Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསུང་མགུར། རང་སྤྱོད་ལ་ལེགས་པར་བརྟག་པའི་གླུ།
   
   


 
previousགསུང་མགུར། རང་སྤྱོད་ལ་ལེགས་པར་བརྟག་པའི་གླུ།next

གསུང་མགུར། རང་སྤྱོད་ལ་ལེགས་པར་བརྟག་པའི་གླུ།


CMR051_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྤྱོད་ལ་ལེགས་པར་བརྟག་པའི་གླུའོ། །རྗེ་དེ་ཉིད་དགུང་ལོ་སོ་བཞིའི་དུས་ཙམ་ལ་བསྒྲིགས་པའི་སྐོར་ཡིན། ན་མོ་རཏྣ་ཏྲ་ཡཱ་ཡ། རྗེ་མཁྱེན་ལྡན་ཀུན་གྱི་སྤྱན་གྱིས་གཟིགས། །སྒོས་སྲུང་མ་རྣམས་ཀྱི་ཞལ་ཆེ་ཆོད། །བདག་མཆིས་པའི་བན་ཆུང་འདུག་པ་འདི། །རང་འགྱོད་མེད་ཀྱི་གདེང་ཚད་འདི་ལྟར་གདལ། །ང་དང་པོར་དལ་འབྱོར་རིན་ཆེན་ཐོབ། །དེ་རྗེས་རྒྱལ་བའི་བསྟན་ལ་ཞུགས། །བར་དུ་མཚན་ལྡན་གྱི་བླ་མ་བསྟེན། །མི་སྐལ་ཆད་ཟེར་ཡང་ང་མི་འགྱོད། །རྗེ་སྤྲུལ་པའི་སྐུ་ལ་བསྙེན་པར་རྫོགས། །རྩ་བཞི་དང་ཆང་ལྔ་སྲོག་ལྟར་བསྲུང་། །གཞན་ཉེས་པ་ཀུན་ལ་གསོ་སྦྱང་བྱས། །མི་སྡོམ་འཆལ་ཟེར་ཡང་ང་མ་འགྱོད། །ལྷ་ཇོ་བོའི་དྲུང་དུ་སེམས་བསྐྱེད་ཞུས། །ལམ་ཕ་རོལ་ཕྱིན་དྲུག་ཅི་ནུས་འབད། །ལས་ཅི་བྱེད་འགྲོ་བའི་དོན་དུ་བསྔོས། །མི་བློ་ཆུང་ཟེར་ཡང་ང་མི་འགྱོད། །རྗེ་མཚན་ལྡན་འགའ་ལ་དབང་བཞི་ཞུས། །སྐུ་གསུམ་གྱི་དམ་ཚིག་སྲོག་ལྟར་བསྲུངས། །ཡན་ལག་ཀུན་བསྐང་བཤགས་བདག་འཇུག་འབད། །མི་དམ་ཉམས་ཟེར་ཡང་ང་མི་འགྱོད། །མཁས་གྲུབ་ཀྱི་འདུན་པ་ཉིན་གླིང་དུ། །སྤྱི་དགེ་འདུན་ཀུན་ལ་དག་


CMR051_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྦྱང་། །བསྒྲིགས་མཐུན་པར་ཆོས་པ་ཀུན་ཞལ་འཆམ། །མི་མ་རབས་ཟེར་ཡང་ང་མི་འགྱོད། །ཉིན་རེ་ལ་ཁྱབ་པ་དྲུག་རེ་བསླབས། །བར་བར་དུ་ཟིན་ཐུན་དང་རིག་ལུང་སྦྱངས། །འཛིན་ཤེས་རབ་ཆེ་ཞེས་ཀུན་གྱིས་སྨོན། །མི་ཏིར་རྒན་ཟེར་ཡང་ང་མི་འགྱོད། །རྗེ་བླ་མ་ལ་བཟློག་མེད་ཀྱི་མོས་གུས་སྐྱེས། །རང་སེམས་ལ་འགྱུར་མེད་ཀྱི་ངེས་ཤེས་རྙེད། །དུས་ངེས་མེད་དུ་རང་ཞལ་ཡང་ཡང་བལྟས། །མི་ཁ་ལྟ་མཁན་ཟེར་ཡང་ང་མི་འགྱོད། །དུས་ཕལ་ཆེར་བསྐྱེད་རིམ་འདུ་འབྲལ་མེད། །བསྙེན་སྒྲུབ་དང་མཆོད་གཏོར་རྒྱུན་དུ་འབད། ། །བློ་གཏད་ས་རྩ་བ་གསུམ་ལ་བྱས། །མི་འདྲེས་ཁྱེར་ཟེར་ཡང་ང་མི་འགྱོད། །ཆོ་ག་དང་དབང་བསྐུར་མདོས་ཟློག་སོགས། །དོན་སྦྱོར་དངོས་རྗེས་གསུམ་མ་ཚང་བའི། །བསླུ་ཆོས་ཀྱི་མགོ་བསྐོར་གཏན་ནས་སྤོངས། །མི་ལོག་འཚོ་ཅན་ཟེར་ཡང་ང་མི་འགྱོད། །ཆུང་བསམ་ལུས་འཕྲོད་ནས་ཆོས་སྒོར་ཞུགས། །ཆོས་ཐོས་བསམ་བསྒོམ་ལ་མི་ཚེ་བསྐྱལ། །ལམ་བསླབ་པ་གསུམ་ལ་ཅི་ནུས་འབད། །ད་ངན་འགྲོར་ལྟུང་ཡང་ང་མི་འགྱོད། །ད་འགྱོད་མེད་བཅུ་ཡི་དབྱངས་ཆུང་འདི། །ངན་པའི་རང་


CMR051_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་མ་ལགས་ཏེ། །རང་ངེས་ཤེས་སྐྱེས་ནས་སྨྲས་པ་ཡིན། །ད་འགྱོད་མེད་ཀྱི་བན་ཆུང་བློ་རེ་བདེ།། །ཞེས་པ་འདི་སྡུག་འདྲེས་བཏབ་པ་འགའ་ལ་གླུད་གཏོར་དང་དྲག་ལས་མང་པོ་དང་། དམིགས་པ་དྲག་པོས་གཅུན་ནས་ཚེགས་མེད་དུ་བདེ་བ་མང་པོ་བྱུང་བ་ལ། གཞན་དག་ན་རེ། ཁོ་རང་གི་འདྲེ་དེ་བསྒྲུབ་པ་མིན་ཏེ་ཡིན་ན་དེ་ཙམ་ཕན་མི་ཐུབ་ཕྲག་དོག་གིས་སྨྲ་བ་བྱུང་བས། ཡོན་བདག་ཐམས་ཅད་ལ་དེ་ལྟར་སྨྱོ་བའི་འདྲེ་དེ་བདག་གིས་གཟིར་བ་དང་བསྐྱེད་པ་མ་གཏོགས། །ལྷར་འདུ་ཤེས་ནས་མཆོད་བསྒྲུབ་བྱས་རེ་ཞེས་མནའ་དཀོན་མཆོག་གསུམ་དཔང་བཙུགས་ཡང་ཡང་བྱས་ཤིང་ཡི་གེ་འབྱམས་ཡིག་བཏང་བས། ངོམ་གྱི་སྡེ་བའི་དྲུང་ནས་དེ་ལྟར་དཔྱོད་ལྡན་སུས་མི་སེམས་ཤིང་ཕྲག་དོག་གིས་སྨྲ་བ་ནི་རྒྱལ་བ་ཡབ་སྲས་ལའང་འདི་དག་གིས་ལྷག་པར་དུའང་སྨྲ་འདུག་པས་ན། གཞན་ལ་ལྟ་ཅི་སྨོས་ཞེས་བློ་གཟུར་གནས་ཀྱི་གསུང་དང་། བཀའ་ཤོག་དང་བསླབ་བྱ་དར་ཁ་བཅས་བྱུང་བས་སེམས་ངལ་སོས། ཁ་ཅིག་དག་བྱས་པ་མ་ཉན་པའི་པའི་ཆོས་གཏམ་སྨྲ་བྱུང་སྟེ། རོ་སྙོམས་མཁན་ལ་དེ་འདྲའི་ངག་མི་རུང་ཡང་བདག་རོ་སྙོམས་པ་མིན་ལ། གཞན་མི་དད་པའི་རྒྱུ་གང་ཡང་བྱང་ཆུབ་སེམས་དཔའ་གསལ་བའམ་མི་སྤངས་ན་ལྟུང་བར་བཤད་པས་གསལ། ཁ་ཅིག་གིས་མནའ་བྱས་པས་ཀྱང་དུས་ལོག་པ་དག་དཀའ་བའི་ཚུལ་ཟེར་བས། འོ་ན་རང་མ་ཁྲེལ་བ་ཆོས་པ་རབ་ཏུ་གསུངས་པས་ཡང་རང་ཁྲེལ་བའམ་འགྱོད་པ་མེད་ནས་དབྱངས་དེ་སྨྲས་སོ། །ཞེས་པའང་


CMR051_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རཱ་གས་སོ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། སྐྱབས་ཆོས་ཀྱི་དབང་ཕྱུག་ཞབས་ལ་འདུད། །གདོན་ཕོ་གདོན་འདི་རྒྱལ་པོ་མཐུ་སྟོབས་ཅན། །བཏུལ་ན་འདི་ཡང་ཐུལ་ལགས་ཏེ། །བདུད་གཏི་མུག་འདི་ཐུལ་དུས་མི་གདའ་ན། །མོ་གདོན་གྱི་འདྲེ་མོ་ཞན་ཆགས་ཅན། །བསྐྱེད་ན་མོ་ཡང་འབྲོས་ལགས་ཏེ། །བདུད་འདོད་སྲེད་འདི་ཕུད་དུས་མི་གདའ་ན། །འོག་ཀླུ་བདུད་ནག་པོ་ཞེ་ནག་པོ། །གཟེར་ནས་འདི་ཡང་ཐུབ་ལགས་ཏེ། །བདུད་གཏི་མུག་འདི་སངས་དུས་མི་གདའ་ན། །ཤེས་དཀའ་བ་སྒྲ་དང་ཚད་མ་གཉིས། །བསླབ་ན་འདི་གཉིས་ཀྱང་ལོབ་ལགས་ཀྱང་། །སེམས་ཡེངས་མེད་འདི་ལོབ་དུས་མི་གདའ་ན། །རས་བྲིས་ཀྱི་སྐུ་དང་ཤོག་བྲིས་ཀྱི་གསུང་། །བྲིས་ན་འདི་གཉིས་ཀྱང་བཀྲ་ལགས་ཏེ། །སེམས་སྟོང་གསལ་འདི་བཀྲ་དུས་མི་གདའ་ན། །ནག་པོ་རྒྱ་དང་སོག་བྲང་དབུས། །སོང་ན་འདི་གཉིས་སུག་ཕྱིན་ལགས་ཏེ། །རང་བཙན་སར་ཕྱིན་དུས་མི་གདའ་ན། །འབྲོང་ཀོའི་གཞུང་དང་ཤ་ཀོའི་གཉའ། །མཉེས་ན་འདི་གཉིས་ཀྱང་ཉེད་ལགས་ཏེ། །རང་སེམས་རང་རྒྱུད་འདི་གཉེན་དུས་མི་གདའ་ན། །ནག་པོའི་མཛེ་


CMR051_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨྱོ་འབོག་གཟའ། །གསལ་ན་འདི་ཡང་སོས་ལགས་ཏེ། །སེམས་དུག་ལྔ་འདི་སེལ་དུས་མི་གདའ་ན། །ཚིག་གསུམ་གསུམ་བསྡེབ་པའི་མི་གདའ་བརྒྱད་། །ངག་དབྱངས་སུ་སྨྲས་ཀྱང་ཚིག་ཏུ་གདའ། །དོན་ཉམས་སུ་ལོན་པ་མི་གདའ་ན། །ཞེས་པ་འདི་གདོན་དྲག་པོས་གཟིར་བའི་སྨྱོ་འབོག་ཅན་འགའ་ལ་དྲག་ལས་ཀྱི་སྦྱོར་བས་བཏུལ་ནས་བདེ་བར་བྱུང་ཡང་། །ཡོན་བདག་དེ་དག་འགའ་རེས་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་། འགའ་ཞིག་གིས་ངོ་མཚར་དུ་མི་འཛིན་པར་བཙོག་ལྟ་བ་འདྲ་འགའ་རེ་བྱུང་ནས། རྗེ་གླང་རི་ཐང་པས་སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན་གསུངས་འདུག་པས་ཅི་ཡིན་བསམས་པས། ཡོན་བདག་ལ་ཕན་འདོད་ཀྱི་ཆགས་ཞེན་དང་། རང་ནུས་པ་ཅན་དུ་རློམ་པའི་ང་རྒྱལ་དང་། གདོན་དེ་ལ་ཐུབ་ཐུབ་ཀྱི་བརྙས་ཆོས་དང་། བསྐྱེད་རིམ་ངར་དབང་གི་ཞེ་སྡང་དང་། འབུལ་ནོར་ལ་རེ་བ་ཅུང་ཟད་རེ་བྱུང་གདལ། སྔགས་ཀྱི་དམ་ཚིག་ལས་མི་འཚམ་པ་ལྔའི་ནང་ནས་ཡི་དྭགས་ལ་མི་འཁུ་ཟེར་བ་དེར་སྣང་། རང་གི་ཆོས་གྲོགས་ཕན་ཚུན་ཆོས་ཀྱི་འབྲེལ་པ་ཟབ་ཅིང་ཐུགས་དམ་ཡུལ་དུ་ཕྱིན་པ་ཞིག་གིས་ཀྱང་། ། ད་ལོ་ཁོ་ན་ལ་སྨྱོན་པ་དེ་ཙམ་བཏུལ་བ་ཚེ་ལ་གནོད། དེ་ལྟ་བུའི་དྲག་ལས་ཁོ་ན་བྱེད་པ་དཔེ་གར་སྲིད། ངེད་རྣམས་ཀྱང་ཁ་ཐོན་པར་བྱུང་། ད་དེ་ཙམ་མཛད་མི་ཐོན་དང་ཁ་ཐོན་ཡོངས་གསུངས་ནས་ཐུགས་རྩར་བཅར་བའི་


CMR051_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཕྲིན་བྱུང་བས། ད་ཕྱིན་ཤུགས་འབྱུང་ལ་ཕན་ན་མ་གཏོགས་ཆེད་གཉེར་གྱིས་བརྡུང་བཏགས་དྲག་དམིགས་ཀྱིས་གཟིར་བར་མི་བྱེད་པར་དམ་བཅས་ཏེ་ཉམས་ལེན་ལ་སྐྱོ་བའི་གླུ་ཆུང་དེ་བྱས་པའོ།། །།རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་ལ་ལས་བླ་མ་སྐྱོན་ལྟར་གསང་། །མི་ཁོ་བོས་བླ་མ་རྒྱན་དུ་འཕྱུར། །མི་ལ་ལས་ཆོས་ཐོབ་མཚངས་སུ་སྦ། །མི་ཁོ་བོས་ཆོས་ཐོབ་རྒྱན་དུ་བཏགས། དྲིན་མཉམ་མེད་ཀྱི་རྒྱལ་བ་ཆོས་ཀྱི་དབང་། །མིང་ཡོངས་སུ་གྲགས་པའི་ཀརྨ་པ། །དེ་སྐྱབས་གནས་ཀྱི་སངས་རྒྱས་རྣམ་གཉིས་ཡིན། །དྲུང་རྒྱལ་ཚབ་དྲག་པ་མཆོག་དབྱངས་གཅིག །དཔལ་སི་ཏུ་ཆོས་ཀྱི་རྒྱལ་མཚན་གཉིས། །རྗེ་ངག་དབང་བཀྲ་ཤིས་དཔལ་གྲུབ་གསུམ། །ཆོས་འབྲེལ་ཐོགས་ཀྱི་རྒྱལ་སྲས་རྣམ་གསུམ་ཡིན། །དཔལ་འབྲུག་པ་འཇིག་རྟེན་གསུམ་གྲགས་དང་། །སྒྲུབ་བརྒྱུད་ཀྱི་བཀའ་བབས་དྲུང་ཡིག་པ། །བརྟུལ་ཞུགས་ཀྱི་བཀའ་བབས་རྒྱ་ར་བ། །དེ་ཆོས་འབྲེལ་ཐོབ་ཀྱི་གྲུབ་ཐོབ་རྣམ་གསུམ་ཡིན། །དཔལ་ཨཱརྱ་དེ་ཝཱ་ཆོས་ཀྱི་རྗེ། །དེ་མོ་སྤྲུལ་སྐུ་གོང་འོག་གཉིས། །གནས་གདན་ས་མཐིལ་གྱི་མཁན་ཆེན་བཞི། །ཆོས་འབྲེལ་ཐོབ་ཀྱི་ཆོས་རྗེ་ཆེ་བཞི་ཡིན། །རྗེ་དྲུང་པ་ཀུན་


CMR051_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རྣམ་རྒྱལ་དང་། །དཔལ་ངག་དབང་འཇིགས་མེད་དྲག་པ་གཉིས། །སྔགས་འཆང་བ་ཀརྨ་དོན་ཡོད་གསུམ། །སྦས་པའི་རྣལ་འབྱོར་པར་རྣམ་རོལ་བཞི། །དྲིན་འཁོར་མེད་ཀྱི་སློབ་དཔོན་རྣམ་བཞི་ཡིན། །དཔལ་འཇམ་དབྱངས་དཀོན་མཆོག་དཔལ་འབྱོར་དང་། །སློབ་ཆུང་བ་ཀརྨ་རྒྱས་པ་གཉིས། །ལུང་རིག་པའི་དབང་ཕྱུག་རྒྱལ་རོངས་པ། །གཞུང་རབ་འབྱམས་སྨྲ་བའི་བདེ་ཆེན་བཞི། །མཚན་ཉིད་ཀྱི་དགེ་རྒན་རྣམ་བཞི་ཡིན། །རྗེ་རྟོགས་ལྡན་ཚུལ་ཁྲིམས་རིན་ཆེན་དང་། །དོན་བརྒྱུད་ལྡན་ཆོས་ལྡན་རབ་འབྱོར་གཉིས། །བསྙེན་སྒྲུབ་པ་མཐར་ཕྱིན་གུ་རུའི་མཚན། །གཞུང་བཀའ་བཅུ་སྨྲ་བའི་རྣམ་དག་པ། །གཞུང་གསོལ་རིག་མཐར་སོན་དགེ་ལེགས་དང་། །རང་མཆེད་པོ་ཆོས་དབང་ཀུན་བཟང་དྲུག །ཆོས་ཕན་ཚུན་འབྲེལ་ཡོད་ཀྱི་བླ་མ་ཡིན། །ཆོས་ཚད་མའི་དབང་ཕྱུག་འགྲོ་སྐྱོང་བ། །མཚན་རབ་འབྱམས་སུ་གྲགས་པའི་དགའ་བ་པ། །གཞུང་ཀུན་ལ་སྦྱང་པའི་ཀུན་འཕེལ་བ། །ཆོས་འབྲེལ་ཐོབ་ཀྱི་རབ་འབྱམས་རྣམ་གསུམ་ཡིན། །མཚན་ལོ་ཙཱ་རུ་འབོད་པའི་ཆོས་དྲུག་པ། །མཚན་མགོན་བླ་རུ་འབོད་པའི་བསམ་གཏན་


CMR051_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མཚན་རྐང་ཀྱོག་རུ་འབོད་པའི་མཆོད་གནས་པ། །མཚན་ཁྲོམ་པ་རུ་འབོད་པའི་བཀའ་བཅུ་པ། །མཚན་རིན་ཆེན་དུ་འབོད་པའི་གནས་སྒོ་བ། །ཆོས་འབྲེལ་ཡོད་ཀྱི་བླ་མ་རྣམ་ལྔ་ཡིན། །ཆོས་དྲིན་ཐོབ་ཀྱི་བླ་མ་སུམ་བཅུ་བཞི། །ད་རུང་ལོ་རོ་གཏེར་སྟོན་མི་འགྱུར་རྡོ་རྗེ། སྤུ་བོ་གཏེར་སྟོན་བདུད་འདུལ་རྡོ་རྗེ། ལྷོ་རིན་པོ་ཆེ་ཕྲིན་ལས་རྣམ་རྒྱལ། སྒར་རྗེ་བླ་མ་ཀུན་བཟང་ཤེས་རབ། །འཇའ་ཚོན་པའི་སློབ་མ་མུ་ནེའི་མཚན་ཅན། ལྷ་ས་ཀུན་མཁྱེན་ཆེན་པོ་ལུང་རིགས་ཉི་མ། རྫ་ཁོག་བླ་མ་ཀརྨ་འདུལ་བ། བལ་པོ་རྟོགས་ལྡན་པདྨ་རིག་འཛིན། རབ་འབྱམས་བཀའ་ཆེན་རྣམ་དག །དྲུང་པ་སྤྲུལ་སྐུ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་སོགས་མང་ངོ་། མཆན། མི་ངས་ནི་མི་གསང་ཐོད་དུ་བཅིང་། །ཆོས་རྒྱ་མཚོ་དང་འདྲ་སྟེ་ཟད་མི་ཤེས། །མཐའ་རྫོགས་པར་ཐོབ་དུས་མི་གདའ་སྟེ། །འདུལ་བ་དང་ཕར་ཕྱིན་མངོན་པའི་ཆོས། །ཚད་མ་དང་ལེགས་སྦྱར་བོད་ཀྱི་སྒྲ། །ཡིག་རིགས་དང་སྙན་ངག་ཚིག་གི་རྒྱུན། །གྱེར་དབྱངས་དང་རྔ་རྡུང་ཕྱག་རྒྱའི་རིགས། །བཟོ་རིག་དང་འགའ་འབྲེལ་བསྡུས་རའི་རིགས། །སྐྱེས་རབ་དང་རྣམ་ཐར་ཆོས་འབྱུང་རིགས། །ཊི་ཀ་དང་སྤྱི་དོན་བཤད་པའི་རིགས། །བསྙེན་སྒྲུབ་དང་ལས་སྦྱོར་སྒྲུབ་ཐབས་རིགས། །དབུ་ཕྱག་


CMR051_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་ནས་ཀློག་དྲ་འབྱོར་སྤྱི་མང་གནས་པ། །མཚན་ཟློས་ལྟ་ནའཁོད་པ་བཀའ་བཅུ་པ། གངས་ཆེན་རྒྱུ་འབོད་པའི་གནས་སྒོ་། སྒོས་འབྲེལ་ཐོག་ཕྱི་དང་རྫོགས་ཆེན་ཁྲིད་ཀྱི་རིགས། །དབང་བཞི་དང་རྗེས་གནང་བྱིན་རླབས་ཀྱི། །གསོལ་འདེབས་མགུར་འབུམ་ཉམས་དབྱངས་རིགས། །ཆོས་གང་ལའང་དག་སྣང་གི་འབྲེལ་པ་བཞག །ཚད་པོད་ཆུང་གིས་གཞལ་ན་སུམ་ཅུ་ཙམ། །མི་ངས་ནི་མི་གསང་རྒྱན་དུ་ངོམས། །མགོར་ནོར་བུའི་ཅོད་པན་ལྔ་བརྒྱ་བས། །ཕ་བླ་མས་བརྒྱན་ན་བརྗིད་དོ་སྙམ། །ལུས་ཟ་འོག་གི་ལྷབ་ལྷུབ་ལྔ་བརྒྱ་བས། །ཆོས་སྡོམ་གསུམ་གྱིས་བརྒྱན་ན་མཛེས་སོ་སྙམ། །ཞེས་པ་འདི་རང་གི་ཆོས་གྲོགས་བླ་མ་ཞིག་ལ། དབང་ལུང་ཤིན་ཏུ་མང་བ་འགའ་ཕུལ་བས། གཞན་མ་ཞུས་པའི་ཁུངས་གསང་ནས་བརྒྱུད་པ་བཟང་པོ་གཞན་དག་ནས་བྱུང་བ་སྐད་ཟེར་ནས། གཞན་ལ་ཟབ་སོར་འཆད་འདུག་ཟེར་བ་ཐོས་ནས། ཆོས་ཐོབ་པའི་བླ་མ་གསང་ན་བརྒྱུད་པ་བཟང་པོ་ནས་ཐོབ་སྐད་སྨྲ་བ་གསང་སྔགས་ནས་ལྟུང་བར་བཤད་ལ། བླ་མ་དེ་ཞན་པའི་འདུ་ཤེས་ཀྱིས་ཡིན་ན་རྩ་ལྟུང་དང་པོ་འབྱུང་། དེ་མིན་ཀྱང་རང་མཆོག་ཏུ་འདོད་ཅིང་བླ་མ་ལ་སེམས་དད་ནའང་དེ་དང་ཆ་འདྲའམ་ལྟུང་བ་སྦོམ་པོར་འགྱུར། བླ་མ་ལ་རྩེ་གཅིག་དད་ཀྱང་ཆོས་དེ་གཞན་གྱིས་ཞུ་དོགས་ན་ཉེས་བྱས་སུ་གདའ་བ་དང་། རྒྱལ་བུ་དོན་འགྲུབ་ཀྱིས་ཡི་གེ་གཞན་ནས་བསླབ་པ་དང་། མུ་སྟེགས་པ་མང་པོ་བླ་མར་བསྟེན་པ་དང་། སློབ་དཔོན་པདྨས་རྫ་མཁན་ལ་ཕྱག་འཚལ་ནས་རྫ་བཟོ་བསླབས། རྒྱ་


CMR051_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ན་བླ་མ་མཆོག་དམན་སྣ་ཚོགས་པ་མ་གསང་བར་གདའ་སྟེ། ཁོང་རྣམས་ངན་དུ་མ་སོང་བར་འདུག་པ་ལ། ང་རང་གིས་ནི་གསང་དགོས་པ་མེད་སྙམ་ནས། བླ་མའི་རྩིས་བསྒྲང་འདི་བྱས་སོ། །ཞེས་ཀརྨ་ཨ་རཱ་གས་སོ།། །།ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། འཕགས་པ་རྣམས་ལ་ང་རྒྱལ་དྲི་མ་བྲལ། །བླུན་པོས་རང་ཉིད་མཁས་བཙུན་བཟང་པོར་རློམ། །དེ་ཕྱིར་བླུན་པོ་བདག་གིས་རང་བསྟོད་ལ། །མཁས་པ་རྣམས་ཀྱིས་བཞད་གད་སྟོན་མཛོད་ཅིག །ཀུན་དང་མཐུན་ཞིང་བཀའ་བློ་བདེ་ལུགས་ཀྱིས། །འཇིག་རྟེན་མི་ཆོས་མཁན་ཞིག་འདྲ་དང་གཅིག །ལུས་ཀྱི་ཀུན་སྤྱོད་དམ་ཞིང་བཙུན་ལུགས་ཀྱིས། །སོ་ཐར་ཐེག་དམན་དགེ་སློང་འདྲ་དང་གཉིས། །སེམས་སྐྱེད་སྨོན་ལམ་སྙིང་རྗེ་ཆེ་ལུགས་ཀྱིས། །མདོ་ལུགས་སོར་བཞག་བྱང་སེམས་འདྲ་དང་གསུམ། །བསྐྱེད་རིམ་བསྙེན་སྒྲུབ་མཆོད་གཏོར་བརྩོན་ལུགས་ཀྱིས། །མ་ཧཱ་ཡོ་གའི་རྣལ་འབྱོར་འདྲ་དང་བཞི། །ཐིག་ལེ་གཅེས་སྤྲས་རྩ་རླུང་སྒོམ་ལུགས་ཀྱིས། །ཨ་ནུ་ཡོ་གའི་རྣལ་འབྱོར་འདྲ་དང་ལྔ། །འཁོར་འདས་སྣོད་བཅུད་སྟོང་པར་རྟགས་ལུས་ཀྱིས། །ཨ་ཏི་ཡོ་གའི་རྣལ་འབྱོར་འདྲ་དང་དྲུག །མོས་གུས་འགྱུར་མེད་


CMR051_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་ཤུགས་ཆེ་ལུགས་ཀྱིས། །པཎ་ཆེན་ནཱ་རོའི་བུ་བརྒྱུད་འདྲ་དང་བདུན། །ཐ་མལ་ཤེས་པ་གླན་སྒོམ་བྱེད་ལུགས་ཀྱིས། །མེ་ཏྲི་ཆེན་པོའི་བུ་བརྒྱུད་འདྲ་དང་བརྒྱད། །ཉམས་དང་མི་ལམ་དག་སྣང་མང་ལུགས་ཀྱིས། །འཇིག་རྟེན་སྟབས་ཁ་མཁན་ཅིག་འདྲ་དང་དགུ། །བཀའ་སྲུང་སྒྲུབ་སྐོར་རྫས་སྣ་མང་ལུགས་ཀྱིས། །ཕུང་བྱེད་ངན་སྔགས་མཁན་ཞི་འདྲ་དང་བཅུ། །བསླབ་པའི་ཡོན་ཏན་སྣ་ཁ་མང་ལུགས་ཀྱིས། །བློ་གསལ་ཤེས་རབ་ཅན་ཞིག་འདྲ་བཅུ་གཅིག །ཡི་གེ་དྲུག་པ་རྒྱུན་དུ་འདྲེན་ལུགས་ཀྱིས། ། ཏི་ཐུག་བླུན་དད་ཅན་ཞིག་འདྲ་བཅུ་གཉིས། །ཁ་ལ་མི་ཉན་གྲྭ་སློབ་ཧྲལ་ཧྲུལ་མང་། །བཟའ་ངན་དཔོན་པོ་འདྲ་དང་བཅུ་གསུམ་སྟེ། །སུ་ཤིའི་བསྔོ་ཞུས་སྣ་རེ་འོང་ལུགས་ཀྱིས། །སྡེ་དགོན་བསྐོར་བླ་འདྲ་དང་བཅུ་བཞི་པ། །དངོས་པོ་གང་བྱུང་གར་སོང་འདི་ཆ་མེད། །གྲམ་སེང་ཆུ་བླུགས་འདྲ་དང་བཅོ་ལྔའོ། །ཀུན་གྱིས་གཏད་ར་གཏུག་སྒོ་མང་ལུགས་ཀྱིས། །ས་མདོའི་གཙོ་བོ་འདྲ་དང་བཅུ་དྲུག་པ། དབང་ལུང་དཔེ་ཆ་མང་ཡང་ཆོག་ཤེས་མེད། །ལན་ཚྭའི་ཆུ་འཐུང་འདྲ་དང་བཅུ་བདུན་པ། འདི་ནས་འཕོས་ཚེ་བདེ་བ་ཅན་དུ་


CMR051_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། །བྱ་རྒོད་རྙི་ཐར་འདྲ་དང་བཅོ་བརྒྱད་པ། འདྲ་བ་བཅོ་བརྒྱད་ང་ཡི་རྣམ་ཐར་ཡིན། །འཕྲལ་དུ་ཉམས་ལ་ཤར་ནས་གླུ་རུ་བླངས། །ཁམས་ཀྱི་བྱིང་བ་བསང་ཕྱིར་རཱ་གས་སྨྲས།། ༈ །།རྗེ་ཆོས་ཀྱི་དབང་ཕྱུག་ཞབས་ལ་འདུད། །ངས་དང་པོར་གདམས་ངག་གི་ནུ་ཞོ་འཐུང་། །བར་དུ་ཐོས་བསམ་གྱི་སྣ་རྒྱག་ཕྱིར། །ད་ལྟ་སྡོམ་གསུམ་གྱི་ཐེག་པ་ཁུར། །སྤྲང་ལག་ལྡན་གྱི་ཕྲུ་གུ་མ་ལགས་སམ། །ང་དང་པོ་རྒྱལ་བསྟན་གྱི་ལྷོ་སྤྲིན་བསྙགས། །བར་དུ་མོས་གུས་ཀྱི་གློག་དམར་འཁྱུག །ད་ལྟ་གདམས་ངག་གི་འབྲུག་སྒྲ་སྒྲོག །སྤྲང་ལུས་གཉིས་ཀྱི་ཕྲུ་གུ་མ་ལགས་སམ། །ངས་དང་པོ་བཀའ་བརྒྱུད་ཀྱི་གངས་རི་བསྙགས། །བར་དུ་གདམས་ངག་གི་གཡུ་རལ་རྒྱས། །ད་ལྟ་ཉམས་ཀྱི་སྡེར་བཞི་བསྒྲད། །སྤྲང་གདོང་ལྔའི་ཕྲུ་གུ་མ་ལགས་སམ། །ངས་དང་པོ་སྒྲུབ་བརྒྱུད་ཀྱི་ནགས་ཚལ་བསྙགས། །བར་དུ་ངོ་སྤྲོད་ཀྱི་འཛུམ་དྲུག་རྒྱས། །ད་ལྟ་ཡེངས་མེད་ཀྱི་ས་མདོ་བཟུང་། །སྤང་རྒྱལ་སྟག་གི་ཕྲུ་གུ་མ་ལགས་སམ། །ངས་དང་པོ་ངེས་འབྱུང་གི་ནམ་འཕང་བསྙགས། །བར་དུ་ངུར་སྨྲིག་གི་འདབ་དྲུག་རྒྱས། །ད་ལྟ་ཚུལ་ཁྲིམས་ཀྱི་ནོར་


CMR051_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བུས་བརྒྱན། །སྤྲང་མཁའ་ལྡིང་གི་ཕྲུ་གུ་མ་ལགས་སམ། །ངས་དང་པོ་མཚན་ལྡན་མཁན་པོ་བསྟེན། །བར་དུ་ངེས་འབྱུང་གི་སྡོམ་པ་ཞུས། །ད་ལྟ་བསླབ་གསུམ་ལ་ནན་ཏན་བྱེད། །སྤྲང་ཤཱཀྱའི་སྲས་པོ་མ་ལགས་སམ། །ངས་དང་པོ་སྨོན་འཇུག་གིས་སེམས་བསྐྱེད་ཞུས། །བར་དུ་ཐེག་ཆེན་གྱི་གཞུང་ལུགས་སྦྱངས། །ད་ལྟར་ཕྱིན་དྲུག་ལ་ནན་ཏན་བྱེད། །སྤང་རྒྱལ་བའི་སྲས་པོ་མ་ལགས་སམ། །ངས་དང་པོར་སྨིན་བྱེད་ཀྱི་དབང་བཞི་ཞུས། །བར་དུ་རྒྱུད་གཞུང་དང་མན་ངག་སྦྱངས། །ད་ལྟ་བསྐྱེད་རྫོགས་ལ་ནན་ཏན་བྱེད། །སྤང་རིག་འཛིན་གྱི་སྲས་པོ་མ་ལགས་སམ། །དོན་ངེས་པར་མིན་ཀྱང་ཉམས་དགའ་ཙམ། །སྤྱིར་སྙན་ངག་བ་ལ་བཀག་པ་མེད། །དྲིན་ཆེན་ལ་འཛམ་བུའི་ཆུ་གསེར་མདོག །བྱི་བ་ལ་གླང་ཆེན་སྨྲ་དང་མཚུངས། །ཞེས་པ་འདི་དོན་དུ་ཅུང་ཟད་ཀྱང་གནས་པ་མི་སྲིད་ནའང་། སྙན་ངག་གིས་བསྟོད་པ་ལ་སྐྱོན་མེད་པས། སེམས་བདེ་ཉམས་ཅུང་ཟད་ཤར་དུས་ཤིག་ཉམས་དགར་སྨྲས་པར་ཟད་དོ། །ཨ་རཱ་གས་སོ།། ༈ །།རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ལྟ་བ་ལ་བཤད་ལུགས་མང་ན་ཡང་། །རང་སེམས་ལ་སེམས་ཀྱིས་ལྟ་བ་


CMR051_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ལྟ་བ་ཡིན་པར་བློ་ཐར་ཆོད། །ཚིག་དགའ་སྒྲུབ་མང་པོ་སྣང་བ་སྤུན། །བསྒོམ་པ་ལ་བཤད་ལུགས་མང་ན་ཡང་། །སེམས་གང་ཤར་ལ་སྤང་བླང་མེད་པ་འདི། །བསྒོམ་པ་ཡིན་པར་ཁོ་ཐག་ཆོད། །གེགས་སེལ་གྱི་བཅས་བཅོས་སྣང་བ་སྤྱན། །སྤྱོད་པ་ལ་བཤད་ལུགས་མང་ན་ཡང་། །སྡིག་སྤང་དང་དགེ་སྒྲུབ་འབད་པ་འདི། །སྤྱོད་པ་ཡིན་པར་ཁོ་ཐག་ཆོད། །གནང་བཀག་ཀྱི་ཀྱོག་བཤད་སྣང་བ་སྤུན། །འབྲས་བུ་ལ་ཐོབ་ལུགས་མང་བཤད་ཀྱང་། །ཚོགས་གཉིས་ཀྱི་བྲེ་ཁ་གང་བ་ན། །འབྲས་བུ་ཐོབ་པར་ཁོ་ཐག་ཆོད་། །རེ་དོགས་ཀྱི་གནད་གཞུང་སྣང་བ་སྤུན། །ད་ལྟ་སྒོམ་དང་སྤྱོད་པ་འབྲས་བུའི་གླུ། །ཉམས་བྱུང་རྒྱལ་དུ་ཤར་ནས་སྨྲས་པ་ཡིན། །ཞེས་པ་ཉམས་བྱུང་རྒྱལ་དུ་ཤར་ནས་སྨྲས་པ་ཡིན་པས་ཐོས་བསམ་ལ་གཤེ་བར་མི་དགོངས་འཚལ། ཨ་རཱ་གས་སོ།། ༈ །།སྐྱབས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྒྲོས་སྤྲུལ་པའི་སྐུ་ཡི་བྱིན་གྱིས་རློབས། །སྔོན་རྒྱལ་བས་ལུང་བསྟན་གདོང་དམར་ཡུལ། །ཁ་བ་ཅན་ལྗོངས་མདོ་སྨད་ན། །དཔལ་འཁོར་ལོ་སྡོམ་པའི་གསུང་གི་གནས། །འོག་མིན་ཀརྨའི་ལྷོ་ཕྱོགས་ན། །རྗེ་མཁའ་ལ་སྤྱོད་


CMR051_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱིན་རླབས་པ། ཡུལ་ངོམ་དུ་རུང་བའི་སྟོད་ཆ་ན། །དཔལ་ཆོས་གྲགས་རྒྱ་མཚོའི་བྱིན་རླབས་པའི། །ཡུལ་གནས་སུ་གྲགས་པའི་རི་ཁྲོད་འདིར། །ས་ལུང་གསུམ་རྩ་གསུམ་འདུས་པ་འདྲ། །དེ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བརྡའ། །དགུང་ནམ་མཁའི་ཤར་ནུབ་ཕྱེས་པ་འདྲ། །དེ་ལྟ་བ་མཁའ་ལྟར་ཡངས་པའི་བརྡའ། །འོད་ཉི་ཟླ་སྒྲོན་མེ་བཀྱག་པ་འདྲ། །དེ་ཉམས་རྟོགས་གསལ་འགྲིབ་མེད་པའི་བརྡའ། །རྒྱབ་རི་རྒྱལ་པོ་གདན་བཞུགས་འདྲ། །དེ་སྐུ་བཞིའི་རྒྱལ་ས་ཟིན་པའི་བརྡའ། །ཞྭ་དཀར་འཁོར་ལོ་རིན་ཆེན་འདྲ། །དེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བརྡའ། །ཟོ་རྒྱལ་བློན་པོ་རིན་ཆེན་འདྲ། །དེ་ཐེག་པ་སྣ་ཚོགས་རྟོགས་པའི་བརྡའ། །རྟ་འདྲ་རྟ་མཆོག་རིན་ཆེན་འདྲ། །དེ་ཐར་བའི་གྲོང་དུ་ཕྱིན་པའི་བརྡའ། །རྒྱལ་མོ་བཙུན་མོ་རིན་ཆེན་འདྲ། །དེ་ཐབས་ཤེས་ཟུང་དུ་འཇུག་པའི་བརྡའ། །དཔལ་རི་གླང་པོ་རིན་ཆེན་འདྲ། །དེ་སྟོབས་བཅུ་ལྷུན་གྱིས་གྲུབ་པའི་བརྡའ། །མགར་ནག་དམག་དཔོན་རིན་ཆེན་འདྲ། །དེ་བདུད་བཞིའི་གཡུལ་ལས་རྒྱལ་བའི་བརྡའ། །མདུན་གྲུ་གསུམ་ཕག་མོའི་དཀྱིལ་འཁོར་འདྲ། །དེ་སྙན་


CMR051_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་གདན་ས་འཛིན་པའི་བརྡའ། །ཆུ་རྒྱུན་འབབ་ཡོན་ཆབ་བལྟམས་པ་འདྲ། །དེ་དབང་བཞིའི་ཆུ་བོ་རྒྱས་པའི་བརྡའ། །རྩྭ་ཆུ་ཤིང་འདོད་འབྱུང་གཏེར་ཀ་འདྲ། །དེ་དགོས་འདོད་ལྷུན་གྱིས་གྲུབ་པའི་བརྡའ། །ཟངས་རྡོ་ནོར་བུ་རིན་ཆེན་འདྲ། །དེ་རང་གཞན་དོན་གཉིས་འགྲུབ་པའི་བརྡའ། །བརྡའ་བཅུ་བཞི་ལྡན་པའི་རི་ཁྲོད་འདིར། །ངེད་འཁོར་བཅས་བྱང་ཆུབ་སྒྲུབ་པ་ལ། །ཁྱོད་གནས་བདག་གི་ཀོ་ལོང་མ་སྡོམ་པར། །ལས་དགེ་བ་སྒྲུབ་པའི་གྲོགས་དན་མཛོད། །ཐུགས་འགལ་བ་བྱུང་ཡང་བཟོད་པར་བཞེས། །ཆོས་བྱང་ཆུབ་ཀྱི་འབྲས་བུ་ཐུན་མོང་བྱེད། །དོན་གོ་བར་མཛོད་ཅིག་མི་མ་ཡིན། །ཐུགས་དགྱེས་པར་མཛོད་ཅིག་ཨ་ལ་ལ། །ཞེས་པ་འདི་སྔ་སོར་གྲྭ་པ་གཅིག་གིས་ཉམས་དགར་གནས་བསྟོད་ཅིག་གྱིས་ཟེར་བས་རི་ཁྲོད་བྱས་ནས་ཡུན་མི་རིང་བ་ཞིག་ལ། ཚིག་འདི་དང་འདྲ་ཙམ་ཞིག་གྲོ་ག་ལ་བྲིས་པ་ཡོད་པ་ཁོང་དགའ་རེས་མེ་སྒྲོན་དུ་སྦྱར་འདུག་པས། ཡི་གེའི་ཐད་ནས་མ་འབར་བར་སྣང་ཡང་ཕྱིས་གར་སོང་ཆ་མེད་ལ། སླད་ནས་བྲག་ཚན་ཆེན་པོ་བཤིགས་ནས་བསམ་གཏན་གྱི་ཁང་པ་བརྩེགས་པས་ཉམས་རྨི་ལམ་གྱི་འཚུབས་ཆ་ངེས་པ་ཅན། ཡང་མང་དུ་བྱུང་ཞིང་། རྟེན་འབྲེལ་གྱི་བཀྲ་བརྟག་འགའ་ལའང་གནས་བདག་མ་དགའ་བ་ན་ཚ་ཡོད་ཟེར་བ་ཡང་ཡང་བྱུང་ཞིང་། དངོས་


CMR051_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ན་ཚ་རྐྱེན་ངན་མང་བ་ཞིག་བྱུང་ནས། བསང་དང་གཏོར་མ་བཏང་བ་སོགས་བྱས་ཀྱང་འཚུབས་ཆའི་ལྷོང་དེ་ཚེར་མ་ཞི་བས། གནས་བསྟོད་འདི་བྲིས་ནས་ལན་འགའ་བྱས་པའོ།། ༈ །།ཕ་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེ། །སྤང་ཞན་པ་ལོག་པར་བྱིན་གྱིས་རློབས། །སྤྱིར་འཁོར་བའི་ཆོས་ལ་སྙིང་པོ་མེད། །དེ་རྣ་ཐོས་ཀྱིས་མི་ཚད་དངོས་སུ་བསྟན། །ཡུལ་དབུས་གཙང་དག་པའི་ཞིང་ཁམས་ན། །ས་གཙང་སྟོད་ཀྱི་ཆོས་རྒྱལ་སྟོབས་འབྱོར་ཅན། །སྡེ་མངའ་རིས་བྱེ་བ་དུང་ཕྱུར་ཡང་། །དེ་གཅིག་པུར་འཁྱམས་པ་ཐོས་ཙ་ན། །སྡེ་མངའ་རིས་ལ་སྙིང་པོ་འདུག་གམ་ལྟོས། །སྤྲང་སྙིང་པོའི་ཆོས་ཤིག་ཅུག་བྱེད་ཨང་། །ང་སྐྱེན་དང་ང་རྒོད་ང་མཁས་ཅན། །ཟས་གོས་ཀྱིས་བུ་བཞིན་སྐྱོང་བ་ཡི། །ཐབས་གསོས་ཀྱི་གཟིམ་ཆུང་སྟོང་ཕྲག་བཅུ། །བློན་རིགས་རུས་ལྡན་པ་བསམ་ཡས་ཀྱང་། །རང་གཅིག་པུར་འཁྱམས་པ་མཐོང་ཙ་ན། །གཡོག་འཁོར་རེས་ལ་སྙིང་པོ་འདུག་གམ་ལྟོས། །གསེར་དངུལ་དང་གོས་དར་ནོར་བུའི་མཛོད། །གྲོ་ནས་དང་ཏིལ་འབྲས་འབྲུ་ཡི་མཛོད། །བུར་སྦྲང་དང་ཤ་མར་ཟས་ཀྱི་མཛོད། །གོས་སྐུ་དང་ལི་མ་རྟེན་གྱི་མཛོད། །དེ་གཞན་གྱིས་སྤྱོད་པ་


CMR051_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཙ་ན། །ནོར་ལོངས་སྤྱོད་ལ་སྙིང་པོ་འདུག་གམ་ལྟོས། །བོད་རྩམ་ཟན་གྱི་རྒྱལ་པོ་ཡིན་ནོ་ཞེས། །ཡུལ་མངའ་རིའི་སྟོད་ནས་ལྷ་ཕྱག་འཚལ། །ཟངས་གསེར་དངུལ་དང་རིན་ཆེན་རི་ལྟར་འབུལ། །ཡུལ་བལ་པོའི་བར་དུ་བཀའ་ལུང་རྒྱུག །ད་དབང་མེད་དུ་བཅིང་བ་མཐོང་ཙ་ན། །སྙན་གྲགས་པ་ལ་སྙིང་པོ་འདུག་གམ་ལྟོས། །དེ་བསྟན་པའི་སྦྱིན་བདག་ཡིན་ནོ་ཞེས། །རྗེ་རྒྱལ་བ་རྣམས་ཀྱིས་ཤེས་བརྗོད་མཛད། །བཙུན་དགེ་བཤེས་རྣམས་ཀྱིས་ལྷ་ཕྱག་འཚལ། །ཚིག་འཁོར་གསུམ་སོང་ལ་མཆོད་བརྗོད་འབུལ། །གྲོང་འདབས་སུ་འབེབ་པ་མཐོང་ཙ་ན། །གཏམ་ངོ་བསྟོད་ལ་སྙིང་པོ་འདུག་གམ་ལྟོས། །ཡུལ་དབུས་གཙང་རུ་བཞིའི་སྟག་ཤར་ཚོས། །དཔོན་ཅིག་ཆོག་གཙང་སྟོད་ཀྱི་རྒྱལ་པོ་ཞེས། །འབེན་སོར་བཞི་ཉེ་ལ་མཆོད་བརྗོད་བྱེད། །རྒྱང་མཐོ་གང་རིང་ལ་མཆོད་བརྗོད་བྱེད། །དེ་བཙོན་དུ་བཅུག་པ་མཐོང་ཙ་ན། །གཏམ་སྙན་གྲགས་ལ་སྙིང་པོ་འདུག་གམ་ལྟོས་། །ཡུལ་སོ་སོ་ནས་མཛེས་སྡུག་གི་ཤར་མོ་ཚོས། །རྫོང་རྒྱན་ཆ་སོ་སོའི་ཡུལ་གྱི་འདོན། །བྲོ་ཁོད་ཕོག་རེ་ལ་མཆོད་བརྗོད་བྱེད། །གླུ་ལེས་ཁ་རེ་ལ་འཁྲུངས་ཞུས་བཀྱག །


CMR051_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ད་གྲོགས་མེད་དུ་འཁྱམས་པ་མཐོང་ཙ་ན། །གྲོང་མཛེས་སྡུག་ལ་སྙིང་པོ་འདུག་གམ་ལྟོས། །ཡུལ་གཙང་ཕྱོགས་སུ་རྩེ་ཆེན་བཅོ་བརྒྱད་དེ། །ཡུལ་སོ་སོར་སྐུ་མཁར་གྲངས་ལས་འདས། །རྫོང་ཆུ་ཕི་དང་ལྕགས་རི་འོབ་ཀྱིས་བསྐོར། །དབྱིབས་བཅའ་ཐབས་ལང་ཀ་པུ་རི་འདྲ། །ད་ཁང་ངན་ནང་དུ་འདུག་མཐོང་ན། །གཞེས་ཡུལ་མཁར་ལ་སྙིང་པོ་འདུག་གམ་ལྟོས། །དམག་ཡོངས་རྫོགས་ལ་བརྩིས་པའི་གྲངས་ཀ་མེད། །གཙང་ཁོ་ནའི་ཉེ་སྐོར་བསྡུས་པའི་ཚེ། །ཁྲབ་སྔོ་སིལ་ཁྲི་ཕྲག་བཅུ་གསུམ་ཟེར། །སྲོག་རྗེ་ལ་འབུལ་བ་ལྔ་བརྒྱ་ཙམ། །སྐྱོགས་མེ་མདའ་མཁས་ཀྱང་ཐ་མ་ཕམ། །དམག་བུ་རྟ་ལ་སྙིང་པོ་འདུག་གམ་ལྟོས། །སོག་མཁར་ཁ་དང་ཁ་ཐན་ཝ་བྲོས་བྱས། །བོད་རུ་བཞིའི་རྒྱལ་ཕྲན་ས་མཐར་ཕུད། །མོན་གི་རིའི་རྒྱལ་པོ་བཙོན་དུ་བཟུང་། །སྟོད་གུ་གེའི་རྒྱལ་པོའི་སྲོག་སྐྱབས་ཞུས། །རྐང་མཇུག་རྡུམ་ཡན་ཆད་ཞབས་སུ་བཅུག །ད་བཙོན་དུ་བཅུག་པ་མཐོང་ཙ་ན། །ཆུས་བཙན་དྲག་ལ་སྙིང་པོ་འདུག་གམ་ལྟོས། །སྤྱིར་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྒོས་སྙིགས་མའི་ཚེ་ལ་ལོང་ཁམས་མེད། །ཚེ་འདི་ཡི་དཔལ་


CMR051_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མཁོ་མཁོ་པོ། །འདི་བསྒྲུབ་པར་དཀའ་ལ་རྟག་མི་ཐུབ། །ད་སྙིང་པོ་མེད་པའི་མཚངས་རིག་ནས། །སྤྱང་སྙིང་པོའི་ཆོས་ཤིག་ཅུག་བྱེད་ཨང་། །ཞེས་པ་འདི་གཙང་པ་ཆོས་རྒྱལ་དེ་ཁེངས་ལོག་བྱུང་ནས་ནང་དུ་བཅུག་སྟེ་ལྷ་སར་ཁང་ངན་ཞིག་ན་བཞག་འདུག་ཟེར་བ་ཐོས་པས། སྤྱིར་འདུས་བྱས་ཐམས་ཅད་དང་། ཚངས་པ་དབང་པོ་འཁོར་ལོས་སྒྱུར་རྒྱལ་རྣམས་ཀྱང་མི་རྟག་པར་གསུངས་པ་ནི་རྣ་ཐོས་ཙམ་ཡིན་ལ། འདི་ནི་མི་རྟག་ཅིང་སྙིང་པོ་མེད་པའི་ངོ་སྤྲོད་ཤིན་ཏུ་མཚར་བར་བོད་ཡུལ་ཐམས་ཅད་ལ་བསྟན་པར་སྣང་བ་སམ་སྟེ་སྨྲས་སོ། །འདི་ཡི་སྟོད་ཆ་རྣམས་སྔ་སོར་ཤོག་རས་དང་ཤིང་ཤུན་འདྲ་ལ་དམ་དུམ་དུ་བྲིས་ཡོད་པ། ཕྱིས་ཕྱོགས་གཅིག་ཏུ་རང་ལོ་སོ་བཞི་པར་བསྒྲིགས་པ་སྟེ། ལྟ་འདོད་ཟེར་བ་འགའ་ཞིག་བྱུང་བ་རྐྱེན་བྱས་ཏེ་བསྒྲིགས་པའོ། །ཀརྨ་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསུང་མགུར། རང་སྤྱོད་ལ་ལེགས་པར་བརྟག་པའི་གླུ།next