Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
ཟབ་དོན་མ་གཅིག་གཅོད་ཀྱི་སྐོར་ལས་ཐེམ་ཡིག་དོན་གསལ་རིན་པོ་ཆེའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཟབ་དོན་མ་གཅིག་གཅོད་ཀྱི་སྐོར་ལས་ཐེམ་ཡིག་དོན་གསལ་རིན་པོ་ཆེའི་ཕྲེང་བ།next

ཟབ་དོན་མ་གཅིག་གཅོད་ཀྱི་སྐོར་ལས་ཐེམ་ཡིག་དོན་གསལ་རིན་པོ་ཆེའི་ཕྲེང་བ།


CMR052_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ ཟབ་དོན་མ་གཅིག་གཅོད་ཀྱི་སྐོར་ལས། ཐེམ་ཡིག་དོན་གསལ་རིན་པོ་ཆེའི་ཕྲེང་བ་བཞུགས་སོ།།


CMR052_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པཉྩ་ཊཱཀི་ནཱི་ཡེ། །མ་གཅིག་རིགས་ལྔ་བརྒྱུད་པར་བཅས་ལ་འདུད། །ཟབ་དོན་གཅོད་ཀྱི་ཐེམ་བྱང་བཀོད་པ་ལ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དང་པོ་གཅོད་ཀྱི་དར་ཚུལ་བྱུང་ཁུངས་ནི། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུང་འགྱུར་ཞིང་། །ད་ལྟའི་བསྟན་པ་འདི་ལ་ཤཱཀ་ཐུབ་ཀྱིས། །སྟག་མོར་ལུས་སྦྱིན་བྱས་པའི་སྐྱེས་རབས་ལ། །བརྟེན་ནས་མདོ་ལུགས་གཅོད་གཞུང་གསུངས་པ་ལ། །མཚན་ཉིད་མེད་པའི་ཆོས་སྐོར་ཞེས་སུ་གྲགས། །དེ་རྗེས་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དུར་ཁྲོད་བརྒྱད་དུ་


CMR052_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བམ་རོའི་སྒྲུབ་པ་མཛད། །དེ་ལ་བརྟེན་ནས་མཛད་པའི་གཅོད་སྐོར་ལ། །སློབ་དཔོན་པདྨའི་འཕྲུལ་གཅོད་ཅེས་སུ་གྲགས། །དེ་རྗེས་རྒྱ་གར་ཨར་དེ་ཝ་ཡིས། །མཛད་པའི་གཅོད་ལ་ཚིགས་བཅད་ཆེན་མོར་གྲགས། །དེ་རྗེས་ནཱ་རོས་མཛད་པའི་གཅོད་སྐོར་ལ། །གསང་སྤྱོད་དང་ནི་རོ་སྙོམས་ཞེས་སུ་གྲགས། །དེ་རྗེས་དམ་པ་ཉིད་ཀྱིས་མཛད་པ་ཡི། །གཅོད་ལ་ཞི་བྱེད་སྐོར་གསུམ་ཞེས་སུ་གྲགས། །དེ་ནས་བོད་དུ་མ་གཅིག་མཛད་པའི་ཆོས། །གཅོད་ཡུལ་བརྒྱུད་པ་ཞེས་ནི་ཡོངས་གྲགས་ལ། །དེ་ཡི་སྐྱེ་རྒྱུད་བརྒྱུད་པའི་རིམ་པ་ནི། །འོག་མིན་ཆོས་ཀྱི་


CMR052_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་ཕོ་བྲང་ན། །ཆོས་སྐུ་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས། །འོད་ཟེར་འཕྲོས་པས་ཡུམ་ཆེན་སྲས་བཅས་སྤྲུལ། །ཡུམ་ཆེན་ཐུགས་ལས་ཁྲོས་མ་ལྷ་ལྔར་སྤྲུལ། །ཁྲོས་མའི་ཐུགས་ལས་མཁའ་འགྲོ་གསེར་གླིང་མ། །སྤྲུལ་ཏེ་དེ་ཡི་སྐྱེ་བ་བརྒྱ་དང་བདུན། །འགྲོ་དོན་མཛད་པའི་རྗེས་མ་ལབ་སྒྲོན་ཡིན། །འདི་ཡི་ཆོས་ལ་མདོ་ལུགས་སྔགས་ལུགས་དང་། །མདོ་སྔགས་ཟུང་འཇུག་གསུམ་སྟེ་བརྒྱུད་རིམ་ནི། །བཅོམ་ལྡན་ཤཱཀ་ཐུབ་འཇམ་དབྱངས་ཀླུ་སྒྲུབ་དང་། །ཨརྱ་དེ་ཝ་དམ་པ་སྐྱོ་སྟོན་ནས། །མ་གཅིག་ཉིད་ལ་བརྒྱུད་པ་ཚུ་མདོ་ལུགས་ཡིན། །ཆོས་སྐུ་ཡུམ་ཆེན་ལོངས་སྐུ་རྣལ་འབྱོར་མ། །སྤྲུལ་སྐུ་འཕགས་མ་སྒྲོན་མ་དེ་ཉིད་ཀྱིས། །མ་གཅིག་ཉིད་ལ་གནང་བ་སྔགས་ལུགས་ཡིན། །འཇམ་དཔལ་སྨྲ་སེང་འཕགས་མ་སྒྲོལ་མ་དང་། །སུ་ཁ་སིདྡྷི་བྲམ་ཟེ་ཨར་དེ། །ཕ་གཅིག་དམ་པ་བསོད་ནམས་བླ་མ་ནས། །མ་གཅིག་ཉིད་ལ་གནང་བ་ཟུང་འཇུག་ལུགས། །མ་གཅིག་ཉིད་ཀྱིས་རྒྱལ་བ་དོན་གྲུབ་ལ། །མདོ་ལུགས་གནང་ཞིང་ཐོད་སྨྱོན་བསམ་འགྲུབ་ལ། །སྔགས་ལུགས་གནང་ཞིང་མདོ་སྔགས་ཟུང་འཇུག་ཡིན། །ཁུ་སྒོམ་ཆོས་ཀྱི་སེང་གེ་ཉིད་ལ་


CMR052_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གནང་། །ཁུ་སྒོམ་ཉིད་ལ་ལུགས་གསུམ་ཐུགས་ལ་འཁྲུངས། །དེ་ནས་རིམ་བརྒྱུད་དོལ་པ་ཟངས་ཐལ་དང་། །རྒྱ་ནག་གཅེར་བུ་སངས་རྒྱས་རབ་སྟོན་དང་། །སངས་རྒྱས་དབོན་སྟོན་གངས་པ་ཆེན་པོ་ནས། །རང་བྱུང་རྒྱལ་བ་གཡུང་སྟོན་པ་ཡི་ཞབས། །རོལ་པའི་རྡོ་རྗེ་དར་རྒྱལ་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རིན་ཆེན་བཟང་པོ་དང་། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང་། །སངས་རྒྱས་མཉན་པ་འཇིགས་མེད་མི་བསྐྱོད་བཟང་། །མཚུངས་མེད་རྒྱལ་བ་དཀོན་མཆོག་ཡན་ལག་དང་། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་ནས། །རཱ་ག་ཨ་སྱ་ཉིད་ལ་བརྒྱུད་པ་སྟེ། །གཅོད་ཚོགས་འགྲིགས་ཆགས་རང་བྱུང་རྒྱལ་བས་མཛད། །དེ་ཡི་དམིགས་རིམ་བཤད་པ་མཐའ་ཆོད་བཅས། །དབོན་པོ་རཏྣ་སེང་ཧས་མཛད་པ་དང་། །དེ་ཡི་དོན་བསྡུས་ཀུན་དགའ་རྣམ་རྒྱལ་གསུངས། །གཞན་ཡང་མན་ངག་མང་པོ་མཐོང་ཞིང་ཐོས། །ཟུར་མང་ལྗོལུགས་དང་རྒྱ་སྟོན་ཞག་གཅོད་ལུགས། །ཚད་ལྡན་ལུང་ལྡན་ཡིན་པ་མང་པོ་ཡི། །ཕྱག་ལེན་མང་པོ་མཐོང་ཞིང་ཐོས་པ་དང་། །ཆོས་ཀྱི་དབང་ཕྱུག་ཀུན་དགའ་རྣམ་རྒྱལ་ལ། །


CMR052_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྦྱིན་གཅོད་ཚོགས་འབྲེལ་པ་བྱིན་རླབས་ཐོབ། །གཞན་ཡང་ཡོངས་འཛིན་ལྔ་ལ་གཅོད་ཁྲིད་ཞུས། །དབང་ལུང་དམིགས་རིམ་སོ་སོ་ཅི་རིགས་ཐོབ། །ཆར་འབོད་དང་ནི་གཅོད་ཀྱི་དམིགས་རིམ་ལ། །ལན་གྲངས་འགའ་ལ་ཚར་ལྷོང་འདྲེས་ཙམ་བྱུང་། །དམ་པ་མ་གཅིག་ལ་སོགས་རྨི་ལམ་དུ། །བྱིན་གྱིས་བརླབས་པའི་རྟགས་མཚན་ཅུང་ཟད་མཐོང་། །གཅོད་པ་ཆོས་འཕེལ་ཞེས་བྱས་ཡང་ཡང་དུ། །འདི་ཉིད་བསྒྲིགས་དགོས་ནན་ཏན་ཆེར་བསྐུལ་བས། །གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་ལ། །གསོལ་བ་བཏབ་ནས་རུང་ངམ་མི་རུང་བརྟག །འདི་ཉིད་མ་རྒྱུད་ཌཀིའི་སྲོག་ཡིན་ཕྱིར། །རང་གི་ཚེ་ལ་ཅུང་ཟད་གཟན་པ་དང་། །རང་ཉིད་ཡོངས་སུ་མ་གྲགས་འཁོས་ཞན་པས། །ཚད་ལྡན་སྟོབས་ཆེན་སུ་ལ་མ་ཕན་ཀྱང་། །གཉོམ་ཆུང་རྨོངས་པ་འགའ་ལ་ཕན་པའི་ལྟས། །སྐུ་ཡི་རྣམ་པ་གསལ་བར་མ་མཐོང་ཡང་། །བཅོམ་ལྡན་ཤཱཀ་ཐུབ་དངོས་སུ་བྱོན་ནས་ཀྱང་། །ཤེར་ཕྱིན་རྒྱས་པའི་ཆོས་འཁོར་བསྐོར་འདུག་པའི། །དེ་ཡི་ཕྱི་ན་ཁྱོན་ཐག་དཀར་པོ་བཞི། །བདག་གིས་ཕྱོགས་བཞིར་འཐེན་ཅིང་དེ་རྒྱུད་དུ། །དར་ལྕོག་དཀར་པོ་ཆུང་ངུ་མཐོ་རེ་


CMR052_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །གྲངས་མེད་ཕྱོགས་བཞི་ཀུན་ཏུ་ཁྱབ་པར་རྨིས། །ཚེ་ལ་གནོད་ཅིང་བཟོད་བྱས་གཞན་ཕན་གྱིས། །བསམ་པ་བཟང་པོས་ཀུན་ནས་བསླང་སྟེ་བྲིས། །གཞུང་ནས་གཅོད་ཚོགས་གཙོར་བྱས་ཕན་བྱའི་སྐོར། །དཔག་མེད་མཛད་ཀྱང་ཕྱོགས་གཅིག་བསྡོམས་པ་ཡི། །ཐེམས་སུ་མནན་པ་སྔོན་ཆད་མ་མཇལ་བས། །ཁོ་བོས་སྟོད་སྨད་ཀུན་ནས་ཅི་རྙེད་བསྡུས། །ཁ་མི་འཐོར་ཕྱིར་ཐེམ་ཡིག་གྲངས་སུ་བཀོད། ༼ཀ༽ །གླེགས་བམ་མི་འཐོར་བྱིན་རླབས་བཅུད་ལྡན་ཕྱིར། །ཐེམ་ཡིག་དོན་གསལ་རིན་ཆེན་ཕྲེང་བ་ཡོད། ༼ཁ༽ །མ་གཅིག་ཉིད་ལ་དད་པའི་རྟེན་ཙམ་དུ། །རྣམ་ཐར་ཨུཏྲ་ལ་ཡི་ཕྲེང་བ་ཡོད། ༼ག༽ །ཆོས་འདིའི་བྱུང་ཁུངས་ལོ་རྒྱུས་བརྒྱུད་ཚུལ་གྱི། །གཅོད་ཀྱི་གདེང་བཤད་ཉུང་ངུར་བསྡུས་པ་ཡོད། ༼ང༽ །རྟོག་གེ་བ་ཡི་ཁེངས་སེམས་གཅོད་པའི་ཕྱིར། །གཅོད་ཀྱི་དྲི་བ་ལྔ་བཅུའི་འགྲེལ་བཤད་ཡོད། ༼ཅ༽ །ཤེས་ཚུལ་ཨང་འདིར་སྤོམ་ཡོར་མི་ལུས་ཕྱིར། །གཅོད་ཀྱི་བཤད་པ་གསལ་བའི་སྒྲོན་མེ་ཡོད། ༼ཆ༽ །མཆོག་ཐུན་སིདྡྷི་མྱུར་དུ་ཐོབ་པའི་ཕྱིར། །ཁྲོས་མའི་སྒྲུབ་ཐབས་དངོས་གྲུབ་གཏེར་མཛོད་


CMR052_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་། ༼ཇ༽ །རྣལ་འབྱོར་སྤྲོས་མེད་དབང་བཞི་བླང་བའི་ཕྱིར། །གཅོད་ཀྱི་བདག་འཇུག་དག་སྣང་ལུང་བསྟན་ཡོད། ༼ཉ༽ །ལུས་ངག་ཡིད་གསུམ་སྨིན་གྲོལ་བཀོད་པའི་ཕྱིར། །མ་གཅིག་གཏོར་དབང་བྱིན་རླབས་སྤྲིན་ཕུང་ཡོད། ༼ཏ༽ །ཁྱད་པར་ཆོས་འདིར་མོས་པའི་སྐྱེས་བུ་ཡི། །ལས་གཞུང་རྒྱུན་ཁྱེར་ལུས་སྦྱིན་བསྒྲིགས་ཆོག་ཡོད། ༼ཐ༽ །གློ་བུར་ཉེར་འཚེའི་བར་ཆད་བསལ་བའི་ཕྱིར། །གཅོད་ཀྱི་བསྟབ་པ་རྨི་ལམ་ལུང་བསྟན་ཡོད། ༼ད༽ །རང་གཞན་རྐྱེན་ངན་བར་ཆད་བསལ་བའི་ཕྱིར། །རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཁྲིད་ཀྱི། །ཚོགས་ལས་རིན་པོ་ཆེ་ཡི་ཕྲེང་བ་ཡོད། ༼ན༽ །བསྲུང་བྱའི་ལུས་གདོན་ཕྲལ་བར་མ་ཐུབ་ན། །ཚོགས་ཀྱི་ལྷན་ཐབས་བསྟབ་པ་དྲག་པོ་ཡོད། ༼པ༽ །ནད་པ་ཁག་ཆེན་ལུས་གདོན་བཏུལ་བའི་ཐབས། །གཅོད་ཀྱི་བསྟབ་པ་ཆ་དྲུག་འདོན་ཆ་ཡོད། ༼ཕ༽ །ལྷོང་གསུམ་འདྲེས་ནས་མི་བྱེད་ཁག་མེད་ན། །གཉན་ཆེན་མཐའ་ལ་གཏད་པའི་འདོན་བྱ་ཡོད། ༼བ༽ །གཉན་རྒོད་ཚད་པའི་ནད་སོགས་མིན་པ་ལ། །མཐའ་གཏད་མེ་ཡི་གཟེར་བུ་ཞེས་བྱ་ཡོད། ༼མ༽ །


CMR052_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཉན་ས་བདག་ནད་ཀྱི་གཉེན་པོ་རུ། །མཐའ་གཏད་ཆུ་ཡི་གཟེར་བུ་ཟབ་མོ་ཡོད། ༼ཙ༽ །བད་ཀན་སྨུག་པོ་གདོན་གྱི་སྣ་འདུལ་ལ། །ཟབ་པའི་མཐའ་གཏད་འབྱུང་བཞིའི་གཟེར་བུ་ཡོད། ༼ཚ༽ །གཤིན་གསོན་བླ་མཆོད་བཀྲ་ཤིས་བདེ་ལྡན་ཕྱིར། །དུར་གཅོད་དུར་སྲི་རྒྱུན་གཅོད་ཅེས་བྱ་ཡོད། ཛ༽ །ཟ་འདྲེ་ཁ་ཕྲལ་གཤིན་གྱི་ཟས་བསྔོ་ཐབས། །གཤེད་འདུལ་གདུག་པ་ཚར་གཅོད་ཅེས་བྱ་ཡོད། ༼ཝ༽ །ཤི་སྒབ་གོད་གཅོད་གཅོད་དང་གདོན་འདུལ་ཐབས། །གཅོད་ལུགས་ཕུན་སུམ་ཚོགས་པའི་མེ་མཆོད་ཡོད། ༼ཞ༽ །རྣལ་འབྱོར་པ་ཡི་རི་འགྲིམ་བོགས་འདོན་དུས། །ཉེ་བར་མཁོ་བའི་རི་འགྲིམ་དམིགས་རིམ་ཡོད། ༼ཟ༽ །སྟེང་ཐོག་བར་ཐོག་འོག་འཁྱུག་བསྲུང་བའི་ཐབས། །གཅོད་ཀྱི་ལྷན་ཐབ་ཐོག་སྲུང་དམིགས་རིམ་ཡོད། ༼འ༽ །སྡེ་བརྒྱད་གདུག་པའི་ཆུ་འཁྱག་བཞུ་བའི་ཐབས། །གཅོད་ལུགས་སེར་བ་སྲུང་བའི་གདམས་པ་ཡོད། ༼ཡ༽ །སེམས་ཅན་མུ་གེའི་བསྐལ་པ་གཞོམ་པའི་ཕྱིར། །གཅོད་ལུགས་ཆར་འབོད་བདུད་རྩིའི་ཆུ་རྒྱུན་ཡོད། ༼ར༽ །ཚེ་འདས་ཕུང་པོ་བྱ་ཡིས་མ་


CMR052_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་ན། །དུར་གཅོད་ཆ་ལག་བྱ་འབོད་སྙན་བརྒྱུད་ཡོད། ༼ལ༽ །རང་གཞན་རྟ་ནོར་གོད་ཀྱིས་འཚེ་བ་ན། །གཅོད་ལུགས་གོད་གཅོད་གདུག་པ་ཁ་ཆིངས་ཡོད། །༼ཤ༽ །གློ་བུར་རང་གཞན་དགྲ་བོས་འཚེ་བ་ན། །ལྷ་འདྲེར་ར་མདའ་སྦྲན་པའི་དམིགས་རིམ་ཡོད། ༼ས༽ །རྣལ་འབྱོར་གླིང་བུའི་མཚན་ཉིད་བརྟག་པའི་ཕྱིར། །མ་གཅིག་གསུང་བཞིན་མདོར་བསྡུས་བཀོད་པ་ཡོད། ༼ཧེ༽ །ལས་རིམ་རབ་འབྱམས་ཐོགས་མེད་བསྒྲུབ་པའི་ཕྱིར། །དམིགས་འབུམ་སྙན་བརྒྱུད་མ་ཡིག་བུ་ཡིག་ཡོད། །༼ཨ༽ །སངས་རྒྱས་བསྟན་དགྲ་རྩད་ནས་བརླག་པའི་ཐབས། །སྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔ་ཡི། །མ་ཡིག་བུ་ཡིག་དཔེའུ་རིས་བཅས་པ་ཡོད། ༼ཀ༽ །སྨྱོ་འདུལ་དམ་པའི་ལྕགས་དྲྭ་གནས་སྲུང་དང་། །ཆོ་འཕྲུལ་དབང་སྡུད་ལ་བཙས་གཟའ་འགྱེད་རྣམས། །ཐེམ་མེད་གཅིག་བརྒྱུད་གུད་དུ་སྦས་པ་ཡོད། གཞན་ཡང་ཐེམ་མེད་སྐོར་རྣམས་ཟུར་དུ་གསལ། །དེ་ལྟར་ཟབ་དོན་དགོས་འདོད་ཀུན་ཚང་བའི། །གླེགས་བམ་ཡིད་བཞིན་ནོར་བུའི་གཏེར་མཛོད་འདི། །བྱིན་རླབས་བཅུད་ལྡན་དབང་ལུང་བརྒྱུད་པ་


CMR052_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །དམ་ཉམས་འདྲེས་ཁྱེར་བརྒྱུད་པ་བར་མ་ཆོད། །གཅོད་བསྟན་ཉིན་མོར་བྱེད་པའི་སྒྲོན་མེ་ཡིན། །དེ་ཕྱིར་འདི་ལ་ཕྱིན་ཆད་སུ་ཡིན་ཀྱང་། །བཅོས་བསླད་འཕྲི་སྣོན་ཀྱང་ནི་མི་མཛད་ཞུ། །མཚན་མོ་སྒྲ་སྒྲོག་ཤམ་པོ་གཟའ་བདུད་དང་། །ཟངས་རི་སྤུན་བདུན་དྲག་པོ་ཟླ་སྐྱོང་སོགས། །བཀའ་སྲུང་རྣམས་ལ་གཏད་དོ་ཐུབ་པར་སྲུངས། །མ་གཅིག་དམ་ལ་མ་འདའ་ས་མ་ཡ། །བདག་ནི་མི་ཤེས་སོ་སྐྱེའི་དབང་གྱུར་པས། །མ་རྟོགས་ལོག་རྟོག་སྔ་འོས་གསལ་བཀོད་སོགས། །འགལ་འཁྲུལ་ཉེས་པའི་ཚོགས་རྣམས་ཅི་མཆིས་པ། །མ་གཅིག་ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །འདི་ཕྱིར་སྒྲིབ་པར་མ་གྱུར་དངོས་གྲུབ་སྩོལ། །འདི་ཉིད་བྲིས་ཤིང་བརྩམས་པའི་དགེ་བ་དེས་། །བདག་དང་བདག་ལ་འབྲེལ་བ་ཐོབ་པ་དང་། །འདི་ཉིད་མཐོང་ཐོས་འབྲེལ་ཐོགས་འགྲོ་བ་རྣམས། །ཚེ་འདིར་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ། །ནམ་ཞིག་འཕོས་ཚེ་ཌཱཀིའི་ཚོགས་རྣམས་ཀྱིས། །མེ་ཏོག་ཆར་འབེབས་རོལ་མོའི་སྒྲ་དང་བཅས། །བདེ་བ་ཅན་གྱི་ཞིང་དེར་ཁྲིད་བྱེད་ཅིང་། །ཆོས་སྐུ་འོད་དཔག་མེད་པའི་ཞལ་མཐོང་


CMR052_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱོད་གྱུར་ཅིག །དེ་སྐད་དགེ་སློང་རཱ་ག་ཨ་སྱ་དེས། །ཤིང་རྟ་གྲོ་ཞུན་ཟླ་བར་རྫོགས་པར་བཀོད། །གཅོད་ཡུལ་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


no previousཟབ་དོན་མ་གཅིག་གཅོད་ཀྱི་སྐོར་ལས་ཐེམ་ཡིག་དོན་གསལ་རིན་པོ་ཆེའི་ཕྲེང་བ།next