས་ལུས་སེམས་ལྷོད་ལ་ཞོག །སྐྱོང་ལུགས་མན་ངག་ཟབ་ཁྱད་ཡིན། །ཡུན་རིང་བལྟས་ན་མི་གསལ་ཞོག །ཡུན་ཐུང་


CMR051_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་བལྟས་ན་ཡང་། །སྒོམ་ཆེན་གསང་བའི་བདུད་རྩི་ཡིན། །དེ་ལྟར་ཡུན་རིང་སྐྱོང་བྱས་ན། །རེས་འགའ་མེ་རེ་ཀྱི་ལེ་གནས། །སེམས་ལ་སྤྲོ་བ་ཅུང་ཟད་སྐྱེ། །རེས་འགའ་འགྱུ་ལྷུར་ལྟ་བུར་འགྲོ། །འགྱུས་ཀྱང་སེམས་ལ་མི་དགའ་མེད། །ལུང་རོང་ནང་གི་ཆུ་འབབ་བཞིན། །རེས་འགའ་དལ་ཞིང་རེས་འགའ་དྲིལ། །ཉམས་གཉིས་པའི་འཆར་ཚུལ་དེ་ཡིན་ནོ། །དེ་ཉིད་མ་སྐྱུར་སྐྱོང་ནུས་ན། ཁམས་ཀྱི་དབང་གིས་འཆར་ཚུལ་མང་། །ས་ཁམས་པ་ནི་གནས་ཉམས་ཆེ། །མེ་ཁམས་པ་ནི་གསལ་ཉམས་ཆེ། ། རླུང་ཁམས་པ་ནི་འཕྲོ་རྒོད་ཆེ། །ཆུ་ཁམས་པ་ནི་བདེ་ཉམས་ཆེ། །ཕལ་ཆེར་མེ་རེ་འཁྱིལ་ལེར་གནས། །མཚོ་ཆེན་འཁྱིལ་བའི་རྦ་རླབས་བཞིན། །སྐབས་སུ་རྣམ་རྟོག་རེ་རེ་འཕྲོ། །འཕྲོས་ཀྱང་ངོ་བོ་གསལ་པོར་མཐོང་། །ད་ནི་བསྒོམ་ཞིག་སྐྱེས་པ་འདྲ། །བསམ་པའི་སེམས་ཙམ་དྲོ་བ་འོང་། །ཉམས་གསུམ་གྱི་འཆར་ཚུལ་དེ་རང་ཡིན། །ལུས་སེམས་ལྷོད་ཙམ་མ་ཡེངས་ཙམ། །ཧྲིག་གེ་ཡེ་རེ་བལྟ་བར་བྱ། །དེ་ལ་ཡུན་རིང་སྐྱོང་ནུས་ན། །བདེ་གསལ་མི་རྟོག་ཉམས་བཟང་དང་། །རྩུབ་ཉམས་དྲག་པོར་བསྲེ་ཞིང་


CMR051_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །རེས་འགའ་ལུས་བདེ་སེམས་ཀྱང་བདེ། །ང་ལས་སྐྱིད་པ་མེད་དོ་བསམ། །ཉམས་ལེན་སྐྱོང་བདེ་ཅི་བྱས་བདེ། །དེ་ལ་ཆགས་ཞེན་ཆེ་བ་ན། །འདོད་ཁམས་ལྷ་ཡི་གནས་སུ་སྐྱེ། །བདེ་བའི་ངོ་བོ་ཧྲིག་གེར་བལྟ། །བདེ་བའི་ངོ་བོ་སྟོང་པར་མཐོང་། །བདེ་སྟོང་དབྱེར་མེད་ཉམས་ལེན་ཡིན། །རེས་འགའ་གསལ་དང་སེང་ངེ་བ། །མར་མེ་རླུང་གིས་མ་བསྐྱོད་ལྟར། །ང་ཡི་བསྒོམ་བཟང་འདི་འདྲ་བ། །གཞན་ནི་སུ་ལ་མེད་དོ་བསམ། །ང་རྒྱལ་རློམ་སེམས་ཆེན་པོ་སྐྱེས། །དེ་ལ་ཆགས་ཞེན་ང་རྒྱལ་བ། །གཟུགས་ཁམས་ལྷ་ཡི་གནས་སུ་སྐྱེ། །དེ་ལ་མ་ཆགས་ངོ་བོ་ལྟོས། །གསལ་བའི་ངོ་བོ་སྟོང་པར་མཐོང་། །གསལ་སྟོང་དབྱེར་མེད་ཉམས་ལེན་ཡིན། །རེས་འགའ་ཐམས་ཅད་སྟོང་པར་མཐོང་། །ཅི་ཡང་མི་འདུག་སྟོང་པ་རེད། །བསམ་པའི་ངེས་ཤེས་འཛིན་པ་ཆེ། །དེ་ལ་ཆགས་ཞེན་ཆེ་བ་ན། །གཟུགས་མེད་ལྷ་ཡི་རིགས་སུ་སྐྱེ། །རེས་འགའ་ཕྱི་ནང་ཆོས་རྣམས་ཀུན། །ཐམས་ཅད་མཐོང་བ་བློ་ཐག་ཆོད། །དགེ་བ་སྡིག་པ་ཟེར་བའང་། །མ་གྲུབ་སྟོང་པ་ཉིད་ཡིན་བསམ། །དགེ་བ་མི་སྒྲུབ་ཁ་རོག་འདུག །


CMR051_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་མི་འཛེམ་ཅི་དྲན་སྤྱོད། །སྟོང་ལྟ་ཧད་པོ་བདུད་ཀྱི་ལས། །ཆོས་ཀུན་ངོ་བོ་སྟོང་པ་ཡང་། །རྣམ་པ་རྒྱུ་འབྲས་བསླུ་བ་མེད། །ཤཱཀ་ཐུབ་མི་ནག་བསད་པ་ཡིས། །རྣམ་སྨིན་ཞབས་ལ་ཚེར་མང་ཟུག །འཆར་ཀས་དགྲ་བཅོམ་ཐོབ་ན་ཡང་། །རྣམ་སྨིན་རྐུན་མས་མགོ་བོ་བཅད། །རྫུ་འཕྲུལ་ཆེ་མཆོག་མོའུ་འགལ་བུ། །རྣམ་སྨིན་མུ་སྟེགས་པ་ཡིས་བརྡུང་། །དེ་ཚོ་བསམ་ནས་རྒྱུ་འབྲས་རྩི། །དགེ་སྒྲུབ་སྡིག་སྤང་ཅི་ནུས་འབད། །རེས་འགའ་རྣམ་རྟོག་འཕྲོ་འདུ་འདི། །ཡོད་ན་བསྒོམ་གོ་མི་ཆོད་པས། །ཅི་ཡང་སེམས་ལ་མི་དྲན་པ། །གནས་པ་ཁོ་ནར་དགོས་སོ་བསམ། །རྣམ་རྟོག་བཀག་ནས་གནས་པ་ཚོལ། །རྒྱ་ནག་ཧྭ་ཤང་ལྟ་བ་ཡིན། དེ་དུས་རྣམ་རྟོག་མ་བཀག་པར། །གང་ཤར་མ་ཡེངས་ཙམ་དུ་བལྟ། །ཆུ་རླབས་ཆུ་ལས་གཞན་མི་བལྟ། །གནས་འགྱུ་གཉིས་ཀ་སེམས་ཡིན་པས། །དེ་བས་བཟང་ངན་གདམ་ག་སྤངས། །གནས་ན་གནས་པའི་ངོ་བོར་ལྟོས། །གནས་པའི་ངོ་བོ་སྟོང་པར་མཐོང་། །གནས་པའི་སྟེང་གི་ལྷག་མཐོང་ཡིན། །འགྱུ་ན་འགྱུ་མཁན་ངོ་བོར་ལྟོས། །འགྱུ་བའི་ངོ་བོ་སྟོང་པར་མཐོང་། །འགྱུ་བའི་སྟེང་


CMR051_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷག་མཐོང་ཡིན། །རེས་འགའ་རྩུབ་ཉམས་དྲག་པོ་འཆར། །བདེ་གསལ་མི་རྟོག་ཉམས་བཟང་རྣམས། །ཐམས་ཅད་འཇའ་ཚོན་བཞིན་དུ་ཡལ། །སེམས་ལ་བལྟས་ཀྱང་མི་གསལ་ཞོག །བློ་སེམས་མི་བདེ་ཡི་ཟ་འཁྲུགས། །ཞེ་སྡང་འདོད་ཆགས་སྔར་བས་ཆེ། །སེར་སྣ་ཕྲག་དོག་གསོག་འཇོག་ཅན། །མིས་ཀྱང་བསྒོམ་དྲེད་སོང་གདའ་ཟེར། །རང་ཡང་རང་ལ་ཡིད་མི་ཆེས། །བློ་སྣ་མང་ལ་ཚིག་གཤིས་གྱོང་། །ཁྲོ་འཕགས་ཀོ་ལོང་གཞན་བས་རྐྱེན། །ཉམས་ལེན་མི་འདོད་བསྒྱུར་སྙིང་འདོད། །དེ་དུས་ངོ་སྤྲད་མེད་པའི་མི། །ང་རྒྱལ་ཁེངས་པ་སྐྱེས་ནས་ཡོང་། །ངོ་བོ་བལྟས་པས་སྟོང་པ་ཉིད། །བསྒོམ་ལ་ལམ་ལུས་འགོར་ཉན་ཡོད། །མེ་ཆེན་འབར་བའི་སྔ་ལྟས་སུ། །དུད་ཕྱུར་ཆེན་པོ་འབྱུང་བ་རེད། །བསྒོམ་བཟང་སྐྱེ་བའི་སྔ་བལྟས་སུ། །བླ་མ་རྗེ་ལ་གསོལ་བ་འདེབས། །ཕྱག་དང་བསྐོར་བ་མོས་གུས་སྐྱེས། །ལུས་སེམས་ལྷོད་ཅིང་ངོ་བོར་བལྟ་། །འཆི་བ་མི་རྟགཔ་ཡང་བསྒོམ། །ངན་སོང་སྡུག་བསྔལ་ཡང་ཡང་བསམ། སྙིང་རུས་བསྐྱེད་ལ་ངོ་བོ་ལྟ། །དེ་ཡི་སྣ་ལ་བོགས་ཆེན་ཐོན། །ཉོན་མོངས་རྣམ་རྟོག་ཅི་ཤར་


CMR051_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །རྣམ་རྟོག་བསྒོམ་ལ་མི་གནོད་པར། །མཚོ་ལ་ཆར་པ་འབབ་པ་བཞིན། །ཐམས་ཅད་ཉམས་ལེན་ངང་དུ་ཐིམ། །འགྲོ་འདུག་སྤྱོད་ལམ་ཕལ་ཆེར་ཡང་། །ཉམས་ལེན་ངང་ལ་བྱེད་པས་ཆོག །རང་དབང་ཐོབ་པ་འདྲ་ཞིག་འོང་། །སེམས་ལ་ཞེ་སྡང་ཅི་སྐྱེས་ཀྱང་། །ངོ་བོ་བལྟས་པས་སྟོང་པར་ཡལ། །དེ་ལ་མེ་ལོང་ཡེ་ཤེས་ཟེར། །འདོད་ཆགས་རྟོག་པ་གར་སྐྱེས་ཀྱང་། །ངོ་བོ་བལྟས་པས་སྟོང་པ་ཉིད། །དེ་ལ་སོར་རྟོག་ཡེ་ཤེས་ཟེར། །གཏི་མུག་བྱིང་རྨུག་འཐིབས་ན་ཡང་། །ངོ་བོ་བལྟས་པས་སྟོང་པ་ཉིད། །དེ་ལ་ཆོས་དབྱིངས་ཡེ་ཤེས་ཟེར། །ང་རྒྱལ་ཁེངས་པ་ཅི་སྐྱེས་ཀྱང་། །ངོ་བོ་བལྟས་པས་སྟོང་པ་ཉིད། །དེ་ལ་མཉམ་ཉིད་ཡེ་ཤེས་ཟེར། །ཕྲག་དོག་མཐུ་དོགས་མ་དགའ་ཡང་། །ངོ་བོ་བལྟས་པས་སྟོང་པར་ཉིད། །དེ་ལ་བྱ་གྲུབ་ཡེ་ཤེས་ཟེར། །ཉོན་མོངས་དུག་ལྔའི་རྣམ་རྟོག་དེ། །མ་རིགས་རིགས་དྲུག་འཁོར་བའི་རྒྱུ། །ངོ་བོ་རྟོགས་ན་ཡེ་ཤེས་ལྔ། །རྒྱལ་བ་རིགས་ལྔའི་དགོངས་པ་ཡིན། །ཡེ་ཤེས་ལྔ་ཡི་ངོ་སྤྲོད་དེ། །ཟབ་ཆོས་ཡིན་ནོ་སྙིང་ལ་འཆོངས། །དེ་ལྟར་ཉམས་རྟོགས་བཟང་ངན་རྣམས། །དཔྱིད་ཀའི་


CMR051_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ཇི་བཞིན་དུ། །ངེས་མེད་སྣ་ཚོགས་ཅི་ཡང་འཆར། །སྙིང་རུས་ཅན་གྱིས་སེམས་བསྐྱེད་ན། །སངས་རྒྱས་ཀུན་གྱི་ཐུགས་དགོངས་དང་། །སེམས་ཅན་ཀུན་གྱི་སེམས་ཉིད་དང། །རྣལ་འབྱོར་རང་གི་སེམས་ཉིད་གསུམ། །དབྱེར་མེད་ངོ་བོ་གཅིག་ཏུ་རྟོགས། །ལྟ་བ་ཕྱོགས་ཙམ་རྟོགས་པ་ཡིན། །ནམ་མཁས་གར་ཁྱབ་དེར་གནས་ཤིང་། །སྣོད་བཅུད་དཔལ་འབྱོར་སྐྱེ་འགྲོ་སོགས། །རྣལ་འབྱོར་རང་གི་སེམས་ཉིད་གཉིས། །དབྱེར་མེད་ཕྱི་ནང་མེད་པར་རྟོགས། །བདག་མེད་ཕྱོགས་ཙམ་རྟོགས་པ་ཡིན། །ཕྱི་རོལ་ས་རྡོ་རི་བྲག་ཀུན། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཆུ་ནང་ཟླ་བ་བཞིན་དུ་མཐོང་། །རེས་འགའ་ཐ་མལ་འཁྲུལ་པར་འཆོར། །རེས་འགའ་སྔར་ལྟར་རྩུབ་ཉམས་སྟང་། །རེས་འགའ་བདེ་གསལ་ཉམས་རྟོགས་བཟང་། །རེས་འགའ་རྨི་ལམ་འོད་གསལ་ཟིན། །རེས་འགའ་རྨི་ལམ་དག་སྣང་འཆར། །རེས་འགའ་རྨི་ལམ་མངོན་ཤེས་འདྲ་། །རེས་འགའ་སྐྲག་སྣང་འཁྲུལ་པ་མང་། །ཟས་ནོར་ཆགས་འཛིན་ཆུང་ཆུང་འདྲ། །རི་ཁྲོད་བཟུང་ནས་ཟིམ་གྱིས་འདྲ། །བསྒོམ་ཡོད་བསམ་པའི་ང་རྒྱལ་ཆེ། །རང་གི་


CMR051_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་ངེས་ཤེས་སྐྱེ། །མ་རེད་ཟེར་ཡང་བློ་མི་འགྱུར། །ཟེར་མཁན་དེ་ལ་ཞེ་ཁྲེལ་འཇོག །དེ་ཚོ་ཉམས་ཀྱི་ཆེ་དགུ་ཡིན། །རྟོག་པ་ད་བཟོད་སྐྱེ་དགོས་པས། །ཉམས་ལེན་ལམ་ལུས་ལམ་ཕོག་ན། །སྔར་གྱི་ཉམས་བཟང་ངེས་ཤེས་ཀུན། །སྦྲུལ་གྱི་ཤུན་པ་བཞིན་དུ་བུད། །ལྟ་རྒྱུ་ལྟ་མཁན་གཅིག་ཏུ་འདྲེས། །འདི་བསྒོམ་དེ་བསྒོམ་གཅིག་ཀྱང་མེད་། །བལྟ་རྒྱུ་མེད་པ་རང་གར་ལུས། །སྔར་གྱི་བསྒོམ་དང་ཡེ་མ་གཅིག །ད་ནི་བསྒོམ་དེ་བོར་རོ་བསམ། །ངེས་ཤེས་འཛིན་པ་གཏིང་ནས་སྐྱེས། །འདི་ཡིན་འདི་མིན་ཅི་ཡང་མེད། །སྔར་གྱི་ཉམས་རྟོགས་བཟང་པོ་ཀུན། །ད་ནི་མི་འདུག་ཅི་ཡིན་ཨང་། །ཡང་ན་སྔར་གྱི་དེ་ཡིན་ལ། །ད་ལྟའི་འདི་ནི་མིན་པ་འདྲ། །གོལ་ས་ཨོཾ་དེ་ཨུ་ཡིན་ཨང་། བསྒོམ་མེད་ཨོཾ་དེ་ཨུ་ཡིན་ཨང་། །སྟོང་ལྟ་ཧད་པོ་ཨུ་ཡིན་ཨང་། །གཟུགས་མེད་སྐྱེ་མཆེད་མུ་བཞི་ཡི། །ཅི་ཡང་མེད་པ་ཨཾ་དེ་ཨུ་ཡིན་ཨང་། །དྲི་ས་གཅིག་ཡོད་ན་འགའ་བ་ལ། །སུ་ཡིན་ལ་དྲིས་ཀྱང་ཡིད་མི་ཆེས། །གྲུབ་ཐོབ་གཅིག་དྲི་ས་ཡོད་ན་ཨང་། །ཡིད་མ་ཆེས་ཐེ་ཚོམ་མང་པོ་སྐྱེས། །ཨེ་མ་ཧོ། དེ་དུས་ངོ་སྤྲོད་ཟབ་མོ་དགོས།


CMR051_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་བདེ་གསལ་མི་རྟོག་པའི། །ཉམས་བཟང་པོ་ཀུན་སྐྱེད་པའི་དུས་ཀྱི་གྲོགས། །དེ་འཇའ་ཚོན་འདྲ་སྟེ་ཡལ་རྒྱུ་ཡིན། །བསྒོམ་ཡིན་ནོ་བསམ་པའི་ངེས་ཤེས་ཀུན། །བྱེ་མའི་ཁང་པ་ཇི་བཞིན་དུ། །བརྟན་མའི་ཐུབ་སྟེ་འཇིག་རྒྱུ་ཡིན། །ལྟ་རྒྱུ་ལྟ་མཁན་སོ་སོར་མེད། །འདི་ཡིན་འདི་མིན་རྩིས་གདབ་མེད། །ཐ་མལ་རིག་པ་རྗེན་པ་ལ། །ཕྲི་བསྣན་བཅོས་སླད་ཅི་ཡང་མེད། །བསྒོམ་འདོད་འཇུར་བུས་མ་བཅིང་བར། །སྨྲ་བསམ་བརྗོད་དུ་མེད་པའི་དོན། །འོད་གསལ་ཕྱག་རྒྱ་ཆེན་པོ་དེ། །དེ་ལྟ་ཟུར་ཙམ་རྟོགས་པ་ཡིན། །འདི་ཉིད་སྐྱོང་དང་ཐེ་ཚོམ་མེད། །འདི་ཉིད་ཡུན་དུ་སྐྱོང་བས་ན། །ངོ་བོ་རྗེན་པ་དེ་ལ་ནི། །དེ་ཕྱིར་འཕེལ་འགྲིབ་བཟང་ངན་མེད། །ནམ་དྲན་དུས་སུ་ལྷོད་ལ་ཞོག །ངོ་བོ་འཕེལ་འགྲིབ་མེད་ན་ཡང་། །ད་རུང་ཉམས་ཀྱི་དགྱེ་དགུ་མང་། །བསྒོམ་ཡུན་ཤི་དང་མཉམ་གལ་ཆེ། །དེ་ཡིན་ལམ་རྒྱུས་མེད་པའི་ཕྱིར། །དཔེ་རྒྱུད་བཤད་ན་དགོས་པ་ཆུང་། །ཉམས་རྟོགས་མགུར་གླུ་འབུག་སྒྲུངས་འདི། །འབྲུག་ལོའི་དགོང་མོའི་ཐུན་མཚམས་སུ། །དཔོན་རྒན་སེམས་ལ་ཕན་ཕྱིར་བྲིས། །ཁྲིད་ཕྲུག་གཞན་


CMR051_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་པར་ཤོག །ཨ་རཱ་གས་སོ། །མངྒ་ལཾ།། ༈ །།བཀྲ་ཤིས་སྨོན་ལམ་གྱི་གླུ་མེ་ཏོག་ཆར་འབེབས་ཞེས་བྱ་བ། ན་མོ་དྷེ་ཝ་ཌཱཀི་ནཱི་ཡེ། འོག་མིན་གནས་ནས་བཀྲ་ཤིས་པ། །རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག །རང་སེམས་ཆོས་སྐུ་མངོན་གྱུར་ནས། །ཚེ་གཅིག་སངས་རྒྱས་བཀྲ་ཤིས་ཤོག །ཤར་གྱི་ཕྱོགས་ནས་བཀྲ་ཤིས་པ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག །མེ་ལོང་ཡེ་ཤེས་དོན་རྟོགས་ཤིང་། །འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག །ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་པ། །རིན་ཆེན་འབྱུང་ལྡན་བཀྲ་ཤིས་ཤོག །མཉམ་ཉིད་ཡེ་ཤེས་དོན་རྟོགས་ནས། །ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག །ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །སྣང་བ་མཐའ་ཡས་བཀྲ་ཤིས་ཤོག །སོར་རྟོག་ཡེ་ཤེས་དོན་རྟོགས་ནས། །རླུང་སེམས་དབང་བསྡུས་བཀྲ་ཤིས་ཤོག །བྱང་གི་ཕྱོགས་ནས་བཀྲ་ཤིས་པ། །དོན་ཡོད་གྲུབ་པའི་བཀྲ་ཤིས་ཤོག །བྱ་གྲུབ་ཡེ་ཤེས་དོན་རྟོགས་ནས། བདུད་བཞི་ཚར་གཅོད་བཀྲ་ཤིས་ཤོག །དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །རྣམ་པར་སྣང་མཛད་བཀྲ་ཤིས་ཤོག །ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ནས། །ཅི་


CMR051_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལྷུན་གྲུབ་བཀྲ་ཤིས་ཤོག །ཆོས་ཀྱི་དབྱིངས་ནས་བཀྲ་ཤིས་པ། །ཤཱཀྱ་ཐུབ་པའི་བཀྲ་ཤིས་ཤོག །སྡོམ་པ་གསུམ་གྱི་རྒྱུད་སྨིན་པ། །བྱང་ཆུབ་ཐོབ་པའི་བཀྲ་ཤིས་ཤོག །པོ་ཊ་ལ་ནས་བཀྲ་ཤིས་པ། །ཐུགས་རྗེ་ཆེན་པོའི་བཀྲ་ཤིས་ཤོག །ཚད་མེད་བྱམས་དང་སྙིང་རྗེ་དང་། །འགྲོ་དྲུག་འདྲེན་པའི་བཀྲ་ཤིས་ཤོག །རྔ་ཡབ་གླིང་ནས་བཀྲ་ཤིས་པ། །པདྨ་འབྱུང་གནས་བཀྲ་ཤིས་ཤོག །བསྐྱེད་རྫོགས་བརྟན་པ་ཐོབ་ནས་ཀྱང་། །སྣང་སྲིད་ཟིལ་གནོན་བཀྲ་ཤིས་ཤོག །བསིལ་བ་ཚལ་ནས་བཀྲ་ཤིས་པ། །ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །དགྲ་བགེགས་ལོག་འདྲེན་ཚར་བཅད་ནས། །ཐུབ་བསྟན་རྒྱས་པའི་བཀྲ་ཤིས་ཤོག །ལྕང་ལོ་ཅན་ནས་བཀྲ་ཤིས་པ། །ནོར་ལྷ་གཏེར་བདག་བཀྲ་ཤིས་ཤོག །ཚེ་དང་བསོད་ནམས་རྒྱས་པ་དང་། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་ཉམས་འཆར་ལུགས་དང་བཀྲ་ཤིས་གཉིས་པོ་ཕྱིར་ནངས་ཚེས་བཅུའི་སྔ་དྲོ་ལ་བྲིས་པ་སྟེ། དེ་ལྟར་མགུར་སྣ་དགུ་པོ་འདི་ཟོ་བའི་དཔོན་གསེར་འོད་གཟུངས་ཀྱིས་བསྐུལ་བ་ལ་བརྟེན་ནས། དགེ་སློང་ཀརྨ་རཱ་ག་ཨ་སྱས་བྲིས་པ་སེམས་ཅན་མང་པོ་ལ་ཕན་པར་གྱུར་ཅིག །སརྦ་མངྒ་ལཾ་བྷ་ཝནྟུ།།


previousཟོ་པའི་དཔོན་གསེར་འོད་གཟུངས་ལ་གདམས་པའི་མགུར་ལེའུ་དགུ་པ།next