Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ།
   
   
   
   
   
   
   
   
   
   
   


 
previousམ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ།next

མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ།


CMR052_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ་བཞུགས་སོ།


CMR052_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཌཀྐི་ཡེ། གནས་སྤྱི་བོའི་གཙུག་གི་གྲུ་གང་པར། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ན། །རང་དད་པ་གར་ཡོད་བླ་མ་དང་། །དོན་དབྱེར་མེད་འཕགས་བཞི་བསྐྱེད་པའི་ཡུམ། །མ་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར། །དབུ་རལ་པ་སིལ་བུས་སྐུ་རྒྱབ་ནོན། །ཞལ་འཛུམ་མཛེས་སྤྱན་གསུམ་ནམ་མཁར་གཟིགས། །སྐུ་དར་དཀར་ཕོད་ཁ་རླུང་གིས་བསྐྱོད། །སྐུ་རྐེད་པར་དར་དམར་སྐེ་རགས་བཅིངས། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཐུགས་ཟླ་སྟེང་ཨ་ཡིག་སྔགས་ཀྱིས་


CMR052_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ། །དེ་འཁྲོལ་བའི་སྒྲ་ཡིས་སྟོང་གསུམ་གང་། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །སྲས་སངས་རྒྱས་བྱང་སེམས་གྲུབ་ཐོབ་ཚོགས། །དཔེ་ཤོག་སྐྱ་རླུང་གིས་བསྐྱོད་བཞིན་བྱོན། །དེ་ཐམས་ཅད་མ་གཅིག་སྐུ་ལ་ཐིམ། །ཕྱག་གཡོན་པས་དངུལ་དཀར་དྲིལ་བུ་དེ། །དེ་སིལ་སིལ་སྒྲ་ཡིས་ཕྱོགས་བཅུར་ཁྱབ། །གནས་ཉི་ཤུ་རྩ་བཞི་མཁའ་འགྲོའི་ཚོགས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་ཡུམ་གྱི་སྐུ་ལ་ཐིམ། །སྐྱབས་ཀུན་འདུས་མ་གཅིག་ལབ་སྒྲོན་ལ། །སྙིང་རུས་


CMR052_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏིང་ནས་གསོལ་བ་འདེབས། །ལུས་ཐོབ་དཀའི་དལ་འབྱོར་རིན་ཆེན་འདི། །བདག་སྙིང་པོ་ལོན་པར་བྱིན་གྱིས་རློབས། །དགྲ་འཆི་བདག་ནམ་འོང་ཆ་མེད་ལ། །བློ་འགྱོད་མེད་འགྲུབ་པར་བྱིན་གྱིས་རློབས། །ཁོང་ཆོས་ཀྱི་རྒྱལ་པོས་ཁྲིམས་ར་ན། །རང་ངོ་གནོང་མེད་པར་བྱིན་གྱིས་རློབས། །གནས་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག །དེ་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྐྱབས་མི་བསླུ་ངེས་པའི་དཀོན་མཆོག་ལ། །སེམས་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །མ་འགྲོ་དྲུག་ཕ་མ་དྲིན་ཆེན་ལ། །བྱམས་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །དོན་རང་སེམས་ཆོས་སྐུ་རྗེན་པ་ལ། །ད་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །མ་ལབ་ཀྱི་སྒྲོལ་མའི་སྐུ་གསུང་ཐུགས། །དཔེ་ཆུ་ལ་ཆུ་བཞག་ཅི་བཞིན་དུ། །དེ་བདག་དང་དབྱེར་མེད་གཅིག་གྱུར་ནས། །གང་འབྲེལ་ཚད་བདེ་ཆེན་འདྲེན་པར་ཤོག །བདག་དེ་ལྟར་གསོལ་བ་བཏབ་པའི་མཐུས། །མ་ཡུམ་ཆེན་འོད་ཞུ་བདག་ལ་ཐིམ། །དོན་རང་སེམས་སྤྲོས་མེད་རྗེན་པར་བུད། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་བལྟས་པས་མི་མཐོང་དངོས་པོ་མེད། །ཆོས་སྟོང་པ་ཉིད་དེ་རང་གི་


CMR052_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །སེམས་མེད་པ་མ་ཡིན་ཅི་ཡང་འཆར། །ཆོས་རང་རིག་ཡེ་ཤེས་རང་གི་སེམས། །སེམས་བདེ་ན་བདེ་བའི་ངོ་བོ་ལྟོས། །ཆོས་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་གསལ་ན་གསལ་བའི་ངོ་བོ་ལྟོས། །ཆོས་གསལ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྟོང་ན་སྟོང་པའི་ངོ་བོ་ལྟོས། །ཆོས་མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན། །ཚུར་བལྟས་པས་མཐོང་རྒྱུ་ཅི་ཡང་མེད། །ཆོས་ཐ་མལ་ཤེས་པ་རྗེན་པ་ཡིན།་།ཕར་བལྟས་ན་ཐམས་ཅད་འཇའ་ཚོན་བཞིན། །གཟུགས་སོ་སོར་གསལ་ཡང་ངོ་བོ་སྟོང་། །ཆོས་སྣང་སྲིད་སྒྱུ་མ་རང་ཤར་ཡིན། །སེམས་དུག་ལྔའི་རྟོགས་པ་ཅི་ཡང་ཤར། །དེ་རང་ངོ་བལྟས་པས་རང་སར་ཞི། །ཆོས་དུག་ལྔ་རང་གྲོལ་གདམས་ངག་ཡིན། །སེམས་སྐྱིད་སྡུག་ཚོ་སྣང་བ་ཅི་ཤར་ཡང་། །དེ་རང་ངོ་བལྟས་པས་རང་སར་གྲོལ། །ཆོས་རོ་སྙོམས་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྐྲག་སྔངས་རྣམ་རྟོག་ཅི་ཤར་ཡང་། །དེ་རང་ངོ་བལྟས་པས་སྟོང་པར་ཡལ། །ཆོས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྡུག་བསྔལ་སྣང་བ་ཅི་ཡང་ཤར། །དེ་རང་ངོ་བལྟས་པས་རང་སར་ཞི། །དེ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡིན།


CMR052_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡོད་མེད་རྟག་ཆད་ཀུན་དང་བྲལ། །དེ་དམ་ཆོས་དབུ་མ་ཆེན་པོ་ཡིན། །དོན་སེམས་ལ་མ་རྫོགས་ཆོས་གཅིག་མེད། །དེ་དམ་ཆོས་རྫོགས་པ་ཆེན་པོ་ཡིན། །ཡར་རྒྱལ་བའི་ཐུགས་དང་རང་གི་སེམས། །མ་འགྲོ་དྲུག་སེམས་རྣམས་ངོ་བོ་གཅིག །དེ་ལྟ་བ་འཁོར་འདས་དབྱེར་མེད་ཡིན། །སེམས་འདི་བསྒོམ་གཏད་སོ་མེད་པར་ཞོག །དེ་ཐ་མལ་ཤེས་པ་རྗེན་པ་ཡིན། །སེམས་བལྟ་བྱ་ལྟ་བྱེད་མེད་པར་ཞོག །ཆོས་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡིན། །ཆོས་ལྟ་བ་སྤྱོད་པ་མི་བསླད་པ། །རང་སྡོམ་གསུམ་མིག་འབྲས་ལྟ་བུར་སྲུང་། །ད་བཀའ་ཕྱག་ཆུ་བོ་གཉིས་འདྲེས་འདི། །དོན་རང་སེམས་བརྟན་པ་ཐོབ་པ་ཡིན། །དེ་འབྲས་བུ་མིང་དུ་བཏགས་པ་ཡིན། །ཆོས་གསང་སྔགས་ལུགས་ཀྱི་འབྲས་བུ་ཡིན། །འཕྲལ་གང་དྲན་ཡི་གེར་བྲིས་པ་འདི། །ཚེས་བཅུ་གསུམ་མར་མེའི་ངོག་ལ་བྲིས། །ཁྱེད་རྩེ་གཅིག་སྒྲུབ་པའི་སྙིང་རུས་ཅན། །མ་ལབ་སྒྲོན་བརྒྱུད་འཛིན་ཇོ་མོ་དེས། །མི་ང་ལ་དད་རྟེན་བསྐུར་ཟེར་བ། །ཚིག་འདི་ལ་དད་རྟེན་ཐུགས་དམ་མཛོད། །ཅེས་པ་ཡོར་སྟོད་ཆོས་རའི་སྒར་ན་དགེ་སློང་རཱ་ག་ཨ་སྱས་ཤོག་གུར་ཕུག་གི་ཇོ་མོ་ལ་སྤྲིང་བ་མངྒ་ལཾ། དགེའོ།།


previousམ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ།next