Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
སྙན་བརྒྱུད་གསལ་བའི་མེ་ལོང་། དམིགས་འབུམ་མ་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙན་བརྒྱུད་གསལ་བའི་མེ་ལོང་། དམིགས་འབུམ་མ་ཡིགnext

སྙན་བརྒྱུད་གསལ་བའི་མེ་ལོང་། དམིགས་འབུམ་མ་ཡིག


CMR053_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༼ཧ༽ སྙན་བརྒྱུད་གསལ་བའི་མེ་ལོང་། དམིགས་འབུམ་མ་ཡིག་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR053_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཡུམ་ཆེན་ཐུགས་ཀྱི་བཅུད། །རྒྱལ་བ་བསྒྲོད་པའི་མཐར་ཐུག་ལམ། ། མཁའ་འགྲོའི་སྙིང་གཏམ་རྡོ་རྗེའི་ཚིག །སྙན་བརྒྱུད་ཞལ་གདམས་གེགས་སེལ་འདི། །བླ་མ་ལ་གུས་སྙིང་རྗེ་ལྡན། །སྐྱེ་འཆིར་འཇིགས་ཤིང་ཆོས་ལ་མོས། །རི་ཕུག་དུར་ཁྲོད་འགྲིམ་རྣམས་ལ། །སྙིང་གཏམ་བཤད་ཀྱིས་གུས་པས་ཉོན། ༼༡༽ །དང་པོ་གཉན་ཁྲོད་འགྲིམས་པའི་དུས། ། གཤེགས་ཚུལ་བཞི་ཡི་དམིགས་པ་དགོས། ༼༢༽ །གཉན་སར་སླེབས་ནས་ཉམས་ལེན་ནི། །ཆེ་བ་རྣམ་གསུམ་ཤིན་ཏུ་གཅེས། ༼༣༽ །བག་


CMR053_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དྲི་མ་འཁྲུད་པ་ལ། །དེ་ལ་སྡིག་སྦྱངས་ནག་འགྱེད་དགོས། ༼༤༽ །ཚོགས་གཉིས་ཟུང་དུ་འབྲེལ་བ་ལ། །དཀར་ཚོགས་ལམ་ཁྱེར་སྐོར་གསུམ་དགོས། ༼༥༽ །ཕྱོགས་མེད་གཉན་ས་འགྲིམ་པ་ལ། །འབྱོན་ལུགས་བཞི་སྐོར་དམིགས་པ་དགོས། ༼༦༽ །ཀླུ་གནས་དུར་ཁྲོད་བསྒྲོད་པའི་ཚེ། །སུམ་གནོན་བསྐོར་གསུམ་ཤིན་ཏུ་གཅེས། ༼༧༽ །སྔ་མས་སྔ་རུ་མ་ནོན་ན། །དགྲ་ངན་དག་ལ་བྱ་ཤོར་འདྲ། །དེ་ལ་ཟིལ་གནོན་གནད་བདུན་དགོས། ༼༢༽ །བར་མས་བར་དུ་མ་ནོན་ན། །དཔའ་བོའི་ལག་གི་མཚོན་ཤོར་འདྲ། །དེ་ལ་རྡོ་རྗེ་སྦྲུལ་ཞགས་


CMR053_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། ༩༽ །ཕྱི་མས་ཕྱི་རུ་མ་ནོན་ན། །ནོར་ངན་ཕྱི་རྗེས་ལོག་པ་འདྲ། །དེ་ལ་དམག་དཔོན་ཁྱུང་ནག་དགོས། ༼༡༠༽ །ཁམས་གསུམ་ཟིལ་གྱིས་གནོན་འདོད་ན། ། སྐྱབས་གནས་དམ་པ་སུམ་བརྩེགས་དགོས། ༼༡༡༽ །སྒྱུ་ལུས་གཅེས་འཛིན་ཞིག་ཙམ་ན། །དེ་ལ་མཛེ་ཕོའི་བམ་སྐྱུར་དགོས། ༼༡༢༽ །ཕྱི་ཡི་ས་དགྲ་གཅོད་པ་ལ། །དེ་ལ་འཕེན་ལེན་དམར་འགྱེད་དགོས། ༼༡༣༽ །མཚོ་དཀྱིལ་གངས་ཀྱི་རྩེ་མོ་ལ། །དེ་ལ་གནོད་མེད་ལྕགས་ཀྱུ་དགོས། ༼༡༤༽ །འཁྲུལ་སྣང་སྔོན་ཞེན་གཅོད་པ་ལ། །ཀེང་རུས་ཏི་ཏྲིའི་དམིགས་པ་དགོས། ༡༥༽ །གཉན་ས་གཅིག་ནས་བརྒྱ་རྩ་གཅོད། །སྟོབས་ཆེན་དམར་པོའི་བང་ཆེན་དགོས།༼༡༦༽ །མགྲོན་རྣམས་གཞན་ལ་བྲོས་གྱུར་ན། །དེ་ལ་ཕོ་ཉ་དངུལ་དཀར་བཏང་། ༼༡༧༽ །དེས་ཀྱང་འོང་བར་མ་གྱུར་ན། །དམར་ནག་ལྕགས་ཀྱུའི་དམིགས་པ་དགོས། ༼༡༨༽ །གང་ཞིག་ལུས་སེམས་བག་ཆགས་འཐབ། །ཀུན་རྫོབ་བདེན་པར་འཛིན་པ་ལ། །རྫུན་ཕུག་གཏིབ་པའི་དམིགས་པ་དགོས། ༼༡༩༽ །ཏིང་འཛིན་ཞེན་ནས་མ་སློང་ན། །སློང་བྱེད་དཀར་མོའི་དམིགས་པ་དགོས། ༼༢༠༽ །ཆོ་འཕྲུལ་


CMR053_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ནས་མ་ནོན་ན། །སྙིལ་བྱེད་ཟིལ་ནོན་དམིགས་པ་དགོས། ༼༢༡༽ །ཆོ་འཕྲུལ་ཆེན་ནས་ཚར་ཚད་དཀོན། །དེ་ལ་ཕྱུག་པོའི་ཐིབ་ནོན་དགོས། ༼༢༢༽ ། །ཚར་ཚད་སླེབས་ནས་མགོ་བསྐོར་ན། །འབྱེད་པ་གསེར་གྱི་ལྡེའུ་མིག་དགོས། ༼༢༣༽ །ཚད་པ་གསར་རྙིང་ན་བ་ལ། ་།བཅུ་གཅིག་འཁོར་ལོའི་དམིགས་པ་དགོས། ༼༢༤༽ །གྲང་ཆགས་གསར་རྙིང་གང་ན་ཡང་། །ཐུ་ལུམ་འབར་བའི་དམིགས་པ་དགོས། ༼༢༥༽ །རླུང་གི་ནད་ལ་གང་བྱུང་ཡང་། །ས་འོག་ཕག་ནག་འབུམ་བསྐོར་དགོས། ༼༢༦༽ མགོ་བོ་ན་ཞིང་གས་ལ་ཐུག །དེ་ལ་མཁའ་ལྡིང་ཀླད་ཁྲག་དགོས། ༼༢༧༽ །མིག་ནད་ལིང་ཏོག་ན་བ་ལ། །དེ་ལ་བྱ་ནག་ཕུས་འདེབས་དགོས། ༼༢༨༽ །ཆམ་པ་ཡ་མས་སྣ་འཚུབས་ན། །དེ་ལ་སྦྲུལ་ནག་ཁྲག་འཇིབ་དགོས། ༼༢༩༽ །རྣ་བ་ན་གཟེར་བྱུང་བ་ན། །དེ་ལ་གནམ་ལྕགས་འབར་བ་དགོས། ༼༣༠༽ །ལྕེ་འབྲུམ་ན་དང་སྐྱུག་པ་ལ། །ཤར་མོ་བཅུ་གཅིག་སྦྱར་དྲུག་དགོས། ༼༣༡༽ །སོ་ནད་སྲིན་བུ་ན་བ་ལ། །དེ་ལ་དོ་ཤལ་བརྒྱན་དྲུག་དགོས། ༼༣༢༽ །གག་པ་ཨུས་འགག་ན་བ་ལ། །ལྕགས་སྤྱང་ཁྱུང་སྦྲུལ་


CMR053_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དགོས། ༼༣༣༽ །མིད་འཆུས་མིད་སྐྱུག་ན་བ་ན། །དེ་ལ་ཐུ་ལུམ་སྦྲུལ་མགོ་དགོས། ༼༣༤༽ །གློ་རྣག་རོ་སྟོད་ན་བ་ལ། །འདྲེན་བྱེད་སྟག་མོའི་དམིགས་པ་དགོས། ༼༣༥༽ །མཆིན་པ་ན་འམ་རླུང་སྐྱེས་ན། །དམིགས་པ་ཁྱི་ནག་ཟངས་མཆུ་དགོས། ༼༣༦༽ །ཆུ་སྐྲན་དང་ནི་འདྲེ་སྲིན་ལ། །དམིགས་པ་ཁྱུང་ནག་སེང་ཞོན་དགོས། ༼༣༧༽ །སྙིང་རླུང་ཤེས་པ་དྲན་སྟོང་ལ། །གུར་ཁང་ལྷ་མོའི་རྡོ་རྗེ་དགོས། ༼༣༨༽ །ཕོ་ནད་ཟས་མི་འཇུ་བ་ལ། །ཤ་སྦྲང་རླུང་ཞོན་དམིགས་པ་དགོས། ༼༣༩༽ །གང་ཞིག་མཚེར་པ་ན་བ་ཚུལ། །དམིགས་པ་གནམ་ལྕགས་འཁོར་ལོ་དགོས། ༼༤༠༽ །རྒྱུ་ནད་ཁྲག་བཤལ་བཟོད་མེད་ལ། །དེ་ལ་བྱ་རོག་སྔ་སྡེ་དགོས། ༼༤༡༽ །ལོང་སྲིན་ལོང་དུག་ན་བ་ལ། དམིགས་པ་ལྕགས་སྤྱང་འཁོར་ལོ་དགོས། ༼༤༢༽ །མཁལ་ནད་གྲང་མཁལ་ན་བ་ལ། །དམིགས་པ་ཁྱུང་དམར་གཤོག་རྡེབ་དགོས། ༼༤༣༽ །རྡེལ་དང་རྡེལ་ནད་ན་བ་ལ། ། མི་རྒོད་དཔའ་བོ་སྤུན་གཉིས་དགོས། ༼༤༤༽ །རྩ་ཆུ་འགགས་པའི་ནད་བྱུང་ན། །བྱ་ཁྱུང་རིགས་ལྔའི་སྐུ་མཁར་དགོས། ༼༤༥༽ །བསེན་མོས་ཐིག་ལེ་འཕྲོག་པ་ལ། །དམིགས་


CMR053_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐེའུ་རང་ཁ་ཆིངས་དགོས། ༼༤༦༽ །གཞང་འབྲུམ་གཉའ་མ་ཟ་བ་ལ། །དུར་བྱ་ལྕགས་མཆུའི་དམིགས་པ་དགོས། ༼༤༧༽ །རྐང་ལག་ལྷུ་ཚིགས་ན་བ་ལ། ། །དམིགས་པ་སྦྲུལ་ཆིངས་ནག་པོ་དགོས། ༼༤༨༽ །རུས་རྐང་དམར་པོ་ཁོལ་བ་ལ། །ཁྱུང་དམར་སྤྲུལ་གྱི་རྟ་ལ་ཞོན། ༼༤༩༽ །མོ་ནད་དམིགས་པ་བྱེད་འདོད་ན། །མཛེས་མ་མདའ་གཞུའི་དམིགས་པ་དགོས། ༼༥༠༽ །གཞུང་པར་ཆུ་སེར་ཞུགས་པ་ལ། །དམིགས་པ་ཉི་མ་འབུམ་བསྐོར་དགོས། ༼༥༡༽ །སྲོག་རླུང་གྱེན་དུ་ལོག་པ་ལ། །དྲེད་མོང་ལག་རིང་དམིགས་པ་དགོས། (༥༢༽ །མཁྲིས་ནད་མཁྲིས་པ་མིག་སེར་ལ། །མི་ནག་མགོ་འབུམ་དམིགས་པ་དགོས། ༼༥༢༽ །གང་ཞིག་བད་ཀན་ན་བ་ལ། །ཨཱཿདཀར་འོད་ལྡན་དམིགས་པ་དགོས། ༼༥༤༽ །མཛེ་དང་ཕོལ་མིག་ན་བ་ལ། །སྦྲུལ་ནག་དུག་སྦྱོར་དམིགས་པ་དགོས། ༼༥༥༽ །མཛེ་ཕོའི་ཕྱི་རྗེས་གཅོད་པ་ལ། །དམར་ནག་ཁྱུང་གི་ཡང་ཞུན་དགོས་༼༥༦༽ །རྨ་ཤུ་རྨ་རོ་བམ་ནད་ལ། །རྡོལ་བ་ནག་པོའི་དམིགས་པ་དགོས། ༼༥༧༽ །རྒྱལ་འགོང་ནད་ཀྱིས་ཟིན་པ་ལ། །དཔའ་བོ་སྟག་གི་དམ་སྤྲུག་དགོས། །


CMR053_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༨༽ །དམུ་བདུད་བཙན་གྱིས་ཟིན་པ་ལ། །འབྲོང་ཆེན་མེ་དབལ་དམིགས་པ་དགོས། ༼༥༩༽ །ས་བདག་གཉན་གྱིས་ཟིན་པ་ལ། །གླང་དམར་སྦལ་ཆིངས་དམིགས་པ་དགོས། ༼༦༠༽ །དྲང་སྲོང་ནད་ཀྱིས་ཟིན་པ་ལ། །གཟའ་བདུད་ནག་པོའི་ཐིབ་ནོན་དགོས། ༼༦༡༽ །གློ་བུར་ལྷོག་རྒོད་ན་བ་ལ། །དྲག་པོ་ལྕགས་ཀྱི་རྡོ་རྗེ་དགོས། ༼༦༢༽ །འབྲུམ་བུའི་ནད་རྣམས་ཐམས་ཅད་ལ། །སྨྱོན་པ་ཁ་ཡན་དམིགས་པ་དགོས། ༼༦༣༽ །མི་འགོར་སྒོ་འདན་ལྟ་བུ་ལ། །མི་ལྡོག་གཟེར་དགུའི་དམིགས་པ་དགོས། ༼༦༤༽ །མཐའ་གཏད་གཉན་སའི་དམིགས་པ་ནི། །མེ་རླུང་གོ་ལྡོག་ཆེན་མོ་དགོས། ༼༦༥༽ །བྲག་དམར་སློང་བའི་དམིགས་པ་ནི། །དམིགས་པ་སྟོབས་ལྡན་གྲ་བཞི་དགོས། ༼༦༦༽ །རི་བོ་ཆེན་པོ་མ་སློང་ན། །དམིགས་པ་སེངྒེ་འགྱིང་བ་དགོས། ༼༦༧༽ །མཚོ་མོ་མ་བསླང་མཐའ་གཏད་ནི། །དམིགས་པ་ཁྱུང་ཆེན་གཤོག་རྒྱ་ཡོད། ༼༦༨༽ །ཤིང་གཅིག་གཉན་པོ་མ་སློང་ན། །དམིགས་པ་རྒྱ་སྟ་ངར་མ་དགོས། ༼༦༩༽ །ཤིང་ནག་འཐུག་པོ་མ་སློང་ན། །དེ་ལ་རལ་གྲི་འབུམ་བསྐོར་དགོས། ༼༧༽ །ཆུ་མིག་མ་བསླང་མཐའ་གཏད་ན། །ཆུ་


CMR053_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལྷ་མོའི་དམིགས་པ་དགོས། ༼༧༡༽ །ས་ཕུག་བྲག་ཕུག་མ་སློང་ན། །དམིགས་པ་ཨ་ཐུང་དམར་པོ་དགོས། ༼༧༢༽ །ལམ་སྲང་གོང་བུ་མ་སློང་ན། །མ་ཧཱ་བཛྲ་དམིགས་པ་དགོས། ༼༧༣༽ །མདོ་གསུམ་ཐང་ཆེན་མ་སློང་ན། །སྟོབས་ལྡན་ཁྲོ་བོའི་དམིགས་པ་དགོས། ༼༧༽ །དུར་ཁྲོད་ཆེན་པོ་མ་སློང་ན། །གནམ་ལྕགས་གཟེར་བུའི་དམིགས་པ་དགོས། ༼༧༽ །སྟེང་གདོན་དྲག་པོ་མ་སློང་ན། །སྲོག་བྱེད་དམར་པོའི་དམིགས་པ་དགོས། ༼༧༦༽ །འོག་གདོན་མ་བསླང་དམིགས་པ་ནི། །ཀླུ་སྦྲུལ་ཐག་ནག་དམིགས་པ་དགོས། ༼༧༧༽ །བདུད་དང་གཤིན་རྗེའི་ཟིན་གྱུར་ན། །དྲག་པོ་མགོ་ཟླུམ་དམིགས་པ་དགོས། ༼༧༨༽ །གཅོད་ལོག་སྣ་ཁྲག་འོང་བ་ན། །གར་མཁན་ཆེན་པོའི་དམིགས་པ་དགོས། ༼༧༩༽ །གཉན་སར་ཕོ་ལྡོག་བྱུང་གྱུར་ན། །ཁྲུས་ཆུས་བྲན་ལ་ངར་འདོན་དགོས། ༼༢༠༽ །ཆུ་ཐོར་འབྲུམ་བུ་བྱུང་གྱུར་ན། །ཀླུ་ཚང་ངག་གཅོད་དམིགས་པ་དགོས། ༼༨༡༽ །གློ་བུར་གཟེར་ནད་བྱུང་བ་ལ། །བླ་རྡོ་ནག་པོའི་ལག་ལེན་དགོས། ༼༨༢༽ །སྐྲན་དང་དམུ་ཆུ་ན་བ་ལ། །སྲེག་བྱེད་ཆུ་འབྱུང་དམིགས་པ་དགོས། །


CMR053_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༣༽ །གློ་བུར་མེ་དབལ་བྱུང་བ་ན། །བསིལ་བྱེད་དཀར་མོའི་དམིགས་པ་དགོས། ༼༨༤༽ །གློ་བུར་གྲང་རྡུལ་བྱུང་བ་ལ། །སྟག་ཆུང་འོད་འཕྲོའི་དམིགས་པ་དགོས། ༼༨༥༽ ། ཁོལ་བུའི་ནད་དང་སྲང་འབུར་ལ། །འབྲུ་གསུམ་ཕོ་ཉའི་དམིགས་པ་དགོས། ། ༼༨༦༽ །སྐྱུགས་རྗེས་མ་ཆོད་དམིགས་པ་ནི། །འདབ་ཆགས་ཁྲག་འཐུང་དམིགས་པ་དགོས། །༼༨༧༽ །བཤལ་རྗེས་མ་ཆོད་དམིགས་པ་ནི། །བཙན་ཞགས་དམར་པོའི་དམིགས་པ་དགོས། ༼༨༨༽ །གདོན་ཆེན་བྱིན་རླབས་དགོས་བྱུང་ན། །བསྲེ་བ་ལྔ་བསྒྲིལ་དམིགས་པ་དགོས། ༼༨༩༽ །རྒྱལ་པོའི་མགོ་བསྐོར་བྱུང་བ་ན། །གཉིས་མེད་ཆོས་ཀྱི་ཏིང་འཛིན་དགོས། ༼༩༠༽ །ས་བདག་མགོ་བསྐོར་བྱུང་སྲིད་ན། །ཐིབ་ནོན་དམར་པོའི་དམིགས་པ་དགོས། ༼༡༽ །བཙན་གྱིས་མོག་བསྐོར་བྱུང་སྲིད་ན། །དཔའ་བོ་གློག་འགྱུའི་དམིགས་པ་དགོས། ༼༩༢༽ །མཛེ་ལོག་ཤི་ལ་ཐུག་པ་ལ། །ལུས་རྟེན་དགུ་བསྐོར་ཟ་བྱེད་༼༩༣༽ །གཟའ་ལོག་འབྲས་ལོག་ནད་པ་ཡང་། །འཇོམས་བྱེད་ལྕགས་མཆུའི་དམིགས་པ་དགོས། ༼༩༤༽ །རིམས་ནད་ལ་སོགས་འགོས་ནད་ལ། །འདུ་ཏི་ལས་སྦྱོར་


CMR053_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དགོས། ༼༩༽ །གལ་ཏེ་ལྷ་འདྲེའི་རྗེས་བསྙེགས་ན། །དེ་ལ་རིག་པའི་མདུང་བསྐོར་དགོས། ༼༦༽ །ཁྱི་དང་གཅན་གཟན་དངོས་བྱུང་ན། །སྙིང་རྗེའི་གཏན་འབེབས་དམིགས་པ་དགོས། ༼༧༽ །གལ་ཏེ་མི་གཅོད་བྱེད་འདོད་ན། །སུམ་སྒྲིལ་གཅིག་ཆོད་དམིགས་པ་དགོས། ༩༨༽ །མི་རོ་དག་ལ་གཅོད་པའི་དུས། །འཕྲུལ་གཅོད་སྤུ་གྲིའི་དམིགས་པ་དགོས། ༼༩༩༽ །གལ་ཏེ་ཆུ་བོའི་ཁུར་བ་ལ། །སྟོབས་ཆེན་སྦྱོར་བའི་དམིགས་པ་དགོས། ༼༡༠༠༽ །གལ་ཏེ་མེ་གཅོད་བྱེད་འདོད་ན། ། གཉིས་མེད་སྙོམ་པའི་དམིགས་པ་དགོས། ༼༡༠༡༽ །གཡང་ལ་ལྷུང་བ་རྦབ་ཤོར་ན། །འཇམ་གཅོད་རིག་པའི་མཁའ་ལྡིང་དགོས། ༼༡༠༢༽ །གནམ་ལྕགས་ཐོག་གིས་འཇིག་དོགས་ན། །དམིགས་པ་ཕ་ལམ་སྟོབས་ལྡན་དགོས། ༼༡༠༣༽ །ཐོག་སེར་སྦྲག་མའི་དམིགས་པ་ནི། །དམིགས་པ་ཉི་ཟླ་ཁ་སྦྱོར་དགོས། ༧ ༼ཀ༽ ༼༡༽ །རྣལ་འབྱོར་རི་ཁྲོད་འགྲིམ་པ་ལ། །སེམས་ཅན་ཆོམ་རྐུན་ཏིང་འཛིན་འཕྲོག །བསྟན་དགྲ་སེར་མོ་ཡོངས་ལ་འཚེ། །དེ་ལ་ནག་སྦྱོར་རྟོག་མེད་དགོས། །དགྲ་བོ་གློ་བུར་བྱུང་བ་ན། །དེ་ལ་གཉེན་པོ་


CMR053_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཨར་གཏད་དགོས། ༼༢༽ །དགྲ་ཁྱིམ་ཐན་གྱིས་འགེང་འདོད་ན། །སྡེ་བཞི་དབང་སྡུད་དམར་པོ་དགོས། ༣༽ །དགྲ་བོ་ཀླུ་ལ་གཏད་འདོད་ན། །འདྲིལ་བ་ནག་པོ་ཁ་སྦྱོར་དགོས། ༼༤༽ །དགྲ་ཡུལ་ཐོག་གིས་བཤིག་འདོད་ན། །དམར་ནག་སྤུན་དགུའི་ཨར་གཏད་དགོས། ༢༽ །དགྲ་ལ་སྨྱོ་འབོག་བཏང་འདོད་ན། །གཟའ་རྒོད་སྤུན་དགུའི་ལོ་ཉ་དགོས། ༼༦༽ །དགྲ་བོ་ཞ་རིང་བཏང་འདོད་ན། །སྦྲུལ་ནག་མེ་འབར་དམིགས་པ་དགོས། ༼༧༽ །དགྲ་ཞིང་སེར་བས་བརླག་འདོད་ན། །དྲག་པོའི་སྡེ་བརྒྱད་སྒོ་ནོན་དགོས། ༼༢༽ །དགྲ་ལ་སེར་རྒོད་བཏང་འདོད་ན། །དྲག་པོའི་སྙིང་གཟེར་དམིགས་པ་དགོས། ༩༽ །དགྲ་བོ་འོན་ལོང་ལྐུགས་འདོད་ན། །རྒྱ་མཚོ་གཏིང་ལྡོག་དམིགས་པ་དགོས། ༼༡༠༽ །དགྲ་བོ་ཕ་ཚན་ཕྱེ་འདོད་ན། །ཁྱུང་སྤྲུལ་ཁ་ཐམ་དམིགས་པ་དགོས། ༡༡༽ །དགྲ་བོའི་རིགས་རྒྱུད་གཅོད་འདོད་ན། །ཉི་ཟླ་ཁ་འཐམ་དྲག་པོ་དགོས། ༼༡༢༽ །བྱད་མ་ནང་འདྲས་བྱུང་བ་ན། །སྙིང་རྗེའི་སྔགས་ནག་ཨར་གཏད་དགོས། ༼༡༣༽ །བྱད་གཅོད་ཐོག་ཏུ་འགེལ་བ་ལ། །གཤིན་རྗེའི་འཕྲུལ་འཁོར་དམིགས་པ་དགོས།


CMR053_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༽ བྱད་མ་ནག་པོ་གསོད་འདོད་ན། །རི་བོ་གཏིང་ལྡོག་དམིགས་པ་དགོས། ༼༡༥༽ །བྱད་མའི་བདུན་རྒྱུད་གཅོད་འདོད་ན། །རྒྱ་མཚོ་འདབས་པའི་དམིགས་པ་དགོས། །རྒྱུད་རྡོ་རྗེའི་ཚིག་རྐང་འདི། །མཁའ་འགྲོ་རྣམས་ཀྱི་སྙིང་གཏམ་ཡིན། །རྒྱུ་ལུས་གེགས་སེལ་ཆེན་མོ་ཡིན། །གང་ཐོས་རྡོ་རྗེའི་ཕ་ལམ་ཡིན། །སུས་བསྟན་སྤུ་གྲི་ངར་མ་ཡིན། །ཐོ་ཅོ་ཅན་ལ་ཅི་ཆ་མེད། །ཀྱེ་མ་དུས་ངན་སྙིགས་མ་འདི། །གཉུག་མ་འོད་གསལ་མི་ཤེས་པའི། །ང་རྒྱལ་ཆེ་བའི་སྒོམ་ཆེན་དང་། །གནད་ཀྱི་གྲོལ་ལུགས་མི་ཤེས་པས། །སངས་རྒྱས་སྒྲུབ་པའི་ཁས་ལེན་དང་། །འཁྲུལ་པ་རང་སར་མ་ཆོད་པས། །གཅོད་མཁན་ཡིན་ཟེར་ཁས་ལེན་གསུམ། །ས་འོག་འཆི་བདག་དག་དང་མཚུངས། །ཡར་ལ་འཐེན་ཀྱང་ཕྱིར་ལ་འཕེན། །སྙིང་རྗེ་ཆེ་ཡང་བྱེད་ཐབས་མེད། །རང་དོན་སྨིན་ཅིང་གཞན་དོན་སྒྲུབ། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་པས། །ཚེ་འདིར་འདུན་པ་རྒྱབ་ཏུ་སྐྱུར། །ཕྱི་མ་དང་ལེན་གཉན་ཁྲོད་འགྲིམ། །བྱང་ཆུབ་སེམས་དཔའི་རིགས་དེ་ལ། །མན་ངག་འདི་ནི་དྲིལ་ནས་བྱིན། །ཆོས་ལ་བསྟོད་ཅིང་སློབ་དཔོན་སྨད། །ཡིག་ནག་བཟུང་ནས་ཉམས་


CMR053_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་མེད། །དུག་ལྔ་རང་གར་སྤྱད་ནས་ཀྱང་། །ཆོས་མཁན་ཡིན་ཟེར་སྟོང་སྡེར་བྱེད། །དེ་ལ་མན་ངག་འདི་བྱིན་ན། །ཤན་པ་སྲིན་པོ་དག་དང་མཚུངས། །མཁའ་འགྲོ་རྣམས་ཀྱིས་ཆད་པ་ཆོད། །དེ་ལ་ཤིན་ཏུ་གསང་བར་གྱིས། །ཐོ་ཅོ་ཅན་གྱིས་མཐོང་མི་རུང་། །ས་མ་ཡ། རྒྱ་རྒྱ་རྒྱུ། ཞེས་ཁྱུང་དམར་གཤོག་རྡེབ་སོགས་མཐའ་གཏད་དང་ཨར་གཏད་དྲག་པོའི་རིགས་ལ་སྦྱིན་གཏོང་མི་བྱེད་མན་ངག་གོ །གཅོད་ཀྱི་ནང་ནས་ཡང་གཅོད་འདི། །གསང་གཅོད་ནང་ནས་སྙན་བརྒྱུད་ཡིན། །བླ་མ་མཆོག་ལས་རྣམ་རྒྱལ་གྱིས། །བདག་རྒྱུད་འཛིན་མའི་དགོངས་ནས་ནི། །ཐུགས་ཀྱི་ཙིཏྟའི་མཆོག་འདི་ནི། །སྙིང་དུ་སྦོས་ཤིག་ས་མ་ཡ། །སྙན་བརྒྱུད་དྲི་མེད་ས་བཅད་རྫོགས། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ཡང་དག་རྫོགས་པའི་སངས་རྒྱས། འཇམ་དཔལ་སྨྲ་བའི་སེངྒེ། ཨཱརྱ་དེ་ཝ། ཕ་དམ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་ལབ་སྒྲོན། སྲས་ཁུ་སྒོམ་ཆོས་སེང་། རྗེ་སྐྱེ་མེད་ཆེན་པོ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། ཁུ་སྒོམ་ཆེན་པོ། ཐམས་ཅད་མཁྱེན་པ། བླ་མ་སུམ་པ་ཆེན་པོ། རྒྱལ་བ་བཙན་འཕྲང་བ། སྤྲུལ་


CMR053_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སེམས་དཔའ་རྣམ་གཉིས་། མཚན་ལྡན་བྱང་ཆུབ་རྒྱལ་མཚན། མཁས་གྲུབ་སུརྱ་སེང་ཧ། ཆོས་རྗེ་དཔལ་ལྡན། དེས་བདག་ལའོ། །སརྦ་མངྒ་ལཾ། །། །༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousསྙན་བརྒྱུད་གསལ་བའི་མེ་ལོང་། དམིགས་འབུམ་མ་ཡིགnext