Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་དོན་འགྲུབ་ཞེས་བྱ་བ་ལ། རཱ་ག་ཨ་སྱས་གདམས་པ་ལེའུ་གཅིག་ཡོད།


 
previousའཕགས་པ་དོན་འགྲུབ་ཞེས་བྱ་བ་ལ། རཱ་ག་ཨ་སྱས་གདམས་པ་ལེའུ་གཅིག་ཡོད།no next

འཕགས་པ་དོན་འགྲུབ་ཞེས་བྱ་བ་ལ། རཱ་ག་ཨ་སྱས་གདམས་པ་ལེའུ་གཅིག་ཡོད།


CMR051_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ་ཤྲཱི་ན་ཐ། བོད་སྐད་དུ་དཔལ་མགོན་རབ་ཏུ་བྱུང་བའི་མིང་། ཨརླ་ཨ་མོ་གྷ་སིདྡྷི། སྐད་དུ་འཕགས་པ་དོན་འགྲུབ་ཞེས་བྱ་བ་ལ། རཱ་ག་ཨ་སྱས་གདམས་པ་ལེའུ་གཅིག་ཡོད། །


CMR051_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཱཀྱ་མུ་ནེ་ཡེ། བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག །ཤཱཀྱའི་གཙོ་ལ་ཕྱག་འཚལ་ལོ། །ནུབ་གཅིག་འཕགས་པ་དོན་འགྲུབ་ཀྱིས། །མགུར་ཞིག་བྲིས་ཟེར་ཤོག་བུ་གཏད། །རང་གི་སེམས་ལ་མི་ཕན་ཞིང་། །ཉམས་སུ་ལོན་པར་མི་འགྱུར་བའི། ། མགུར་གྱི་དགོས་པ་ཅི་ཡང་མེད། །ཁ་མཚར་སྒྲུང་མཁན་གླུ་དང་འདྲ། །དེ་ཕྱིར་ཕན་ངེས་ཉམས་ལེན་གྱི། །དམིགས་རིམ་ཉེར་མཁོ་ཟིན་སླ་བ། །འགའ་ཞིག་འདི་རུ་བྲི་བར་བྱ། །མི་ལུས་ཐོབ་ཅིང་རབ་ཏུ་བྱུང་། །ཚེ་སྔོན་བསོད་ནམས་བསགས་པ་ཡིན། །སངས་རྒྱས་བསྟན་ལ་


CMR051_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཕྱིན་ནས། །བསྟན་དང་མཐུན་པར་མ་བྱས་ན། །ཤེས་བཞིན་བཙན་དུག་ཟོས་དང་འདྲ། །སྡོམ་པ་གཙང་མ་སྲུང་བ་དེ། །བླ་མ་དགོན་པའི་དོན་དུ་མིན། །རང་ཉིད་འཁོར་བར་འཁྱམས་དོགས་ཡིན། །ཟིན་ཐུན་སློབ་མའི་དཀའ་ལས་དེ། །སྤྱི་པ་བླ་མའི་དོན་དུ་མིན། །རང་ཉིད་ཆོས་ལ་ཚུད་ཕྱིར་ཡིན། །རབ་བྱུང་བརྒྱ་ཕྲག་འཚོགས་པ་ན། །བྱང་ཆུབ་སེམས་དཔའི་སྤྲུལ་པ་དང་། །གནས་བརྟན་སྤྲུལ་པ་རེ་རེ་ཡོད། །སྤྲུལ་པའི་དེ་ལ་བཟང་པོ་དང་། །དད་པ་འདྲོང་བ་ཡོད་ངེས་མེད། །སུ་མིན་མི་ཤེས་སྦ་ཚུལ་བཞུགས། །དེ་ཕྱིར་བནྡེ་སུ་


CMR051_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་། །བརྙས་ཆོས་ཚིག་ངན་སྐུར་འདེབས་སྤང་། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །བྲིས་སྐུ་ལྡེར་སྐུ་གསར་པ་ཡང་། །བྱིན་རླབས་མེད་པར་མ་སེམས་པར། །ཕྱག་དང་སྐོར་བ་དད་གུས་བསྐྱེད། །དེ་ཡི་ཚོགས་རྫོགས་སྒྲིབ་བྱང་ངེས། །དབང་ལུང་ཁྲིད་སོགས་མ་ཐོབ་ཀྱང་། །ཆོས་རྗེ་གནས་ཀྱི་སློབ་དཔོན་ཞེས། །འདུལ་བ་ནས་བཤད་བླ་མ་ཡིན། །དེ་ལ་ཕ་ཡི་འདུ་ཤེས་ཀྱིས། །ཅི་གསུངས་བཀའ་བཞིན་བསྒྲུབས་པ་ན། །རང་ཉིད་བཙུན་པ་གྲྭ་ཐུབ་འོང་། །དཔོན་གྱི་འདུ་ཤེས་མི་བྱ་བར། །བླ་མའི་འདུ་ཤེས་དད་གུས་བསྐྱེད། །སྡོམ་པ་རྩ་བཞི་ཆང་དང་ལྔ། །ཚོགས་ཆང་མ་གཏོགས་ཆང་ཡང་སྤང་། །གཟན་གོས་ཟླུམ་ཁྱེར་བྱེད་པ་དང་། ། སེར་མོའི་གོས་དང་མི་འབྲལ་བ། །སངས་རྒྱས་བསྟན་ལ་ཕན་པ་སྟེ། །མཛེས་ཆོས་ཁོ་ནར་མ་སེམས་ལ། །བཙུན་པའི་སྤྱོད་ལམ་བག་ཡོད་མཛོད། །ཤཱཀྱ་ཐུབ་པའི་བསྟན་པ་ལ། །ཕན་ཡོན་མེད་ཅིང་དོན་མེད་པའི། །ཚིག་འབྲུ་གཅིག་ཀྱང་མེད་པའི་ཕྱིར། །ཟིན་ཐུན་གང་གསུང་ཅི་ལོན་མཛོད། །ཐུབ་པའི་བསྟན་པའི་གཞུང་ཤིང་ནི། །ཐོས་བསམ་


CMR051_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་གསུམ་ཁོ་ན་སྟེ། །ཟིན་ཐུན་སློབ་གཉེར་ཐོན་པ་ཡིན། །དེ་དོན་གོ་བ་བསམ་པ་ཡིན། །དེ་ཡི་དོན་བསྒོམ་ཉམས་ལེན་ཡིན། །ཉམས་སུ་ལོན་ན་ཆོས་སྤྱོད་ནི། །སྣ་གཅིག་གིས་ཀྱང་ཆོག་པ་ཡིན། །ཉམས་ལེན་མ་རན་མ་བསམ་དང་། །ཚེ་ལ་ངེས་པ་མེད་པ་སྟེ། །སྔོན་ལ་རྒས་གཞོན་སུ་འཆི་བ། །ཚོད་ཟིན་སུ་ལའང་ཡོད་པ་མིན། །རྒས་ནས་འཆི་བ་རེ་རེ་ཙམ། །དེ་ཕྱིར་བུ་ཁྱོད་ཤེས་པ་ཡི། །ཆོས་སྤྱོད་འདི་གསུམ་ཡི་དམ་མཛོད། །ནད་གདོན་དུས་མིན་འཆི་བ་སོགས། །འཇིགས་པ་ཐམས་ཅད་སྐྱོབ་པ་དང་། །སངས་རྒྱས་བྱེ་བ་ཕྲག་བདུན་གྱིས། །དབང་བསྐུར་བྱིན་གྱིས་བརླབས་མཛད་ནས། །བདེ་བ་ཅན་དུ་སྐྱེ་བའི་ཐབས། །འཕགས་མ་སྒྲོལ་མའི་གཟུངས་རིང་ནི། །བཅོམ་ལྡན་རྣམ་པར་སྣང་མཛད་གསུངས། །དེ་ཉིད་བོད་སྐད་དུ་བསྒྱུར་བ། །སྒྲོལ་མ་ཉེར་གཅིག་འདི་ཡིན་པས། །འདི་ཉིད་འདི་ལྟར་ཉམས་སུ་ལོངས།། ༈ མདུན་དུ་མེ་ཏོག་པདྨ་ཡི། །སྡོང་པོ་བསམ་ལས་འདས་པ་ཡི། །ལོ་མས་བར་སྣང་ཁྱབ་པ་ལ། །འབྲས་བུ་བཀྲ་ཤིས་རྟགས་བརྒྱད་དང་། །ནོར་བུ་རིན་ཆེན་དུ་མ་སྨིན། །སྡོང་པོའི་


CMR051_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ཡར་མེ་ཏོག་ནི། །འདབ་མ་ཉི་ཤུ་ཐམ་པ་ཅན། །རྒྱ་ཁྱོན་ཤིན་ཏུ་ཆེ་བ་གཅིག །ཡར་ལ་ཁ་ནི་ཟེད་པ་ཡི། །ལྟེ་བ་དང་ནི་འདབ་མ་ལ། །བཅོ་ལྔའི་ཟླ་བ་ཉ་རྒྱས་པ། །ཉེར་གཅིག་གདན་ཐབས་བཏིང་བར་བསྒོམ། །འདི་ནས་ཉི་མ་ལྷོ་ཡི་ཕྱོགས། །པོ་ཏཱ་ལ་ཡི་རི་རྩེ་ནས། །རྗེ་བཙུན་སྒྲོལ་མ་ཉེར་གཅིག་དེ། །གློག་འགྱུ་བཞིན་དུ་སྐད་ཅིག་ལ། །བྱོན་ནས་ཟླ་བ་རིན་ཆེན་སྟེང་། །བཞུགས་པའི་གཙོ་མོ་སྒྲོལ་སྔོན་ཏེ། །སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས། །གཡུ་ཡི་མདོག་འདྲ་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་མཆོད་སྦྱིན་ལ། །གཡོན་པས་ཨུཏྤལ་ཡུ་བ་འཛིན། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །དབུ་གཙུག་འོད་དཔག་མེད་པ་བཞུགས། །ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་། །འཁོར་གྱི་སྒྲོལ་མ་ཉི་ཤུ་པོ། །ཞལ་ཕྱག་མང་སྟེ་ཟིན་དཀའ་བས། །ཇོ་བོ་རྗེ་ཡི་ཞལ་གཟིགས་ལུགས། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །བཞུགས་ཡོད་མོས་པ་ཙམ་གྱིས་ཆོག །གཙོ་མོ་ལ་ནི་དམིགས་པ་གཏད། །རང་ལུས་བྱེ་བ་ས་ཡར་སྤྲུལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །དངོས་སུ་མཆོད་པ་མེད་ན་ཡང་། །


CMR051_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་འཇིག་རྟེན་ཕྱོགས་བཅུ་ཡི། །ལྷ་མི་ཀླུ་ཡི་ལོངས་སྤྱོད་ཚོགས། །ཡིད་ཀྱིས་མཆོད་པར་དམིགས་ལ་འབུལ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་སྒྲོལ་མའི་དྲུང་དུ་བཤགས། །འཕགས་པ་དང་ནི་སོ་སྐྱེ་ཡི། །དགེ་བ་ཀུན་ལ་ཡི་རང་བསྒོམ། །ཆོས་ནི་རྒྱུན་དུ་གསུངས་པ་དང་། །མྱ་ངན་མི་འདའ་བཞུགས་པར་ཞུ། །དེ་ཡི་དགེ་བས་བདག་ཉིད་ཀྱང་། །འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །དེ་ནས་ལུས་ངག་ཡིད་དང་གསུམ། །རྩེ་གཅིག་དད་པས་བསྟོད་པ་དེ། །ཉེར་གཅིག་བདུན་ནམ་གསུམ་མམ་གཅིག །འདོན་ནས་ཡིད་ལ་དྲན་བཞིན་དུ། །ལྷ་མོ་ལ་གུས་ཕན་ཡོན་བརྗོད། །དེ་ནས་འཁོར་རྣམས་གདན་དང་བཅས་། །འོད་དུ་ཞུ་ནས་གཙོ་མོར་ཐིམ། །གཙོ་མོ་འོད་ཕུང་ལྗང་གུར་གྱུར། །རང་གི་སྙིང་ཁར་ཐིམ་པར་བསྒོམ། །དེ་ནས་དེ་ལྟར་བསྒོམ་མཁན་གྱི། །སེམས་ལ་སེམས་ཀྱིས་བལྟ་ནས་འདུག །གཟུགས་དང་དངོས་པོ་ཅི་ཡང་མེད། །མེད་ངེས་མ་ཡིན་ཅིར་ཡང་འཆར། །སྨྲ་བསམ་བརྗོད་དུ་མེད་པ་ཡི། །ཡུམ་ཆེན་སྒྲོལ་མ་རང་གི་སེམས། །


CMR051_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དུ་བསྒོམས་ན་ངེས་པར་རྟོགས།། ༈ ཤེས་རབ་སྙིང་པོའི་དོན་བསྒོམ་པའི་ཞལ་གདམས་ནི། མཆན་བུའོ།། སེང་ཁྲི་པདྨ་ཟླ་བའི་སྟེང་། ། །རང་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཆ་ལུགས་སྐུ་འདྲ་རྣམས་ལ་ལྟོས། །འཁོར་དུ་འཕགས་པ་སྤྱན་རས་གཟིགས། །ཤཱ་རིའི་བུ་ལ་སོགས་པ་ཡི། །དགྲ་བཅོམ་ལྔ་བརྒྱས་བསྐོར་བར་བསྒོམ། །རང་གི་སྙིང་ཁར་བློ་བའི་སྟེང་། །ཧཱུྃ་ཡིག་གསེར་མདོག་མཐའ་མ་ལ། །འདི་སྐད་བདག་ཐོས་ནས་བཟུང་སྟེ། །མངོན་པར་བསྟོད་བར་ཟབ་མདོ་ཡི། །ཚིག་རྣམས་ཡིག་འབྲུ་དཀར་པོའི་ཡི། །ཧཱུྃ་ལ་གཅུད་པའི་ཚུལ་དུ་བསྐོར། །དེ་ལས་འོད་ཟེར་གསེར་མདོག་འཕྲོས། །སངས་རྒྱས་ཞིང་ཁམས་ཐམས་ཅད་ནས། །ཐུབ་པ་འཁོར་བཅས་དཔག་མེད་བྱོན། །རང་ཉིད་འཁོར་དང་བཅས་ལ་ཐིམ། །ངག་ཏུ་ཟབ་མདོ་འདོན་བཞིན་དུ། །སྙིང་ཁའི་ཧཱུཾ་དང་ཡིག་འབྲུ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །ཕྱི་སྣོད་ས་རྡོ་རི་བྲག་དང་། །ནང་བཅུད་སེམས་ཅན་ཀུན་ལ་ཕོག །ཐམས་ཅད་ངོ་བོ་སྟོང་པ་ཉིད། །སྟོང་པའི་ངང་ལས་རྣམ་པ་གསལ། །ཆུ་ཟླ་འཇའ་ཚོན་ལྟ་བུར་གྱུར། །དེ་ལྟར་བསྒོམ་མཁན་སེམས་ལ་བལྟ། །


CMR051_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་དངོས་པོ་མེད། །མེད་པ་མ་ཡིན་རང་རིག་གསལ། །རྟག་པ་མ་ཡིན་སྣ་ཚོགས་འགྱུར། །ཆད་པ་མ་ཡིན་རྒྱུན་ཆད་མེད། །མཐའ་བཞི་བྲལ་བའི་དབུ་མའི་དོན། །རང་སེམས་མ་བཅོས་ཀློད་དེ་བཞག །དོན་ཟབ་ཡིད་ལ་བསྒོམ་པ་ཡིན། །ཚིག་ཟབ་ཟབ་མདོ་ཚར་བདུན་འདོན། །གལ་ཏེ་ཚར་བདུན་མ་ཐུབ་ན། །སྔགས་དེ་ཚར་བདུན་འདོན་པར་བྱ། །བདུད་བཟློག་ཐལ་རྡེབ་བྱེད་པའི་ཚེ། ། །འཁོར་གྱི་དགྲ་བཅོམ་ལྔ་བརྒྱ་ཡི། །ཆོས་གོས་ཕྱོགས་གཅིག་བརྡབས་བྱས་པས། །བདུད་དང་བར་ཆད་བཟློག་པར་བསྒོམ། །དེ་ནས་སེམས་ལ་སེམས་ཀྱིས་བལྟ། །གཤེགས་གསོལ་བསྡུ་ཆོག་དེ་གས་མཐུས།། ༈ མཁས་པའི་གཙུག་རྒྱན་ཙོང་ཁ་པས། །མཛད་པའི་བདེ་སྨོན་འདི་ཉིད་ནི། །ཉིད་ཀྱིས་མཁའ་སྤྱོད་པ་ལ་གནང་། །མཁའ་སྤྱོད་པ་ཡིས་ནམ་བཏོན་ཚེ། །མེ་ཏོག་ཆར་པ་བབ་པ་ཡིན། །སྨོན་ལམ་མེ་ཏོག་ཆར་འབེབས་ཟེར། །མཁའ་སྤྱོད་བཀའ་འབུམ་ནང་ནའང་ཡོད། །འོད་མདོ་བདེ་ཆེན་ཞིང་བཀོད་སོགས། །མདོ་སྡེ་མང་པོའི་དོན་བསྡུས་ཡིན། །འདི་ནས་ཉི་མ་ནུབ་ཀྱི་ཕྱོགས། །ཅུང་


CMR051_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་སྟེང་དུ་མཐོ་བ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །བདེ་སྐྱིད་ངོ་མཚར་བརྗོད་མི་ལང་། །དེ་ན་སངས་རྒྱས་འོད་དཔག་མེད། །སྐུ་ནི་རི་རྒྱལ་ལྷུན་པོ་ཙམ། །ཚུར་ལ་ཞལ་ནི་གཟིགས་ནས་ཀྱང་། །རང་ལ་སྤྱན་གྱིས་གཟིགས་པར་བསྒོམ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །རྩེ་གཅིག་དད་པས་འགྱུར་མེད་བློས། །རང་དང་རང་ལ་འབྲེལ་ཐོགས་རྣམས། །འདི་ནས་ཚེ་འཕོས་གྱུར་མ་ཐག །ཞིང་ཁམས་དེ་རུ་སྐྱེ་བ་ཡི། །སྨོན་ལམ་འདེབས་པའི་བསམ་པ་ཡི། །བདེ་སྨོན་ཅི་ཐོན་འདོན་བྱས་པས། །སངས་རྒྱས་དེ་ཡི་ཐུགས་ཀ་ནས། །འོད་ཟེར་ཉི་མ་ཤར་ལྟར་འཕྲོས། །རང་ལ་ཐིམ་པས་བྱིན་གྱིས་བརླབས། །ཚེ་ཡི་བར་ཆད་བསལ་བ་དང་། །ཕྱི་མ་ཞིང་དེར་སྐྱེ་བ་ཡི། །སངས་རྒྱས་ཐུགས་རྗེས་ཟིན་པར་བསྒོམ། །དེ་ནས་དེ་ལྟར་སྒོམ་མཁན་གྱི། །སེམས་ལ་སེམས་ཀྱིས་ཅེར་རེ་ལྟ། །བལྟས་པས་མཐོང་རྒྱུ་མེད་པ་དེ། །སྟོང་པ་ཉིད་ནི་མཐོང་བ་ཡིན། །མ་མཐོང་བ་དེ་མཐོང་བའི་མཆོག །དེ་ཡི་ངང་ལ་བཞག་ཙམ་ན། །ཅི་ཡང་མི་དྲན་ཁ་རོག་འདུག །དེ་ཡང་སེམས་ཀྱིས་རིག་པ་དེ། །གནས་པ་ཞེས་བྱ་མིང་དུ་བཏགས། །དེ་


CMR051_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་སྡོད་གང་ཡང་རྒྱུག །དེ་ལ་འགྱུ་བ་ཞེས་བྱའོ། །གནས་དུས་གནས་དང་འགྱུ་དུས་འགྱུ། །ཅི་བྱེད་རིག་པས་རིག་པ་ཟེར། །གནས་དང་འགྲུ་ལ་བཟང་ངན་མེད། །གང་བྱེད་རིག་ན་དེ་གས་ཆོག །གནས་འགྱུ་གདམ་ག་མི་བྱེད་པར། །གང་ཤར་ངང་ལ་རང་ངོ་ལྟ། །འདི་མཐོང་དེ་མཐོང་མེད་ན་ཡང་། །ཡིད་ལ་ངེས་ཤེས་མྱོང་བ་སྐྱེ། །དེ་ཉིད་ཁ་ནས་བརྗོད་མི་ཤེས། །ལྐུག་པས་བུ་རམ་ཟོས་པ་འདྲ། །དེ་ལ་སྨྲ་བསམ་བརྗོད་མེད་ཟེར། །དེ་ཤེས་ཤེས་བྱ་ཀུན་གྱི་རབ། །དེ་བསྒོམ་འཁོར་བའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་ཏེ་ཐར་པ་ཐོབ། །སེམས་དེ་གང་ནས་འང་མ་སྐྱེས་ཤིང་། །མཐར་ནི་གང་དུའང་མི་འགྲོ་ལ། །ད་ལྟ་གང་དུ་མི་གནས་པ། །དཔེར་ན་ནམ་མཁའི་ངོ་བོ་འདྲ། །ནམ་མཁའ་གང་ནས་ཀྱང་མ་སྐྱེས་ཤིང་། །མཐར་ཡང་ནམ་མཁའ་གར་མི་འགྲོ། །ད་ལྟ་ནམ་མཁར་གར་མི་གནས། །དེ་ཕྱིར་སེམས་ནི་ནམ་མཁའི་དཔེ། །དེ་ཡང་དཔེ་དོན་ཕྱོགས་མཚོན་ཙམ། །དོན་ལ་ནམ་མཁའ་དང་མི་འདྲ། །ནམ་མཁའ་དྲན་མེད་བསམ་པ་མེད། །སེམས་ནི་སེམས་རིག་དྲན་པ་ཡོད། །དེ་ཕྱིར་དཔེ་ཡིས་མི་མཚོན་


CMR051_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །བརྗོད་པ་ཀུན་དང་བྲལ་བ་སྟེ། །བརྗོད་མེད་བརྗོད་པ་ཀུན་གྱི་གཞི། །རྒྱས་པར་འབུམ་མདོ་ཉེར་ལྔར་གསལ། །དེ་ནི་གཞན་དུ་བསྟན་དུ་མེད། །སོ་སོ་རང་གི་རིག་པ་ཡིས། །རང་གི་སེམས་ལ་ལྟོས་དང་རྙེད། །ཡེ་ནས་རང་རིག་ཆོས་སྐུ་སྟེ། །དེ་ཉིད་ཤེས་ཤིང་རྟོགས་པ་ལ། །ཡེ་ཤེས་མིང་དུ་བཏགས་པ་ཡིན། །འདས་དང་མ་འོངས་སངས་རྒྱས་ཀུན། །དེ་ལས་སྐྱེས་པས་རྒྱལ་བའི་ཡུམ། །ལྷར་བཅས་འཇིག་རྟེན་ཐམས་ཅད་ཀྱི། །ཕྱག་མཚན་མཆོད་པ་འབུལ་བའི་གནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་དེ། །གཞན་དུ་མ་ཚོལ་སེམས་ལ་ལྟོས། །སེམས་ནི་རྣམ་རྟོག་འཁྲུལ་པའི་ཆ། །འོ་མའི་དཀྱིལ་ན་མར་བཞིན་དུ། །སེམས་ཉིད་ཆོས་སྐུ་འགྱུར་མེད་ཡོད། །རྒྱུན་དུ་བལྟས་ན་ནམ་ཞིག་མཐོང་། །མཐོང་བ་མེད་པའི་ཚུལ་དུ་མཐོང་། །རྟོགས་པ་མེད་པའི་ཚུལ་དུ་རྟོགས། །བཅིང་གྲོལ་མེད་པའི་ངང་ནས་གྲོལ། །དེ་སྐད་རཱ་ག་ཨ་སྱ་ཡིས། །ཤིང་སྦྲུལ་ས་གའི་བཅོ་ལྔ་ཉིན། །སྟོན་པའི་དུས་མཆོད་བྱེད་པའི་སྐབས། །ཤོག་བུ་གཏད་བྱུང་འཕྲལ་ཉིད་དུ། །ཡིད་ལ་གང་ཤར་བྲིས་པ་སྟེ། །མགུར་ལ་དགའ་ན་མགུར་ཡང་ཡིན། །ཁ་


CMR051_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ད་བླངས་ན་ཞལ་གདམས་ཡིན། །ཉམས་སུ་བླངས་ན་གདམས་ངག་ཡིན། །གོ་བ་ཡོད་ན་ངོ་སྤྲོད་ཡིན། །བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཕགས་པ་དོན་འགྲུབ་ཞེས་བྱ་བ་ལ། རཱ་ག་ཨ་སྱས་གདམས་པ་ལེའུ་གཅིག་ཡོད།no next