Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
གཅོད་ཀྱི་བདག་འཇུག་རྨི་ལམ་དག་སྣང་ལུང་བསྟན་མ།
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ཀྱི་བདག་འཇུག་རྨི་ལམ་དག་སྣང་ལུང་བསྟན་མ།next

གཅོད་ཀྱི་བདག་འཇུག་རྨི་ལམ་དག་སྣང་ལུང་བསྟན་མ།


CMR052_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

༼ཇ༽ གཅོད་ཀྱི་བདག་འཇུག་རྨི་ལམ་དག་སྣང་ལུང་བསྟན་མ་ཞེས་བྱ་བ་ཟབ་པའི་ཨུ་པ་དེ་ཤའོ། །


CMR052_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་ཌཀྐི་ཡེ། རྩ་བརྒྱུད་བླ་མ་ཡི་དམ་ཌཱཀྐིའི་ཚོགས། །སྙིང་ནས་གསོལ་འདེབས་བྱིན་རླབས་དངོས་གྲུབ་སྩོལ། །ས་པཎ་ལ་སོགས་མཁས་གྲུབ་མང་པོ་ཡིས། །རྨི་ལམ་ཆོས་ལུགས་ལ་སོགས་འཁྲུལ་གསུང་ཕྱིར། །རྨི་ལམ་ཆོས་ལ་བློ་གཏད་མེད་ན་ཡང་། །སྔོན་ནས་གཅོད་ལུགས་དབང་བསྐུར་ལེགས་ཐོབ་པས། །ཕྱིས་ནས་བདག་འཇུག་ལེན་པ་ཀུན་ལ་གྲགས། །དེ་ཕྱིར་འདི་བྲིས་ཉེས་པ་མེད་དམ་སེམས། །གཅོད་ཀྱི་ལུགས་ལ་བདག་འཇུག་ལེན་པའི་ཚུལ། །ཁྱད་པར་གསང་གཅོད་ལུགས་ལ་གསལ་བར་སྣང་། །དེ་ཕྱིར་རང་བཟོ་ཁོ་ན་མ་ཡིན་པས། །འདི་ཉིད་བྲི་ལ་མཁའ་འགྲོས་བཀའ་གནང་སྩོལ། །དེ་ཡང་བདག་དགེ་སློང་རཱ་ག་ཨ་སྱ་མཚམས་ཁུང་ན་ཡོད་སྐབས་རང་གི་བུ་ཆེན་མཐུ་བོ་བལ་པོ་རྟོགས་ལྡན་


CMR052_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ས་གཅིག་ཏུ་བོགས་འདོན་གཉན་ཐོག་གཅོད་དུ་འགྲོ་བར་ཆས་པ་ན། ཡོས་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྔ་དྲོའི་དུས། བདག་ལུས་ཙོག་པུ། ངག་རྡོ་རྗེའི་བཟླས་པ། ཡིད་བསྲེ་བའི་དམིགས་སྐོར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ངང་ནས། ཅུང་ཟད་རྣལ་དུ་སོང་བའི་རྨི་ལམ་དུ། གཞན་སུས་ཀྱང་གསུངས་པ་དང་བསླབ་པ་མ་ཡིན། རང་གི་ཆེད་དུ་བསྒོམ་པ་དང་། ཡིད་ཀྱི་སྤྲུལ་པ་དང་བསམ་པའང་མ་ཡིན་པར། གཅོད་དབང་བདག་འཇུག་ཟབ་མོ་སྔར་ཡིད་ལ་མེད་པ་གཅིག་ཡིད་ཡུལ་དུ་རང་ཤར་དུ་བྱུང་སྟེ། མདུན་གྱི་ནམ་མཁར་རྒྱལ་བ་རིགས་ལྔ་སེང་གེ་གླང་ཆེན་སོགས་སོ་སོའི་ཁྲི་ལ་བཞུགས་ཡོད་སྙམ་པ་བྱེད་ཅིང་། མིག་ཡུལ་དུའང་ཧ་ལམ་པ་སྐུ་མདོག་གསལ་ཙམ་པ་ལས། རང་གི་རྣམ་པར་ཤེས་པ་རིགས་ལྔ་དང་བསྲེས་


CMR052_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་དོན་རྒྱུད་ལ་སྐྱེས་པ་ཉམས་བྱེད་པ་གཅིག་བྱུང་། དེ་ལྟ་བུ་བཀའ་དང་འགལ་ལམ་མཐུན་བརྟག་པའི་ཕྱིར། གཅོད་དབང་གི་དཔེ་འགའ་ཞིག་དང་། མ་གཅིག་གི་གསུང་རྣམས་བསྡུར་བས་དེ་རྣམས་དང་རང་གིས་ཉམས་སྣང་དེ་དོན་ལ་མཐུན་པར་ཡང་འདུག་ལ། དེར་མ་ཟད་དབང་གི་བདག་འཇུག་ཀུན་ལ་གྲགས་ཆེ་ནས་སྤྲོས་མེད་ཏིང་ངེ་འཛིན་གཙོ་བོར་སྟོན་པས་བདག་འཇུག་འདི་དེའི་དགོང་མོ་ནས་བྲི་བར་བརྩམས་སོ།། ཕཊ། རང་གི་ལུས་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པར་གསལ་བའི། རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ། རྐང་མཐིལ་གཡོན་དུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་མ་གཅིག་ལབ་སྒྲོན་སྐུ་མདོག་སྣ་ཚོགས་སུ་འདུག་པ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་མ་གཅིག་སྐུ་མདོག་མཐིང་ཁ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་མ་གཅིག་སྐུ་མདོག་དམར་མོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་མ་གཅིག་སྐུ་མདོག་དཀར་མོ། བཞི་ཀའང་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཕྱག་གཡས་ཌ་མ་རུ་དང་གཡོན་དྲིལ་བུ་བསྣམས་པ། སྐུ་མདོག་དང་མཚུངས་པའི་དར་གྱི་རལ་ག་གསོལ་ནས་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་སྐུ་གར་ཐབས་སུ་ལིང་ངེ་བཞུགས་པ། །


CMR052_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྤྱི་བོའི་གཙུག་མདའ་གང་གི་ནམ་མཁར། རྩ་བའི་བླ་མ་དང་དབྱེར་མེད་པའི་སྤྲུལ་སྐུ་མ་གཅིག་ལབ་སྒྲོན་ལ་གཅོད་ཡུལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བསྐོར་བ། དེའི་སྟེང་གི་ནམ་མཁར་རིན་པོ་ཆེའི་ཁྲི། དབུས་སུ་སེང་གེ །ཤར་གླིང་ཆེན། ལྷོར་རྟ་མཆོག །ནུབ་རྨ་བྱ། བྱང་དུ་ཤང་ཤང་གི་ཁྲི་ལ། དབུས་སུ་སངས་རྒྱས་མཁའ་འགྲོ་དང་དབྱེར་མེད་པའི་ལོངས་སྐུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་རྡོ་རྗེ་མཁའ་འགྲོ་དང་དབྱེར་མེད་པའི་མི་བསྐྱོད་པ་སྔོན་པོ་ས་གནོན་དང་མཉམ་བཞག་ཅན། ལྷོར་རིན་ཆེན་མཁའ་འགྲོ་དང་དབྱེར་མེད་པའི་རིན་འབྱུང་སེར་པོ་མཆོག་སྦྱིན་མཉམ་བཞག་ཅན། ནུབ་ཏུ་པདྨ་མཁའ་འགྲོ་དང་དབྱེར་མེད་པའི་སྣང་མཐའ་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། བྱང་དུ་ལས་ཀྱི་མཁའ་འགྲོ་དང་དབྱེར་མེད་པའི་དོན་གྲུབ་ལྗང་གུ་མཆོག་སྦྱིན་མཉམ་བཞག་ཅན། དེའི་སྟེང་གི་ནམ་མཁར་པད་ཟླའི་གདན་ལ་ཆོས་སྐུ་ཡུམ་ཆེན་མོ་ཞལ་གཅིག་ཕྱག་བཞི་གསེར་མདོག་ཅན། ཕྱག་དང་པོས་ཆོས་འཆད་དང་མཉམ་བཞག །འོག་མིས་རྡོ་རྗེ་དང་པོ་ཏི་བསྣམས་པ་ལ། སྲས་ཕྱོགས་བཅུ་དུས་


CMR052_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྐོར་བ། ཡུམ་ཆེན་མོའི་ཐུགས་ཀར་ཨཱ༔ རིགས་ལྔའི་ཐུགས་ཀར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མ་གཅིག་རིགས་ལྔའི་ཐུགས་ཀར་ཐཾ་ཡིག་ཁ་དོག་ལྔས་མཚན་པ། དེ་ནས་མ་གཅིག་ལྔ་པོས་སྐུ་གར་ཐབས་ཁྱུག་ཁྱུག །ཕྱུག་ཌ་དྲིལ་ཁྲོལ་ཁྲོལ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག །གུ་རུ་དྷེ་ཝ་ཌཱཀྐི་ནི་ཕེ་ཕེ་ཨཱ་ར་ལི་ཧོ༔ ཛཿཧཱུྃ་བྃ་ཧོ༔ ཞེས་གསུངས་པ་ཙམ་གྱིས་འོག་མིན་གྱི་གནས་ནས་ཡེ་ཤེས་པ་བསྒོམ་པ་ལྟ་བུ་དཔག་ཏུ་མེད་པ་ཆར་ལྟར་དུ་བབས་ནས་རང་རང་སོ་སོ་ལ་ཐིམ་པར་བསྒོམ། གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་ལུས་ལོངས་སྤྱོད་ཐམས་ཅད་མཎྜལ་དུ་དམིགས་ལ་ཕུལ། སངས་རྒྱས་ཆོས་ཚོགས་མ་སོགས་སྐྱབས་སེམས་རྒྱས་བསྡུས་གང་རུང་ཞིག་བྱ། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ། །ཕྱོགས་བཅུ་དུས་གསུམ་རྒྱལ་བས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །གནས་འོག་མིན་འཐུག་པོ་བཀོད་པ་ན། །ལོངས་སྐུ་རྒྱལ་བ་རིགས་ལྔ་ལ། །བྱང་སེམས་ཌཱཀྐི་རྒྱ་མཚོས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་ལ་དབང་བསྐུར་བྱིན་


CMR052_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས། །གནས་དག་པ་མཁའ་སྤྱོད་ཞིང་ཁམས་ན། །སྤྲུལ་སྐུ་མ་གཅིག་ལབ་སྒྲོན་ལ། །གཅོད་ཡུལ་བརྒྱུད་པའི་བླ་མས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །དུག་ལྔ་རང་སར་དག་པར་བྱིན་གྱིས་རློབས། །གདོན་ལྔ་རང་སར་ཞི་བར་བྱིན་གྱིས་ལརློབས། །བདག་འཛིན་རྩད་ནས་ཆོད་པར་བྱིན་གྱིས་རློབས། །འགལ་རྐྱེན་གྲོགས་སུ་འཆར་བ་བྱིན་གྱིས་རློབས། །སྣང་སྲིད་སེམས་སུ་ཆོད་པར་བྱིན་གྱིས་རློབས། །ལྷ་འདྲེའི་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །ཕཊཿ ཕཊཿ ཅེས་སམ་བསྡུ་ན། ཡུམ་ཆེན་མོ་རྒྱལ་བ་རིགས་ལྔ་མ་གཅིག་བརྒྱུད་པའི་བླ་མ་དང་བཅས་པས་བདག་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཕཊཿ དཔྲལ་བའི་མ་གཅིག་དཀར་པོའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་བྱུང་བས་ལུས་གང་། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། །བསྐྱེད་རིམ་བསྒོམ་པ་ལ་དབང་ཞིང་འབྲས་བུ་སྤྲུལ་པའི་སྐུའི་བག་ཆགས་རྒྱུད་ལ་བཞག །ཕཊ་མགྲིན་པའི་མ་གཅིག་དམར་མོའི་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་བས་


CMR052_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐམས་ཅད་གང་། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། རྩ་རླུང་བསྒོམ་པར་དབང་ཞིང་ལོངས་སྐུའི་བག་ཆགས་རྒྱུད་ལ་བཞག །ཕཊཿ སྙིང་ཁའི་མ་གཅིག་མཐིང་ཁའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་བས་ལུས་གང་། སེམས་ཀྱི་སྒྲིབ་པ་དག །རྩ་ཐིག་རླུང་གསུམ་བསྒོམ་པར་དབང་། ཆོས་སྐུའི་བག་ཆགས་རྒྱུད་ལ་བཞག ། ཕཊཿ ལྟེ་བའི་མ་གཅིག་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་ལུས་གང་། ལུས་ངག་ཆ་སྙོམས་ཀྱི་སྒྲིབ་པ་དག །ཕྱག་ཆེན་པོ་བསྒོམ་པར་དབང་ཞིང་ངོ་བོ་ཉིད་སྐུའི་བག་ཆགས་རྒྱུད་ལ་བཞག །ཕཊཿ མ་གཅིག་བཞི་པོ་འོད་དུ་ཡལ་ཏེ་མི་དམིགས་པར་གྱུར། དལ་གཅིག་བཞག །དེ་ནས་སྤྱི་བོའི་མ་གཅིག་དང་སྐྱབས་གནས་རྣམས་ལ་མོས་གུས་དྲག་པོ་བྱས་ལ། ཡུམ་ཆེན་མོ་ཕྱོགས་བཅུའི་སངས་རྒྱས་དང་རྒྱལ་བ་རིགས་ལྔ་མ་གཅིག་བརྒྱུད་པའི་བླ་མ་དང་བཅས་པས་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་བཏབ་པས་མ་གཅིག་གི་ཞལ་ནས་བུ་མ་ཆགས་མ་ཞེན་པར་ཡར་ཤོག །བདག་གི་བླ་མེད་བྱང་ཆུབ་ལ་འགོད་པར་བྱའོ། །གསུངས་པ་དང་མཉམ་དུ་རང་གི་རྐང་མཐིལ་གྱི་ཐིག་ལེ་དཀར་དམར་གཉིས་དེ་ཡར་འཕར་ནས་གསང་


CMR052_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འདྲེས་པས་བྱ་མ་སར་གྱི་སྒོ་ང་ཙམ་དཀར་ལ་དམར་མདངས་ཅན། འཕར་ལྷབ་ལྷབ་བྱེད་པར་གྱུར། གསང་གནས་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་སྦ་ལྕག་ཙམ་སྤྱི་བོར་ཧད་པོར་ཡོད་པ་ལ་ཕཊཿ ལྟེ་བ་ཕཊཿ སྙིང་ཁ་ཕཊཿ མགྲིན་པ་ཕཊཿ སྤྱི་བོ་ཕཊཿ ཐིག་ལེ་སྤྱི་བོ་ནས་རྒྱངས་སེ་ཐོན་ཏེ་མ་གཅིག་གི་ཐུགས་ཀར་ཐིམ་པས། གཅོད་ཡུལ་བརྒྱུད་པའི་བླ་མ་ཐམས་ཅད་རྡོ་ཁབ་ལེན་ལ་ལྕགས་ཕྱེ་འདུས་པ་ལྟར་མ་གཅིག་ལ་ཐིམ་ནས་མ་གཅིག་གྲུབ་ཐོབ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར། ཕཊཿ མི་བསྐྱོད་པ་ཁྲི་དང་བཅས་པ་རང་ཉིད་མ་གཅིག་གི་དཔྲལ་བར་ཐིམ། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེས་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་རྣམ་པར་དག་ཅིང་རྣམ་ཤེས་ཕུང་པོ་གནས་འགྱུར། མེ་ལོང་ཡེ་ཤེས་རྒྱུད་ལ་སྐྱེས། ཕཊཿ རིན་འབྱུང་རྣ་ལྟག་གཡས་སུ་ཐིམ། རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་གྱི་དབང་ཐོབ་ང་རྒྱལ་དག །ཚོར་ཕུང་གནས་འགྱུར་མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེས། ཕཊཿ སྣང་མཐའ་ལྟག་པར་ཐིམ། པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེའི་དབང་ཐོབ་


CMR052_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དག །འདུ་ཤེས་གནས་འགྱུར་སོར་རྟོག་ཡེ་ཤེས་རྒྱུད་ལ་སྐྱེས། ཕཊཿ དོན་གྲུབ་རྣ་ལྟག་གཡོན་དུ་ཐིམ། ཀརྨ་ཨ་བྷི་ཥིཉྩ་ཨཱཿ དྲིལ་བུའི་དབང་ཐོབ་ཕྲག་དོག་དག །འདུ་བྱེད་གནས་འགྱུར་བྱ་གྲུབ་ཡེ་ཤེས་རྒྱུད་ལ་སྐྱེས། ཕཊཿ རྣམ་སྣང་སྤྱི་བོར་ཐིམ། བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ མིང་གི་དབང་ཐོབ་གཏི་མུག་དག །གཟུགས་ཕུང་གནས་འགྱུར་ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེས། ཕཊཿ ཡུམ་ཆེན་མོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འོད་དུ་ཞུ་ནས་སྤྱི་བོ་ནས་མར་ཐིམ་རང་ཉིད་མ་གཅིག་ཀྱང་འོད་དུ་ཞུ་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར། ནམ་མཁས་གར་ཁྱབ་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། །ཁྱབ་བརྡལ་ཆེན་པོའི་ངང་ལ་བཞག །སླར་ཡང་ལུས་སེམས་དབྱེར་མེད་ཡུམ་ཆེན་མོ་གསེར་མདོག་ཞལ་གཅིག་ཕྱག་བཞི་མའི་སྐུར་གྱུར། དེ་ནི་བོདག་འཇུག་དམིགས་རིམ་རྒྱས་པའོ། །བསྡུ་ན། ཕཊཿ མདུན་གྱི་ནམ་མཁར་མཁའ་འགྲོ་སྡེ་ལྔ་དང་དབྱེར་མེད་པའི་རྒྱལ་བ་རིགས་ལྔ་རང་རང་གི་ཁྲི་ལྔ་ལ་བཞུགས་པ། རྒྱན་ཆ་ལུགས་ཕྱག་རྒྱ་དང་བཅས་པ་གསལ་བར་གྱུར། ཕཊཿ རང་གི་རིག་པ་བྱ་མ་


CMR052_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སར་གྱི་སྒོ་ང་ཙམ་ཐིག་ལེ་འོད་དང་ལྡན་པ་དེ། དབུ་མའི་ལམ་ནས་རྒྱངས་སེ་ཐོན། མི་བསྐྱོད་པའི་ཐུགས་ཀར་ཐིམ་པས་འོད་དུ་ཞུ། ཐིག་ལེ་སྔོན་པོར་གྱུར་ནས་རིན་འབྱུང་ལ་ཐིམ། ཐིག་ལེ་སེར་པོར་གྱུར་ནས་འོད་དཔག་མེད་ལ་ཐིམ། ཐིག་ལེ་དམར་པོར་གྱུར་ནས་དོན་འགྲུབ་ལ་ཐིམ། དེ་ཐིག་ལེ་ལྗང་ཁུར་གྱུར་ནས་རྣམ་སྣང་ལ་ཐིམ། རྣམ་སྣང་འོད་དུ་ཡལ་བ་ནམ་མཁའ་དང་དབྱེར་མེད་དུ་གྱུར། ནམ་མཁས་གར་ཁྱབ་རིག་པས་ཁྱབ། ཕཊཿ ཕཊཿ ཕཊཿ ཅེས་བསྒོམས་པས་ཀྱང་བདག་འཇུག་གོ །དེ་ཡང་མ་གཅིག་གི་ཞལ་ནས། གཅོད་ཀྱི་ནམ་མཁའ་སྒོ་འབྱེད་དེ། །དབང་བསྐུར་བརྒྱ་ཡིས་དོ་ཟླ་མིན། །ཞེས་གསུངས་པ་དང་མཐུན་ནོ། །ཞེས་པ་འདི་ནི་ས་ག་ཟླ་བའི་བཅུ་དྲུག་ཉིན་ལ་རྫོགས་པར་བྲིས་པའོ། །འདི་བྲིས་ཉེས་པ་འགལ་འཁྲུལ་ཅི་མཆིས་པ། །ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །འདི་བྲིས་དགེ་བས་འདི་ལ་འབྲེལ་ཐོབ་རྣམས། །ཕུང་ལྔ་གནས་དག་དུག་ལྔ་གནས་འགྱུར་ནས། །རིགས་ལྔ་ཡབ་ཡུམ་གོ་འཕང་མྱུར་འགྲུབ་ཤོག །དེ་སྐད་རཱ་གའི་མིང་ཅན་དེས་བྲིས་སོ། །སརྦ་མངྒ་ལཾ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousགཅོད་ཀྱི་བདག་འཇུག་རྨི་ལམ་དག་སྣང་ལུང་བསྟན་མ།next