Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
རྨི་ལམ་ལུང་བསྟན་གྱི་བསྟབ་པ་ཚིགས་བཅད་འདོན་བདེ་བར་བཀོད་པ།
   
   
   
   
   
   
   
   
   
   
   
   


 
previousརྨི་ལམ་ལུང་བསྟན་གྱི་བསྟབ་པ་ཚིགས་བཅད་འདོན་བདེ་བར་བཀོད་པ།next

རྨི་ལམ་ལུང་བསྟན་གྱི་བསྟབ་པ་ཚིགས་བཅད་འདོན་བདེ་བར་བཀོད་པ།


CMR052_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༼ཐ༽ རྨི་ལམ་ལུང་བསྟན་གྱི་བསྟབ་པ་ཚིགས་བཅད་འདོན་བདེ་བར་བཀོད་པ་བཞུགས་སོ། །


CMR052_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། མཐོ་མི་མངོན་ནམ་མཁའི་དབྱིངས་རུམ་ན། །རང་དྲིན་ཐོབ་རྩ་བའི་བླ་མ་དང་། །དོན་དབྱེར་མེད་གྲུབ་ཆེན་མཁའ་སྤྱོད་པ། །སྐུ་རྡོ་རྗེ་འཆང་གི་ཆ་ལུགས་ལ། །འཁོར་གྲུབ་ཆེན་བརྒྱ་དང་བརྒྱད་ཅུ་སོགས། །ཕ་བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །གནས་དེ་འོག་དགུང་སྔོན་སྟེང་ཤེད་ན། །ལྷ་ཡི་དམ་བཅོམ་ལྡན་འཁོར་ལོ་སྡོམ། །གྲངས་རེ་གཉིས་དཔའ་བོ་ཌཱཀྐི་མ། །དཔལ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །གནས་བར་སྣང་གཡུ་ཡི་ལྡིང་ཁང་ན། །མགོན་མ་ཧཱ་ཀཱ་ལ་ཕྱག་བཞི་པ། །སྐུ་ལྔ་ཡི་མགོན་པོ་ཡབ་དང་ཡུམ། །


CMR052_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བྱང་སེམས་ཡུམ་གསུམ་མཁའ་འགྲོ་བརྒྱད། །ཡང་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་ནི་བྱེ་བོ་གནོད་སྦྱིན་ཁྲི། །དེ་ཐམས་ཅད་ཞལ་གདངས་མཆེ་བ་གཙིགས། །གནས་སྐུ་གསུམ་དག་པའི་ཞིང་ཁམས་ནས། །ལྷ་བསྒོམས་པ་ལྟ་བུ་དཔག་མེད་བྱོན། །དེ་ཐམས་ཅད་དམ་ཡེ་དབྱེར་མེད་ཐིམ། །སྐྱབས་དཀོན་མཆོག་ཀུན་འདུས་ངོ་བོ་ལ། །མི་བདག་གིས་སྐྱབས་ཞུ་བློ་སྙིང་གཏད། །མ་འགྲོ་དྲུག་སངས་རྒྱས་འཐོབ་བྱའི་ཕྱིར། །ལུས་ཤ་ཁྲག་ཚོགས་ཀྱི་མཆོད་པ་འབུལ། །མི་བདག་གི་ལུས་ཀྱི་སྲོག་ཤིང་ལ། །རྩ་དབུ་མ་ཕྱི་དཀར་ནང་


CMR052_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བ། །འོག་གསང་གནས་སྤྱི་བོར་ཐལ་ལེ་ཟུག །ནང་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན། །གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །རང་རྣམ་ཤེས་བླ་ཚེ་སྲོག་དང་དབུགས། །དཔལ་ཚེ་བསོད་འདུས་པའི་ཐིག་ལེ་ནི། །དེ་དཀར་དམར་མདངས་ལྡན་མཐེ་བོང་ཙམ། །ཕཊཿབརྗོད་པས་དབུ་མར་རྒྱངས་སེ་ཐོན། །གནས་སྤྱི་བོའི་ནམ་མཁར་ཕྱིན་ཙམ་གྱིས། །དེ་རྡོ་རྗེ་ཕག་མོའི་སྐུ་རུ་གྱུར། །ཕྱག་གྲི་གུག་བེམ་པོར་ཚད་ཙམ་གྱིས། །དེས་ཐོད་པ་རྒལ་གྱིས་འཕང་བ་དེ། །མདུན་རང་བྱུང་ཐོད་སྐྱེད་སྟེང་དུ་བཙུགས། །རྒྱ་སྟོང་གསུམ་འཇིག་རྟེན་བས་ཀྱང་ཆེ། །ཕྱག་གྲི་གུག་རྩེ་མོས་བེམ་པོ་བླངས། །དེ་བྷནྡའི་ནང་འཕང་རི་རབ་ཙམ། །རང་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས། །ལུས་གདོན་དང་ནད་འདྲེ་བཀུག་ལ་བསྟིམ། །ཕྱག་གྲི་གུག་ཚད་པས་ཤ་རུས་ཁྲག །དེ་སིལ་བུ་བྷནྡྷ་དམར་ལྟེམ་གང་། །འོག་ཐོད་སྐྱེད་བར་ནས་མེ་རླུང་གཡོས། །སྣོད་དྲོས་ཤིང་བཅུད་ཞུ་བདུད་རྩིའི་མཚོ། །བཅུད་རོ་བརྒྱ་ནུས་པ་སྟོང་ལྡན་དུ། །སྔགས་ཨོཾ་ཨཱ༔ཧཱུྃ་གིས་བྱིན་གྱིས་རློབས། །ཕཊ་ཕཊ་ཕཊ། རང་ཕག་མོའི་ཐུགས་ལས་སྤྲུལ་པ་ཡི། །མ་མཁའ་འགྲོ་


CMR052_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དམར་མོ་ལ། །དབུ་བྱ་རྒོད་ཁྱུང་དང་ཁྭ་ཏ་འུག །ཕག་ཁྱི་དང་སྤྱང་ཀི་སྟག་གདོང་མ། །ཕྱག་བྷནྡྷའི་སྐྱོགས་འཛིན་གྲངས་མེད་འཕྲོས། །དེས་བདུད་རྩིའི་རྒྱ་མཚོ་ནས་བཅུས་ཏེ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །ཕ་བླ་མ་གྲུབ་ཐོབ་རྒྱ་མཚོ་ལ། །ལུས་ཤ་ཁྲག་ཚོགས་ཀྱི་མཆོད་པ་འབུལ། །མི་བདག་གི་སྒྲིབ་བྱང་ཉམས་ཆག་བསྐང་། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །ཕཊ་ཕཊ་ཕཊ། གནས་བདེ་ཆེན་ལྷ་ལམ་ཡངས་པ་ན། །དཔལ་ཁྲག་འཐུང་བདེ་མཆོག་ཧེ་རུ་ཀ །བཀའ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །ཡུལ་ཉེར་བཞི་དཔའ་བོ་མཁའ་འགྲོ་ལ། །ལུས་ཤ་ཁྲག་ཚོགས་ཀྱི་མཆོད་པ་འབུལ། །མི་བདག་གི་ཚོགས་རྫོགས་སྡིག་སྒྲིབ་དག །མཆོག་ཐུན་མོང་དངོས་གྲུབ་ཚེ་འདིར་སྩོལ། །ཕཊ་ཕཊ་ཕཊ། གནས་སྤྲིན་ཕུང་འཁྲིགས་པའི་དུར་ཁྲོད་ནས། །མགོན་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་ནི་བྱེ་བ་གནོད་སྦྱིན་ཁྲི། །བཀའ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །ལུས་ཤ་ཁྲག་ལུས་གདོན་ནད་དང་བཅས། །འདི་ཞལ་དུ་བསྟབ་བོ་དགྱེས་པར་རོལ། །


CMR052_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་གྱི་རང་བཞིན་ཤ་ཁྲག་རུས། །དེ་ལྷག་མེད་དུ་བཞེས་ཤིག་ཁ་རཾ་ཁཱ་ཧི། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །ལུས་ནད་མེད་བདེ་བའི་དངོས་གྲུབ་སྩོལ། །ཕཊ་ཕཊ་ཕཊ། ལྷ་ཐམས་ཅད་འོད་ཞུ་བདག་ལ་ཐིམ། །དབང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། །རང་ཕག་མོ་ནམ་མཁའི་འཇའ་ལྟར་ཡལ། །དོན་སྐྱེ་མེད་ཆོས་སྐུ་རྒྱལ་བའི་ཡུམ། །གཟུགས་ཁ་དོག་མ་གྲུབ་སྟོང་པ་ཉིད། །སྨྲ་བསམས་ཀྱང་བརྗོད་དུ་མེད་པ་སྟེ། །དཔེ་ལྐུགས་པས་བུ་རམ་ཟོས་པ་བཞིན། །སེམས་འདི་བསྒོམ་གཏད་སོ་གཅིག་ཀྱང་མེད། །དཔེ་དུར་ཁྲོད་གནས་པའི་མི་རོ་བཞིན། །དེ་འདི་ཡིན་འདི་མིན་དངོས་པོ་མེད། །དཔེ་སྟོང་གསལ་ནམ་མཁའ་གཡའ་དག་བཞིན། །མིང་ཐ་མལ་ཤེས་པ་ཕྱག་རྒྱ་ཆེ། །ཕ་བཀའ་བརྒྱུད་བླ་མའི་ཐུགས་ཀྱི་བཅུད། །དེ་དྲན་རྫི་ས་ཡང་ཡང་གསལ་འདེབས་ན། །འདི་ཉམས་ལེན་སྐྱོང་ཞེས་མིང་དུ་བཏགས། །ཐོབ་དཀའ་ཞིང་འཕང་པའི་སྒྱུ་ལུས་འདི། །རྒྱུ་ཚོགས་ཀྱི་འཁོར་ལོ་ཕུལ་བའི་དགེས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །སེམས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ཅེས་པ་འདི་བདག་༧ རཱ་ག་ཨ་སྱ་མཚམས་ལ་འདུག་


CMR052_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སྔ་མོ་ཞིག་ལ་བརྟག་པ་ཞུ་མི་མང་པོ་བྱུང་སྐབས་སུ་དམིགས་པ་འདི་ལྟར་བྱས་ན་འཆི་ངེས་པའང་ལོ་བཅུ་གསུམ་ལ་ཚེ་བསྲིང་ཟེར་བ་རྨི་ལམ་དུ་ལུང་བསྟན་འདྲ་བ་ཞིག་བྱུང་ཡང་། རྨི་ལམ་ལ་ངེས་པ་མེད་ཀྱང་། དྲུང་མཁའ་སྤྱོད་པས་མཛད་པའི་ཕྱག་བཞི་པའི་ཚོགས་ཀྱི་བསྟབ་པའི་དམིགས་པ་ཡི་གེ་མེད་པའི་སྙན་བརྒྱུད་ཅིག་བདག་གི་སློབ་དཔོན་གྱི་བར་དུ་རྒྱུན་མ་ཆད་བར་ཡོད་པ་དེ་དང་དོན་གཅིག་པར་འདུག་པས། བརྗེད་ཐོ་རྩ་ཚིག་བྲིས། འདོན་ཆ་རྟེན་འབྲེལ་འགྲིགས་དུས་བྲི་བསམས་ནས་མ་བྲིས་པར་ཡུན་རིང་བ་ལ། མཁའ་སྤྱོད་པའི་རིགས་བརྒྱུད་ཨ་ནུ་འཚོ་མཛད་དྲག་ལུ་ནད་ཡུན་རིང་སྐབས་སུ། ཤོག་བུ་གཏད་ནས་ཁྱེད་རང་ལ་གསོལ་བ་འདེབས་རྒྱུ་གཅིག་བྲི་ཟེར་བས་རྟེན་འབྲེལ་འགྲིགས་སྙམ་ནས་འདོན་ཆ་ཚིགས་བཅད་དུ་ཕབ་ནས་བྲིས་པ་སྟེ། བདག་སོགས་རྩ་བའི་བླ་མ་སུ་ལ་འཛིན་པ་དེ་དང་། མཁའ་སྤྱོད་པ་དབྱེར་མེད་རྡོ་རྗེ་འཆང་དུ་བསྒོམས་ལ། སྐྱབས་སུ་འགྲོ་ལ་ལུས་ཚོགས་སུ་འབུལ་བའི་མཐར། དབང་བླངས་བས་བླ་མའི་རྣལ་འབྱོར་ཡང་ཚང་ལ། རང་དོན་གཞན་དོན་སུ་ལ་བསྒོམས་ཀྱང་ནད་གདོན་སེལ་བའི་མཆོག་ཡིན་ནོ། །ཚིག་བློ་ལ་མ་ཟིན་ན་དོན་བསྒོམས་ཀྱང་ཆོག༔ སྤྲོ་ན་མཚམས་ཐམས་ཅད་དུ་ཕཊསྒྲ་བྱ། གྲེ་ཁུངས་ནས་བརྗོད་ཀྱང་ཆོག །ཅེས་འབྲུག་ལོ་ཐ་སྐར་གྱི་ཡར་ཚེས་གཉིས་ལ་བཀོད་པའོ། །དགེའོ། །སརྦ་མངྒ་ལཾ།། །།


previousརྨི་ལམ་ལུང་བསྟན་གྱི་བསྟབ་པ་ཚིགས་བཅད་འདོན་བདེ་བར་བཀོད་པ།next