Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཐའ་གཏད་འབྱུང་བཞིའི་གཟེར་བུ།
   
   
   
   


 
previousམཐའ་གཏད་འབྱུང་བཞིའི་གཟེར་བུ།next

མཐའ་གཏད་འབྱུང་བཞིའི་གཟེར་བུ།


CMR052_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༼ཙ་༽ མཐའ་གཏད་འབྱུང་བཞིའི་གཟེར་བུ་བཞུགས་སོ། །


CMR052_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། ཡུམ་ཆེན་ཌཱ་ཀིའི་ཚོགས་ལ་ཕྱག་འཚལ་ནས། །མཐའ་གཏད་འབྱུང་བཞིའི་གཟེར་བུ་གསལ་བར་བཀོད། །མ་གཅིག་ལྗཀིས་བཀའ་གནང་བྱིན་གྱིས་རློབས། །བད་ཀན་སྨུག་པོ་སོགས་འདུས་པའི་ནད། གདོན་སྣ་འདུས་ལ་འདི་ཟབ་སྟེ། ངར་མི་དཀར་སེར་དམར་ལྗང་བཞི་བྱ། དམར་གཏོར་བཞི་བྱ། གཅོད་ཚོགས་སྐབས་སུ་ཡིན་ན་ལེགས། ལུས་སྦྱིན་ལ་ཡང་སྦྱར་རུང་བས། གཅོད་ཚོགས་ལ་སྦྱར་ན་ཚོགས་ཕུད་མ་ཕུལ་གོང་དུ་བྱའོ། །ལུས་སྦྱིན་ཙམ་དུ་སྦྱར་ན་དཀར་འགྱེད་དམར་འགྱེད་གདོན་ཚོགས་དགུ་མ་ཚར་བ་དང་འདི་བྱ་སྟེ། དང་པོ་གཅོད་པའི་མདུན་ཕ་གིར། ཤར་ངོས་སུ་ཐོ་ཆུང་གཅིག་བྱ། ཐོ་དེའི་སྟེང་དུ་ངར་མི་དཀར་པོ་


CMR052_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ་དེ་ལ་ནད་པས་མགོ་གཏད་ནས་ཉལ་བཅུག་ལ། ཕཊ། ནད་པའི་སྙིང་གར་རྣམ་པར་ཤེས་པ་དང་། །རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་ནི། །དངུལ་ཆུའི་མདོག་ཅན་འོད་ཟེར་དཀར་མདངས་ཅན། །མ་སར་བྱ་ཡི་སྒོ་ང་ཙམ་པ་དེ། །དབུ་མའི་ལམ་ནས་རྒྱངས་སེ་སྤྱི་བོར་ཐོན། །ནམ་མཁའ་ལ་ཐིམ་སེམས་དང་ནམ་མཁའ་འདྲེས། །ཆོས་དབྱིངས་ཡུམ་ཆེན་ཐུགས་དང་དབྱེར་མེད་གྱུར། །ཕཊ། ལུས་ཀྱི་ཆུ་ཁམས་ངར་མི་དཀར་པོར་ཐིམ། །བེམ་པོ་ཤ་ཁྲག་སྟོང་གསུམ་འཇིག་རྟེན་གང་། །ལྷ་ཡི་བུ་ཡི་བདུད་ཀྱི་དམག་ཚོགས་ནི། །མི་ནི་དཀར་པོ་


CMR052_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ཤིང་ཡིད་འོང་བ། །བྱེ་བ་འབུམ་སྡེ་དཔག་ཏུ་མེད་པ་རྣམས། །བེམ་པོ་ཤ་ཁྲག་ལྷག་མ་མེད་པར་ཟོས། །ཕཊ་ཕཊ་ཕཊ། དམིགས་པ་མང་དུ་བཟུང་ནས། ཧཱུྃ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །མ་གཅིག་ཡུམ་ཆེན་ལྷ་མོ་མཱ་མ་ཀཱི། །སྐུ་མདོག་དཀར་སྔོ་མཚན་དཔེའི་གཟི་བརྗིད་འབར། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་མཛད། །མཉམ་གཞག་སྟེང་ན་རྡོ་རྗེ་སྔོན་པོ་འཛིན། །སྣ་ཚོགས་པདྨ་ཟླ་བའི་གདན་ལ་བཞུགས། །ཆུ་ཁམས་རྣམ་དག་རྡོ་རྗེ་རིགས་ཀྱི་ཡུམ། །རྡོ་རྗེ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །རིན་ཆེན་དབུ་རྒྱན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་རྒྱན་ཆ་སི་ལི་ལི། །ཐོར་ཚུགས་དར་གྱི་ཅོད་པན་པུ་རུ་རུ། །སྒྲ་སྙན་རོལ་མོ་མང་པོ་ཏི་རི་རི། །དྲི་ཞིམ་སྤོས་ཀྱི་ངད་པ་སངས་སེ་སང་། །དོ་ནུབ་མངོན་དགའི་ཞིང་ནས་འདིར་གཤེགས་ལ། །འདི་ཡི་ཁྲག་རྣམས་ཆུ་ལ་བསྟིམ་དུ་གསོལ། །རིག་པ་སྐྱེ་མེད་ཡུམ་གྱི་ཀློང་དུ་བསྟིམ། །བེམ་པོ་ཤ་ཁྲག་རུས་པའི་ཕུང་པོ་རྣམས། །ལྷ་ཡི་བུ་ཡི་བདུད་ཚོགས་ཐམས་ཅད་ལ། །སོ་སོར་ཅི་འདོད་སྦྱིན་པ་ཆེན་པོས་ཁྱེར། །གསོལ་བ་འདེབས་སོ་ཡུམ་


CMR052_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མཱ་མ་ཀཱི། །བྱིན་གྱིས་རློབས་ཤིག་མ་གཅིག་ལབ་སྒྲོན་མ། །དངོས་གྲུབ་སྩོལ་ཅིག་རྡོ་རྗེ་མཁའ་འགྲོའི་ཚོགས། །བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབས། །རྐྱེན་ངན་ལམ་དུ་སློང་བར་བྱིན་གྱིས་རློབས། །ན་ཚ་བོགས་སུ་ཐོན་པར་བྱིན་གྱིས་རློབས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཕཊ་ཕཊ་ཕཊ། དེ་ནས་ངར་མི་ཆུ་ནང་དུ་འཕེན་རྒྱུ་བསྐུར། དེ་ནུབ་མ་ཐིངས་ན་ཕྱིར་ནངས་འཕེན་ཆོག །ཌཱ་དྲིལ་རྐང་དུང་དང་བཅས། འོ་འོ། ཡུམ་ཆེན་ཐུགས་ཀྱི་མཁའ་འགྲོ་ཆུ་ཡི་ལྷ་མོ་མཱ་མ་ཀཱི། འཁོར་རྡོ་རྗེ་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པའི་ནད་པ་འདིའི་ཁྲག་རྣམས་ཆུ་ལ་སྟིམས་ཤིག །རིག་པ་སྐྱེ་མེད་ཆོས་སྐུའི་ངང་དུ་སྟིམས་ཤིག །འོ་འོ། ནད་པ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བ། བྱང་ཆུབ་ཐོབ་པ་ལ་བར་དུ་གཅོད་པའི་ལྷ་ཡི་བུ་ཡི་བདུད་དམག་བྱེ་བ་འབུམ་སྡེ་ཁྱོད་རྣམས་ལ་ལུས་ཤ་ཁྲག་གི་བེམ་པོ་འདི་སྦྱིན་པ་ཡིན་པས། ཤ་འདོད་པས་ཤ་ཁྱེར། ཁྲག་འདོད་པས་ཁྲག་ཁྱེར། རུས་པ་འདོད་པས་རུས་པ་ཁྱེར། པགས་པ་འདོད་པས་པགས་པ་ཁྱེར། ཟོ་ཞིག་ཁྱེར་ཅིག །ཕཊ་ཕཊ་ཕཊ། དེ་ནས་སྒོ་ཕྱི་ནང་མཚམས་ལ་


CMR052_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་ལངས་ལ། རྐང་དུང་བཏང་ཌཱ་དྲིལ་འཁྲོལ། མཆོང་འཁྲབ་བྱེད་ཅིང་། མཆོད་གཡོག་གི་ས་དམར་གཏོར་བཟུང་ལ་བྲན། འོ་འོ། ལྷ་ཡི་བུའི་བདུད་དམག་བྱེ་བ་འབུམ་སྡེ་སྣང་སྲིད་ཀྱི་ལྷ་འདྲེ་ཁྱེད་རྣམས་ལ། བེམ་རིག་གཉིས་ལ་གཅེས་འཛིན་ཡོད་དམ་མེད། ཡོད་ན་ལུས་ཤ་ཁྲག་གི་གཏོར་མ་རྒྱ་ཆེན་པོ་འདི། ཁྱེད་རྣམས་ལ་ཚོགས་སུ་འབུལ། བཞེས་ཤིག །ཁྱེར་ཅིག །ཟོ་ཞིག །འཐུངས་ཤིག །ཧ་ཕཊ། ཧ་ཕཊ། ཧ་ཕཊ། ལུས་གདོན་བེམ་པོ་ཤ་ཁྲག་དང་དབྱེར་མེད་ལྷ་ཡི་བུའི་བདུད་ཚོས་ཁྱེར་སོང་བར་བསམས་ལ། དམར་གཏོར་གཅིག་ཤར་དུ་འཕེན་བཅོལ། ནུབ་མ་བཞི་ལ་རེ་རེ་བྱེད་པ་གསུངས་ཀྱང་། ནུབ་གཅིག་ལ་རུང་བས། ལྷོ་ཕྱོགས་སུ་ཐོ་ཆུང་སྟེང་དུ་ངར་མི་སེར་པོ་བཞག །དེ་ལ་ནད་པ་མགོ་གཏད་ཉལ་ནས། ཕཊ། ནད་པའི་སྙིང་གར་རིག་པའི་ཐིག་ལེ་ནི། །དབུ་མའི་ལམ་ནས་ནམ་མཁའི་དབྱིངས་སུ་ཐིམ། །ལུས་ཀྱི་ས་ཁམས་ངར་མི་སེར་པོར་ཐིམ། །བེམ་པོ་གཏོར་མ་དབྱེར་མེད་ཤ་ཁྲག་གིས། །སྟོང་གསུམ་འཇིག་རྟེན་ལྟེམས་སེ་གང་བ་ལ། །ཕུང་པོའི་བདུད་རིགས་མི་སེར་གཟི་བརྗིད་ཅན། །བྱེ་བ་དུ་མས་ཤ་ཁྲག་ལྷག་མེད་ཟོས། །ཐམས་ཅད་དགའ་མགུ་ཡི་རང་ལྡན་པར་གྱུར། །ཕཊ།


CMR052_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མང་དུ་བྱས་ལ། ཧཱུྃ། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས། །མ་གཅིག་ཡུམ་ཆེན་ལྷ་མོ་སངས་རྒྱས་སྤྱན། །སྐུ་མདོག་སེར་མོ་མཚན་དཔེའི་གཟི་བརྗིད་འབར། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྐྱིལ་ཀྲུང་མཛད། །མཉམ་གཞག་སྟེང་ན་གསེར་གྱི་འཁོར་ལོ་བསྣམས། །སྣ་ཚོགས་པདྨ་ཟླ་བའི་གདན་ལ་བཞུགས། །ས་ཁམས་རྣམ་དག་རིན་ཆེན་རིགས་ཀྱི་ཡུམ། །རིན་ཆེན་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །རིན་ཆེན་དབུ་རྒྱན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་རྒྱུན་ཆ་སི་ལི་ལི། །ཐོར་ཚུགས་དར་གྱི་ཅོད་པན་པུ་རུ་རུ། །སྒྲ་སྙན་རོལ་མོ་མང་པོ་དི་རི་རི། །དྲི་ཞིམ་སྤོས་ཀྱི་ངད་པ་སངས་སེ་སང་། །དོ་ནུབ་དཔལ་ལྡན་ཞིང་ནས་འདིར་གཤེགས་ལ། །འདི་ཡི་ཤ་རྣམས་ས་ལ་བསྟིམ་དུ་གསོལ། །རིག་པ་སྐྱེ་མེད་ཡུམ་གྱི་ཀློང་དུ་བསྟིམ། །བེམ་པོ་ཤ་ཁྲག་རུས་པའི་ཕུང་པོ་རྣམས། །ཕུང་པོའི་བདུད་ཚོགས་བྱེ་བ་འབུམ་སྡེ་རྣམས། །སོ་སོར་ཅི་འདོད་སྦྱིན་པ་ཆེན་པོར་ཁྱེར། །གསོལ་བ་འདེབས་སོ་ཡུམ་ཆེན་སངས་རྒྱས་སྤྱན། །བྱིན་གྱིས་རློབས་ཤིག་མ་གཅིག་ལབ་སྒྲོན་མ། །དངོས་གྲུབ་སྩོལ་ཅིག་


CMR052_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་མཁའ་འགྲོའི་ཚོགས། །བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབས། །རྐྱེན་ངན་ལམ་དུ་སློང་བར་བྱིན་གྱིས་རློབས། །ན་ཚ་བོགས་སུ་ཐོན་པར་བྱིན་གྱིས་རློབས། མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཕཊ་ཕཊ་ཕཊ། དེ་ནས་ངར་མི་དོང་བྲུས་པའི་ནང་དུ་སྦ་བཅུག་ལ། ཌཱ་དྲིལ་བྱ་རྐང་དུང་བཏང་། འོ་འོ། ཡུམ་ཆེན་ཡོན་ཏན་གྱི་མཁའ་འགྲོ་ས་ཡི་ལྷ་མོ་སངས་རྒྱས་སྤྱན་མའི་འཁོར། །རིན་ཆེན་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པས། ནད་པ་འདི་ཡི་ཤ་རྣམས་ས་ལ་སྟིམས་ཤིག །རིག་པ་སྐྱེ་མེད་ཆོས་སྐུའི་པས་ཤིག །འོ་འོ། ནད་པ་འདི་ཡི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བ། ལུས་ཕུང་པོ་ལ་ན་ཚ་ཟུག་ཟེར་གཏོང་བའི་ཕུང་པོའི་བདུད་རིགས་བྱེ་བ་འབུམ་སྡེ་ཁྱེད་རྣམས་ལ་ལུས་བེམ་པོ་ཤ་ཁྲག་འདི་སྦྱིན་པ་ཡིན་པས། ཤ་འདོད་པས་ཤ་ཁྱེར། ཁྲག་འདོད་པས་ཁྲག་ཁྱེར། རུས་པ་འདོད་པས་རུས་པ་ཁྱེར་། པགས་པ་འདོད་པས་པགས་པ་ཁྱེར། ཟོ་ཞིག །ཁྱེར་ཅིག །ཕཊ་ཕཊ་ཕཊ། དེ་ནས་མཆོད་གཡོག་པས་དམར་གཏོར་བྲན་ལ་བཟུང་བཅུག་རྐང་དུང་བཏང་ཞིང་ཌཱ་དྲིལ་དང་བཅས་སྒོ་ཕྱི་ནང་མཚམས་སུ་མཆོང་འཁྲབ་བྱེད་ཅིང་། འོ་འོ། ཕུང་


CMR052_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བདུད་ཀྱི་དམག་ཚོགས་བྱེ་བ་འབུམ་སྡེ། སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ། བེམ་རིག་གཉིས་ལ་གཅེས་འཛིན་ཡོད་དམ་མེད། ཡོད་ན་ལུས་ཤ་ཁྲག་གི་གཏོར་མ་རྒྱ་ཆེན་པོ་འདི། ཁྱེད་རྣམས་ལ་ཚོགས་སུ་འབུལ། བཞེས་ཤིག །ཁྱེར་ཅིག །ཟོ་ཞིག །འཐུངས་ཤིག །ཧ་ཕཊ། ཧ་ཕཊ། ཧ་ཕཊ། ཅེས་གཏོར་མ་ལྷོར་འཕང་བཅུག་གམ་རང་གིས་འཕེན་ལ། ཕུང་པོ་ཤ་ཁྲག་གཏོར་མ་དབྱེར་མེད་པ་བདུད་མི་སེར་པོའི་ཚོགས་ཀྱིས་ཁྱེར་སོང་བར་བསྒོམ། དེ་ནས་ཐོ་ཆུང་དེ་ཡང་བཤིག་ལ། ནུབ་ངོས་སུ་ཐོ་ཆུང་སྟེང་དུ་ངར་མི་དམར་པོ་བཞག་ལ་ནད་པའི་མགོ་གཏད་ནས་ཉལ་བཅུག་ལ། ཕཊ། ནད་པའི་སྙིང་གར་རྣམ་ཤེས་རླུང་དང་བཅས། །འོད་ཀྱི་ཐིག་ལེ་བཀྲག་དང་ལྡན་པ་འདི། །དབུ་མའི་ལམ་ནས་རྒྱངས་སེ་ནམ་མཁར་ཐོན། །ནམ་མཁས་གར་ཁྱབ་རིག་པས་ཁྱབ་པར་གྱུར། །ཕཊ། ལུས་ཀྱི་མེ་ཁམས་ངར་མི་དམར་པོར་ཐིམ། །བེམ་པོ་ཤ་ཁྲག་སྟོང་གསུམ་འཇིག་རྟེན་གང་། །ཉོན་མོངས་བདུད་ཚོགས་བྱེ་བ་འབུམ་སྡེ་ནི། །མི་དམར་སྒེག་བཞད་ལང་ཚོ་ལྡན་པ་རྣམས། །ཕུང་པོ་ཤ་ཁྲག་ལྷག་མ་མེད་པར་ཟོ། །ཕཊ་ཕཊ་ཕཊ། ཧཱུྃ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་


CMR052_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མ་གཅིག་ཡུམ་ཆེན་ལྷ་མོ་གོས་དཀར་མོ། །སྐུ་མདོག་དམར་གསལ་མཚན་དཔེའི་གཟི་བརྗིད་འབར། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྐྱིལ་ཀྲུང་མཛད། །མཉམ་གཞག་སྟེང་ན་པདྨ་འདབ་བརྒྱད་བསྣམས། །སྣ་ཚོགས་པདྨ་ཟླ་བའི་གདན་ལ་བཞུགས། །མེ་ཁམས་རྣམ་དག་པདྨ་རིགས་ཀྱི་ཡུམ། །པདྨ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །རིན་ཆེན་དབུ་རྒྱན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་རྒྱན་ཆ་སི་ལི་ལི། །ཐོར་ཚུགས་དར་གྱི་ཅོད་པན་པུ་རུ་རུ། །སྒྲ་སྙན་རོལ་མོ་མང་པོ་དི་རི་རི། །དྲི་ཞིམ་སྤོས་ཀྱི་ངད་པ་སངས་སེ་སང་། །དོ་ནུབ་བདེ་ཆེན་ཞིང་ནས་འདིར་གཤེགས་ལ། །འདི་ཡི་དྲོད་རྣམས་མེ་ལ་བསྟིམ་དུ་གསོལ། །རིག་པ་སྐྱེ་མེད་ཡུམ་གྱི་ཀློང་དུ་བསྟིམ། །བེམ་པོ་ཤ་ཁྲག་རུས་པའི་ཕུང་པོ་འདི། །ཉོན་མོངས་བདུད་ཚོགས་བྱེ་བ་འབུམ་སྡེ་ལ། །སོ་སོར་ཅི་འདོད་སྦྱིན་པ་ཆེན་པོ་ཁྱེར། །གསོལ་བ་འདེབས་སོ་ཡུམ་ཆེན་གོས་དཀར་མོ། །བྱིན་གྱིས་རློབས་ཤིག་མ་གཅིག་ལབ་སྒྲོན་མ། །དངོས་གྲུབ་སྩོལ་ཅིག་པདྨ་མཁའ་འགྲོའི་ཚོགས། །བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབས། །རྐྱེན་ངན་ལམ་དུ་


CMR052_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སློང་བར་བྱིན་གྱིས་རློབས། །ན་ཚ་བོགས་སུ་ཐོན་པར་བྱིན་གྱིས་རློབས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཕཊ་ཕཊ། དེ་ནས་ཤིང་སྣ་ཅུང་བརྩེགས་པ་ལ་ངར་མི་དེ་བསྲེགས་ཅིང་རོལ་མོ་དང་བཅས་པས། འོ་འོ། ཡུམ་ཆེན་གསུང་གི་མཁའ་འགྲོ་མ་མེ་ཡི་ལྷ་མོ་གོས་དཀར་མོ་འཁོར་པདྨ་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པས། ནད་པ་འདི་དྲོད་རྣམས་མེ་ལ་སྟིམས་ཤིག །རིག་པ་སྐྱེ་མེད་ཆོས་སྐུའི་ངང་དུ་སྟིམས་ཤིག །འོ་འོ། ནད་པ་འདི་ཡི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བ། སེམས་ལ་ཉོན་མོངས་དུག་ལྔ་རྒྱས་པར་བྱེད་པའི་ཉོན་མོངས་པ་བདུད་ཀྱི་རིགས་བྱེ་བ་འབུམ་སྡེ་ཁྱེད་རྣམས་ལ་ལུས་བེམ་པོ་ཤ་ཁྲག་འདི་སྦྱིན་པ་ཡིན་པས། ཤ་འདོད་པས་ཤ་ཁྱེར། ཁྲག་འདོད་པས་ཁྲག་ཁྱེར། རུས་པ་འདོད་པས་རུས་པ་ཁྱེར། པགས་པ་འདོད་པས་པགས་པ་ཁྱེར། ཟོ་ཞིག །ཁྱེར་ཅིག །ཕཊ་ཕཊ། དེ་ནས་མཆོད་གཡོག་པས་དམར་གཏོར་བཟུང་ལ་བྲན་ཏེ་རྐང་དུང་ཌཱ་དྲིལ་དང་བཅས་ལ་སྒོ་ཕྱི་ནང་མཚམས་སུ་འཚམས་ཤིང་། འོ་འོ། ཉོན་མོངས་བདུད་དམག་བྱེ་བ་འབུམ་སྡེ་སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ། བེམ་རིག་གཉིས་ལ་གཅེས་འཛིན་ཡོད་དམ་


CMR052_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ཡོད་ན་ལུས་ཤ་ཁྲག་གི་གཏོར་མ་རྒྱ་ཆེན་པོ་འདི་ཁྱེད་རྣམས་ལ་ཚོགས་སུ་འབུལ། བཞེས་ཤིག །ཁྱེར་ཅིག །ཟོ་ཞིག །འཐུངས་ཤིག །ཧ་ཕཊ། ཧ་ཕཊ། ཧ་ཕཊ། ཅེས་གཏོར་མ་ནུབ་ཏུ་འཕེན་ནམ་འཕང་བཅུག་བེམ་པོ་ཤ་ཁྲག་གི་ངོ་བོ་གཏོར་མ་དང་དབྱེར་མེད་པ་ཉོན་མོངས་པའི་བདུད་ཚོགས་ཐམས་ཅད་ཀྱིས་ཁྱེར་སོང་བར་དམིགས་སོ། །ཐོ་ཆུང་བསྒྱེལ་ལ་བྱང་དུ་ཐོ་བྱས་པར་ངར་མི་ལྗང་ནག་བཞག་ལ་ནད་པ་མགོ་བསྟན་ནས་ཉལ་བཅུག །ཕཊ། ནད་པའི་སྙིང་གར་རྣམ་ཤེས་ཚེ་བསོད་ནམས། །རླུང་སེམས་ངོ་བོ་ཐིག་ལེ་འོད་འབར་བ། །དབུ་མའི་ལམ་ནས་རྒྱངས་སེ་སྤྱི་བོར་ཐོན། །ནམ་མཁར་ཐིམ་པའི་ཆོས་ཀྱི་དབྱིངས་དང་འདྲེས། །ཕཊ། ལུས་ཀྱི་རླུང་ཁམས་ངར་མི་ལྗང་གུར་བསྟིམ། །བེམ་པོ་ཤ་ཁྲག་སྟོང་གསུམ་འཇིག་རྟེན་གང་། །འཆི་བདག་བདུད་ཚོགས་བྱེ་བ་འབུམ་སྡེ་ནི། །མི་ནག་འཇིགས་ཤིང་གཏུམ་བག་ལྡན་པ་རྣམས། །ཕུང་པོ་ཤ་ཁྲག་ལྷག་མ་མེད་པར་ཟོ། །ཕཊ། དམིགས་པ་མང་དུ་བཟུང་ནས། ཧཱུྃ། །བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས། །མ་གཅིག་ཡུམ་ཆེན་ལྷ་མོ་དམ་ཚིག་སྒྲོལ། །སྐུ་མདོག་ལྗང་གུ་མཚན་དཔེའི་གཟི་བརྗིད་འབར། །ཞལ་གཅིག་ཕྱག་གཉིས་


CMR052_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་སྐྱིལ་ཀྲུང་མཛད། །མཉམ་གཞག་སྟེང་ན་ཨུཏྤལ་ལྗང་གུ་བསྣམས། །སྣ་ཚོགས་པདྨ་ཟླ་བའི་གདན་ལ་བཞུགས། །རླུང་ཁམས་རྣམ་དག་ལས་ཀྱི་རིགས་ཀྱི་ཡུམ། །ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །རིན་ཆེན་དབུ་རྒྱན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་རྒྱན་ཆ་སི་ལི་ལི། །ཐོར་ཚུགས་དར་གྱི་ཅོད་པན་པུ་རུ་རུ། །སྒྲ་སྙན་རོལ་མོ་མང་པོ་དི་རི་རི། །དྲི་ཞིམ་སྤོས་ཀྱི་ངད་པ་སངས་སེ་སང་། །དོ་ནུབ་ལས་རབ་ཞིང་ནས་འདིར་གཤེགས་ལ། །འདི་ཡི་དབུགས་རྣམས་རླུང་ལ་བསྟིམ་དུ་གསོལ། །རིག་པ་སྐྱེ་མེད་ཡུམ་གྱི་ཀློང་དུ་བསྟིམ། །བེམ་པོ་ཤ་ཁྲག་རུས་པའི་ཕུང་པོ་རྣམས། །འཆི་བདག་བདུད་ཚོགས་བྱེ་བ་འབུམ་སྡེ་ལ། །སོ་སོར་ཅི་འདོད་སྦྱིན་པ་ཆེན་པོར་ཁྱེར། །གསོལ་བ་འདེབས་སོ་ཡུམ་ཆེན་དམ་ཚིག་སྒྲོལ། །བྱིན་གྱིས་རློབས་ཤིག་མ་གཅིག་ལབ་སྒྲོན་མ། །དངོས་གྲུབ་སྩོལ་ཅིག་ལས་ཀྱི་མཁའ་འགྲོའི་ཚོགས། །བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབས། །རྐྱེན་ངན་ལམ་དུ་སློང་བར་བྱིན་གྱིས་རློབས། །ན་ཚ་བོགས་སུ་ཐོན་པར་བྱིན་གྱིས་རློབས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་


CMR052_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས། །ཕཊ་ཕཊ། དེ་ནས་ངར་མི་བྱང་ཕྱོགས་ནམ་མཁའི་དབྱིངས་ལ་འཕེན་བཅུག་ལ། འོ་འོ། ཡུམ་ཆེན་ཕྲིན་ལས་ཀྱི་མཁའ་འགྲོ་མ་རླུང་གི་ལྷ་མོ་དམ་ཚིག་སྒྲོལ་མ། འཁོར་ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པས་ནད་པ་འདི་ཡི་དབུགས་རྣམས་རླུང་ལ་སྟིམས་ཤིག །རིག་པ་སྐྱེ་མེད་ཆོས་སྐུའི་ངང་དུ་སྟིམས་ཤིག །འོ་འོ། ནད་པ་འདི་ཡི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བ། ཚེ་དང་སྲོག་ལ་བར་དུ་གཅོད་པའི་འཆི་བདག་གི་བདུད་རིགས་བྱེ་བ་འབུམ་སྡེ་ཁྱེད་རྣམས་ལ། ལུས་བེམ་པོ་ཤ་ཁྲག་འདི་སྦྱིན་པ་ཡིན་པས། །ཤ་འདོད་པས་ཤ་ཁྱེར། ཁྲག་འདོད་པས་ཁྲག་ཁྱེར། རུས་པ་འདོད་པས་རུས་པ་ཁྱེར། པགས་པ་འདོད་པས་པགས་པ་ཁྱེར། ཟོ་ཞིག །ཁྱེར་ཅིག །ཕཊ་ཕཊ། དེ་ནས་མཆོད་གཡོག་པས་དམར་གཏོར་བཟུང་ལ་བྲན་ནས། རྐང་དུང་ཌཱ་དྲིལ་དང་བཅས་པས་རང་ངམ་གཅོད་གཡོག་པས་སྒོ་ཕྱི་ནང་མཚམས་སུ་འཚམས་ཤིང་། འོ་འོ། འཆི་བདག་གི་བདུད་དམག་བྱེ་བ་འབུམ་སྡེ། སྣང་སྲིད་ཀྱི་ལྷ་འདྲེ་ཁྱེད་རྣམས་ལ། བེམ་རིག་གཉིས་ལ་གཅེས་འཛིན་ཡོད་དམ་མེད། ཡོད་ན་ལུས་ཤ་ཁྲག་གི་གཏོར་མ་རྒྱ་ཆེན་པོ་འདི་ཁྱེད་རྣམས་ལ་ཚོགས་སུ་འབུལ་ལོ། །


CMR052_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ཤིག །ཁྱེར་ཅིག །ཟོ་ཞིག །འཐུངས་ཤིག །ཧ་ཕཊ། ཧ་ཕཊ། ཧ་ཕཊ། ཅེས་གཏོར་མ་བྱང་དུ་འཕེན་བཅུག་གམ་འཕངས་ལ། བེམ་པོ་ཤ་ཁྲག་གི་ངོ་བོ་དབྱེར་མེད་པའི་གཏོར་མ་འཆི་བདག་གི་བདུད་ཐམས་ཅད་ཀྱིས་ཁྱེར་སོང་བར་བསྒོམ། དེ་ནས་དབྱིངས་རིག་བསྲེ་བ་ནི། ཕཊ། བདག་དང་བསྲུང་བྱ་ནད་པ་བཅས་པ་ཡི། །ཤ་ཁྲག་དྲོད་དབུགས་འབྱུང་བ་བཞི་ལ་ཐིམ། །སེམས་ནི་ནམ་མཁའི་མ་གཅིག་བཞི་ལ་ཐིམ། །མ་གཅིག་བཞི་པོ་དམིགས་མེད་འཇའ་ལྟར་ཡར། །རང་དང་བསྲུང་བྱའི་སེམས་དང་མ་གཅིག་ཐུགས། །དབྱེར་མེད་ཆོས་དབྱིངས་ནམ་མཁའི་ངང་དུ་ཐིམ། །སྐྱེ་མེད་ཡུམ་ཆེན་དགོངས་པ་མངོན་དུ་གྱུར། །ཕཊ་ཕཊ་ཕཊ། ཅེས་ཡུན་རིང་དུ་མཉམ་པར་བཞག །འདི་བཞིན་ནུབ་མ་བཞིའམ་གཅིག་ལ་རྫོགས་པར་བྱ། དེ་ནས་གཅོད་ཚོགས་ཡིན་ན་ཚོགས་ཕུད་ཕུལ་ལ་གཏོར་བསྔོས་གཞུང་ལྟར་བྱ། ལུས་སྦྱིན་ཡིན་ན་ཡང་ལུས་སྦྱིན་རྗེས་ཆོག་རྣམས་སྦྱར་རོ། །ཨེ་མ་ལུས་གདོན་གནད་ལ་གཏད་པའི་མན་ངག་མཆོག །གཉན་འབོད་སྤུར་བསྲེག་མཐའ་གཏད་ཆེན་པོ་དང་། །དྲི་ཆུ་བཀྲུ་བསྐྱེལ་ཆུ་ཡི་གཟེར་བུ་དང་། །མེ་ཡི་མཐའ་གཏད་མེ་ཡི་གཟེར་བུ་དང་། །འབྱུང་བཞིའི་མཐའ་གཏད་ངར་མི་སྲེག་སྦས་ཐབས། །དམིགས་རིམ་ཙམ་ཞིག་དམིགས་འབུམ་ཆེན་མོར་ཡོད། །ཕྱག་ལེན་བླ་མ་


CMR052_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐུགས་ལ་གབ། །འདོན་བྱ་ཁ་གཏོར་གང་ཡང་འཐོར་ནས་ཡོད། །དེ་དག་རྨོངས་པ་ཕལ་གྱིས་གབ་མི་འཕྲོད། །འདོན་ཆ་དཔེ་རྙིང་ཉག་ཉོག་མང་པོ་ཞིག །མཛད་བྱང་མི་གསལ་གཅོད་ལོག་འདྲེས་ཀྱང་དོགས། །མཐའ་གཏད་གཉན་འབོད་རིགས་ནི་མང་མཆིས་ཀྱང་། །དགྲ་བོ་ལྷ་འདྲེ་ལ་གཏད་གཉན་འབོད་དང་། །གཉན་སའི་ལྷ་འདྲེ་དབང་སྡུད་གཉན་འབོད་དང་། །ནད་པའི་ལུས་གདོན་གཏད་པའི་གཉན་འབོད་གསུམ། །སོ་སོར་མ་ཕྱེས་ཕྱོགས་གཅིག་བྲིས་པ་དེ། །རྨོངས་པ་རྣམས་ཀྱིས་དབྱེ་བསལ་མི་ཤེས་པས། །ཕན་བས་གནོད་པ་ཆེ་བར་འོང་ཉན་སྣང་། །དེ་ཕྱིར་ཕན་བྱའི་མཐའ་གཏད་རྣམ་པ་བཞི། །མ་འོངས་འགྲོ་ལ་ཕན་པའི་བསམ་པ་ཡིས། །རཱ་གའི་མིང་ཅན་དགེ་སློང་དེ་ཡིས་བྲིས། །འདི་ལ་འགལ་འཁྲུལ་སྦ་འོས་གསལ་བཀོད་སོགས། །ཉེས་པ་མཆིས་ན་ཌཱ་ཀིའི་ཚོགས་ལ་བཤགས། །དགེ་བས་འགྲོ་ཀུན་བདུད་བཞིའི་དགྲ་ལས་རྒྱལ། །བཅོམ་ལྡན་ཚེ་དཔག་མེད་པར་འགྲུབ་པར་ཤོག །མེ་དང་ཆུ་ཡི་གཟེར་བུ་གཉིས་པོ་ནི། །འུ་ཐུག་མ་གཏོགས་མི་རུང་རྣམ་སྨིན་ཆེ། །གཉན་ཆེན་མཐའ་གཏད་སྤུར་གཟུགས་བསྲེགས་པ་དེ། །དེ་ལས་ཅུང་དྲག་འགའ་རེ་འགའ་རེར་བྱ། །འབྱུང་བཞིའི་གཟེར་བུ་ངར་མི་བཞི་པོ་འདི། །འཇམ་ཞིང་ཉེས་ཆུང་གང་ལ་གང་དགོས་བྱ། །ཀུན་ཀྱང་ཆོས་སྒྲུབ་རི་ཁྲོད་འགྲིམ་ངེས་པར། །རེ་རེ་གཅིག་བརྒྱུད་མཁའ་འགྲོའི་སྙིང་ཁྲག་ཡིན། །ལབ་ཀྱི་སྒྲོན་མ་མཁའ་འགྲོའི་སྙིང་ཁྲག་རྒྱ། །ཁུ་སྒོམ་ཆོས་སེང་མཁའ་འགྲོའི་གཅིག་བརྒྱུད་རྒྱ། །སྣང་


CMR052_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ལྷ་འདྲེའི་སྲོག་སྙིང་དབང་སྡུད་རྒྱ། །མ་གཅིག་ཐུགས་བཅུད་རྒྱ་གསུམ་ལྡན་པའི་ཕྱིར། །ཀུན་གྱི་ཟབ་ཆོས་གདམས་ངག་སྙིང་ལ་ཆོངས། །ཟངས་རི་དྲག་པོ་ཟླ་སྐྱོང་ཤམ་པོ་སོགས། །བཀའ་སྲུང་རྣམས་ཀྱིས་བཀའ་འདི་ཐུབ་པར་སྲུངས། །བློ་སྙིང་ངེས་པར་གཏོད་པའི་བུ་ལ་བྱིན། །དེ་ཡི་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད། །ས་མཱ་ཡ༔ དྷ་ཐིམ། མངྒ་ལཾ། །ཤུ་བྷཾ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམཐའ་གཏད་འབྱུང་བཞིའི་གཟེར་བུ།next