Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
གཅོད་ལུགས་ཕུན་སུམ་ཚོགས་པའི་མེ་མཆོད་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousགཅོད་ལུགས་ཕུན་སུམ་ཚོགས་པའི་མེ་མཆོད་བལྟས་ཆོག་ཏུ་བཀོད་པ།next

གཅོད་ལུགས་ཕུན་སུམ་ཚོགས་པའི་མེ་མཆོད་བལྟས་ཆོག་ཏུ་བཀོད་པ།


CMR053_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༼ཝ༽ གཅོད་ལུགས་ཕུན་སུམ་ཚོགས་པའི་མེ་མཆོད་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །


CMR053_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། ཡུམ་ཆེན་ཌཱ་ཀིའི་ཚོགས་ལ་ཕྱག་འཚལ་ནས། །གཅོད་ཀྱི་མེ་མཆོད་སྤྱི་དྲིལ་བསྡུས་པ་བྲི། །ཆོས་བདག་ཊཱཀིས་བཀའ་ཡི་གནང་བ་སྩོལ། །དེ་ཡང་ཤི་སྒབ་གཅོད་དམ། གོད་ཁ་གཅོད་དམ། ནད་པ་གདོན་ཆེན་འདུལ་ལམ། དམེ་གས་བཙོག་ནལ་སོགས་ཁྱིམ་གཙང་མར་བྱེད་དམ། གཉའ་བ་བཅིངས་སོགས་ཁྱིམ་འདྲེ་ཅན་གྱི་གདོན་ཕུད་དམ། བདེ་རིམ་ལ་ཡང་རྐྱེན་ཁ་ཆེན་པོ་སེལ་ལམ། གང་ལ་ཡང་རུང་ངོ་། །ལོ་ལེགས་པ། ཕྱུགས་སྒབ་འཕེལ་བ་ལ་ཡང་ཟབ་སྟེ། འབྲུ་སྣ་རྣམས་གཙོ་གང་ཆེ་མང་དུ་འབུལ་བའོ། །གཅོད་ལུགས་ཡིན་པས་ཚེས་གྲངས་ཐེབ་ལྡོག་བརྩི་མི་དགོས། ཁ་རྒྱུ་ཕྱོགས་ལྔ་སེར་དང་མཁའ་འགྲོ་གཟའི་རྒྱུ་ལྡོག་བརྩི་མི་དགོས་སོ། །འདི་གཅོད་ཚོགས་ཞག་མང་བྱས་རྗེས་


CMR053_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་བཟང་། ཞག་རེ་གཅོད་ཚོགས་བྱེད་ཞོར་ཡང་རུང་སྟེ། འདི་ལ་ཞི་རྒྱས་དབང་དྲག་རིགས་མང་ན་ཡང་། འདི་དྲག་པོ་གཙོ་ཆེ་བའི་ངོས་ནས་ལས་བཞི་ཀ་སྒྲུབ་པ་ཕུན་སུམ་ཚོགས་པའི་མེ་མཆོད་ཡིན་ཏེ། དཀྱིལ་འཁོར་རྒྱས་པ་བྲི་ན་ས་སྟེགས་ཟླུམ་པོ་ཕུབ་ཆེ་ཤོས་ཙམ་བཅག །བསྡུས་པ་བྱེད་ན་ས་སྟེགས་གྲུ་གསུམ་མདའ་ཚད་བས་མི་ཆུང་བ་གཅིག་བཅག །ཤིན་ཏུ་འཇམ་པ་དབུས་ཅུང་ཙམ་འབུར་ཞད་ཡོད་པར་བྱ། དེ་ལ་སོལ་ཕྱེ་བཏབ་ལ་ནག་པོ་བྱ། ཡང་ན་ཐལ་དཀར་བཏབ་ལ་བྱུག་གོ །དེ་ནས་ས་སྟེགས་སྟེང་དུ་ཐེབ་ཙེར་དཀར་གཏོར་གཅིག་བཤམས་ལ། ཕཊཿ རང་གི་སྙིང་གར་རྣམ་ཤེས་ཚེ་བསོད་ཀྱི། །ངོ་བོ་ཕག་མོ་མཐིང་ནག་ཚོན་གང་ཙམ། །དབུ་མའི་ལམ་ནས་ཚངས་པའི་བུ་གར་


CMR053_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན། །སྐུ་ལུས་ཆེར་སྐྱེས་ཁྲོས་མ་རི་རབ་ཙམ། །ས་བདག་ལྷ་འདྲེ་ཟིལ་གྱིས་ནོན་པར་གྱུར། །བསྲུང་བྱ་རྣམས་ཀྱི་རྣམ་པར་ཤེས་པ་ཡང་། །འོད་ཀྱི་ཐིག་ལེ་དབུ་མའི་ལམ་ནས་བརྒྱུད། །རྒྱངས་སེ་ཐོན་ཏེ་བདག་གི་ཐུགས་ཀར་ཐིམ། །བདག་དང་བསྲུང་བྱ་རྣམས་ཀྱི་བེམ་པོ་དང་། །དབྱེར་མེད་དཀར་གསུམ་བདུད་རྩིའི་རྒྱ་མཚོ་ཡིས། །ས་ཕྱོགས་ཐམས་ཅད་མེར་གྱིས་གང་བར་གྱུར། །ཕཊ། འོ་འོ། མཐོ་སྲིད་རྩེ་ནས་མནར་མེད་ཡན་ཆོད་ཀྱི། །ལོ་ཟླ་ཞག་དུས་ཕྱོགས་མཚམས་རྒྱུ་བ་ཡི། །གཟའ་ཆེན་བརྒྱད་དང་། རྣལ་འབྱོར་མ་བརྒྱད་དང་། །བིབྷི་བ་དན་ཁྲ་བོ་ཧལ་ཁྱི་དང་། །ས་གཞི་ཁྱབ་པའི་ས་བདག་ལྟོ་འཕྱེ་དང་། །ས་འཛིན་ལག་པ་ལྷ་མོ་བརྟན་མ་དང་། །ལོ་ཟླ་ཞག་ལ་རྒྱུ་བའི་ལྔ་སེར་དང་། །ཁྱད་པར་ས་ཆ་ཡུལ་རིས་འདིར་གནས་པའི། །ས་བདག་ཀླུ་གཉན་ཀོ་ལོང་བསྡམས་པ་ཀུན། །ས་གླུད་བེམ་པོ་བདུད་རྩིའི་རྒྱ་མཚོ་དང་། །དབྱེར་མེད་དཀར་གསུམ་གཏོར་མ་འདི་བཞེས་ལ། །བདག་གིས་མེ་མཆོད་བསྲེག་བླུགས་བྱེད་པ་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་བྱེད་ཅིག །ས་འདི་གཡོར་ལ་ཁྱེད་རྣམས་གཞན་དུ་གཟུར། །


CMR053_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མི་གཟུར་ཁྱེད་ཅག་ཐམས་ཅད་ལ། །ཕོག་ཐུག་ཐབ་གཞོབ་གནོད་འཚེ་བྱུང་བ་ན། །བདག་ནི་མ་ལེན་ལུས་གདོན་གནོད་བྱེད་ལན། །ཀོ་ལོང་རུ་ང་གནོད་བྱེད་བགེགས་ལ་མཛོད། །ཡེ་ཤེས་མཁའ་འགྲོའི་བཀའ་ལས་མ་འདའ་བར། །དོ་ནུབ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཨོཾ་སརྦ་ལོ་ཀ་པཱ་ལ་པྲ་བི་དེ་ཝི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཙྩ་གཙྪ། ། ཕཊ། ཕཊ། ཅེས་གཏོར་མ་ཕྱི་རོལ་དུ་ཕུལ་ལོ། །དེ་ནས་ཐིག་སྐུད་དང་ཚོན་སྣ་ལྔ་མདུན་དུ་བཤམས་ལ། ཕཊཿ ཐིག་དང་ཚོན་རྣམས་སྐད་ཅིག་དྲན་རྫོགས་ལ། །མ་གཅིག་མཁའ་འགྲོ་སྡེ་ལྔའི་སྐུར་གྱུར་ཏེ། །འོག་མིན་གནས་ནས་ཡེ་ཤེས་ལྔ་པོ་ཡང་། །འཇའ་ཚོན་ཚུལ་དུ་མཁའ་འགྲོ་ལྔ་ལ་ཐིམ། །མཁའ་འགྲོ་ལྔ་པོ་འོད་དུ་ཞུ་བ་ལས། །ཐིག་དང་ཚོན་རིགས་ཁ་དོག་ལྔ་རུ་གྱུར། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཕཊ། ཕཊ། ཕཊ། ཕཊ། ཕཊ། དེ་ནས་ཐིག་ཆེན་བརྒྱད་དང་ཟུར་ཐིག་བཞི་གདབ་བོ། །རྒྱས་པར་བྲི་ན་དབུས་སུ་པདྨ་འདབ་བཞི་ཕྱོགས་མཚམས་ལ་ཚོན་སྤུང་ངམ་གྲི་གུག་རིགས་ལྔ་སོ་སོའི་ཕྱག་མཚན་གྱིས་མཚན་པ། དེ་རྒྱབ་ཆོས་འབྱུང་སྔོན་པོ་ཟུར་དྲུག་རེ་ཁ་དཀར་པོ། དེ་རྒྱབ་ཟླ་གམ་དམར་པོ། དེ་རྒྱབ་ཟླུམ་པོ་དཀར་པོ། དེ་


CMR053_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་གྲུ་བཞི་སེར་པོ། དེ་རྒྱབ་གྲུ་གསུམ་ནག་པོ། རེ་རེ་ལ་ཁ་ཁྱེར་སོར་བཞི་ལ་སོ་སོའི་ཕྱག་མཚན། དེ་རྒྱབ་དུར་ཁྲོད་བརྒྱད་བྲི་སྟེ་དཔེའུ་རིས་ལྟར་རོ། །བསྡུས་པ་བྱེད་ན་ཆོས་འབྱུང་ཟུར་དྲུག་གི་དབུས་སུ་པདྨ་འདབ་བཞི་ཕྱོགས་མདོག་བྲིས་པས་ཆོག་གོ །དེའི་སྟེང་དུ་ཤིང་གང་རྙེད་ཟུར་དྲུག་ཏུ་བརྩི་གས། མེ་ཚང་བཅས་ལ། ཡོད་ན་མདའ་དར་ཕྱོགས་མདོག་ལྔ་བཙུགས། མེད་ན་གང་རྙེད་གཅིག་བཙུགས། རང་ཁང་པ་དེ་ལ་ས་དགྲ་ཡོད་ན་དེར་ཁ་རྒྱུ། ཡང་ན་གནོད་པའི་ལྷ་འདྲེ་ཡོད་ཕྱོགས་སུ་ཁ་གྱུ། རང་གི་གཡས་ཕྱོགས་སུ་གཞི་དཀར་པོའི་སྟེང་དུ་ཁྲོས་མ་མེ་ལྷའི་གཏོར་མ་ཆེ་བ་གཅིག །འཇིག་རྟེན་མེ་ལྷའི་གཏོར་མ་ཆུང་བ་གཅིག །གཉིས་ཀ་ཟུར་གསུམ་ཤ་དང་མར་རྒྱན་ལེགས་པ། མཆོད་པ་རྣམ་ལྔ་ནང་མཆོད་བཤམས། གཡོན་དུ་གཞི་ནག་པོ་ལ་སྐྱེར་པའམ་འོམ་བུ་སིལ་ཤིང་སེ་བ་ཤིང་གང་རྙེད་ལ་ཡམ་ཤིང་སོར་བརྒྱད་པ་བརྒྱ་དང་བརྒྱད། ལིངྒ་པར་བཏབ་པ་ཆུང་ངུ་བརྒྱ་དང་བརྒྱད། དེ་རེ་རེ་ལ་ཤ་དུམ་རླན། ཁྲག་ཐིགས་བྱུག་པ། ཡུངས་དཀར། སྲན་མ། ནས་རྣམས་བཤམ། རང་མདུན་དུ་མར་ཁུའི་སྣོད་དང་དགང་གཟར་རྡོར་དྲིལ་བཞག །སྣོད་ཀ་ཊོ་རའམ་བཙོ་མ་གཞོང་པ་སོགས་སུ་མེ་ཧོམ་གྱི་ཕྱོགས་བཞིར་མཆོད་པ་བཞི་བཤམས་ཏེ། དེ་དང་མཉམ་དུ་རིགས་བཞིའི་མཁའ་འགྲོའི་གཏོར་མ་ཡང་བཤམས་ཏེ། ཤར་དུ་གཏོར་མ་ཟླུམ་པོ་དང་། ཏིལ་དང་། གྲོ་དང་། སྨན་སྣ་ཚོགས་བཤམས། ལྷོར་གཏོར་མ་གྲུ་བཞི་དང་། འབྲས་དང་། སོ་བ་དང་། ཞོ་ཟན་ལ་ཟས་སྣ་


CMR053_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བཏབ་པ་དང་དྲུར་ཝ་བཤམས། ནུབ་ཏུ་གཏོར་མ་སྟོད་ཟུར་གཉིས་པ་ཅན་དང་། སྲན་མ་དང་། ནས་དང་། མེ་ཏོག་སྣ་ཚོགས་བཤམས། བྱང་དུ་གཏོར་མ་ཟུར་གསུམ་དང་། ཀུ་ཤ་དང་། ཤིང་ཐོག་སྣ་ཚོགས། ཆུར་བ་དང་གྲོ་མ་བསྲེས་པ་མངར་གསུམ། ཇ་ཕུད་རྣམས་བཤམས། ཡོད་ན་དར་རམ་རས་ཀྱི་དུམ་བུའམ་ཕྲུག་ལ་བ་གཙང་མའི་དུམ་བུ་རྣམས་བཤམས། དེ་ནས་རང་གདན་ལ་འདུག །མ་རལ་དབུ་རྒྱན་གྱོན། ལིངྒ་རྒྱས་པར་ན་ཤོག་ལིང་གཏུབ་རྒྱུ་ཆེ་གཅིག་དང་ཟན་ལིང་བརྒྱ་རྩ་བརྒྱད། འབྲིང་ཤོག་ལིང་མེད་ཀྱང་ཆོག །ཐ་ན་ལིང་ཆུང་གིས་པར་མེད་ན་ཟན་ལིང་ཆེན་པོ་གཅིག་བྱོས་ལ་གཏུབ་ཆོག་སྟེ། དང་པོ་ལིངྒ་རྣམས་ལ་ཁྲག་གམ་ཕུད་རྒོད་ཀྱིས་བྲན་ལ། ཕཊ། སྐད་ཅིག་གིས་རང་ཉིད་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་ཁཊཾ་ག་ལ་འཁྱུད་ནས་གར་བྱེད་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་ཞིང་མེ་དཔུང་འབར་བའི་སྐུར་གྱུར། ན་མོ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་ཁྲོས་མ་ནག་མོ་ལྷ་ལྔའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མའི་སྐུ་ལ་བསྡོ་བ། ཁྱད་


CMR053_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས། ལུས་གདོན་ནད་འདྲེ་གཅོང་སྲི། རྒྱལ་བསེན་དམ་སྲི། འགོང་པོ་བསེ་རག །གོད་འདྲེ་གོད་སྲི། ཟ་འདྲེ་ཤི་གཤེད། བཀའ་དང་དམ་ལ་མི་གནས་པ། འགྱུ་ལོག་འཕར་ལྡང་མགོ་གཡོགས་མགོ་བསྐོར་བྱེད་པ་གང་ཡིན་པའི་བླ་སྲོག་རྣམ་པར་ཤེས་པ་སྐད་ཅིག་རང་དབང་མེད་པར་གཟུགས་ལིང་འདི་ལ་ཁུག་ཅིག །ཨ་ཧ་རི་ནི་ས་གནོད་བྱེད་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གནྡྷེ་ཧོཿ ཏཱི་ཛཿཧཱུྃ་བཾ་ཧོཿ ཕཊ་ཕཊཿ ཅེས་ལན་གསུམ་མམ་བདུན་བཀུག་ནས། གྲི་གུག་ཡོད་དམ་མེད་ན་གྲི་གྲི་གུག་གི་ཚུལ་དུ་བཟུང་ནས། ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །ཕག་ཞལ་སྲིད་གསུམ་རྩེ་ནས་བལྟ། །ཕག་སྐད་ངུར་སྒྲ་དི་རི་རི། །ཞལ་ནི་གཟུགས་མེད་ཁམས་ཡར་བགྲད། །ཧཱུྃ་དང་ཕཊ་སྒྲ་འུ་རུ་རུ། །སྐུ་སྟོད་གཟུགས་ཁམས་གནས་སུ་སླེབ། །སྟེང་གི་ལྷ་ཁམས་ཟིལ་གྱིས་ནོན། །སྐེད་པ་འདོད་ཁམས་གནས་སུ་འགྱིང་། །བར་གྱི་སྡེ་བརྒྱད་དབང་དུ་སྡུད། །ཞབས་གཉིས་དམྱལ་ཁམས་བཅོ་བརྒྱད་མནན། །ངན་སོང་གསུམ་པོ་རྡོག་པས་


CMR053_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནོན། །ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བཅུག །དཔའ་བོ་ཕོ་ཚོགས་དབང་དུ་སྡུད། །ཐོད་ཁྲག་འབར་བ་གཡོན་ན་བསྣམས། །མ་མོ་མཁའ་འགྲོ་དབང་དུ་སྡུད། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །དུར་ཁྲོད་མཁའ་འགྲོ་ལས་ལ་འགྱེད། །ཕྱག་གཡས་གྲི་གུག་འབར་བ་ཕྱར། །ཡར་རྩེ་རྡོ་རྗེ་རྩེ་ལྔ་ནི། །དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ། །ཆང་ཟུང་ཟླུམ་པོ་ཆོས་ཀྱི་དབྱིངས། །འཁོར་བ་མྱང་འདས་གནས་སུ་སྒྲོལ། །མར་རྩེ་གནམ་ལྕགས་གདུག་པའི་མཚོན། །བཀའ་འདས་དམ་ཉམས་སྲོག་རྩ་གཅོད། །ཕྱུར་བ་ཙམ་གྱིས་ཁམས་གསུམ་སྒྲོལ། །བཏབ་ན་ལྷ་ཡང་རླག་པར་བྱེད། །གནོད་བྱེད་བགེགས་ལ་སྨོས་ཅི་དགོས། །འབྱུང་པོ་ཕོ་གཏུབ་གཡས་སུ་གཏུབས། །འབྱུང་པོ་མོ་གཏུབ་གཡོན་དུ་གཏུབས། །གནོད་བྱེད་དགྲ་བགེགས་སྙིང་དཀྱིལ་གཏུབས། །རྐང་པ་གཡོན་པའི་སེན་རྩེ་ནས། །སྤྱི་གཙུག་སྐུ་ཡི་རྩེ་མོའི་བར། །ཏིལ་ཙམ་དུ་ནི་གཏུབ་པར་མཛོད། །མཱ་ར་ཡ་ཡི་དུས་ལ་བབས། །ཨ་ཧ་རི་ནི་ས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཀྱི་ལུས་མཱ་ར་ཡ་ཕཊཿ ངག་མཱ་ར་ཡ་ཕཊཿ ཡིད་མཱ་ར་ཡ་ཕཊ། སྟོབས་དང་ནུས་


CMR053_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཱ་ར་ཡ་ཕཊ། བླ་སྲོག་རྣམ་པར་ཤེས་པ་མཱ་ར་ཡ་ཕཊ་ཕཊ། རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་ཕཊ་ཕཊ་ཕཊཿ ཅེས་ལིང་ཆུང་གཏུབ་ཚུལ་བྱ། ཤོག་ལིང་ཡོད་ན་གཏུབ། ཟན་ལིང་ཡིན་ན་བརྒྱ་དང་བརྒྱད་ཙམ་དུ་གཏུབ་ལ་ཤ་དུམ་བརླན། ཁྲག་ཐིགས་བྱུགས་ལ་སྣོད་གཅིག་ཏུ་བཞག་པ་དང་། བསྲེག་རྫས་ཐམས་ཅད་ནང་མཆོད་ཀྱིས་བྲན་ལ། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་རྣམས་དང་། ཤར་དུ་དངུལ་གཞོང་དུ་ཞི་བའི་བསྲེག་རྫས་སྣ་ཚོགས། ལྷོར་གསེར་གཞོང་དུ་རྒྱས་པའི་བསྲེག་རྫས་སྣ་ཚོགས། ནུབ་ཏུ་ཟངས་གཞོང་དུ་དབང་གི་བསྲེག་རྫས་སྣ་ཚོགས། བྱང་དུ་ལྕགས་གཞོང་དུ་དྲག་པོའི་བསྲེག་རྫས་སྣ་ཚོགས། །ཐམས་ཅད་དངས་ཤིང་ཐོགས་པ་མེད་པ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། ལས་སོ་སོ་བསྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཕཊ་ཕཊ་ཕཊཿ རྡོར་དྲིལ་དང་བཅས་དགང་གཟར་བླུགས་ཁ་སྦྱར་བའམ་མེད་ན་དགང་གཟར་ཁ་སྦྱར་བའི་ཕྱག་རྒྱས་རེག་ཅིང་། ཨོཾ་ཨཱཿཧཱུྃ། ཨོཾ་ཋཿཋཿཋཿཋཿཋཿཋཿཋཿ ཞེས་ཐམས་ཅད་ལ་རེག །ཨོཾ་སྭཱ་ཧཱ། ཞེས་ཐམས་ཅད་ལ་རེག་པས་བཀྲུས་པས་བསམ། ཨོཾ་ཤྲཱིཾ་སྭཱ་ཧཱ།


CMR053_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཡམ་ཤིང་ལ་རེག །ཨོཾ་ཨཱཿསྭཱ་ཧཱ། ཞེས་མར་ཁུ་ལ་རེག །ཨོཾ་ཛྲིཾ་སྭཱ་ཧཱ། ཞེས་འབྲུ་ཐམས་ཅད་ལ་རེག །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །ཞེས་རྫས་ཐམས་ཅད་ལ་རེག་གོ །དེ་ནས་ཌཱ་དྲིལ་དང་བཅས་ཐབ་ལ་བསྐོར་ནས་འཆམ་སྟབས་བྱ་ཞིང་། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཡོངས་ཀྱི་རྒྱུད་གྲོལ་མ། །མ་མི་མངོན་དབྱིངས་ནས་འདིར་གཤེགས་ལ། །ས་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨུ་རྒྱན་ཡུལ་གྱི་ཤར་ཕྱོགས་ན། །གཏུམ་དྲག་ཅན་གྱི་དུར་ཁྲོད་དེ། །ཞི་བའི་མེ་མཆོད་ས་གཞི་ཡིན། །རང་བྱུང་མེ་ཆེན་དེ་ན་འབར། །རྡོ་རྗེ་མཁའ་འགྲོ་དེ་ན་འདུ། །དོ་ནུབ་མེ་མཆོད་ས་གཞི་འདི། །གཏུམ་དྲག་གནས་སུ་བྱིན་གྱིས་རློབས། །ས་འདི་ལ་ཕྲག་དོག་མ་བྱེད་ཅིག །ཨུ་རྒྱན་ཡུལ་གྱི་ལྷོ་ཕྱོགས་ན། །གད་རྒྱངས་སྒྲོགས་པའི་དུར་ཁྲོད་དེ། །རྒྱས་པའི་མེ་མཆོད་ས་གཞི་ཡིན། །རང་བྱུང་མེ་ཆེན་དེ་ན་འབར། །རིན་ཆེན་མཁའ་འགྲོ་དེ་ན་འདུ། །དོ་ནུབ་མེ་མཆོད་ས་གཞི་འདི། །གད་རྒྱངས་གནས་སུ་བྱིན་གྱིས་རློབས། །ས་འདི་ལ་ཕྲག་དོག་མ་བྱེད་ཅིག །ཨུ་རྒྱན་ཡུལ་གྱི་ནུབ་ཕྱོགས་ན། །པདྨ་འཁྱིལ་


CMR053_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུར་ཁྲོད་དེ། །དབང་གི་མེ་མཆོད་ས་གཞི་ཡིན། །རང་བྱུང་མེ་ཆེན་དེ་ན་འབར། །པདྨ་མཁའ་འགྲོ་དེ་ན་འདུ། །དོ་ནུབ་མེ་མཆོད་ས་གཞི་འདི། །པདྨ་འཁྱིལ་པར་བྱིན་གྱིས་རློབས། །ས་འདི་ལ་ཕྲག་དོག་མ་བྱེད་ཅིག །ཨུ་རྒྱན་ཡུལ་གྱི་བྱང་ཕྱོགས་ན། །ཀཱི་ལ་སྒྲོགས་པའི་དུར་ཁྲོད་དེ། །དྲག་པོའི་མེ་མཆོད་ས་གཞི་ཡིན། །རང་བྱུང་མེ་ཆེན་དེ་ན་འབར། །ལས་ཀྱི་མཁའ་འགྲོ་དེ་ན་འདུ། །དོ་ནུབ་མེ་མཆོད་ས་གཞི་འདི། །ཀཱི་ལ་སྒྲོགས་པར་བྱིན་གྱིས་རློབས། །ས་འདི་ལ་ཕྲག་དོག་མ་བྱེད་ཅིག །ཨུ་རྒྱན་ཡུལ་གྱི་དབུས་ཕྱོགས་ན། །གསང་ཆེན་རབ་འཇིགས་དུར་ཁྲོད་དེ། །སྣ་ཚོགས་མེ་མཆོད་ས་གཞི་ཡིན། །རང་བྱུང་མེ་ཆེན་དེ་ན་འབར། །ཡེ་ཤེས་མཁའ་འགྲོ་དེ་ན་འདུ། །དོ་ནུབ་མེ་མཆོད་ས་གཞི་འདི། །ཨུ་རྒྱུན་གནས་སུ་བྱིན་གྱིས་རློབས། །ས་འདི་ལ་ཕྲག་དོག་མ་བྱེད་ཅིག །དེ་ནས་ལག་ཏུ་ཤིང་མགལ་ཆུང་ངུ་ལྔ་ཐོགས་ལ་སྐོར་བ་བྱེད་ཅིང་། ཧཱུྃ། ཤར་ལྷོ་མཚམས་ནས་ཤིང་ཐུ་མ། །སྐུ་མདོག་དཀར་མོ་རྡོ་རྗེའི་རིགས། །ཙནྡན་དཀར་སོགས་ཞི་བའི་ཤིང་། །དྲང་སྲོང་ཡུལ་ནས་ཤིང་ཐུས་ལ། །ཞི་བའི་མེ་ནི་འབར་བར་མཛོད། །འཇིགས་


CMR053_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཞི་བའི་ལས་སྒྲུབས་ཤིག །ཧཱུྃ། ལྷོ་ནུབ་མཚམས་ནས་ཤིང་ཐུ་མ། །སྐུ་མདོག་སེར་མོ་རིན་ཆེན་རིགས། །ཡུངས་ཤིང་ལ་སོགས་རྒྱས་པའི་ཤིང་། ། སྲིན་པོའི་ཡུལ་ནས་ཤིང་ཐུས་ལ། །རྒྱས་པའི་མེ་ནི་སྦར་བར་མཛོད། །ཚེ་བསོད་རྒྱས་པའི་ལས་སྒྲུབས་ཤིག །ཧཱུྃ། ནུབ་བྱང་མཚམས་ནས་ཤིང་ཐུ་མ། །སྐུ་མདོག་དམར་མོ་པདྨའི་རིགས། །ཙནྡན་དམར་སོགས་དབང་གི་ཤིང་། །རླུང་ལྷའི་ཡུལ་ནས་ཤིང་ཐུས་ལ། །དབང་གི་མེ་ནི་སྦྱར་བར་མཛོད། །ཁམས་གསུམ་དབང་སྡུད་ལས་སྒྲུབས་ཤིག །ཧཱུྃ། བྱང་ཤར་མཚམས་ནས་ཤིང་ཐུ་མ། །སྐུ་མདོག་ལྗང་མོ་ལས་ཀྱི་རིགས། །སེང་ལྡེང་ཚེར་ནག་དྲག་པོའི་ཤིང་། །དབང་ལྡན་ཡུལ་ནས་ཤིང་ཐུས་ལ། །དྲག་པོའི་མེ་ནི་སྦྱར་བར་མཛོད། །དགྲ་བགེགས་ཚར་གཅོད་ལས་སྒྲུབས་ཤིག །ཧཱུྃ། དབུས་ཀྱི་ཕྱོགས་ནས་ཤིང་ཐུ་མ། །སྐུ་མདོག་སྔོན་མོ་སངས་རྒྱས་རིགས། །བྱང་ཆུབ་ཤིང་དང་དཔག་བསམ་ཤིང་། །རི་རབ་རྩེ་ནས་ཤིང་ཐུས་ལ། །ཡེ་ཤེས་མེ་ནི་སྦར་བར་མཛོད། །བྱང་ཆུབ་ཐོབ་པའི་ལས་སྒྲུབས་ཤིག །ཀུ་ཤ་ཆུན་པོ་ཐོགས་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་


CMR053_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ཨོཾ་བཛྲ་སཏྭ་ཨཱ༔ ཞེས་རྩེ་མོ་གཡས་ཕྱོགས་སུ་བསྟན་ནས་ཁ་ཁྱེར་དུ་གཡས་བསྐོར་དུ་བཀོད། དབུས་སུ་རྒྱ་གྲམ་གཅིག་བཞག་གོ །དེ་ནས་མེ་རུ་ལྔའམ་གཅིག་ཐོགས་ལ། །ཧཱུྃ༔ ཤར་ཕྱོགས་ཞི་བ་ཆེན་པོའི་ཕོ་བྲང་ནས། །བུད་མེད་དཀར་མོ་དུང་གི་སྦྱད་རུ་མཆུ། །ཕྱག་མཚན་ཕྱག་ན་རྡོ་རྗེ་མེ་འབར་བསྣམས། །ཁ་བརྒྱ་མེ་འབར་ལག་བརྒྱས་མགལ་པ་བསྒུལ། །ཞི་བའི་མེ་སྦར་ལྷ་མོས་མེ་སྦྱོར་ལ། །མེ་ལོང་ཡེ་ཤེས་མེ་ནི་འབར་བར་མཛོད། །ཧ་ཤཱནྟིཾ་ཀུ་རུ་ཡེ་ཛྭ་ལ་རཾ། ཧཱུྃ། ལྷོ་ཕྱོགས་རྒྱས་པ་ཆེན་པོའི་ཕོ་བྲང་ནས། །བུད་མེད་སེར་མོ་གསེར་གྱི་སྦུད་རུ་མཆུ། །ཕྱག་མཚན་ཕྱག་ན་རིན་ཆེན་མེ་འབར་བསྣམས། །ཁ་བརྒྱ་མེ་འབར་ལག་བརྒྱས་མགལ་པ་བསྐུལ། །རྒྱས་པའི་མེ་སྦར་ལྷ་མོས་མེ་སྦྱོར་ལ། །མཉམ་ཉིད་ཡེ་ཤེས་མེ་ནི་འབར་བར་མཛོད། །རི་པུཥྚིཾ་ཀུ་རུ་ཡེ་ཛྭ་ལ་རཾ། ཧཱུྃ། ནུབ་ཕྱོགས་དབང་སྡུད་ཆེན་པོའི་ཕོ་བྲང་ནས། །བུད་མེད་དམར་མོ་ཟངས་ཀྱི་


CMR053_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱད་རུ་མཆུ། །ཕྱག་མཚན་ཕྱག་ན་པདྨ་མེ་འབར་བསྣམས། །ཁ་བརྒྱ་མེ་འབར་ལག་བརྒྱས་མགལ་པ་བསྒུལ། །དབང་གི་མེ་སྦར་ལྷ་མོས་མེ་སྦོར་ལ། །སོར་རྟོག་ཡེ་ཤེས་མེ་ནི་འབར་བར་མཛོད། །ནི་པ་ཤཾ་ཀུ་རུ་ཡེ་ཛྭ་ལ་རཾ། ཧཱུཾ། བྱང་ཕྱོགས་མངོན་སྤྱོད་དྲག་པོའི་ཕོ་བྲང་ནས། །བུད་མེད་ལྗང་མོ་གཡུ་ཡི་སྦྱད་རུ་མཆུ། །ཕྱག་མཚན་ཕྱག་ན་རྒྱ་གྲམ་མེ་འབར་བསྣམས། །ཁ་བརྒྱ་མེ་འབར་ལག་བརྒྱས་མགལ་པ་བསྒྲལ། །དྲག་པོའི་མེ་སྦྱར་ལྷ་མོས་མེ་སྦྱོར་ལ། །བྱ་གྲུབ་ཡེ་ཤེས་མེ་ནི་འབར་བར་མཛོད། །ས་མཱ་ར་ཡ་ཛྭ་ལ་རཾ། ཧཱུྃ། དབུས་ཕྱོགས་ཐམས་ཅད་ལྷུན་གྲུབ་ཕོ་བྲང་ནས། །བུད་མེད་སྔོན་མོ་མུ་མེན་སྦྱད་རུ་མཆུ། །ཕྱག་མཚན་ཕྱག་ན་འཁོར་ལོ་མེ་འབར་བསྣམས། །ཁ་བརྒྱ་མེ་འབར་ལག་བརྒྱས་མགལ་པ་བསྐུལ། །ཡེ་ཤེས་མེ་སྦར་ལྷ་མོས་མེ་སྦྱོར་ལ། །ཆོས་དབྱིངས་ཡེ་ཤེས་མེ་ནི་འབར་བར་མཛོད། །ཨ་ཛྷཱ་ན་ཛྭ་ལ་རཾ། དེ་ནས་མེ་དར་ལྔའམ་གཅིག་གང་ཡོད་གཡུག་ཅིང་བསྐོར་བ་བྱ་ཞིང་། ཧཱུྃ། མེ་ལོང་ཡེ་ཤེས་མེ་ཕུང་འབར་བ་འདི། །དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་བར། །མེ་ལྕེ་ཤར་དུ་མ་འཕྲོ་ཞིག་


CMR053_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྕེ་ཤར་དུ་འཕྲོས་གྱུར་ན། །ཤར་ལྷ་དཀར་པོ་ཚིག་དོགས་ཡོད། །དེ་ཕྱིར་ཤར་དུ་མ་འཕྲོ་ཞིག །མེ་དར་དཀར་པོ་འདི་ཡིས་གཡབ། །ཧཱུྃ། མཉམ་ཉིད་ཡེ་ཤེས་མེ་ཕུང་འབར་བ་འདི། །དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་པར། །མེ་ལྕེ་ལྷོ་རུ་མ་འཕྲོ་ཞིག །མེ་ལྕེ་ལྷོ་རུ་འཕྲོས་གྱུར་ན། །ལྷོ་ལྷ་སེར་པོ་ཚིག་དོགས་ཡོད། །དེ་ཕྱིར་ལྷོ་རུ་མ་འཕྲོ་ཞིག །མེ་དར་སེར་པོ་འདི་ཡིས་གཡབ། །ཧཱུྃ། སོར་རྟོག་ཡེ་ཤེས་མེ་ཕུང་འབར་བ་འདི། །དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་པར། །མེ་ལྕེ་ནུབ་ཏུ་མ་འཕྲོ་ཞིག །མེ་ལྕེ་ནུབ་ཏུ་འཕྲོས་གྱུར་ན། །ནུབ་ལྷ་དམར་པོ་ཚིག་དོགས་ཡོད། །དེ་ཕྱིར་ནུབ་ཏུ་མ་འཕྲོ་ཞིག །མེ་དར་དམར་པོ་འདི་ཡིས་གཡབ། །ཧཱུྃ།། བྱ་གྲུབ་ཡེ་ཤེས་མེ་ཕུང་འབར་བ་འདི་། །དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་བར། །མེ་ལྕེ་བྱང་དུ་མ་འཕྲོ་ཞིག །མེ་ལྕེ་བྱང་དུ་འཕྲོས་གྱུར་ན། །བྱང་ལྷ་ལྗང་གུ་ཚིག་དོགས་ཡོད། །དེ་ཕྱིར་བྱང་དུ་མ་འཕྲོ་ཞིག །མེ་དར་ལྗང་གུ་འདི་ཡིས་གཡབ། །ཧཱུྃ། ཆོས་དབྱིངས་ཡེ་ཤེས་མེ་ཕུང་འབར་བ་འདི། །དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་པར། །མེ་ལྕེ་སྟེང་དུ་མ་འཕྲོ་ཞིག །མེ་


CMR053_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་སྟེང་དུ་འཕྲོས་གྱུར་ན། །དགུང་ལྷ་སྔོན་པོ་ཚིག་དོགས་ཡོད། །མེ་ལྕེ་ས་ལ་མ་འཁྱིལ་ཅིག །མེ་ལྕེ་ས་ལ་འཁྱིལ་བ་ན། །ས་ལྷ་སེར་པོ་ཚིག་དོགས་ཡོད། །དེ་ཕྱིར་སྟེང་འོག་མ་འཕྲོ་ཞིག །མེ་དར་མཐིང་ག་འདི་ཡིས་གཡབ། །བདག་གི་བསམ་པ་འགྲུབ་པར་མཛོད། །ཨོཾ་ཨཱཿཧཱུྃ། ཞེས་གཡབ་བོ། །ལས་སྣ་ཚོགས་ཀྱི་མེ་མཆོད་འདི་ལ་མེ་པྲ་མི་བཟུངས་བས། མེ་པྲ་བརྟག་པ་ནི་མི་དགོས་སོ། །ཨོཾ་ཀརྨ་ཊཱཀི་ནི་ཧཱུྃ་ཕཊཿ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མེ་རི་རྡོ་ར་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། དྲག་པོའི་མེ་ཐབ་གྲུ་གསུམ་ནག་པོ་ཁ་ཁྱེར་རལ་གྲིས་མཚན་པ། དེའི་ནང་དུ་རྒྱས་པའི་མེ་ཐབ་སེར་པོ་གྲུ་བཞི་ཁ་ཁྱེར་རིན་པོ་ཆེས་མཚན་པ། དེའི་ནང་དུ་ཞི་བའི་མེ་ཐབ་དཀར་པོ་ཟླུམ་པོ་ཁ་ཁྱེར་རྡོ་རྗེ་དཀར་པོས་མཚན་པ། དེའི་ནང་དུ་དབང་གི་མེ་ཐབ་ཟླ་གམ་དམར་པོ་ཁ་ཁྱེར་ལྕགས་ཀྱུས་མཚན་པ། དེའི་ནང་དུ་མེ་ཡི་ཆོས་འབྱུང་དམར་ནག་བསྣོལ་མ་ཟུར་དྲུག་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་དབུས། པདྨ་དང་ཉི་ཟླའི་གདན་ལ་རཾ་དམར་ནག་ཡོངས་སུ་གྱུར་པ་ལས་འཇིག་རྟེན་


CMR053_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་མེ་ལྷའི་རྒྱལ་པོ། སྐུ་མདོག་དམར་སྐྱ་ཞལ་གཅིག་སྤྱན་གསུམ་ཨག་ཚོམ་འཕྱང་བ། ཕྱག་བཞིའི་གཡས་རིལ་བ་དང་བ་དན། གཡོན་རྩེ་གསུམ་དང་བགྲང་ཕྲེང་འཛིན་པ། ཚངས་སྐུད་དཀར་པོ་འཕྱང་བ། དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་ཁམ་པའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཆོས་འབྱུང་ཟུར་དྲུག་གདན་ཐབས་སུ་བཏིང་བའི་དབུས་སུ། སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བར་པད་ཉི་རོའི་གདན་ལ། ཨ་མཐིང་ནག་དང་། ཧ་རི་ནི་ས་ཡོངས་སུ་གྱུར་པ་ལས། ངོ་བོ་ནི་མ་གཅིག་ལབ་ཀྱི་སྒྲོན་མ་ཡིན་པ་ལ། རྣམ་པ་ཁྲོས་མ་རིགས་ལྔའི་སྐུར་གྱུར་པ་ནི། དབུས་སུ་བདུད་འདུལ་ཁྲོས་མ་ནག་མོ་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་འཕྱར་བ། ཤར་ན་བདེ་ཆེན་དཀར་མོ་ཕྱག་གཡས་འཁོར་ལོས་མཚན་པའི་གྲི་གུག །ལྷོར་སེར་མོ་དོན་གྲུབ་ཕྱག་གཡས་རིན་པོ་ཆེས་མཚན་པའི་གྲི་གུག །ནུབ་ཏུ་དམར་མོ་སྒྲ་སྒྲོགས་ཕྱག་གཡས་པདྨས་མཚན་པའི་གྲི་གུག །བྱང་དུ་སྣ་ཚོགས་མཐར་ཕྱིན་ལྗང་གུ་ཕྱག་གཡས་རྒྱ་གྲམ་གྱིས་མཚན་པའི་གྲི་གུག་ཕྱིར་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད་


CMR053_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པ། དབུ་སྐྲ་ཐོར་ཚུགས་ཀྱི་རྩེར་རང་རང་གི་མདོག་དང་མཚུངས་པའི་ཕག་ཞལ་གྱེན་དུ་ངུར་བ། རུས་པའི་རྒྱན་དྲུག་དང་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ། གྲུ་མོ་ན་ཁཊཾ་བརྟེན་ཅིང་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གར་ཐབས་སུ་དབུགས་བྲལ་གྱི་སྙིང་གར་མནན་པ། ལྷ་དྲུག་ཀ་ཡང་མེ་དཔུང་འབར་བའི་ཀློང་ན་བཞུགས་ཤིང་། །ཞལ་རབ་ཏུ་གདངས་པའི་ནང་ནས་མེ་འབར་བ། ལྷ་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་གསུམ་དང་། ཁྲོས་མ་རིགས་ལྔའི་ཐུགས་ཀར་ཨ་ཧ་རི་ནི་ས། མེ་ལྷའི་ཐུགས་ཀར་རཾ། །དེ་རྣམས་ལས་འོད་ཟེར་འཕྲོས་པས་ཨུ་རྒྱན་གྱི་གནས་ནས་ཁྲོས་མ་རིགས་ལྔ་དང་། འཇིག་རྟེན་གྱི་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་སྤྱན་དྲངས། བཛྲ་ས་མཱ་ཛཿཧཱུྃ། སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཐུགས་རྗེ་ཁྲོས་མ་ནག་མོ་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །བདེ་ཆེན་དཀར་མོ་གཤེགས་སུ་གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །སེར་མོ་དོན་གྲུབ་གཤེགས་སུ་གསོལ། །ཤེས་རབ་བཙུན་མོའི་བྷ་ག་ནས། །དམར་མོ་སྒྲ་སྒྲོགས་གཤེགས་སུ་གསོལ། །ཕྲིན་ལས་


CMR053_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་ཕོ་བྲང་ནས། །སྣ་ཚོགས་མཐར་ཕྱིན་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གཤེགས་ཙམ་ན། །རིན་ཆེན་རུས་རྒྱན་ཁྲ་ལ་ལ། །དབུ་རྒྱན་ཐོར་ཚུགས་ལྡེམས་སེ་ལྡེམ། །རོལ་མོ་སིལ་སྙན་སི་ལི་ལི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཧཱུཾ་དང་ཕཊ་སྒྲ་དི་རི་རི། །བྱིན་རླབས་དངོས་གྲུབ་ཐིབས་སེ་ཐིབ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཨོཾ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནི། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཨེ་ཨཱ་ར་ལི་ཕེཾ་ཕེཾ། ཨོཾ་ཌཱ་ཀི་ཧཱུྃ་ཛཿ ཧཱུྃ། ཉོན་མོངས་ཡེ་ཤེས་གཉིས་སུ་མེད་པའི་ངང་། །སྤངས་རྟོགས་བྲལ་བའི་འཁོར་འདས་མཉམ་པ་ཉིད། །དམ་ཚིག་ཡེ་ཤེས་ཆུ་ལ་ཆུ་བཞག་བཞིན། །གཉིས་མེད་ཟུང་འཇུག་བརྟན་པར་བྱ་བའི་ཕྱིར། །ཚོགས་ཁང་དུར་ཁྲོད་འབར་བའི་ཕོ་བྲང་


CMR053_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །སྣ་ཚོགས་པད་ཉི་རོ་ཡི་གདན་སྟེང་དུ། །ཐུགས་རྗེ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས། །བྱིན་རླབས་དངོས་གྲུབ་འབེབས་ཕྱིར་བཞུགས་སུ་གསོལ། །ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །བཛྲ་ཌཱ་ཀི་ནཱི་ཨགེ་དེ་ཝ་ས་མ་ཡ་ཏིཥྛ་ལྷན། དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷག་ཡར་ལུད་མེ་ལྷར་རྣམ་སྣང་དང་། །མཁའ་འགྲོ་ལྔ་ལ་རིགས་ལྔས་དབུར་བརྒྱན་གྱུར། ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དུག་ལྔ་གནས་དག་ཡེ་ཤེས་ལྔ་ཡི་ངང་། །ཁྲོས་མ་རིགས་ལྔའི་སྐུ་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀུན་གྱི་ཞལ་དང་གཉིས་སུ་མེད། །འབར་བ་མེ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །སྨན་རཀ་གཏོར་གསུམ་ཤ་ལྔ་བདུད་རྩི་་ལྔ། །སྦྱོར་སྒྲོལ་བདེ་སྟོང་སྐྱེ་མེད་དོན་དམ་སོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་པ། །ཁྲོས་མ་རིགས་ལྔ་མེ་ལྷ་བཅས་ལ་འབུལ། །ཕྲིན་ལས་རྣམ་བཞི་


CMR053_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛད་དུ་གསོལ། །ཨ་ཧ་རི་ནི་སཿཨགྣེ་དེ་ཝ་ཨརྒྷ་ནས་ཤབྟ་པྲ་ཏིཙྪ་ཨཱཿཧཱུྃ། ཞེས་མཆོད་པ་ལྔ་ཡི་ཕུད་མེར་འབུལ་ཞིང་། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཞེས་སོགས་བརྗོད། མེ་ལྷ་ཁྱོད་ཉིད་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ལ། བསྲེག་བླུགས་ཀྱི་མཆོད་པ་འདི་རྣམས། ཁྲོས་མ་རིགས་ལྔའི་ཞལ་དུ་བསྟོབ་པའི་ཕྲིན་ལས་མཛོད་ཅིག །དགང་བླུགས་ཀྱི་ཁར་ཧཱུྃ་དང་མེ་ལྷ་ཞལ་གདང་བའི་ལྗགས་རཾ་ཡིག་གིས་མཚན་པས་བསྲེག་རྫས་བདུད་རྩི་བཞེས་པར་གྱུར། ཡམ་ཤིང་ཀུ་ཤ་སོགས་སྐུ་ཡི་མེ་ཕུང་དུ་ཕུལ་བར་བསམས་ལ། ཨ་ཧ་རི་ནི་ས་ཨགྣེ་དེ་ཝ་བྷོ་དྷི་བྲིཀྵ་ཡེ་གཟི་བརྗིད་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ་ཉུང་ན་ཉེར་གཅིག་གིས་ཆོག །དགང་གཟར་བླུགས་ཡོད་ན་རབ། མེད་ན་ལག་པ་གཡས་མཐེ་བོང་གིས་མཛུབ་མོ་མནན། སོར་མོ་གསུམ་བསྒྲིགས་ལ་ཅུང་ཟད་གུག་པ་བླུགས་གཟར་དང་། ལག་གཡོན་མཐེ་བོང་མཛུབ་ཆུང་གོང་མཛུབ་གསུམ་བསྐུམ། སྲིན་མཛུབ་དཀྱིལ་མཛུབ་བརྐྱང་། ལག་མཐིལ་གུམ་གུམ་བྱ་བ་དགང་གཟར་གྱི་ཕྱག་རྒྱ་བྱས་ལ། ལྕགས་ཁེམ་ལ་ཡུ་བ་རིང་པོ་སྦྱར་བས་མཆོད། ཡང་ན་མར་གྱི་བསྲོ་ལྡག་ཆེན་པོ་བྱས་ལ། མར་ཁུ་ཅུང་ཟད་འཐིག་བཅུག་པའི་སྲོལ་ཡོད་དོ། །ཨ་ཧ་རི་ནི་ས་ཨགེ་དེ་ཝ་ཨགེ་ཡེ་འབྱོར་བ་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱ་ཧཱ། ཞེས་


CMR053_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་བརྒྱད་དམ། ཉེར་གཅིག་ལས་མི་ཉུང་བ་འབུལ་ཏེ་མཆོད་གཡོག་པས་གྲངས་བཟུང་ངོ་། །དེ་ནས་ལིངྒ་ཤ་དུམ་ཧོམ་གཟར་དུ་རེ་རེ་ནས་བཞག་ལ་བླུགས་གཟར་གྱིས་ཁྲག་ཆུ་ཆང་གསུམ་གྱིས་བྲན་ལ་ཕུལ་བ་ཡིན་ཀྱང་། ཧོམ་གཟར་མེད་ན། རང་གི་ལག་པ་གཙང་བར་བཀྲུས་ནས་རེ་རེ་ནས་བླངས་ལ་འབུལ་བ་ནི་དྲག་ལས་ཆེན་པོ་ཡིན་པར་བཤད། ལྷ་རྣམས་ཞལ་ཤིན་ཏུ་གདང་བའི་ནང་དུ་གནོད་བྱེད་ཐམས་ཅད་རྐང་མཐིལ་སྐྱ་ལྷག་ལྷག་སོང་ནས། རྣམ་ཤེས་ཐུགས་ཆོས་ཉིད་ཀྱི་ངང་དུ་ཐིམ་ནས་སངས་རྒྱས་པར་བསྒོམས་ལ། ཧཱུྃ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །སྔོན་གྱི་དམ་བཅས་མནའ་དོར་བ། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ།། །སྦྱིན་སྲེག་དེ་ནི་མེ་ལ་གནས། །སྦྱིན་སྲེག་མཆོད་པ་འདི་བཞེས་ལ། །ལས་ཀུན་འགྲུབ་པའི་གྲོགས་མཛོད་ཅིག །ཨོཾ་ཨཀྵེ་དྷེ་ཝ་གནོད་བྱེད་གདོན་བགེགས་སརྦ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི། ཞེས་ལིངྒ་བདུན་ཕུལ་ལ། མེ་ལྷའི་ཐུགས་ལས་སྤྲུལ་པའི་མེ་ལྷ་གཅིག །བྱོན་ནས་ལྟོ་བར་བཞུགས་པའི་ལྷ་རྣམས་ལ། །མཆོད་རྫས་འབུལ་བའི་ཕྱག་ཚང་མཛད་པར་གྱུར། །དེ་ནས་ལིངྒ་མང་མ་འབུལ། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལི་གནོད་བྱེད་གདོན་བགེགས་སརྦ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི། ཅེས་བརྒྱ་རྩ་བརྒྱད་འབུལ་ལོ། །ཞི་བ་གཙོ་ཆེ་ན་ཉེར་གཅིག་གིས་ཆོག །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་


CMR053_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལཱི། སརྦ་ཨརྦ་སིདྡྷི་ཡེ་གནོད་བྱེད་གདོན་བགེགས་ཐམས་ཅད་སརྦ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡུངས་དཀར་ཕུལ། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལཱི། མ་ཧཱ་བ་ལཱ་ཡ་གནོད་བྱེད་གདོན་བགེགས་ཀྱི་སྟོབས་སརྦ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྲན་མ་འབུལ། ༀ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལཱི། མ་ཧཱ་བེ་གྲྭ་ཡ་གནོད་བྱེད་གདོན་བགེགས་ཀྱི་ཤུགས་སརྦ་མཱ་ར་ཡ་ཧཱུྃ་ཕཊ་སྭ་ཧཱ། །ཞེས་ནས་ཕུལ། དེ་ནས་མེ་ལྷའི་གཏོར་མ་ཆེ་བ་གཅིག་དེ་བདུད་རྩིས་བྲན་ལ་བཟུང་བཅོལ། ཨ་ལས་བྷན་ལྕང་ལོ་ཅན་དུ་གཏོར་མ་གདོན་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ཨོཾབཛྲ་བྷ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ལན་གསུམ། ཧཱུྃ། མ་བཅོས་ཆོས་དབྱིངས་སྐྱེ་བ་མེད་པ་ལས། །རང་བྱུང་ལོངས་སྐུ་ཐུགས་རྗེ་ཁྲོས་མའི་སྐུ། །སྐུ་མདོག་མཐིང་ནག་ཁྲོ་མོའི་ཆ་བྱད་ཅན། །གཅེར་བུ་རྟོག་བྲལ་དབུ་སྐྲ་ཐུར་དུ་གྲོལ། །ཁྲོ་གཉེར་གསུམ་ལྡན་མཆེ་བ་རབ་ཏུ་གཙིགས། །སྤྱི་གཙུག་ཕག་ཞལ་སྲིད་གསུམ་རྩེ་ནས་བལྟ། །ཕག་མོའི་ངུར་སྒྲས་སྟོང་གསུམ་ཟིལ་གྱིས་གནོན། །གྲི་གུག་ཐོད་ཁྲག་གཡས་གཡོན་ཕྱག་ན་འཛིན། །དུར་ཁྲོད་ཆས་བརྒྱད་ཁཊྭཱཾ་གྲུ་མོར་བརྟེན། །


CMR053_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ལྔ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །མེ་ཕུང་ཀློང་ན་ཞབས་གཉིས་བརྐྱང་བསྐུམ་གྱིས། །པད་ཉི་དུས་མཚན་རོ་ཡི་སྟེང་ན་མནན། །བདེ་སྟོང་ཉམས་ལྡན་འབར་བའི་གར་གྱིས་བཞུགས། །ཐུགས་རྗེ་ཁྲོས་མའི་སྐུ་ལ་ཕྱག་འཚལ་ལོ། །ཧཱུྃ་ཧཱུྃ། སྟོང་ཉིད་རང་སྒྲ་རྣམ་པར་དག་པ་ཡི། །ཨཱ་ལི་ཀཱ་ལིའི་ངོ་བོ་ཡོངས་རྫོགས་ཤར། །ཨཱ་ར་ལི་ཞེས་བཞད་པའི་གད་རྒྱང་སྒྲོགས། །ཕོ་གྱི་སྒྲ་ཡིས་མཁའ་འགྲོ་དབང་དུ་སྡུད། །ཧཱུ་གི་ང་རོས་བདུད་དཔུང་འཇོམས་པར་བྱེད། །སྟོང་ཉིད་ཆོས་སྒྲས་འཁོར་བ་དབྱིངས་སུ་སྒྲོལ། །ཕཊ་ཀྱི་འབྲུག་སྒྲས་ལོག་ལྟ་ཚར་གཅོད་མཛད། །བདེ་བ་རབ་རྒྱས་ཨ་ཧཾ་སྒྲ་འབྱིན་ཅིང་། །གསུང་དབྱངས་དྲུག་ཅུས་འགྲོ་བ་ཐབས་ཀྱིས་འདུལ། །ཐུགས་རྗེ་ཁྲོས་མའི་གསུང་ལ་ཕྱག་འཚལ་བསྟོད། །ཧཱུྃ་ཧཱུྃ། དོན་དམ་སྟོང་ཉིད་བདེ་གསལ་དག་པའི་ཐུགས། །ཁ་དོག་མཚན་མ་བརྗོད་པའི་ཡུལ་ལས་འདས། །ཉོན་མོངས་རྣམ་དག་ཡེ་ཤེས་ཆེན་པོ་ཉིད། །གདོད་ནས་མ་སྐྱེས་སྤྲོས་བྲལ་དོན་སྟོན་མ། །འཁོར་བའི་སྐྱོན་བྲལ་ཤེས་རབ་ཕ་རོལ་ཕྱིན། །བདེ་སྟོང་གཉིས་མེད་ཟུང་འཇུག་རང་བཞིན་ཅན། །མཐོང་


CMR053_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དྲན་པས་འགྲོ་བ་ཐམས་ཅད་ལ། །འབར་བ་གསུམ་གྱི་དངོས་གྲུབ་སྟེར་མཛད་ཅིང་། །དགའ་བདེ་གཉིས་མེད་ཡེ་ཤེས་འཆར་མཛད་མ། །ཐུགས་རྗེ་ཁྲོས་མའི་ཐུགས་ལ་ཕྱག་འཚལ་བསྟོད། ། །ཧཱུྃ་ཧཱུྃ། དོན་དམ་ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །སྣང་སྟོང་དབྱེར་མེད་འཇའ་ལུས་གཟུགས་སྐུའི་ཚུལ། །རྣམ་དག་སྐུ་ལ་ཡོན་ཏན་རབ་རྒྱས་ཤིང་། །འགགས་མེད་གསུང་གིས་གདུལ་བྱ་སྨིན་གྲོལ་མཛད། །སྤྲོས་བྲལ་ཐུགས་ཀྱིས་འཁོར་བའི་རྒྱ་མཚོ་སྐེམ། །ཡོན་ཏན་ཕྱོགས་བཅུར་སྒྲོགས་པས་དངོས་གྲུབ་སྟེར། །ཕྲིན་ལས་ཐུགས་རྗེས་འགྲོ་བ་ཐབས་ཀྱིས་འདུལ། །ཐུགས་རྗེས་ཁྲོས་མ་བདེ་ཆེན་རྣལ་འབྱོར་མ། །འཁོར་ལོ་ལྔ་རྫོགས་ཕྲིན་ལས་ཀུན་གྱི་བདག །མཆོག་དང་ཐུན་མོང་དངོས་གྲུབ་གཏེར་འཆང་མ། །ཡེ་ཤེས་མཁའ་འགྲོ་བདེ་གཤེགས་ཀུན་གྱི་ཡུམ། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། །གནོད་བྱེད་གདོན་བགེགས་འབྱུང་པོ་ཚར་གཅོད་ཅིག །བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། །གཏོར་མ་ཆེན་པོ་ཡོད་ན་རྩེ་དེ་


CMR053_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ནང་དུ་མཆོད། ཆུང་ན་ཐམས་ཅད་འཕང་ལ། ཕཊ་སྒྲ་དྲག་པོ་དང་ཌཱ་དྲིལ་འཁྲོལ་ལོ། ༈ །།དེ་ནས་བདེ་ཆེན་དཀར་མོ་ཞལ་ཅུང་ཟད་གདངས་པའི་ནང་དུ་ཞི་བའི་བསྲེག་རྫས་རྣམས་འབུལ་ཏེ། རང་གི་མཐེབ་མཛུབ་ཀྱིས་བཏབ་ཅིང་། ཧ་བཛྲ་ཌཱ་ཀི་ནཱི་སརྦ་པ་པཾ་ད་ཧ་ན་བཛྲ་ཡ་སྡིག་པ་དང་སྒྲིབ་པ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཏི་ལ་ཕུལ། མ་རྙེད་ན་ངས་གཞིའོ། །སྡིག་པ་སྦྱངས་ན་འདི་ལ་བརྒྱ་རྩ་བརྒྱད་འབུལ། གཞན་བདུན་ནམ་ཉེར་གཅིག་ཙམ་མོ། །ཧ་བཛྲ་ཌཱ་ཀི་ནི་བཛྲ་གྷསྨ་རི་ནད་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་གྲོ་འབུལ། ནད་པའི་དོན་ཡིན་ན་འདི་ལ་བརྒྱ་རྩ་བརྒྱད། གཞན་ཅི་ལྕོགས་ཆོག །ཧ་བཛྲ་ཌཱ་ཀི་ནཱི་ཨོ་ཥ་དྷི་ནད་ཐམས་ཅད་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྨན་སྣ་ཚོགས་ཕུལ། ནས་རློན་པ་ལ་སྨན་བཏབ་པ་བྱ་སྟེ་མང་ཉུང་གྲོ་དང་འདྲའོ། །དེ་ནས་གཏོར་མ་ཟླུམ་པོ་འོ་མས་བྲན་ལ་བཟུང་བཅུག་ནས། བྷྲཱུཾ་ལས་དངུལ་གྱི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ཧ་བཛྲ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ལན་གསུམ། ཧཱུྃ་ཧཱུྃ། ཧ་ལས་བྱུང་བའི་བདེ་ཆེན་དཀར་མོ་ནི། །ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ། །ཞི་བའི་ལས་མཛད་རྡོ་རྗེ་རྣལ་འབྱོར་མ། །དཀར་མོ་དུང་མདོག་རྡོ་རྗེ་རིགས་ཀྱི་གཙོ། །རྡོ་རྗེའི་


CMR053_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མཚན་རྡོ་རྗེའི་དབུ་རྒྱན་ཅན། །རྡོ་རྗེའི་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །ཞེ་སྡང་རྩད་གཅོད་ཉོན་མོངས་ཞལ་དུ་གསོལ། །བཅུ་དྲུག་ལོ་ལོན་ཁཊཾ་གྲུ་མོར་བརྟེན། །གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་མཛད། །ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་བཞུགས། །བཛྲ་ཌཱ་ཀི་ཧ་ཡི་སྒྲ་འབྱིན་ཅིང་། །རྡོ་རྗེ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །བདེ་ཆེན་དཀར་མོའི་སྐུ་ལ་ཕྱག་འཚལ་བསྟོད། །དམ་རྫས་དཀར་གསུམ་བརྒྱན་པའི་གཏོར་མ་དང་། །འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། །སྡིག་སྒྲིབ་ནད་གདོན་འཇིགས་བརྒྱད་ཞི་བར་མཛོད། །བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། །གཏོར་མ་རིལ་པོའམ་རྩེ་མོ་མཆོད་ལ། ཕཊ་སྒྲ་དལ་ཞིང་འཇམ་པར་བརྗོད། རོལ་མོ་བྱའོ། །དེ་ནས་རང་ཉིད་ལྷོ་ཕྱོགས་སུ་འགྲོའམ། རང་གིས་འདོན་ཅིང་མཆོད་གཡོག་གིས་ལྷོ་ཕྱོགས་ནས་བསྲེག་རྫས་ཕུལ་ཡང་རུང་སྟེ། སེར་མོ་དོན་གྲུབ་ཀྱི་ཞལ་དུ་ཕུལ་བར་བསམས་ལ། རི་རཏྣ་ཌཱ་ཀི་ནི་སརྦ་སམྦ་དེ་བདེ་ལེགས་ཕུན་སུམ་ཚོགས་པ་སརྦ་པུཥྚིཾ་ཀུ་རུ་ཨོཾ། ཞེས་ཞོ་ཟན་ལ་ཟས་སྣ་ཚོགས་བསྲེས་པ་མང་ཉུང་ཅི་རིགས་པ་ཕུལ། རི་རཏྣ་ཊཱ་ཀི་ནཱི་བཛྲ་ཨ་ཡུ་ཥེ་ཚེ་ཕུན་སུམ་ཚོགས་པ་


CMR053_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པུཥྚིཾ་ཀུ་རུ་ཨོཾ། ཞེས་དུར་ཝ་ཅི་རིགས་པ་ཕུལ། རི་རཏྣ་ཊཱ་ཀི་ནི་བཛྲ་བི་ཛ་ཡ་ནོར་དང་འབྲུ་ཕུན་སུམ་ཚོགས་པ་སརྦ་པུཥྚིཾ་ཀུ་རུ་ཨོཾ། ཞེས་སོ་བ་ཕུལ་ཏེ་ནོར་དང་ཞིང་གི་རིམ་གྲོ་འདི་མང་བར་བྱ། རི་རཏྣ་ཊཱ་ཀི་ནཱི་བཛྲ་པུཥྛ་ཡ་བསོད་ནམས་ཕུན་སུམ་ཚོགས་པ་སརྦ་པུཏྟིཾ་ཀུ་རུ་ཨོཾ། ཞེས་འབྲས་མང་ཉུང་ཅི་རིགས་ཕུལ། དེ་ནས་གཏོར་མ་གྲུ་བཞི་བདུད་རྩིས་བྲན་ལ། བྷྲཱུཾ་ལས་རིན་པོ་ཆེ་གསེར་གྱི་སྣོད་དུ་ཟས་སྣ་ཚོགས་ཕུན་སུམ་ཚོགས་པའི་གཏོར་མ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་གྱུར། ཨོཾ་བཛྲ་སྤ་ར་ཎ་ཁཾ། རི་རཏྣ་ཊཱ་ཀི་ནཱི་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ། རི་ལས་བྱུང་བའི་སེར་མོ་དོན་གྲུབ་ནི། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ། །རྒྱས་པའི་ལས་མཛད་རིན་ཆེན་རྣལ་འབྱོར་མ། །སེར་མོ་གསེར་མདོག་རིན་ཆེན་རིགས་ཀྱི་གཙོ། །རིན་ཆེན་རིགས་མཚོན་རིན་ཆེན་དབུ་རྒྱན་ཅན། །རིན་ཆེན་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །ང་རྒྱལ་རྩད་གཅོད་ཉོན་མོངས་ཞལ་དུ་གསོལ། །བཅུ་དྲུག་ལོ་ལོན་ཁ་ཊཾ་གྲུ་མོར་བརྟེན། །གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་མཛད། །ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་


CMR053_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །རཏྣ་ཊཱ་ཀི་རི་ཡི་སྒྲ་འབྱིན་ཅིང་། །རིན་ཆེན་མཁའ་འགྲོ་སེར་མོ་འབུམ་དང་བཅས། །སེར་མོ་དོན་གྲུབ་སྐུ་ལ་ཕྱག་འཚལ་བསྟོད། །དམ་རྫས་ཟས་སྣ་ཚོགས་པའི་གཏོར་མ་དང་། །འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། །ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་སྤེལ། །བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། །གཏོར་མའི་རྩེ་མེ་ནང་དུ་ཕུལ། ལྷག་མ་དངོས་གྲུབ་བྱའོ། །ཕཊ་སྒྲ་ཆེ་ཞིང་ལྷུག་འབོལ་འབྲོང་གི་རྔ་མ་ལྟར་བརྗོད་དོ། །དེ་ནས་ནུབ་ནས་དམར་མོ་སྒྲ་སྒྲོགས་ཞལ་དུ་འབུལ་ཏེ། ནི་པདྨ་ཊཱ་ཀི་ནི་མ་ཧཱ་བ་ལ་ཡ་སྟོབས་ཕུན་སུམ་ཚོགས་པ་སརྦ་པ་ཤཾ་ཀུ་རུ་ཧོ། ཞེས་སྲན་མ་ཅི་རིགས་ཕུལ། ནི་པདྨ་ཊཱ་ཀི་ནཱི་མ་ཧཱ་བེ་ག་ཡ་ཤུགས་ཕུན་སུམ་ཚོགས་པ་སརྦ་པ་ཤཾ་ཀུ་རུ་ཧོ། ཞེས་ནས་ཕུལ། གྲངས་ཅི་རིགས་སོ། །ནི་པདྨ་ཊཱཀི་ནི་བཛྲ་པུཥྛ་ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ་སརྦ་པ་ཤཾ་ཀུ་རུ་ཧོ། དེ་ནས་མེ་ཏོག་ཅི་རིགས་ཕུལ། དེ་ནས་གཏོར་མ་ཟླ་གམ་དེ་ཆང་གིས་བྲན་ནས་བཟུང་བཅོལ་ཏེ། ཧཱུྃ་ལས་ཟངས་ཀྱི་སྣོད་དུ་ཆང་སྣ་ཚོགས་དང་ལྡན་པའི་གཏོར་མ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་སརྦ་པཉྩ་ཨཱཧཱུཾ། ནི་པདྨ་ཊཱ་ཀི་ནཱི་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། ཧཱུྃ་ཧཱུྃ། ནི་


CMR053_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་དམར་མོ་སྒྲ་སྒྲོགས་ནི། །འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་སྐུ། །དབང་གི་ལས་མཛད་པདྨ་རྣལ་འབྱོར་མ། །དམར་མོ་ཟངས་མདོག་པདྨ་རིགས་ཀྱི་གཙོ། །པདྨའི་རིགས་མཚོན་པདྨའི་དབུ་རྒྱན་ཅན། །པདྨའི་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །འདོད་ཆགས་རྩད་གཅོད་ཉོན་མོངས་ཞལ་དུ་གསོལ། །བཅུ་དྲུག་ལོ་ལོན་ཁཊྭཱཾ་གྲུ་མོར་བརྟེན། །གཅེར་བུ་སྐུ་གྲོལ་རུས་པའི་རྒྱན་གྱིས་བརྒྱན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་མཛད། །ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་བཞུགས། །པདྨ་ཊཱ་ཀི་ནཱི་ཡི་སྒྲ་འབྱིན་ཅིང་། །པདྨ་མཁའ་འགྲོ་དམར་མོ་འབུམ་དང་བཅས། །དམར་མོ་སྒྲ་སྒྲོགས་སྐུ་ལ་ཕྱག་འཚལ་བསྟོད། །དམ་རྫས་ཆང་སྣ་ཚོགས་པའི་གཏོར་མ་དང་། །འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། །ཁམས་གསུམ་སྲིད་གསུམ་སྣང་བ་དབང་དུ་སྡུས། །བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། །ཅེས་གཏོར་མའི་ཕུད་འབུལ་ལོ། །ཕཊ་སྒྲ་སྙན་འགྱུར་དབྱངས་སུ་བརྗོད་དོ། །དེ་ནས་བྱང་ནས་བསྲེག་རྫས་རྣམས་སྣ་ཚོགས་མཐར་ཕྱིན་ཞལ་དུ་འབུལ་ཏེ། ས་ཀརྨ་ཊཱ་ཀི་ནི་བཛྲ་ཤྲཱི་བཱ་ཡ་རིགས་རྒྱུད་ཕུན་སུམ་ཚོགས་པ་སརྦ་


CMR053_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་སྭཱ་ཧཱ། ཤིང་ཐོགས་སྣ་ཚོགས་འབུལ། བྱིས་པའི་དོན་ལ་འདི་མང་དུ་བཅུག །ས་ཀརྨ་ཊཱ་ཀི་ནཱི་བཛྲ་མ་ལེ་པུཥཱ་ཡེ་ཤེས་རབ་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱ་ཧཱ། ཞེས་ཐུད་དང་ཆུར་བའམ་གྲོ་མ་ཕུལ། འདི་དྲག་པོ་གཙོ་ཆེ་ཕྱིར་ཞོ་དང་འོ་མ་མི་རུང་ངོ་། །ས་ཀརྨ་ཊཱ་ཀི་ནཱི་བཛྲ་ཝསྐྱ་ཡ་རྒྱན་དང་གོས་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱ་ཧཱ། གོས་དར་སྣ་ཚོགས་ཕུལ། ས་ཀརྨ་ཊཱ་ཀི་ནི་ཏམྦ་ཡ་བཀྲ་ཤིས་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱ་ཧཱ། ཞེས་ཇ་ཕུད་ཕུལ། ས་ཀརྨ་ཊཱ་ཀི་ནཱི་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྲུང་བ་ཕུན་སུམ་ཚོགས་པ་སརྦ་སིདྡྷི་སྭཱ་ཧཱ། ཀུ་ཤ་འབུལ་ཏེ་སྲུང་བ་བདེ་རིམ་ལ་འདི་མང་བཅུག །དེ་ནས་གཏོར་མ་ཟུར་གསུམ་དེ་ཁྲག་གིས་བྲན་ནས་བཟུང་བཅུག་ལ། ཨ་ཡིག་ལས་ཐོད་པའི་སྣོད་དུ་ཤ་སྣ་ཚོགས་པའི་གཏོར་མ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་མ་ཧཱི་མཱི་ས་ཨཱཿཧཱུྃ། །ས་ཀརྨ་ཊཱ་ཀི་ནཱི་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཧཱུྃ་ཧཱུྃ། ། ས་ལས་བྱུང་བའི་སྣ་ཚོགས་མཐར་ཕྱིན་མ། །ཕྲག་དོག་རྣམ་དག་ནན་ཏན་ཡེ་ཤེས་སྐུ། །དྲག་པོའི་ལས་མཛད་ལས་ཀྱི་རྣལ་འབྱོར་མ། །སྔོན་མོ་སྐུ་མདོག་ལས་ཀྱི་རིགས་ཀྱི་གཙོ། །ལས་ཀྱི་རིགས་མཚོན་རྒྱ་གྲམ་དབུ་རྒྱན་ཅན། །རྒྱ་གྲམ་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །


CMR053_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་རྩད་གཅོད་ཉོན་མོངས་ཞལ་དུ་གསོལ། །བཅུ་དྲུག་ལོ་ལོན་ཁཊཾ་གྲུ་མོར་བརྟེན། །གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་མཛད། །ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་བཞུགས། །ཀརྨ་ཊཱ་ཀི་ས་ཡི་སྒྲ་འབྱིན་ཅིང་། །ལས་ཀྱི་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །སྣ་ཚོགས་མཐར་ཕྱིན་སྐུ་ལ་ཕྱག་འཚལ་བསྟོད། །དམ་རྫས་ཤ་སྣ་ཚོགས་པའི་གཏོར་མ་དང་། །འབར་བ་མེ་ཡི་མཆོད་པ་འདི་བཞེས་ལ། །དངོས་གྲུབ་ཕྲིན་ལས་སྣ་ཚོགས་མྱུར་དུ་སྒྲུབས། །བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། །ཅེས་གཏོར་མ་མེར་ཕུལ། ཕཊ་སྒྲ་ཆེ་ཆུང་རིང་ཐུང་མང་དུ་བརྗོད་དོ། །དེ་ནས་མེ་ལྷ་འཇིག་རྟེན་པའི་གཏོར་མ་མར་ཁུས་བྲན་ལ་སྦྱིན་བདག་གིས་ཐབ་ཀྱི་གཡོན་ངོས་སུ་བཀྱག་ལ། བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨ་དྱ་ནུཏྤན་ན་ཏོ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧྭ། ལན་གསུམ། ཨོཾ་ཨགྣེ་ཡེ་དེ་ཝ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་


CMR053_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ལ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པའི། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཕྲིན་ལས་སྒྲུབ་པའི་མངའ་བདག་ཏེ། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་ཐེག་མཆོག་ར་སྐྱེས་ཆིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །འདི་མན་ཡོན་བདག་སོགས་དེར་ཡོད་པ་ཀུན་རྗེས་ཟློས་བྱེད་བཅུག་ཅིང་། དམ་རྫས་གཏོར་མ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་


CMR053_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཚིག་རྗེས་མ་གསུམ་བརྗོད་ལ་མེ་ནང་དུ་ཕུལ། ཕཊ་སྒྲ་སྣ་ཚོགས་བརྗོད། དེ་ནས་ནད་པ་རྣམས་གོས་སྤུ་མེད་གྱོན་མེ་ཐབ་མདུན་དང་གཡས་གཡོན་དུ་འཁོད། རང་ཉིད་ལངས་ལ་སྦྱང་མ་མེར་བརྔོས་ནས་བཏག་པའི་ཞིབ་པོ་ཐོགས་ལ། ཁྲོས་མ་རིགས་ལྔའི་སྐུ་ལས་མེ་ཕུང་འཕྲོ་བར་བསྒོམ་སྟེ། ད་ཁྱེད་རང་རྣམས་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམ་མཛོད། དུར་ཁྲོད་མེ་ཕུང་འབར་བའི་ཀློང་དཀྱིལ་ནས། །མ་ཡུམ་ཆེན་ཁྲོས་མ་རིགས་ལྔའི་སྐུ་ལས་ཡེ་ཤེས་ལྔ་ཡི་མེ་ཕུང་ཁ་དོག་ལྔ་འཕྲོས་པའི་རྩེ་མོ་ལ། ལས་བྱེད་ཀྱི་མཁའ་འགྲོ་མ་སྨེ་བརྩེགས་ལག་ན་མེའི་མཚོན་ཆ་སྣ་ཚོགས་ཐོགས་པ་འཕྲོས། མེ་ཞགས་བརྒྱབ་པའི་ཚེ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་དུག་ལྔ་དུག་གསུམ་གཟུང་འཛིན་གྱི་རྣམ་རྟོག་གྲིབ་དང་མི་གཙང་བ། རྣམ་སྨིན་གྱི་ལུས་གདོས་བཅས་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས། སེམས་རིག་སྟོང་ཡི་


CMR053_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གྲུབ་ཡེ་ཤེས་མི་དགཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །སྣ་ཚོགས་མ་བདག་ལ་ལས་ཀྱི་དངོས་གྲུབ་སྩོལ། །ས་ཀམ་ཀནཱགནསོར་རྟོག་ཡེ་ཤེས་མེ་དཔུང་འབར་དམ་ཁྲོས་མ་རིགས་ལྔ་དང་དབྱེར་མེད་པར་གྱུར་པའི་མོས་པ་མཛོད་ཅིག །འདི་ཡང་དམག་ཐབས་ཡིན་པས་མཇུག་ནས་འདོན་ཏེ། ཧཱུྃ། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །བྱ་གྲུབ་ཡེ་ཤེས་མེ་དཔུང་འབར་བ་འདི། །ལན་གཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་ལྗང་གུས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །སྣ་ཚོགས་མཐར་ཕྱིན་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆོད་དུ། །ཕྲིན་ལས་སྣ་ཚོགས་འགྲུབ་པའི་ལས་མཛོད་ཅིག །རྣལ་འབྱོར་བདག་ལ་ལས་ཀྱི་དངོས་གྲུབ་སྩོལ། །ས་ཀརྨ་ཊཱ་ཀི་ནི་གནོད་བྱེད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་ཕཊ་སྒྲ་ཆེན་པོས་མེ་ཞགས་གཅིག་བརྒྱབ། སྣ་ཚོགས་མཐར་ཕྱིན་བྲན་དང་འཁོར་ལའོ། །དེ་བཞིན་དུ། ཧཱུྃ། ནུབ་ཕྱོགས་པདྨ་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །སོར་རྟོག་ཡེ་ཤེས་མེ་དཔུང་འབར་བ་འདི། ། ལན་གཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་དམར་པོས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་


CMR053_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས། །དམར་མོ་སྒྲ་སྒྲོགས་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆོད་དུ། །ཐམས་ཅད་དབང་དུ་འདུ་བའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ལ་དབང་གི་དངོས་གྲུབ་སྩོལ། །ནི་པདྨ་ཊཱ་ཀི་ནཱི་གནོད་བྱེད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། དམར་མོ་སྒྲ་སྒྲོགས་ནད་མེད་ཚོང་དཔོན་སོགས་དང་མི་ཀུན་ལ་བརྒྱབ། ཧཱུྃ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །མཉམ་ཉིད་ཡེ་ཤེས་མེ་དཔུང་འབར་བ་འདི། །ལན་གཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་སེར་པོས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །སེར་མོ་དོན་གྲུབ་ཚོགས་ཀྱང་དེ་འདྲ་སྟེ། ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆོད་དུ། །ཚེ་བསོད་རྒྱས་པའི་ལས་མཛོད་ཅིག །རྣལ་འབྱོར་བདག་ལ་རྒྱས་པའི་དངོས་གྲུབ་སྩོལ། །རི་རཏྣ་ཊཱ་ཀི་ནི་གནོད་བྱེད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། འདི་ནད་མེད་ཁྱིམ་བདག་མོ་ལ་བརྒྱབ་བོ། །ཧཱུཾ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །མེ་ལོང་ཡེ་ཤེས་མེ་དཔུང་འབར་བ་འདི།


CMR053_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་དཀར་པོས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །བདེ་ཆེན་དཀར་མོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆོད་དུ། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ལ་ཞི་བའི་དངོས་གྲུབ་སྩོལ། །ཧ་བཛྲ་ཌཱ་ཀི་ནི་གནོད་བྱེད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་རྒན་རྒོན་དང་གཅོང་ནད་ཅན་བྱིས་པ་ལའོ། །ཧཱུྃ། དབུས་ཕྱོགས་དེ་བཞིན་རིགས་ཀྱི་དུར་ཁྲོད་ཆེན་པོ་ནས། །ཆོས་དབྱིངས་ཡེ་ཤེས་མེ་དཔུང་འབར་བ་འདི། །ལན་གཅིག་གནོད་བྱེད་སྟེང་དུ་འཕྲོས། །མེ་ལྕེ་མཐིང་གས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཁྲོས་མ་ནག་མོའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆོད་དུ། །ལུས་གདོན་ཚར་གཅོད་ལས་མཛོད་ཅིག །རྣལ་འབྱོར་བདག་ལ་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལི་གནོད་


CMR053_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་ནད་པ་སོགས་གལ་ཆེ་བ་ལ་བརྒྱབས་ནས། སླ་ངའི་ཡུ་བ་རིང་པོ་ཅན་དུ་སྦྱིན་སྲེག་གི་མེ་ཅུང་ཟད་བླུགས་ལ། སུ་རུའམ་ཤིང་གཤག་མང་དུ་སྦྱར་ལ། ཁྱིམ་ཐམས་ཅད་དུ་འགྲོ་གྲབ་བྱས་ལ། མེ་ཡིས་མཚམས་གཅོད་པ་ནི། ཧཱུྃ། གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར། །ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །སྟེང་ཡང་མེ་ཡི་གུར་ཁང་ལ། །མེ་ཡི་ཐོག་དང་སེར་ཆེན་འབེབས། །འོག་ཀྱང་མེ་ཡི་ས་གཞི་བརྡལ། །མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་ཡེ་ཤེས་མེ་དཔུང་འབར། །ཁྲོ་མོ་སྨེ་བརྩེགས་ཧཱུཾ་ཕཊ་སྒྲོགས། །བར་ཆད་འབྱུང་པོ་རྡུལ་དུ་རློག །ནད་འདྲེ་གཅོང་སྲི་རྡུལ་དུ་རློག །ཟ་འདྲེ་ཤི་གཤེད་རྡུལ་དུ་རློག །གོད་འདྲེ་བསེ་རག་རྡུལ་དུ་རློག །མི་གཙང་བཙོག་གྲིབ་གཞོབ་ཏུ་སྲེགས། །དམེ་གྲིབ་ཡུགས་གྲིབ་གཞོབ་ཏུ་སྲེགས། །དམ་སྲི་ཆུང་སྲི་གཞོབ་ཏུ་སྲེགས། །རྣལ་འབྱོར་བདག་ལ་ཕྲིན་ལས་ཐོགས་མེད་དངོས་གྲུབ་སྩོལ། །ཨ་ཧ་རི་ནི་ས། ཨོ་ཁར་ཁཾ་ཛིར་ཁཾ་བྷི་


CMR053_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་སེ་ཨུ་ཙུཥཱ་ཀྲོ་དྷ་ཧཱུྃ་ཕཊ། གནོད་བྱེད་སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་ཁྱིམ་ཀུན་ཏུ་མེ་ཞགས་བརྒྱབས་ནས། སླ་ངའི་མེ་སྦྱིན་སྲེག་ནང་དུ་བྱོ། །མེ་མགལ་མེ་དུམ་ཡང་མ་ལུས་པར་ཐབ་ཏུ་བསྡུས་ལ། རང་ཉིད་འཆམས་སམ་མཆོད་གཡོག་དུ་ཡོད་དབུ་རྒྱན་ཌཱ་དྲིལ་དང་བཅས་མེ་ཐབ་བསྐོར་ཞིང་མེ་བྲོ་བརྡུང་བཅུག་ལ། ཧཱུྃ། དབུས་ཕྱོགས་ལྷུན་གྲུབ་ས་གཞི་ལ། །བུདྡྷཱ་རིགས་ཀྱི་བྲོ་བརྡུངས་པས། །བྲོ་དཔོན་ཁྲོས་མ་ནག་མོས་བྱས། །བྲོ་པ་སངས་རྒྱས་མཁའ་འགྲོའི་ཚོགས། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གླུ་ལེན་ཀྱུ་རུ་རུ། །མཁའ་འགྲོའི་བརྡ་སྐད་དི་རི་རི། །དཔའ་བོའི་བཤུག་གླུ་ཀྱུ་རུ་རུ། །བྲོ་ར་ཟུར་དྲུག་བསྐོར་བ་ནི། །མཆོག་གི་དངོས་གྲུབ་ཐོབ་པའི་བྲོ། །ཞབས་གཡས་ཡར་ལ་བསྐུམ་པ་ནི། །མཁའ་སྤྱོད་གནས་སུ་འདྲེན་པའི་བྲོ། །ཞབས་གཡོན་མར་ལ་བརྐྱང་བ་ནི། །ཁམས་གསུམ་ཟིལ་གྱིས་གནོན་པའི་བྲོ། །མཆོག་གི་དངོས་གྲུབ་ཐོབ་གྱུར་ཅིག །ༀ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལི་ཛྷཱ་ན་སིདྡྷི་སྭཱ་ཧཱ། ། ཧཱུྃ༔ ཤར་ཕྱོགས་ཞི་བའི་ས་གཞི་ལ། །རྡོ་རྗེ་མཁའ་འགྲོས་བྲོ་བརྡུངས་བས། །བྲོ་དཔོན་བདེ་ཆེན་དཀར་མོས་བྱས། །བྲོ་པ་རྡོ་རྗེ་མཁའ་འགྲོའི་ཚོགས། །དཔའ་བོའི་བྲོ་


CMR053_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གླུ་ལེན་ཀྱུ་རུ་རུ། །མཁའ་འགྲོའི་བརྡ་སྐད་དི་རི་རི། །དཔའ་བོའི་བཤུག་གླུ་ཀྱུ་རུ་རུ། །བྲོ་ར་ཟླུམ་པོར་བསྐོར་བ་ནི། །ཞི་བའི་ཕྲིན་ལས་འགྲུབ་པའི་བྲོ། །ཞབས་གཡས་ཡར་ལ་བསྐུམ་པ་ནི། །མཐོ་རིས་ཐར་ལམ་འབྱེད་པའི་བྲོ། །ཞབས་གཡོན་མར་ལ་བརྐྱང་བ་ནི། །ངན་སོང་རྡོག་པས་ནོན་པའི་བྲོ། །ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག །ཧ་བཛྲ་ཌཱ་ཀི་ནཱི་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། ལྷོ་ཕྱོགས་རྒྱས་པའི་ས་གཞི་ལ། །རིན་ཆེན་རིགས་ཀྱིས་བྲོ་བརྡུངས་པས། །བྲོ་དཔོན་༡། སེར་མོ་དོན་གྲུབ་བྱས། །བྲོ་པ་རིན་ཆེན་མཁའ་འགྲོའི་ཚོགས། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོ་གླུ་ལེན་ཀྱུ་རུ་རུ། །མཁའ་འགྲོའི་བརྡ་སྐད་དི་རི་རི། དཔའ་བོའི་བཤུག་གླུ་ཀྱུ་རུ་རུ། །བྲོ་ར་གྲུ་བཞི་བསྐོར་བ་ནི། །རྒྱས་པའི་ཕྲིན་ལས་འགྲུབ་པའི་བྲོ། །ཞབས་གཡས་ཡར་ལ་བསྐུམ་པ་ནི། །ཚེ་བསོད་ཡར་ལ་བསྐྱེད་པའི་བྲོ། །ཞབས་གཡོན་མར་ལ་བརྐྱང་བ་ནི། །གོད་འདྲེ་རྡོག་པས་མནན་པའི་བྲོ། །ཚེ་དང་བསོད་ནམས་རྒྱས་གྱུར་ཅིག །རི་རཏྣ་ཊཱ་ཀི་ནཱི་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། ནུབ་ཕྱོགས་


CMR053_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ས་གཞི་ལ། །པདྨ་རིགས་ཀྱི་བྲོ་བརྡུངས་པས། །བྲོ་དཔོན་དམར་མོ་སྒྲ་སྒྲོགས་བྱས། །བྲོ་པ་པདྨ་མཁའ་འགྲོའི་ཚོགས། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གླུ་ལེན་ཀྱུ་རུ་རུ། །མཁའ་འགྲོའི་བརྡ་སྐད་དི་རི་རི། །དཔའ་བོའི་བཤུག་གླུ་ཀྱུ་རུ་རུ། །བྲོ་ར་ཟླ་གམ་བསྐོར་བ་ནི། །དབང་གི་ཕྲིན་ལས་འགྲུབ་པའི་བྲོ། །ཞབས་གཡས་ཡར་ལ་བསྐུམ་པ་ནི། །སྣང་སྲིད་དབང་དུ་འདུས་པའི་བྲོ། །ཞབས་གཡོན་མར་ལ་བརྐྱང་བ་ནི། །བྱུར་འདྲེ་རྡོག་པས་ནོན་པའི་བྲོ། །ཁམས་གསུམ་དབང་དུ་འདུས་གྱུར་ཅིག །ནི་པདྨ་ཊཱ་ཀི་ནཱི་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། བྱང་ཕྱོགས་དྲག་པོའི་ས་གཞི་ལ། །ཀརྨ་རིགས་ཀྱིས་བྲོ་བརྡུངས་པས། །བྲོ་དཔོན་སྣ་ཚོགས་མཐར་ཕྱིན་བྱས། །བྲོ་པ་ལས་ཀྱི་མཁའ་འགྲོའི་ཚོགས། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གླུ་ལེན་ཀྱུ་རུ་རུ། །མཁའ་འགྲོའི་བརྡ་སྐད་དི་རི་རི། །དཔའ་བོའི་བཤུག་གླུ་ཀྱུ་རུ་རུ། ། བྲོ་ར་གྲུ་གསུམ་བསྐོར་བ་ནི། དྲག་པོའི་ཕྲིན་ལས་འགྲུབ་པའི་བྲོ། །ཞབས་གཡས་ཡར་ལ་བསྐུམ་པ་ནི། །རྣམ་ཤེས་དབྱིངས་སུ་འདྲེན་པའི་བྲོ། །ཞབས་གཡོན་མར་ལ་བརྐྱང་


CMR053_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །དམ་སྲི་རྡོག་པས་ནོན་པའི་བྲོ། །དགྲ་བགེགས་དམ་སྲི་ཚར་ཆོད་ཅིག །ས་ཀརྨ་ཊཱ་ཀི་ནཱི་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བྲོ་བརྡུང་། དེ་ནས་མེ་ལྷའི་གཏོར་མའི་ལྷག་མ་ལ། རྒྱས་པའི་མེ་ལྷའི་གཏོར་མ་དང་། འཇིག་རྟེན་མེ་ལྷའི་གཏོར་མ་ཕྱི་རྒྱབ་མི་ལ་མི་སྦྱིན། དབང་གི་མེ་ལྷའི་གཏོར་མ་དང་། དྲག་པོའི་མེ་ལྷ་གཏོར་མ་སོགས་གཞན་ཐམས་ཅད་ཚོགས་བྱས་ནས། ཚོགས་དུམ་རེ་དང་མཉམ་དུ་ཐམས་ཅད་ལ་སྤེལ་ནས་རང་ཡང་བཟའ་སྟེ། ནས་འཐོར་ཞིང་བཀྲ་ཤིས་བརྗོད་དེ། བླ་མ་རྣམས་ཀྱིས་ལེགས་བྱིན་པའི། །རྟག་ཏུ་ཡེ་ཤེས་ཐུགས་རྗེ་ཡིས། །གཟིགས་ཤིང་ཆོས་སྐུར་ངོ་སྤྲོད་པའི། །བྱིན་རླབས་མཆོག་གི་བཀྲ་ཤིས་ཤོག །ཁྲོས་མ་ནག་མོས་ལེགས་བྱིན་པའི། །གསང་སྔགས་མཆོག་གི་ཆོ་ག་ལ། །ལུས་ངག་ཡིད་གསུམ་མཐུ་གྲུབ་པའི། །དངོས་གྲུབ་མཆོག་གི་བཀྲ་ཤིས་ཤོག །བདེ་ཆེན་དཀར་མོས་ལེགས་བྱིན་པའི། །སེམས་ཉིད་འོད་གསལ་འདུས་མ་བྱས། །གཉིས་མེད་དཔེ་བྲལ་དོན་རྟོགས་པའི། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སེར་མོ་དོན་འགྲུབ་ལེགས་བྱིན་པའི། །ཡོན་ཏན་དཔག་ཏུ་མེད་པས་བརྒྱན། །ནད་དང་གདོན་ལས་ཐར་བ་ཡི། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །དམར་མོ་


CMR053_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྒྲོགས་ལེགས་བྱིན་པའི། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །བདེ་ཆེན་ཡེ་ཤེས་ཐབས་ཀྱི་མཆོག །གསང་བ་ཤེས་རབ་བཀྲ་ཤིས་ཤོག །སྣ་ཚོགས་མཐར་ཕྱིན་ལེགས་བྱིན་པའི། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། ། །ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །རྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བཀྲ་ཤིས་མཁའ་འགྲོ་རྣམས་ཀྱིས་ཀྱང་བརྗོད་པར་བསམ་སྟེ། དངོས་གྲུབ་ལེན་ཆོག་དང་བཀྲ་ཤིས་གཉིས་ཀའོ། །དེ་ནས་རྗེས་ཆོག །ཨ་ཧ་རི་ནི་ས་ཨགྷ་ཡེ་ཨརྒྷཾ་ནས་ཤབྡ་པྲ་ཏིཙྪ་སྭཱ་ཧཱ། ཞེས་ཚར་གང་འགྲུབ་བརྗོད་ཅིང་བསྲེག་རྫས་ལྷག་མ་ཐམས་ཅད་མེ་ནང་དུ་བཏབ་ལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་


CMR053_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འདུད། །ཨོཾ་མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་བགྱིད་བརྩལ་བ། །དེ་ཀུན་དྲང་སྲོང་བཟོད་པར་གསོལ། །ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སོ་སོའི་ཡུལ་དུ་གཤེགས་སུ་གསོལ། །སོ་སོའི་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མེ་ལྷ་ཡེ་ཤེས་པ་ཁྲོས་མ་ལྷ་ལྔ་ཨུ་རྒྱན་གྱི་གནས་སུ་གཤེགས། འཇིག་རྟེན་པའི་མེ་ལྷ་ཤར་ལྷོའི་མཚམས་སུ་གཤེགས་པར་གྱུར། ཨ་ཧ་རི་ནི་ས་ཨགེ་ཡེ་བཛྲ་མུ་དམ་ཚིག་པའི་མཁའ་འགྲོ་ལྔ་བདག་ཉིད་ལ་ཐིམ། མེ་ལྷ་དམ་ཚིག་པ་མེ་འབར་བའི་རང་བཞིན་དུ་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །ཆོས་སྐུ་ཡུམ་ཆེན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད་སྟོང་ཉིད་ཀྱིས་རྒྱས་བཏབ། ཚོགས་ཀྱི་ལྷག་མ་འབུལ། གཏོར་འབུལ་མན་ཆད་གཞུང་ལྟར་བྱའོ། །འདི་གཅོད་ཚོགས་ཕག་ཁྲོས་གུར་དྲག་གང་ལའང་སྦྱར་ཀྱང་ཚོགས་ཐོན་ནས་ཚོགས་མ་སྤེལ་བ་ལ་བྱའོ། །གཅོད་ཚོགས་ལུས་སྦྱིན་ལ་སྦྱར་ན་གཅོད་ལུགས་


CMR053_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ལྔ་སེར་དང་མཁའ་འགྲོ་རྒྱུ་ལྡོག་སོགས་བརྩི་མི་དགོས། ཕག་ཁྲོས་གུར་དྲག་ལ་སྦྱར་ན་སྔགས་ལུགས་ཡིན་པས་བརྩི་དགོས། ཕག་མོ་གུར་དྲག་སོགས་ལ་སྦྱར་ན་རང་ཉིད་གནས་འགྱུར་ནས་སྐད་ཅིག་ལ་ཁྲོས་མར་བསྐྱེད་ལ་བྱའོ། །གུར་དྲག་གི་ཡུམ་ཁྲོས་མ་ཡིན། འཁོར་ལྷ་ཡང་ཡིན། ཌཱ་ཀི་ཡོན་ཏན་སྒྲུབ་པ་ཡང་དོན་ལ་གཅིག་པས་གུར་དྲག་གི་ལས་མཐའ་ལ་སྦྱར་རུང་བའོ། །གཙོ་ཆེར་ལྷ་ལྔ་འདི་ཇོ་མོ་ལུགས་ཡིན་པས་གཅོད་ལུགས་རང་ཡིན་ནོ། །ཨེ་མ། གཅོད་ལུགས་མེ་མཆོད་འདི་ཉིད་གྲགས་ཆེ་ཡང་། །ཡིག་ཆ་རྣམས་ལ་ཧ་ཅང་གསལ་ཁ་མེད། །ཕྱོགས་མགོ་རེ་ཙམ་གསུངས་པ་ལག་ལེན་དཀའ། །སྔོན་གྱི་བླ་མ་དམ་པའི་གསུང་རྣམས་ཀྱང་། །རྒྱུད་ཚིག་རྡོ་རྗེའི་གསུང་རྣམས་གོ་བར་དཀའ། མཁས་དང་མི་མཁས་བླ་མ་འགའ་རེ་ཡིས། །ཟིན་བྲིས་མཛད་ཀྱང་ཕལ་ཆེར་ཆ་མ་ཚང་། །གཞན་ནས་སབ་དགོས་མང་བས་འགྲིགས་མི་ཐུབ། །ལ་ལས་མེ་མཆོད་དང་ནི་སྦྱིན་སྲེག་གཉིས། །གསར་རྙིང་སྐད་དོད་ཡིན་པར་མ་རྟོགས་ནས། །སྦྱིན་སྲེག་རྣམ་དབྱེ་མེད་པའི་མེ་མཆོད་བྱེད། །ལ་ལས་ཉང་གི་གཏེར་མའི་སྦྱིན་སྲེག་དེ། །གཅོད་ལ་ཁ་འགེབས་གཅོད་དང་ཡེ་མ་མཐུན། །གཅོད་ལུགས་སོར་བཞག་མེ་མཆོད་ཤེས་པ་དཀོན། །དེ་ཕྱིར་མ་འོངས་འགྲོ་ལ་ཕན་སེམས་ཀྱིས། །རཱ་གའི་མིང་ཅན་བདག་གིས་བལྟས་ཆོག་བཀོད། །ཕྱི་རབས་གཅོད་ལ་མོས་པའི་ཉམ་ཆུང་རྣམས། །བདག་གིས་བཀའ་དྲིན་ཆེན་པོ་བཞག་ཡོད་པས། །ཡིད་བཞིན་ནོར་ལྟར་གུས་པས་སྤྱི་བོར་ལོངས། །རྒྱུད་གཞུང་


CMR053_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་དུ་མའི་བཅུད་ཡིན་པས། །རང་བཟོ་ཡིན་སྙམ་ལོག་ལྟ་མ་བསྒོམས་ལ། །ཟབ་དང་མི་ཟབ་ཉམས་སུ་ལོངས་ལ་ལྟོས། །ལེགས་དང་མི་ལེགས་ཕྱག་ལེན་གྱིས་ལ་ལྟོས། །འདི་བྲིས་གལ་ཏེ་ཉེས་པ་མཆིས་སྲིད་ན། །ཁྲོས་མ་ལྷ་ལྔ་མེ་ཡི་ལྷ་ལ་བཤགས། །དགེ་བས་འགྲོ་བའི་དུག་ལྔ་ཀུན་བསྲེགས་ནས། །ཡེ་ཤེས་ལྔ་ཡི་མེ་དཔུང་རྒྱས་པར་ཤོག །སརྦ་མངྒ་ལཾ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


no previousགཅོད་ལུགས་ཕུན་སུམ་ཚོགས་པའི་མེ་མཆོད་བལྟས་ཆོག་ཏུ་བཀོད་པ།next