Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
གཅོད་ཀྱི་བྱུང་ཁུངས་བཤད་པ་གསལ་བའི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ཀྱི་བྱུང་ཁུངས་བཤད་པ་གསལ་བའི་སྒྲོན་མེ།next

གཅོད་ཀྱི་བྱུང་ཁུངས་བཤད་པ་གསལ་བའི་སྒྲོན་མེ།


CMR052_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་བྱུང་ཁུངས་བཤད་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།


CMR052_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛྙཱ་ན་ཌཀྐི་ཡེ། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། །གཅོད་ཀྱི་བྱུང་ཁུངས་ལོ་རྒྱུས་མདོར་བསྡུས་བརྗོད། །ཆོས་བདག་ཏཱ་ཀི་རྣམས་ཀྱིས་བཀའ་གནང་སྩོལ། །འདི་ཉིད་མཐོང་ཐོས་རྣམས་ལ་བྱིན་གྱིས་རློབས། །དེ་ཡང་ཀུན་ཏུ་བཟང་མོ་ཞེས་ཀྱང་བྱ། །རྡོ་རྗེ་ཕག་མོ་ཞེས་ཀྱང་བྱ། བདག་མེད་མ་ཞེས་ཀྱང་བྱ། རྗེ་བཙུན་སྒྲོལ་མ་ཞེས་ཀྱང་བྱ་སྟེ། དེ་ཡང་ཕྲིན་ལས་ཀྱི་ལྷ་མོ་སྐུ་མདོག་མཐིང་ཁ་ཕྱག་གཉིས་ཁྲོ་མོའི་ཆ་བྱད་ཅན། དེའི་ཐུགས་ཀ་ནས་འོད་ཟེར་གྱི་སྣ་ལ་འོག་མིན་བསམ་གྱིས་མི་ཁྱབ་པ་གཞལ་ཡས་ཁང་གདན་དང་བཅས་པ་གཅིག་


CMR052_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ། དེའི་དབུས་སུ་འཕགས་བཞི་བསྐྱེད་པའི་ཡུམ། སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་སེམས་ཅན་བསོད་ནམས་བསགས་པའི་རྟེན་དུ། འཕགས་མ་སྒྲོལ་མའི་སྨོན་ལམ་དང་ཐུགས་རྗེས་བསྐུལ་ནས། ཡུམ་ཆེན་གསེར་མདོག་ཕྱག་བཞི་མ་ལ། འཁོར་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་སེམས་མ་དཔག་ཏུ་མེད་པ་དང་བཅས་པ་སྤྲུལ་ཞིང་། སྨོན་ལམ་གྱི་མཐུ་ལས་གྲུབ་བོ། །ཡུམ་ཆེན་མོའི་ཐུགས་དབུས་ནས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་མཐིང་ཁ་ཞལ་གཅིག་ཕྱག་བཞི་མ་སྤྲུལ་ལོ། །དེའི་ཐུགས་ཀ་ནས་རྡོ་


CMR052_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བདུད་འདུལ་མ་ཞེས་བྱ་བ་ཁྲོས་མ་ནག་མོ་ལྷ་ལྔར་སྤྲུལ་ནས་ཨོ་རྒྱན་གྱི་སྟེང་གི་ཕོ་བྲང་དུ་བཞུགས་སོ། །དེའི་ཐུགས་ཀ་ནས་མཁའ་འགྲོ་སེར་མོ་ཞལ་གཅིག་ཕྱག་གཉིས་གཙོ་འཁོར་ལྔར་སྤྲུལ་ནས་ཨོ་རྒྱན་གྱི་ཕོ་བྲང་དུ་བྱོན་པ་ནི་མཁའ་འགྲོ་གསེར་གླིང་མ་ཞེས་བྱའོ། །གསེར་གླིང་མ་དེས་ལྷ་ཡུལ་དང་མི་ཡུལ་དུ་སྐྱེ་བ་བརྒྱ་དང་བདུན་བཞེས་པའི་ཐ་མ་ནི་མ་གཅིག་ཡིན་ཏེ། དེ་ཡང་བོད་དུ་དུས་གཅིག་ལ་རྒྱ་བཟའ་དང་བལ་བཟའ་གཉིས་སུ་སྐྱེས། དེ་གཉིས་གཅིག་ཏུ་བསྡོམས་ནས་ཡེ་ཤེས་མཚོ་རྒྱལ་དུ་སྐྱེས། འདི་དག་དང་དུས་མཉམ་དུ་ལྷ་ཡུལ་དུ་མཁའ་འགྲོ་མ་སེར་མོ་གཅིག་ཏུ་སྤྲུལ་ནས་ལྷ་དང་མཁའ་འགྲོ་རྣམས་ལ་ཆོས་བསྟན་ཏོ། དེ་ནས་སྤྲུལ་པ་དེ་རྣམས་གཅིག་ཏུ་བསྡུས་ནས། རྒྱ་གར་གྱི་ཡུལ་དུ་པཎྜི་ཏ་སྨོན་ལམ་གྲུབ་ཅེས་བྱ་བར་འཁྲུངས། མུ་སྟེགས་པ་འབུམ་ཚོ་གཅིག་ནང་པར་བཙུད། དེ་ནས་པོ་ཏ་རིའི་བྲག་ཕུག་ན་ཁྲོས་མ་ལྷ་ལྔའི་སྒྲུབ་པ་མཛད་པས། ཁྲོས་མ་ལྷ་ལྔ་དང་རྗེ་བཙུན་སྒྲོལ་མ་ཚེ་དཔག་མེད་དང་སྤྱན་རས་གཟིགས་ཨོ་རྒྱན་པདྨ་རྣམས་དངོས་སུ་བྱོན་ནས་དབང་བསྐུར། བོད་དུ་ཁྲོས་མས་འབྱོན་དགོས་པར་ལུང་བསྟན། ཁྲོས་མ་མཐིང་ནག་གཅིག་


CMR052_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གྲི་གུག་གིས་བེམ་རིག་ཕྲལ། སྐུ་གདུང་མི་ཉམས་པར་བྱིན་གྱིས་བརླབས་ནས། བོད་བུ་བྱོན་ཏེ། དེའི་དུས་མུ་སྟེགས་ཀྱི་མཁའ་འགྲོ་མ་གདུག་པ་བཞི་བོད་ན་སྐྱེ་བ་བླངས་ནས་གདུག་པ་འདུལ་བའི་ཕྱིར་དུ་སྤྲུལ་པ་བཞི་མཛད། ལམ་འབྲས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་མ་གཅིག་ཞ་མ། རྫོགས་ཆེན་གྱི་སྒོ་ནས་འགྲོ་དོན་མཛད་པ་ཞང་ལྕམ་འབྲང་ཆུང་མ། ཕྱག་རྒྱ་ཆེན་པོའི་སྒོ་ནས་འགྲོ་དོན་མཛད་པ་ཤེལ་བཟའ་སྒྲོན་ནེ་མ། གཅོད་ཀྱི་སྒོ་ནས་འགྲོ་དོན་མཛད་པ་མ་གཅིག་ལབ་སྒྲོན་དང་བཞི་ཡིན་ནོ། །འདུལ་རྒྱུའི་བདུད་མོ་བཞི་ནི། སྤར་པ་དཀར་མོ། ཆང་མོ་ནམ་མཁའ། ཤེལ་མོ་རྒྱ་ལྕམ། ཞང་མོ་ལྷ་ཁྲིད་དང་བཞི་ཡིན་ཏེ། ཕྱིས་ཡེ་ཤེས་ཀྱི་མཁའ་འགྲོ་འགྲོ་དོན་ནུས་པ་བཞི་བྱུང་ངོ་། །དེ་ལ་མ་གཅིག་ལབ་སྒྲོན་གྱི་ལོ་རྒྱུས་ནི། ཡུལ་ལ་ཕྱི་གྲང་མཚོ་མེར་བྱ་བ་ན། ཡབ་ཆོས་ཀྱི་ཟླ་བ་དང་། ཡུམ་འབུམ་ལྕམ་མ་གཉིས་ཀྱི་སྲས་མོར་འཁྲུངས་ཏེ། ལྷུམས་སུ་ཞུགས་དུས་ནས་རྨི་ལམ་བཟང་པོ་དུ་མ་དང་། ཡུམ་རྒས་པ་ཡང་གཞོན་ནུར་གྱུར་ཅིང་སྟེང་དུ་འོད་དཀར་ཟུག་པ་དང་། མཚན་མོ་ཡང་ཡུལ་སྣང་ཐམས་


CMR052_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མ་སྒྲིབ་པར་མཐོང་བ་དང་། ལྷུམས་ནས་ཨ་ཧ་རི་ནི་ས་བསྒྲུང་བ་དང་། ཨ་མ་ང་ཡི་གོས་གསར་པ་གུ་གུལ་གྱིས་བདུག་པ་གཅིག་གྱིས་གསུངས་སོ། །སྐུ་བལྟམས་པས་དྲི་བཟང་གིས་ཁྱིམ་གང་བ་དང་། འཇའ་འོད་དང་རོལ་མོའི་སྒྲ་དང་མེ་ཏོག་གིས་ཆར་བབ་བོ། །དེ་སྐུ་བལྟམས་མ་ཐག་འཇའ་འོད་ཀྱི་ནང་ན་ཞབས་བརྐྱངས་བསྐུམ་དུ་བཞུགས་ཏེ་ཨ་མ་ཁམས་བདེའམ་གསུང་ཞིང་ཨ་བསྒྲང་ངོ་། །ལྕེ་སྟེང་དུ་ཧྲཱིཿདམར་པོ། དཔྲལ་བར་སྤྱན་གཅིག་སྣང་བ་ལ་ཨ་དཀར་པོ་དང་འོད་ཁ་དོག་ལྔ་རྟ་རྔ་ཙམ་ཡོད་པ། སྤྱི་གཙུག་ཏུ་འོད་དཀར་པོ་མཐེའུ་ཆུང་ཙམ་ཨ་དཀར་པོས་མཚན་པར་སྣང་ངོ་། །ཕྱག་སོར་དྲ་བས་འབྲེལ་བ་སེན་མོ་ཟངས་མདོག་ལ་འོད་ཁ་དོག་ལྔ་དང་། ཨོཾ་ཨཱཿཧཱུྃ་འཆར་བར་འདུག་གོ། །དེ་ནས་དགུང་ལོ་གསུམ་ནས་ཧྲཱིཿདང་ཨཱཿདང་ཏཱ་རེ་དང་ག་ཏེ་དང་ཧ་རི་ནི་ས་རྣམས་འདོན་ཞིང་། མཆོད་ཁང་དུ་ཕྱག་འཚལ་བ་ལ་བརྩོན་པར་བྱེད། ལོ་ལྔ་ནས་ཡི་གེ་བརྡ་བསྟན་ཙམ་གྱིས་ཤེས་ནས། ལོ་བརྒྱད་ནས་ཉིན་རེ་མདོ་བརྒྱད་སྟོང་པ་ཚར་རེ་ཐོན་ཏེ། མངའ་བདག་རྒྱས་པོས་གདན་དྲངས་པས་པཎྜི་ཏ་དང་དགེ་བཤེས་མང་པོ་འདུག་པའི་དབུས་སུ་མདོ་སྡུད་


CMR052_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐད་འགྱུར་གསུམ་གྱིས་བཀླག་ཅིང་མདོའི་བཤད་པ་མཛད་པ་དང་། དཔྲལ་པའི་སྤྱན་གྱི་ཨ་སོགས་མཚན་རྟགས་ལ་དད་པ་སྐྱེས་ནས། རྒྱལ་པོ་སོགས་ཁྲོམ་འབུམ་ཕྲག་གསུམ་ཙམ་འདུས་ནས་ལབ་སྒྲོན་དུ་མཚན་གསོལ་ཞིང་འབུལ་བ་རྒྱ་ཆེར་བྱས་སོ། །དེ་ནས་དགུང་ལོ་བཅུ་ནས་ཉིན་རེ་པོ་ཏི་བཞི་རེ་ཚར། བཅུ་གསུམ་ནས་བརྒྱད་རེ་ཚར། ནས་ཞོ་གཅིག་བརྟག་ཡུན་ལ་བརྒྱད་སྟོང་པ་ཚར་རེ་འགྱུར་བརྒྱད་ཀྱིས་ཀློག་པས་ཚར། ལོ་བཅུ་དྲུག་ནས་འབུམ་པོ་ཏི་བཅུ་གཉིས་པོ་སྐད་འགྱུར་བརྒྱད་ཀྱིས་ཀློག་པས་ཉིན་ཚར་ཐོན། དེ་ནས་གྲྭ་པ་མངོན་ཤེས་ཅན་ལ་ཤེར་ཕྱིན་ཐམས་ཅད་ཀྱི་ལུང་དང་བཤད་པ་རྒྱས་པར་གསན། བླ་མས་པད་ཞྭ་དམར་པོ་འདབ་མ་བཅུ་པ་དར་སྣ་ཚོགས་བརྒྱན་པ་ཞིག་གསོལ་ནས་འབོལ་སུམ་བརྩེགས་ལ་བཞུགས་ནས་མཆོད་གནས་མཛད་པས་ཇོ་མོ་ཞྭ་ཆུང་མར་གྲགས། དེ་དུས་དམ་པ་རྒྱ་གར་མ་གཅིག་མཇལ་དུ་བྱོན་ནས། རྒྱ་གར་གྱི་པཎྜི་ཏའི་སྐུ་སྐྱེ་ཡིན་པའི་ངོས་འཛིན་དང་འགྲོ་དོན་འོང་བའི་ལུང་བསྟན་ཀྱང་གསུངས། སྐྱོ་སྟོན་བསོད་ནམས་བླ་མས་དོན་གྱི་རྩ་བ་རང་སེམས་ལ་ག་དར་ལེགས་པོར་ཆོད་ཅིག་བྱ་བ་གསུངས་པ་


CMR052_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆོས་ལ་ཞལ་འདོན་མཛད་པས་ཤེར་ཕྱིན་བདུད་ཀྱི་ལེའུ་ནས། །རྟོགས་པ་ཁྱད་པར་ཅན་གཅིག་སྐྱེས་ཏེ་བདག་མེད་མངོན་སུམ་དུ་རྟོགས་ནས་ཚེ་འདིའི་འཁྲུལ་པ་ཞིག་པར་གྱུར་ཏོ། །དེ་ནས་སྐྱོ་སྟོན་བསོད་ནམས་བླ་མ་ལ་སྒྱུ་འཕྲུལ་ཆེན་པོའི་དབང་ཞུས་དུས་ཡེ་ཤེས་འབེབས་པའི་དུས་སུ། མ་གཅིག་སྐུ་ནམ་མཁའ་ལ་འཕུར་ནས་གར་ཐབས་ཉི་ཤུ་རྩ་གཅིག་མཛད། གསུང་སཾ་སྐྲའི་སྒྲ་སྐད་དུ་དབྱངས་ཡན་ལག་དྲུག་ཅུ་མཛད། ཐུགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་ནས། ཁང་པའི་རྩིག་པ་ལ་མ་ཐོག་པར་འཕུར་ནས་ཤིང་སྡོང་པོ་གསེར་ལྷག་ཅན་དུ་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་བཏུལ་ནས་བསྟན་པའི་སྲུང་མར་བསྐོས། དེའི་མ་ཧཱ་མཱ་ཡཱ་ལྷ་ལྔ་དང་ཁྲོས་མ་ལྷ་ལྔ་དང་བདག་མེད་མའི་ལྷ་ཚོགས་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་རྗེ་བཙུན་སྒྲོལ་མ་རྣམས་དངོས་སུ་བྱོན་ནས་དབང་བསྐུར་ལུང་བསྟན་ཏོ། དེ་ནས་བླ་མ་ཞྭ་དམར་པ་དང་ཡར་དིང་བ་སོགས་ལ་བྱམས་ཆོས་དང་རྫོགས་ཆེན་ཆོས་དྲུག་ཕྱག་ཆེན། དུས་འཁོར་སྦྱོར་དྲུག་དོ་ཧ་སོགས་མང་དུ་ཞུས། དེ་ནས་ལྷ་སར་ཇོ་བོ་ལ་མཆོད་པ་མཛད་པས་འཇའ་འོད་དང་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་བབ་བོ། །དེ་ནས་


CMR052_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་མཇལ་བས་དམ་པས་ཀྱང་ཕྱག་འཚལ་ཞིང་བསྟོད་པ་མཛད། ཞི་བྱེད་སྐོར་དང་ཕར་ཕྱིན་གྱི་མན་ངག་དབང་དང་ནམ་མཁའ་སྒོ་འབྱེད་སོགས་གདམས་ངག་དཔག་ཏུ་མེད་པ་གསན། དེ་ནས་མཁའ་འགྲོ་མ་ཨེ་ཀ་ཙཱ་ཏི་དང་ཁྲོས་མ་ནག་མོ་བདེ་ཆེན་དཀར་མོ་དང་། དཔལ་ལྡན་ལྷ་མོ་རྣམས་ཀྱིས་ལན་མང་དུ་ལུང་བསྟན་ཞིང་། བླ་མ་རྣམས་ཀྱིས་ཀྱང་བཀའ་གནང་ནས། སངས་རྒྱས་ཐོད་པའི་སྤྲུལ་པ་རྒྱ་གར་གྱི་པཎྜི་ཏ་ཐོད་པ་བྷ་ཏྲ་དང་ཐབས་ཤེས་ཀྱིས་སྦྱོར་བ་མཛད་པས་འོད་ཟེར་ཆེན་པོ་ཉི་མ་ཤར་བ་ལྟར་བྱུང་ནས། ཡོན་བདག་མོ་རྒན་མོ་གཅིག་ཡོད་པས་མེ་མཆེད་པ་རང་སྙམ་ནས་ལྟར་ཕྱིན་པས། འོད་ཁ་དོག་སྣ་ལྔ་འཇའ་ལྟ་བུ་འཁྱིལ་བའི་ནང་དུ་ཉི་མ་ཟླ་བ་འདྲ་བ་གཉིས་ཁ་སྦྱོར་དུ་འདུག་པ་མཐོང་ནས་དད་པ་སྐྱེས། ཕྱིར་ནངས་རྒན་མོས་མ་གཅིག་ལ་ཟུར་ཙམ་ཞུས་པས། ལུང་བསྟན་ཕལ་ཆེར་བདུད་ཀྱི་བསླུ་བ་ཡིན། །ཕོ་མོ་གཉིས་འགྲོགས་ན་བདུད་ཀྱིས་ཁྱེར་བ་ཡིན། །ཡོན་བདག་མོ་ཡང་ཁྲིས་འདྲེས་དད་ནས་འོང་། །ཞེས་གསུངས། དེར་ཟླ་གཅིག་ལ་འབུམ་ཚར་སུམ་ཅུ་འགྲོ་བར་མཛད་ནས་ཆོས་ཡོན་མང་དུ་ཕུལ་ལོ། །དེ་


CMR052_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྲས་གྲུབ་པ་དང་གྲུབ་སེའི་ཀོང་པོ་སྐྱབས་གཉིས། སྲས་མོ་ལ་གྲུ་ཆུང་ངམ་ལ་འདུལ་དང་གསུམ་འཁྲུངས། དགོང་ལོ་ཉེར་གསུམ་ནས་སོ་བཞིའི་བར་དུ་པཎྜི་ཏ་དང་མཉམ་དུ་། བཞུགས། དེ་ནས་མཁའ་འགྲོའི་ལུང་བསྟན་བྱུང་ནས་འཁོར་ལ་སྐྱོ་བ་སྐྱེ་བའི་ཚུལ་མཛད་ནས་ཡབ་དང་སྲས་རྣམས་བཞག་ནས། བླ་མ་གཉིས་ཀྱི་དྲུང་དུ་བྱོན་ནས་བསོད་ནམས་བླ་མ་ལ་ཁྲོས་མ་ལྷ་ལྔའི་དབང་ཞུས་ནས། བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་ཚུལ་མཛད། གྲྭ་པ་མངོན་ཤེས་ཅན་ལ་སེམས་བསྐྱེད་དང་དགེ་བསྙེན་མའི་གདམས་པ་ཞུས་པས། བླ་མ་ཤཱཀྱ་ཐུབ་པ་ལ་རིགས་གསུམ་མགོན་པོས་བསྐོར་ནས་སྡོམ་ལུང་གནང་བའི་སྣང་བ་བྱུང་། དིང་རིར་བྱོན་པས་དིང་རི་བས་བསུ་བ་བྱས། དམ་པ་འཇམ་དབྱངས་དམར་པོ་དངོས་སུ་གཟིགས་ཤིང་། མདོ་ལུགས་ཡུམ་ཆེན་མོའི་དབང་ཞུས་དུས་ཡུམ་ཆེན་མོ་འཁོར་དང་བཅས་པ་དངོས་སུ་བྱོན་ནས་བྱིན་གྱིས་བརླབས་ནས་ལུང་བསྟན་པ་གཟིགས། དམ་པས་གཉན་ས་རི་ཁྲོད་བརྒྱ་རྩ་ཆོད་ལ་ཟངས་རིར་འགྲོ་དོན་སྐྱོངས་ཤིག་གསུངས་པས། མ་གཅིག་གིས་མཁའ་རི་དང་ཇོ་མོ་རྗེ་ཆེན་སོགས་གངས་གཉན་བརྒྱ་དང་རྩ་བརྒྱད་བཅད་ནས་


CMR052_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་རིར་བྱོན་པས་བཙན་རྒོད་ཟངས་རི་འཁྱིལ་པ་དེ་བྱུང་ནས་འདིར་བཞུགས་ལ་དགོན་པ་ཐོབ་དང་ངས་ཡོན་བདག་བྱེད་ཟེར། དེར་ལོ་གསུམ་བཞུགས་པས་བསྟན་པ་ཉི་མ་ཤར་བ་ལྟར་བྱུང་། རྒྱལ་པོ་ཆེན་པོ་སྡེ་བཞི་དང་བརྟན་མ་བཅུ་གཉིས། ཐང་ལྷ་ཡར་ཞུད་ཡར་ལྷ་ཤམ་པོ། འོ་དེ་གུང་རྒྱལ་ལ་སོགས་པས་ཆོས་ཞུས་ཤིང་བསྟན་པ་བསྲུང་བར་ཁས་བླངས། ཤོལ་པུ་ལོ་ཙཱ་བ་དང་དགེ་བཤེས་སྟོད་ལུང་བ་དང་གྲུབ་ཆེན་ཕམ་ཏིང་བ་སོགས་བྱོན་ནས་བགྲོ་གླེང་དང་དྲི་བ་མཛད་པས། གང་ལ་ཡང་ཐོག་པ་མ་བྱུང་བས་སྒྲོལ་མ་དངོས་ཡིན་པར་ཐག་ཆོད། གནས་ཟངས་རི་མཁར་དམར་དགོན་པ་ན། །མ་གཅིག་ལབ་ཀྱི་སྒྲོན་མ་བཞུགས་པ་ལ། །ཆོས་ཕྱག་རྒྱ་ཆེན་པོ་གཅོད་བྱ་བ། །ནད་བཞི་བརྒྱ་རྩ་བཞི་གདོན་སྟོང་ཕྲག་བརྒྱད་ཅུའི་མི་ཚུགས་ཤིང་། འབྲས་བུ་སངས་རྒྱས་ལ་འགོད་པའི་ཆོས་ཁྱད་པར་ཅན་ཡོད་ཟེར་བའི་སྙན་གྲགས་འཛམ་གླིང་ཐམས་ཅད་ལ་ཁྱོབ་བོ། །དེ་ནས་འཆིང་ཕུ་ན་བཞུགས་དུས། རྗེ་བཙུན་སྒྲོལ་མ་ལ་མཁའ་འགྲོ་མང་པོས་བསྐོར་ནས་བྱོན་ཏེ། གསང་སྔགས་ཨུ་དུམ་ཝ་རའི་རྒྱུད་མན་ངག་རྣམས་དངོས་སུ་གནང་


CMR052_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །དེ་ནས་ཟངས་རིར་བྱོན་པས་མགོན་པོ་བྲག་ལྷ་མགོན་པོ་གཉིས་འཁོར་དང་བཅས་པས་བསུ་བ་ཡང་མཛད། ནུབ་གཅིག་རྨི་ལམ་ན་དག་པའི་སྣང་བ་ཆེན་པོ་བྱུང་བའི་ཕྱིར་ནངས་ཡབ་སྲས་རྣམས་སླེབ་སྟེ། ཡབ་ཡུམ་གཉིས་རྟོགས་པ་བསྡུར་ཞིང་སྨོན་ལམ་བཏབ། ཁམ་བཟང་གི་མགུར་རེ་རེ་མཛད་ནས་ཡབ་རྒྱ་གར་དུ་བྱོན། སྲས་གྲུབ་སེས་ཡབ་ལུགས་ཀྱི་བདེ་མཆོག་དང་མི་འཁྲུགས་པ་རྣམ་འཇོམས་རྟ་མགྲིན་ནག་པོ་རྣམས་ཤེས། སྲས་མོས་ཕག་མོ་དང་ཁ་སར་པ་ཎི་དང་ཀློག་ཡིག་མཁས་པར་ཤེས། དེར་གྲུབ་སེ་སྨྱོ་རྒྱལ་གྱིས་ཐེབ་པ་ལ། མ་གཅིག་གིས་གདམས་ངག་གནང་ནས་དུར་ཁྲོད་དུ་ཞག་བདུན་ཉལ་བས་ནད་ཞི་ནས་རྟོགས་པ་འཁྲུངས། དམ་པ་རྒྱ་གར་སྤྱན་དྲངས་ནས་རབ་ཏུ་བྱུང་བས་ཐོད་སྨྱོན་བསམ་འགྲུབ་རྟགས་དབང་དང་གདམས་ངག་གནང་བས། ཁོང་དམ་པ་ལ་དད་ནས་ངའི་ཕ་དམ་པ་ཡིན་ཟེར་ཞིང་རྒྱུན་ཏུ་གསོལ་བ་འདེབས་པ་ལ་ཕ་དམ་པར་གྲགས་སོ། །དེ་ནས་ཐོད་སྨྱོན་བསམ་འགྲུབ་ཤམ་པོ་གངས་ལ་བཏང་ནས་ཟླ་གཅིག་ཙམ་ནས། མ་གཅིག་ནམ་མཁའ་ལ་འཕུར་ནས་ཤམ་པོའི་གངས་ལ་བྱོན་ནས་ཞག་བདུན་བཞུགས། སྲས་ལ་


CMR052_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་གདམས་པ་གནང་ནས། སྲས་ཀྱིས་མ་གཅིག་རྡོ་རྗེ་ཕག་མོ་དངོས་སུ་གཟིགས་ཤིང་འཇའ་འོད་དང་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་བབ། པདྨ་མཁའ་འགྲོ་དྲི་མེད་མ་ལ་འཚོ་བ་སྦྱོར་བར་བཀའ་བསྒོས་ནས། ལོ་བཅུ་གསུམ་སྒྲུབ་པ་གྱིས་གསུངས་ནས་བྲག་ཕུག་གི་སྒོ་བྲག་གིས་བཅད་ནས་བཞག མ་གཅིག་མཁའ་འགྲོའི་ཚོགས་དང་བཅས་པ་ནམ་མཁའ་ལ་གཤེགས་ནས་ཟངས་རིར་བྱོན། ཟླ་བ་གསུམ་ཙམ་ནས་སྲས་ལ་སྐོམ་པའི་སྣང་བ་གཅིག་བྱུང་ཙམ་ན་འོད་ཉི་མའི་སྲབ་མདའ་འདྲ་བ་ཞིག་གིས་བརྒྱུད་ནས་བུད་མེད་དམར་མོ་གཟི་བརྗིད་ཅན་ཞིག་བྱུང་ནས་བདུད་རྩི་ཞལ་བུ་གང་བྱིན་ནས་འཐུང་བས། ལུས་ཐམས་ཅད་བདེ་བས་གང་ནས་འཇིག་རྟེན་གྱི་ཟས་ལ་སྲེད་པ་མེད་པར་གྱུར་ཏོ། །མ་གཅིག་ནི་གདུལ་བྱ་ནམ་མཁའ་དང་མཉམ་སྟེ། རྒྱལ་བློན་དགེ་བཤེས་མཛེ་སྤྲང་ཡན་ཆད་ཀྱིས། བཟང་དགུའི་གཏུག་ས་ངན་དགུའི་བསྟེན་ས་བྱེད་ཅིང་། འཁོར་བཟང་ངན་ལྔ་སྟོང་ཙམ་རྒྱུན་དུ་ཡོད་ཅིང་། བལ་ཡུལ་ནས་མཇལ་མི་མང་པོ་རབ་འོང་ཞིང་། རྒྱ་གར་དུ་ཡང་གྲགས་པ་ཆེན་པོ་བྱུང་ནས། རྡོ་རྗེ་གདན་པའི་པཎྜི་ཏ་རྣམས་འདུས་ནས་བོད་དུ་བུད་


CMR052_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མིག་གསུམ་ཡོད་པ་གཅིག་གིས། རྒྱ་གར་དུ་མེད་པའི་ཆོས་གཅོད་ཟེར་བ་ཞིག་སྟོན་ཅིང་གྲགས་པ་འདི། ཡང་ན་ཡུམ་གྱིས་སྤྲུལ་པ་ཡང་ན་བདུད་ཀྱིས་བསླུ་བ་ཡིན་པས་རྩད་བཅས་དགོས་ཟེར་ནས། པཎྜི་ཏ་གྲུབ་པ་ཐོབ་པ་གསུམ་བཏང་བ་ནམ་མཁའ་ལ་འཕུར་ནས་འོང་སྟེ། ཕྱིར་ནངས་ཟངས་རིར་སླེབས། དེ་ནས་བང་ཆེན་བཏང་སྟེ་མདོ་དབུས་ཁམས་གསུམ་བལ་པོ་ཚུན་ནས། མི་ཕོ་མོ་འབུམ་ཚོ་ལྔ་དང་ལྔ་བརྒྱ་བདུན་ཅུ་རྩ་གསུམ་ལོ་ཙཱ་བ་མཁས་པ་བཞི་དང་བཅས་པ་འདུས། དགེ་འདུན་ཁྲི་ཚོ་བདུན་ཙམ་གྱིས་དབུས་སུ་ལོ་ཙཱ་བས་བསྒྱུར་ཏེ། པཎྜི་ཏ་གསུམ་དང་མ་གཅིག་བགྲོ་གླེང་བྱས་པས་ཆོས་གང་ལ་ཡང་མ་གཅིག་ལ་གླགས་མ་རྙེད། དེ་ནས་རྒྱ་གར་དུ་ཆོས་དར་རས་དང་། མ་གཅིག་གི་སྐྱེས་རབས་རྣམས་དང་བཀའི་ཀ་ཚོམ་དང་། ཡང་ཚོམ་དང་། ཉིང་ཚོམ་ཡང་བཤད། མ་གཅིག་གིས་རྒྱ་གར་སྐད་ཐོག་མེད་དུ་གསུང་། སྐྱེ་བ་སྔ་མ་པཎྜི་ཏར་སྐྱེས་པའི་གདུང་པོ་ཏ་རིའི་བྲག་ཕུག་ན་བཀྲག་མ་ཉམས་པར་ཡོད་པ། དེ་བཞུས་ནས་འཇའ་དང་མེ་ཏོག་གིས་ཆར་རོལ་མོའི་སྒྲ་འབྱུང་། མགོ་ལ་རིགས་ལྔ་ཡབ་ཡུམ་སྒལ་ཚིགས་རེ་རེ་ལ་མཆོད་རྟེན་རེ་


CMR052_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རེ། བྲང་ལ་རྡོ་རྗེ་འཆང་སྐེ་ཚིགས་ལ་རིགས་གསུམ་མགོན་པོ་ལ་སོགས་རྟེན་དང་རིང་བསྲེལ་དཔག་ཏུ་མེད་པ་འབྱུང་གསུངས་ནས། དེ་ཨེ་བདེན་ལྟ་བའི་ཕྱིར་པཎྜི་ཏ་གསུམ་དང་དམ་པ་རྒྱ་གར་རྫུ་འཕྲུལ་གྱིས་འཕུར་ནས་རྡོ་རྗེ་གདན་དུ་སོང་ནས་ལོ་རྒྱུས་བཤད་པ་དང་། པཎྜི་ཏ་ལྔ་བཅུ་རྩ་གཉིས་དང་བཅས་པ་པོ་ཏ་རི་ལ་སོང་ནས་གདུང་བཞུས་པས་ཇི་ལྟར་གསུངས་ལྟར་བྱུང་ནས། དབུའི་རིགས་ལྔ་རྡོ་རྗེ་གདན་དུ་བཞུགས། རིང་བསྲེལ་བྲེ་གང་བྱུང་བ་རྒྱལ་པོ་རྣམས་ཀྱིས་བགོས། ཐུགས་ལ་ཤཱཀྱ་ཐུབ་པ་བྱོན་པ་དེ་བོད་དུ་སྤྱན་དྲངས་ནས་མདོ་དབུས་ཁམས་གསུམ་གྱི་འཚོགས་པ་རྣམས་ལ་ངོམས་ནས་བྱིན་བརླབས་མཛད་ནས་དམ་པས་དིང་རིར་སྤྱན་དྲངས། པཎྜི་ཏ་གསུམ་གྱིས་མ་གཅིག་ཁྱེད་ཡུམ་ཆེན་མོའི་སྤྲུལ་པ་ངོ་མཚར་ཆེ་ཇི་སྐད་གསུང་པ་ལ་ནོར་འཁྲུལ་ཅུང་ཟད་མ་བྱུང་ཟེར་བས། རྒྱ་བོད་ཐམས་ཅད་ཐེ་ཚོམ་ཆོད་པར་གྱུར་ཅིང་རྒྱ་གར་པ་རྣམས་ཀྱིས་མ་གཅིག་རྒྱ་གར་དུ་འབྱོན་པར་ཞུས་པས། མ་གཅིག་གིས་རྩོམ་ཆོས་རྣམས་རྒྱ་གར་དུ་བསྐུར་ཏེ། རྒྱ་གར་པ་ཐམས་ཅད་ཡིད་ཆེད་ནས་ཉམས་སུ་བླངས་ནས་བོད་ཆོས་རྒྱ་ལ་དར་བར་གྱུར། དེ་ནས་


CMR052_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ག་སེང་གེ་དཀར་མོ་ལ་ཞོན་ནས་མཁའ་འགྲོ་འབུམ་གྱིས་བསྐོར་ནས་ནམ་མཁའ་ལ་གཤེགས་ཏེ། ཨོ་རྒྱན་ཡུལ་དུ་བྱོན་ནས་ཚོགས་འཁོར་བསྐོར་ནས་ཞག་གསུམ་བཞུགས། དེ་ནས་ཨོ་རྒྱན་ཡུལ་གྱི་དཔའ་བོ་མཁའ་འགྲོ་དང་བཅས་པ། ནོར་བུ་ཕུན་ཚོགས་པའི་གླིང་དུ་བྱོན་ནས་ཚོགས་འཁོར་མཛད། ཞག་བཅུ་བཞི་བཞུགས་ནས་གསང་སྔགས་ཨུ་དུམ་ཝ་ར་བཤད་ནས་སྨིན་གྲོལ་ལ་བཀོད། ནོར་བུ་གླིང་གི་དཔའ་བོ་མཁའ་འགྲོ་དང་བཅས་པ་རྒྱལ་པོ་ཆེན་པོ་སྡེ་བཞིའི་གནས་སུ་ཞག་རེ་རེ་བཞུགས་ནས་ཆོས་གསུངས། དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞིའི་དམག་དཔུང་དང་བཅས་པ་ནམ་མཁའི་ཁམས་ནས་མར་བྱོན་ཏེ། གངས་ཕུག་མོ་ཆེའི་སྒོ་ཕྱེས་ནས་སྲས་དང་མཇལ། དེར་སྲས་མོ་རྒྱན་བཞི་སོགས་སློབ་མ་མང་པོ་དང་། ཁྲོམ་སུམ་སྟོང་ཙམ་འཚོགས་པ་ཐམས་ཅད་དག་པའི་སྣང་བ་ཤར་ཏེ། འཇའ་འོད་ཀྱི་ནམ་མཁའ་གང་། རོལ་མོའི་སྒྲ་གྲག །མེ་ཏོག་ཁ་དོག་སྣ་ཚོགས་ཀྱི་ཆར་བབ། བར་སྣང་ཁམས་སུ་སྣ་ཚོགས་པདྨའི་ལྟེ་བར་མ་གཅིག་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་པ་ལ་འཁོར་ཁྲོས་མ་ནག་མོ་དཔག་ཏུ་མེད་པས་བསྐོར་བ་ལ། དེའི་སྟེང་དུ་ཡུམ་ཆེན་མོ་


CMR052_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། དེའི་སྟེང་དུ་རྡོ་རྗེ་འཆང་ལ་བརྒྱུད་པའི་བླ་མས་བསྐོར་བ། ཤཱཀྱ་ཐུབ་པ་ལ་དགྲ་བཅོམ་པའི་ཚོགས་དང་། ཚེ་དཔག་མེད་ལ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། གཞན་ཡང་བདེ་མཆོག་སངས་རྒྱས་ཐོད་པ་གཤེད་དམར། མ་ཧཱ་མཱ་ཡཱ་ཁྲོས་མ་ལྷ་ལྔ་འཁོར་དཔའ་བོ་དཔའ་མོ་དཔག་ཏུ་མེད་པ་དང་བཅས་པ། འོད་ཀྱི་འཁོར་ལོ་ཐིག་ལེ་ཐིག་ཕྲན་རེ་རེའི་ནང་དུ་སངས་རྒྱས་གསེར་གྱི་མདོག་ཅན་རེ་རེའི་དབུ་ཐོག་ན་གསེར་གྱི་གདུགས་སུམ་བརྩེགས་རེ་འཁོར་བ། མ་གཅིག་གི་འོག་ཏུ་རྒྱལ་པོ་ཆེན་པོ་སྡེ་བཞི་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པ་དང་། རྒྱ་གར་གྱི་གྲུབ་ཆེན་མང་པོ་དང་བཅས་པ་མངོན་སུམ་སྣང་བས། སྲས་མོ་རྒྱན་བཞི་ཡང་རྐང་པ་ས་ལ་མ་རེག་པར་ཚོགས་བསྟབ་ཅིང་གླུ་གར་བྱེད་དོ། །དེར་འདི་ལྟ་བུ་འོང་བ་ཅི་ལྟ་བུ་ལགས་ཞུས་པས། མ་གཅིག་གི་ཞལ་ནས། ང་ཕྱི་ལྟར་ལྷ་མོ་སྒྱུ་འཕྲུལ་ཡིན། །ནང་ལྟར་རྗེ་བཙུན་སྒྲོལ་མ་ཡིན། །གསང་བ་ལྟར་ན་རྡོ་རྗེ་ཕག་མོ་ཡིན། །དབྱིངས་ཉིད་ལྟར་ན་རྒྱལ་བའི་ཡུམ་ཆེན་ཡིན། །ཐུབ་བསྟན་ཐོག་མར་གང་གཱའི་ལྷ་མོ་ལ། །བར་དུ་


CMR052_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་བདེ་བའི་དངོས་གྲུབ་ཡིན། །ཕྱིས་འབྱུང་བོད་དུ་ཡེ་ཤེས་མཚོ་རྒྱལ་མ། །ད་ལྟ་ང་ཉིད་ཡིན་ནོ་རིགས་ཀྱི་བུ། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་བྱང་ཕྱོགས་ཁ་བ་ཅན་བྱེ་བ་ཕྲག་བརྒྱ་ན། ང་ཉིད་ཀྱང་བྱེ་བ་ཕྲག་བརྒྱ་འབྱུང་ནས། དམ་ཆོས་གཅོད་ཀྱི་སྒོ་ནས་མ་རུངས་པ་ཐམས་ཅད་འདུལ་ཞིང་སེམས་ཅན་གྱི་དོན་བྱེད་པར་གསུངས་སོ། །དེའི་བརྒྱུད་འཛིན་ནི་དམ་པ་རིན་པོ་ཆེས་ཀྱང་དེ་ལྟར་ཡིན་པར་གསུང་ཞིང་ཁྱད་པར་དུ། མདོ་དྭངས་སྙིགས་འབྱེད་པའི་ལེའུ་བརྒྱད་ཅུ་པ་ལས། སྙིགས་མ་རྩོད་པ་བརྒྱ་པའི་དུས། །བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །རྒྱལ་བའི་ཡུམ་གྱི་སྤྲུལ་པ་ནི། །སྒྲོལ་མའི་མཚན་ཅན་འབྱུང་བར་འགྱུར། །ཅེས་པ་དང་། འཇམ་དཔལ་རྩ་རྒྱུད་རྒྱས་པ་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །ཁ་བ་ཅན་ཞེས་བྱང་ཕྱོགས་ལྗོངས། །་ཤེས་རབ་ཡུམ་ཆེན་ཐུགས་སྤྲུལ་ནས། །ལབ་ཀྱི་སྒྲོན་མ་བྱ་བ་འབྱུང་། །སྐྱེ་མེད་སྙིང་པོའི་དོན་སྟོན་ཅིང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་རྒྱས་པར་ཉུལ། །དེ་ཡི་ཆོས་ནི་རྒྱས་པར་འགྱུར། །ཞེས་གསུངས་པའི་ལུང་བསྟན་ཡོད་ཚུལ་དམ་པ་རྒྱ་གར་གྱིས་གྲྭ་ཐང་དུ་


CMR052_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྐད། དེ་ལྟར་གངས་ཕུག་མོར་ཆོས་གསུང་ཞིང་ཚོགས་འཁོར་བྱས་དུས་དག་སྣང་ཆེན་པོ་བྱུང་བས། མི་སྡེ་ཀུན་གྱིས་འབུལ་བ་རྒྱ་ཆེར་བྱུང་བ་ལྷའི་མཆོད་པ་ལ་བསྐུར་ནས། དེ་ནས་མ་གཅིག་ལྷོ་བྲག་ཏུ་བྱོན་ནས། མདོ་སྔགས་ཟུང་འཇུག་གི་རྣམ་བཤད་ཆེན་མོ་དང་། རིན་ཆེན་རྒྱ་མདུད། དམ་ཚིག་ཉི་ཤུ་རྩ་གཅིག་གིས་རྒྱས་བཤད་སོགས་མང་དུ་མཛད་ནས་ཟངས་རིར་བྱོན། ཐོད་སྨྱོན་གངས་ཕུག་མོ་ཆེར་བཞུགས་ནས་ཡོད་ཙམ་ན། ཞིང་སྐྱོང་གི་མཁའ་འགྲོ་མ་སྣ་ཚོགས་གཟུགས་ཞེས་བྱ་བ་བུད་མེད་ཁ་དོག་ལྔའི་འོད་འཕྲོ་བ་གཅིག་གིས་ལུང་བསྟན་ནས། རྣལ་འབྱོར་པ་ཁྱོད་ཀྱིས་མ་གཅིག་གི་ཆོས་ལུགས་སྤྱི་ཁོག་རྣམས་ཤེས་ཀྱང་ཉམས་ལེན་གྱི་དོན་རྩ་ཕུང་པོ་མཆོད་སྦྱིན་དེ་ད་རུང་མ་ཤེས་པས། ད་ལྟ་རྩད་དར་ཆོད་ཅིག་ཟེར་ནས་བུད་མེད་དེ་འོད་དུ་ཡལ་ལོ། །དེ་ནས་ཐོད་སྨྱོན་དཔོན་སློབ་ཟངས་རིར་བྱོན་པས་མ་གཅིག་གིས་ཕག་མོ་ལྷ་ལྔའི་དབང་མཛད་པ་དང་འཕྲད་པས། ཐོད་སྨྱོན་གྱིས་མ་གཅིག་ཕག་མོ་གཙོ་འཁོར་ལྔ་ལ་དངོས་སུ་མཐོང་། །སྲས་མོ་རྒྱན་བཞིས་མ་གཅིག་ཕག་མོར་མཐོང་བའི་ཕྱོགས་བཞི་ནས་འོད་དཀར་སེར་དམར་


CMR052_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་མེ་ལོང་ཙམ་ཞིག་རབ་ཏུ་འབར་བར་མཐོང་། འདི་ལྟར་མཐོང་བས་ཅི་ལགས་ཞུས་པས། ད་ལྟ་ཐ་མལ་ལབ་སྒྲོན་དང་། །སངས་རྒྱས་ཡབ་ལྔ་ཡུམ་ལྔ་དང་། །དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །བཞུགས་སམ་འདུས་པའི་ཕོ་བྲང་ནི། །ང་ཉིད་ཡིན་ནོ་སྐལ་ལྡན་བུ། །ཞེས་གསུངས། ༈ དེ་ནས་ཕུང་པོའི་རྣམ་བཤད་དང་ལུས་མཆོད་སྦྱིན་བྱ་ཚུལ་རྒྱས་པར་གནང་ངོ་། །དུས་སྙིགས་མའི་འབྱུང་ལུགས་དང་། སངས་རྒྱས་བསྟན་པ་སྤྱི་དང་ཁྱད་པར་གཅོད་ཀྱི་བསྟན་པ་འབྱུང་ཚུལ་ལུང་བསྟན་མང་དུ་མཛད། སྲས་ཆེ་བ་ནི་ཆུང་ངུ་ནས་ཁྱིམ་མཚེས་ཀྱི་ར་ལུག་བརྐུས། ཆེ་ནས་ཁྲམ་པའི་དཔོན་བྱས་ནས་ཇག་རྐུན་ཁོ་ན་བྱས་པ་ལས་རྐུན་རོགས་བཅུ་ཁོ་རང་དང་བཅུ་གཅིག་བཅས། སྔགས་སྡེ་གཉན་པོ་གཤིན་རྗེ་སྒྲུབ་པའི་ཆུ་འགེལ་ས་གླང་བུ་གཅིག་ཡོད་པ་བརྐུས་ནས་ཟོས་པས། རྐུན་རོགས་བཅུ་སྔགས་པའི་མཐུ་ཡིས་ཤི་བས་ཁོང་མཐུ་ལ་སྐག་ནས་མའི་དྲུང་དུ་ཕྱིན། །མས་ནམ་མཁའ་སྒོ་འབྱེད་གནང་བས་ནུབ་མོ་སྔགས་པའི་གཏོར་བཏེག་ཞབས་སུ་ཉལ། ཉིན་མོ་གཉན་སར་བསྒོམས་པས། ཞག་ཉེར་གཅིག་ནས་སྔགས་པ་གསུམ་ཤི། ཁོང་


CMR052_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཆོ་འཕྲུལ་མང་པོ་བྱུང་ནས། མ་གཅིག་ཡུམ་སྲས་ལ་བབ་གཏད་ནས་བཤགས་པ་ཕུལ་ལོ། །མ་ལ་སྲས་ཀྱིས་སྐྲ་ཕུད་ཕུལ་ནས། རྒྱལ་བ་དོན་གྲུབ་བཏགས་། གྲུབ་པ་ཐོབ་ནས་མས་ལུང་བསྟན་པ་ལྟར་གླང་ལུང་དགོན་དུ་སྒྲུབ་པ་མཛད་ནས་བཞུགས་སོ། །དེ་ནས་མ་གཅིག་གི་སྐྱེས་རབས་ཆེན་མོ་མདའ་ཚད་ཀྱི་ལྡེབ་མ་བརྒྱད་བརྒྱ་དང་བཅུ་ཡོད་པ་སྟོད་ཧོར་ཡུལ་དུ་དར། སྐྱེས་རབས་འབྲིང་པོ་ལྡེབ་མ་ལྔ་བརྒྱ་ང་གསུམ་ཡོད་པ་ལྷོ་བྲག་ཏུ་གཏེར་དུ་སྦས། སྐྱེས་རབས་ཆུང་བ་ལྡེབ་བརྒྱ་དང་ཉེར་ལྔ་ཡོད་པ་དེ་གར་ཡང་དར། གཅོད་ལུགས་ཀྱི་རྣམ་བཤད་ཆེན་མོ་ལྡེབ་མ་བཞི་བརྒྱ་རེ་ལ་པོ་ཏི་རེ་བྱས་པའི་པོ་ཏི་བཞི་བཅུ་ཞེ་གཉིས། དེ་བཞིན་ཏུ་སྔགས་ལུགས་ཀྱི་རྣམ་བཤད་ཆེན་མོ་པོ་ཏི་བཞི་བཅུ་ཞེ་གཉིས། མདོ་སྔགས་ཟུང་འཇུག་གི་རྣམ་བཤད་ཆེན་མོ་ལ་པོ་ཏི་བཞི་བཅུ་ཞེ་གཉིས། ཆོས་ཚན་མ་བུ་བརྒྱ་དང་བཅས་པ། བསམ་ཡས་མཆིམས་ཕུ་ལྷོ་པ་སྐྱོ་ཐོག་རྣམས་སུ་གཏེར་དུ་སྦས་སོ། །མ་གཅིག་གི་ཆོས་ཐམས་ཅད་གསང་སྔགས་བླ་མེད་ཀྱི་སྐོར་རྣམས་ཐོད་སྨྱོན་བསམ་འགྲུབ་ལ་གནང་། མདོ་ལུགས་དང་མན་ངག་ཟབ་མོ་རྣམས་རྒྱལ་


CMR052_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བ་དོན་གྲུབ་ལ་གནང་། མདོ་སྔགས་ཟུང་འཇུག་གི་སྐོར་རྣམས་ཁུ་སྒོམ་ཆོས་ཀྱི་སེང་གེ་དང་སྲས་མོ་རྒྱན་བཞི་ལ་གནང་། ཁ་འཐོར་གྱི་སྐོར་རྣམས་སྟོང་སྡེ་ངག་གི་དབང་ཕྱུག་དང་། གྲོལ་སྡེ་གང་གི་འབྱུང་གནས་སོགས་ལ་གནང་། སློབ་མ་བཀའ་བབས་པའི་གདམས་ངག་ཅན་བཅུ་དྲུག་ལ་སོགས་པ་རང་གཞན་གྱིས་དོན་ནུས་པ་སྟོང་དང་ཉིས་བརྒྱ་དྲུག་ཅུ་རེ་གསུམ་བྱུང་། མཛེ་ནད་སྨིན་པ་བརྒྱ་དང་སོ་གསུམ་ལ་སོགས་པ་སོས་ནས་ལུས་སྔར་ལྟར་བདེ་བར་གྱུར་ནས། ནད་དང་གདོན་གྱིས་ཉེན་པ་གྲངས་ལས་འདས་པ་ལ་ཕན་ཐོགས་ཤིང་ཕྱི་མའི་ལམ་སྣ་ཟིན་པ་ནི་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེ་ནས་མ་གཅིག་དགུང་ལོ་དགུ་བཅུ་རྩ་དགུའི་དུས་སུ། རྒྱལ་བ་དོན་གྲུབ་དང་ཐོད་སྨྱོན་བསམ་འགྲུབ་གཉིས་ཀྱིས།། དབུས་གཙང་རུ་བཞིའི་གྲྭ་སྡེ་རྣམས་བསྡུས་ནས་ཟངས་རིར་ཚོགས་འཁོར་བརྒྱ་རྩ་དང་ཟས་ནོར་རྣམས་འགྱེད་བྱས། འབྲུག་ལོ་དགུན་ཟླ་ཐ་ཆུང་གི་ཚེས་བཅུའི་ནུབ་མོ་མ་གཅིག་གིས་ཞལ་ནས་སྲས་གཉིས་ལག་པ་ཟོད་གསུངས་ནས། ཞལ་མཆིས་རེ་གནང་བའི་ནང་དུ། རྒྱལ་བ་དོན་གྲུབ་ཀྱི་ཕྱག་མཐིལ་དུ་ཚེམས་གཅིག་བྱུང་བ་ལ་དུང་དཀར་གཡས་འཁྱིལ་གཅིག་


CMR052_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། ཐོད་སྨྱོན་བསམ་འགྲུབ་ཀྱི་ཕྱག་ཏུ་ཚེམས་གསུམ་བྱོན་པ་ལ། གཅིག་ལ་ཤཱཀྱ་ཐུབ་པ། གཅིག་ལ་རྗེ་བཙུན་སྒྲོལ་མ། གཅིག་ལ་དུང་དཀར་གཡས་འཁྱིལ་གཅིག་བྱོན་ཏེ། སྲས་ལ་སྨོན་ལམ་ཞལ་གདམས་གནང་ནས་ཐོ་རངས་ཁར་སེང་གེ་ལ་ཆིབས་ནས་འཁོར་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་ནས། ལུས་མ་སྤངས་བར་ནུབ་ཕྱོགས་ཨོ་རྒྱན་གྱི་གནས་སུ་གཤེགས་སོ། །དེ་ནས་ཐོད་སྨྱོན་བསམ་འགྲུབ་ཤམ་པོའི་གངས་ལ་བྱོན་ནས། དགེ་འདུན་རྣམས་ཀྱིས་གདུང་མཆོད་རྟེན་བཞེངས་ཤིང་གསོལ་བ་བཏབ་བོ། །རྒྱལ་བ་དོན་གྲུབ་དང་ཟངས་རིའི་གྲྭ་ཚང་རྣམས་ཀྱིས། མ་གཅིག་གི་ན་བཟའ་ཆ་གཅིག་ལ་སྦྱིན་སྲེག་ཕུལ་ནས། གདུང་ཁང་སྒོ་ནས་གསོལ་འདེབས་མཛད། ཕྱོགས་ཀྱི་དགེ་འདུན་རྣམས་ཀྱིས་གདུང་མཆོད་ཆོ་ག་མཛད་ཅིང་། དུང་གཡས་འཁྱིལ་དེ་ཁྲོམ་རྣམས་ལ་རྟེན་ཞལ་དང་བྱིན་རླབས་མཛད། དེ་ནས་སྲས་གླང་ལུང་དུ་བྱོན་ནོ། །སྲས་མོ་ལ་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་འགྲོ་བའི་དོན་ལ་བྱོན་པ་སྟེ། རང་གཞན་གྱི་དོན་རྒྱ་ཆེན་པོ་དང་ལྡན་ནོ། །སྤྱིར་མ་གཅིག་ལ་བུ་སློབ་བསམ་གྱིས་མི་ཁྱབ་ཀྱང་། བརྒྱུད་


CMR052_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པའི་སྲས་བཅུ་དྲུག་སྟེ། སྲས་པོ་བཞི། སྲས་མོ་བཞི། རང་དང་མཉམ་པ་བརྒྱ་དང་བཅུ་དྲུག་གོ །སྲས་བཞི་ནི་འཁྲུངས་པའི་སྲས་རྒྱལ་བོ་དོན་གྲུབ། བརྒྱུད་འཛིན་གྱི་སྲས་སྟོང་སྡེ་ངག་གི་དབང་ཕྱུག །ཐུགས་ཟིན་གྱི་སྲས་རྒྱལ་བའི་འབྱུང་གནས། སྐལ་ལྡན་གྱི་སྲས་ཁུ་སྒོམ་ཆོས་ཀྱི་སེང་གེ་དང་བཞིའོ། །སྲས་མོ་རྒྱན་བཞི་ནི། ལབ་ལུང་གི་འབྲོང་བཟའ་ཙན་ནེ་རྒྱན། གང་བར་ལྕེ་གྲོང་གི་ཞང་དཔལ་ལྕམ་རྒྱན། རྣོ་མདའ་ཡི་སྲིང་མོ་ཆེ་འབུམ་རྒྱན། འཕེན་ཡུལ་གྱི་ཉང་མོ་བསོད་ནམས་རྒྱན་དང་བཞིའོ། །རང་དང་མཉམ་པའི་སྲས་བརྒྱད་ནི། མཁྱེན་པ་རང་དང་མཉམ་པ་སྐྱེ་མེད་དགའ་ཡན། རྟོགས་པ་རང་དང་མཉམ་པ་ཕོ་སྐོར་སེང་གེ །བྱིན་རླབས་རང་དང་མཉམ་པ་སྨོན་པ་རང་སངས། བརྟུལ་ཞུགས་རང་དང་མཉམ་པ་དོལ་པ་ཟང་ཐལ། ནུས་པ་རང་དང་མཉམ་པ་ཞིག་པོ་ཧུར་ཐོན། ཐུགས་རྗེ་རང་དང་མཉམ་པ་རྩི་སྟོན་དར་མ། སྤྲུལ་པ་རང་དང་མཉམ་པ་རྒྱ་སྒོམ་ཧག་ཐོན། འགྲོ་དོན་རང་དང་མཉམ་པ་ཀོང་པོའི་རྗེ་བཙུན་ཟིལ་གནོན་དང་བརྒྱད་དོ། །དེ་རྣམས་ལ་བརྒྱུད་པའི་གཅོད་ལུགས་ནམ་མཁའི་སྐར་མ་ཙམ་བྱུང་སྟེ། མདོར་བསྡུ་


CMR052_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ན་རིགས་ཀྱིས་སྒོ་ནས་བཀའ་བརྒྱུད་དང་ཉམས་བརྒྱུད་གཉིས། ཞུ་བ་པོའི་སྒོ་ནས་ཕོ་རྒྱུད་དང་མོ་རྒྱུད་གཉིས་ཏེ། ཟུང་བཞི་དང་། ཡོངས་སུ་གྲགས་ཚུལ་གྱི་སྒོ་ནས་བཀའ་མ་དང་གཏེར་མ་གཉིས། ངོ་བོའི་སྒོ་ནས་གཞུང་ཁྲིག་ཅན་དང་ཁ་འཐོར་ཁྲིག་མེད་གཉིས་ཏེ། གཅོད་ལུགས་ཟུང་བཞི་ཡ་བརྒྱད་དུ་གྲགས་སོ། །དེ་ནས་གདུང་བརྒྱུད་བྱུང་ལུགས་ནི། སྲས་རྒྱལ་བ་དོན་གྲུབ་རབ་ཏུ་མ་བྱུང་དུས་སྲས་གཉིས་ཡོད་པའི་ཆུང་བ་རབ་ཏུ་བྱུང་བ་ཁམས་བུ་ཡ་ལེ། ཆེ་བ་ཚངས་དབྱངས་རྒྱལ་ལ་སྲས་གསུམ་དང་སྲས་མོ་བཞི་ཡོད་པའི་ཆེ་བ་སྟོན་ཆུང་། ཆུང་བ་སྐྱེ་མེད་འོད་གསལ་ཆེན་པོ། འབྲིང་བ་ལ་ཐོད་སྨྱོན་བསམ་འགྲུབ་ཏུ་བཏགས་སོ། །སྲས་མོ་ལེན་ཏོ་བྱ་བ་མ་གཅིག་གི་སྤྲུལ་པ་བྱུང་ནས། གཅོད་ཀྱི་བསྟན་པ་དར་རྒྱས་སུ་མཛད་ཅིང་། མ་གཅིག་གིས་ལུང་བསྟན་ལས་རྒྱལ་བ་དོན་གྲུབ་ཀྱི་གདུང་རྒྱུད་ཡིན་རིང་དུ་འབྱུང་ཞིང་། ཆོས་བརྒྱུད་གནམ་གྱི་སྐར་མ་ཙམ་ཕྱོགས་མེད་དུ་འབྱུང་གསུངས་པ་དང་མཚུངས་པར་གྱུར་ཏོ། །ཐོད་སྨྱོན་བསམ་འགྲུབ་ནི་སྐུ་ལུས་ཀྱི་བཀོད་པ་དཔག་ཏུ་མེད་པ་སྟོན་ཅིང་། བརྒྱུད་པ་བརྒྱད་ཀྱི་བར་དུ་ཤམ་པོའི་གངས་ལ་


CMR052_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བརྒྱུད་མུ་ཏིག་བསྟར་ལ་བརྒྱུད་པ་ལྟ་བུ་བྱུང་ཞིང་། དེ་ནས་ཆོས་ལུགས་ནམ་མཁའི་དབྱིངས་སུ་རྫོགས། དེ་ཡང་མ་གཅིག་ནས་བརྒྱུད་པ་བཞིའི་བར་དུ་གཅོད་ལུགས་དྲ་མ་ཉམས་པར་ཡོད། དེ་ནས་ཅུང་ཟད་ཉམས་ཀྱང་ལྟར་སྣང་ཡོད། བརྒྱུད་པ་དགུ་ནས་གཅོད་ལོག་དར་ཏེ། མ་གཅིག་སྐྱེ་བ་སྔ་མ་རྒྱ་གར་པཎྜི་ཏར་སྐྱེས། མུ་སྟེགས་པ་ཐམས་ཅད་ནང་པ་ལ་བཙུད་དུས་མུ་སྟེགས་ཀྱི་གྲུབ་ཐོབ་པ་གཅིག་རི་རབ་ཀྱི་ཁོང་སེང་དུ་འཕུར་ཏེ་བྲོས་ནས། མ་གཅིག་གི་བསྟན་པ་ལ་གནོད་པར་སྨོན་ལམ་བཏབ་པའི་སྟོབས་ཀྱིས། སེར་གཟུགས་དོམ་ར་ཅན་དང་ནག་པོ་དགུ་ཕྲུག་ཅེས་བྱ་བ་རྐང་དུང་ར་ཁ་དང་ཁྱི་ལྤགས་གྱོན་པ་དང་། དུར་ཁྲོད་ཀྱི་རོ་ཟན་ལ་སོགས་གཅོད་ལོག་སྣ་ཚོགས་དར། དེའི་གཅོད་དང་གཅོད་ལོག་འདྲེས་ནས་ཁྲག་དང་འོ་མ་འདྲེས་པ་ལྟར་ཕྱེ་དཀའ་བའི་དུས་སུ། མ་གཅིག་ཤེས་རབ་གསལ་ལྡན་བྱ་བ་མ་གཅིག་གི་སྤྲུལ་པ་གཅིག་བྱུང་ནས་མཆིམས་ཕུ་ནས་གཅོད་རྣམས་གཏེར་ནས་བཏོན་པ་དང་། མ་གཅིག་གིས་ལུང་བསྟན་པ་ལྟར། ཁུ་སྒོམ་ཆོས་སེང་གེའི་སྐྱེ་བ། ཀུན་སྤང་བརྩོན་འགྲུས་སེང་གེ་བྱ་བ་བྱོན་ནས་གཅོད་ལོག་ཐམས་ཅད་ཚར་


CMR052_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། གཅོད་མང་པོ་གཏེར་ནས་བཏོན་ནས། གཅོད་ལོག་ཇེ་ཉུང་དུ་སོང་ནས། མ་གཅིག་གིས་ལུང་བསྟན་པ་ལྟར་གཅོད་ལོག་གི་སྒྲ་མི་གྲག་པར། མ་གཅིག་གི་གཅོད་རྣམ་པར་དག་པ་ཉི་མ་ཤར་བ་ལྟ་བུ། ལོ་ལྔ་བརྒྱ་དང་བདུན་ཅུ་རྩ་བདུན་འབྱུང་བར་གསུངས་པ་ནི། ད་ལྟ་ཡིན་པས་ད་ནི་གཅོད་ལོག་སྲིད་པ་ཙམ་ལས་མེད་དོ། །དེ་ཡང་སྟོང་ཉིད་སྙིང་རྗེའི་སྒོ་ནས་ལྷ་འདྲེ་དང་སེམས་ཅན་གྱི་དོན་བྱེད་པ་ནི། མ་གཅིག་ཆོས་ལུགས་ཡིན་ལ། ཟས་ནོར་འདོད་པའི་སྒོ་ནས་ཞེ་སྡང་དང་ང་རྒྱལ་བསྐྱེད་ནས་ཁྲག་ཐབས་སོགས་ལྷ་འདྲེ་ལ་ཐུབ་ཐུབ་བྱེད་ན་གཅོད་ལོག་ཡིན་པར་གསུངས་སོ། །དེ་ཡང་རྗེ་རང་བྱུང་བས་བོད་ཀྱི་རི་གཉན་ཕལ་ཆེར་ལ་གཉན་ཐོག་བཅད་པས་རི་ཕལ་ཆེར་རང་བྱུང་བའི་དགེ་བསྙེན་དུ་གྲགས་ཤིང་གཅོད་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པ་དང་། ཆོས་གྲགས་རྒྱ་མཚོ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག་རྣམས་ཀྱིས་ཀྱང་གཅོད་ཀྱི་བསྟན་པ་རྒྱས་པར་མཛད་ཅིང་། སྐྱབས་ལྕེ་གཅོད་སྒར་དང་ཟུར་མང་སོགས་སུ་གཅོད་ཤིན་ཏུ་དར་ཞིང་། རྗེ་བཙུན་ཀུན་དགའ་རྣམ་རྒྱལ་བས་ཀྱང་གཟི་ཕོ་དབད་དམ་ལ་


CMR052_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། གཅོད་ཀྱི་ཡིག་ཆ་མང་དུ་མཛད་ནས་བསྟན་པ་ལ་དུས་ཕྱིས་གཅོད་ཀྱི་བསྟན་པ་རྒྱ་ཆེར་གསལ་བར་མཛད། ཁྱད་པར་དུ་ཡང་རྗེ་མི་བསྐྱོད་ཞབས་ཀྱིས་མཛད་པའི་གཅོད་ཚིགས་བཅད་མ་འདི་དང་། དེའི་འགྲེལ་པ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ཟབ་མོ་འདི་ཉིད། སྒར་ཆེན་ཆོས་སྡེ་ཕལ་ཆེར་ཤིན་ཏུ་དར་སྲོལ་ཆེ་བར་བྱུང་ནས་དེང་སང་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་འདི་ཉིད་ལ། གཅོད་ལོག་གི་དྲི་མས་མ་གོས་ཤིང་། དེའི་གནད་ཀྱིས་གཅོད་ལོག་གི་རྗེས་སུ་འབྲང་བའི་འདྲེ་ངན་རྣམས་ཀཾ་ཚང་འདི་ལ་མེད་པ་ཡིན་ཞེས་གསུང་རྒྱུན་ཐོས་སོ། །ཞེས་པ་འདི་ནི་ཕུང་པོ་རྣམ་བཤད་ཆེན་མོ་དང་། མ་གཅིག་གི་རྣལ་འབྱོར་གླིང་བཞི་མ། དམ་ཚིག་ཉི་ཤུ་རྩ་གཅིག་གི་ལོ་རྒྱུས་དང་། ཟབ་ཆོས་དོན་གྱི་ལོ་རྒྱུས་དང་། རྒྱལ་བ་དོན་གྲུབ་ཀྱི་ལོ་རྒྱུས་དང་། གཅོད་གཏེར་མའི་ལོ་རྒྱུས་སོགས་གོ་བསྟུན་ནས། ཚིག་ཉུང་ཞིང་དོན་གསལ་བར་བཀོད་པ་སྟེ། ཀརྨ་ཆོས་འཕེལ་གྱིས་འདོད་དོན་ལྟར། དགེ་སློང་ཀརྨ་ཨ་རཱ་གས་སྦྱར་བའོ། །འདི་ལ་འགལ་འཁྲུལ་ཉེས་པ་གང་མཆིས་པ། །མ་གཅིག་མཁའ་འགྲོའི་ཚོགས་དང་བཅས་ལ་བཤགས། །


CMR052_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བྲིས་དགེ་བས་འདི་ཉིད་མཐོང་ཐོས་རྣམས། །མ་གཅིག་ལབ་ཀྱི་སྒྲོན་མས་རྗེས་བཟུང་སྟེ། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་གཉིས་ཐོབ་སྟེ། །ནམ་ཞིག་འཕོས་ཚེ་ནུབ་ཕྱོགས་བདེ་ཆེན་དུ། །མ་གཅིག་ཌཱཀིའི་ཚོགས་ཀྱིས་བསུ་བར་ཤོག །ཞིང་དེར་པདྨོ་མཆོག་ལ་བརྫུས་སྐྱེས་ནས། །ས་བཅུ་ཐོབ་ནས་སྤྲུལ་པ་གྲངས་མེད་ཀྱིས། །ནུབ་ཕྱོགས་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་རུ། །གསང་སྔགས་རྒྱལ་པོ་ཆོས་ལ་སྤྱོད་པར་ཤོག །གཅོད་ཀྱི་ལོ་རྒྱུས་བསྡུས་པ་རྫོགས་སོ། །མངྒ་ལཾ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགཅོད་ཀྱི་བྱུང་ཁུངས་བཤད་པ་གསལ་བའི་སྒྲོན་མེ།next