Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
རྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ལ་ཉེ་བར་མཁོ་བའི་རི་འགྲིམ་གྱི་དམིགས་རིམ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ལ་ཉེ་བར་མཁོ་བའི་རི་འགྲིམ་གྱི་དམིགས་རིམ་བསྡུས་པ།next

རྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ལ་ཉེ་བར་མཁོ་བའི་རི་འགྲིམ་གྱི་དམིགས་རིམ་བསྡུས་པ།


CMR053_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

༼ཞ༽ རྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ལ་ཉེ་བར་མཁོ་བའི་རི་འགྲིམ་གྱི་དམིགས་རིམ་བསྡུས་པ་བཞུགས་སོ།།


CMR053_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། ཤེས་རབ་ཕ་རོལ་ཕྱིན་མ་ལ་བཏུད་ནས། །རི་འགྲིམ་མན་ངག་དམིགས་རིམ་ཅུང་ཟད་བཀོད། །མ་གཅིག་ཌཱ་ཀིས་བཀའ་གནང་བྱིན་གྱིས་རློབས། །དེ་ཡང་རྗེ་བཙུན་དཀོན་མཆོག་འབངས་ཀྱིས་བསྩལ་བའི་གཅོད་ཁྲིད་འདི་ལ་ཐམས་ཅད་ཚང་བར་ཡོད་ཀྱང་། འདི་ལ་ཉེར་བར་མཁོ་བའི་དམིགས་རིམ་ཅུང་ཟད་ནི། དང་པོ་འགྲོ་ཁ་རང་ཉིད་ཡུམ་ཆེན་མོར་སྐད་ཅིག་གིས་བསྐྱེད་ནས་རྐང་དུང་གསུམ་བུས་པས། ལུས་གདོན་དང་གནས་དེའི་ལྷ་འདྲེ་འཐོར་བ་བྱེར་བ་ཡེངས་བ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་རིའམ་གཉན་ས་དེ་ལ་སིབ་ཀྱིས་


CMR053_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ་པ་དབང་སྡུད་དོ། །དེ་ནས་རང་ཡུམ་ཆེན་མོའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཚོན་གང་བ་བསྐྱེད། ཕཊཿ རང་གི་སྙིང་ག་ནས་གསེར་གྱི་རྡོ་རྗེ་སོགས་གཞུང་ལྟར་བརྗོད་པས། སྙིང་ཁ་ནས་རྡོ་རྗེ་འཕྲོས་གཉན་སའི་སྟེང་དུ་བབ། དེ་ཆེར་བསྐྱེད་ནས་སྟོང་གསུམ་ཁྱབ་ཅིང་སླར་ཡང་རྡོ་རྗེ་དེ་ལས་རྡོ་རྗེ་གྲངས་མེད་པ་འཕྲོས་པས། གཉན་སའི་ས་སྐོར་དེ་ལ་གནས་པའི་ལྷ་འདྲེ་རྒྱལ་བློན་འབངས་འཁོར་ཐམས་ཅད་རང་དབང་མེད་པར་གྲམ་པ་འཁྱག་གིས་བཀབ་པ་ལྟར་གཡོགས། བལ་འདབ་ཆུའི་མནན་པ་ལྟར་མྱོས་ཏེ། སེར་ཞམ་མེ་བཀབ་ནས་གར་ཡང་འབྲོས་


CMR053_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐར་ས་མེད་པར་བསྒོམ་པ་ནི། གསེར་གྱི་རྡོ་རྗེའི་རྒྱང་ནོན་འཕེན་པ་ཞེས་བྱའོ། ༧ །དེ་ནས་འགྲོ་ལུགས་གཞུང་ལྟར་བྱ་ཞིང་རང་ཉིད་ཡུམ་ཆེན་སེང་གེ་སྲབ་མེད་ལ་ཆིབས་ཤིང་ནམ་མཁའ་ལ་བྱོན་པའི་གཡས་ཕྱོགས་ཐམས་ཅད་ལྕགས་ཀྱི་རྡོ་རྗེ། གཡོན་ཐམས་ཅད་ཟངས་ཀྱི་རྡོ་རྗེ། རྒྱབ་ཏུ་དངུལ་གྱི་རྡོ་རྗེ། སྟེང་གསེར་གྱི་རྡོ་རྗེ་རྣམས་སྒྲོམ་བུའི་ཚུལ་ལ། ། རང་གི་ཐུགས་ཀའི་རྡོ་རྗེ་དང་གཉན་སའི་རྡོ་རྗེ་གཉིས་དམ་ཚིག་པ་དང་ཡེ་ཤེས་པའི་ཚུལ་དུ་བར་དུ་བ་དག་ལྟ་བུའི་འོད་ཟེར་གཅིག་སེར་ཏང་ངེར་འབྲེལ་བར་བསྒོམས་ནས་འགྲོ་སྟེ། རྡོ་རྗེ་བཞི་སྒྲོམ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དམིགས་པའོ། ༧ །དེ་ནས་རང་དང་བསྲུང་བྱའི་ཁྱིམ་སྒོ་ལམ་སྲང་དུ་གནོད་ཅིང་འཚེ་བའི་གདོན་བགེགས་ཐམས་ཅད། བདག་པོའི་ཕྱི་ན་ཁྱི་འབྲང་བ་བཞིན་དུ་རང་དབང་མེད་པར་ཁྲིད་ནས་གཉན་སའི་རི་ལ་བསྟིམ། ཕཊཿ གཡས་གཡོན་མདུན་རྒྱབ་ཅེས་སོགས་གཞུང་ལྟར་དང་། ཁྱད་པར་དུ་གཉན་ས་དེའི་མིག་རིགས་ཚུན་ཆད་ཀྱི་ལམ་དུ་བྲག་ཟུར་ས་རལ་བྲ་མ་ནེའུ་སིང་གྲོགས་ཕུག་ཆུ་མིག་ཕ་བོང་ཤིང་སྤྱན་སོགས་དངོས་རྟགས་ཅན་ཐམས་ཅད་ལ་གནས་པ་ཐམས་ཅད་རང་ཉིད་ཡུམ་ཆེན་གྱི་འོད་དང་གཟི་བརྗིད་མ་


CMR053_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་ནས་རང་དབང་མེད་པར་བསྡུས་ནས་དེད། ཟིལ་ཆེ་བ་རྣམས་ཐུགས་ཀ་ནས་ལྕགས་གྱི་རྡོ་རྗེས་གཟིར་ཞིང་དེད་ནས་རིའམ་གཉན་ས་དེར་བསྟིམས། དེ་ནི་ལམ་གྱི་སོ་ཕ་གཟིར་བའོ། ༧ །དེ་ནས་གཉན་སར་ཕྱིན་ནས་རྡོ་རྗེ་ཐམས་ཅད་རྡོ་རྗེ་གཙོ་བོ་ལ་བསྡུས་ཏེ། རང་གི་སྙིང་གར་སྤྲུལ་གཞིའི་རྡོ་རྗེ་ལ་བསྟིམ་མོ། ༧ །དེ་ནས་རང་ཉིད་སྐད་ཅིག་གིས་ཁྲོས་མ་ནག་མོ་མངོན་རྟོགས་ལྟར་བསྐྱེད་པའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་ཞགས་པ་ཐོགས་པ་གྲངས་མེད་པ་སྤྲོས་ཏེ། གནས་གདོན་ལུས་གདོན་ཐམས་ཅད་རང་དབང་མེད་པར་བཀུག་པར་དམིགས་ལ་བདེན་བརྡར་དང་བཀུག་གཞུག་དྲག་ཏུ་བྱེད། གཡང་གཞི་རྩ་སྡུད་སོགས་གྱེར་ལ་ཕྱོགས་བཞིར་རྐང་གླིང་གསུམ་རེ་བུས་པས་གཉན་ས་དེའི་རྩ་རྩ་ལག་འབྲེལ་འབྲེལ་པ། ཐོག་ཐོག་བདག་དང་བཅས་པ། ཕྱོགས་མཚམས་སྟེང་འོག་གར་གནས་ཀྱང་སྨུག་པ་རླུང་གིས་དེད་པ་ལྟར་བསྡུས་ནས་རིའམ་གཉན་ས་དེ་ལ་བསྟིམ། ༧ དེ་ནས་རང་ཉིད་ཁྲོས་མ་རིགས་ལྔ་མཁའ་འགྲོ་དང་བཅས་པས་བྲོ་བརྡུང་གར་སྟབས་འཆམས་པས། གཉན་ས་དེ་བྱེ་མའི་ཕུང་པོ་ལ་གྱད་བརྡེག་པ་ལྟར་ཉིལ་གྱིས་སོང་


CMR053_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམ་ཞིང་། ཕཊཿ དེ་རིང་བདུད་བཞི་སོགས་གཞུང་ལྟར་བརྗོད་ཅིང་། ཕཊཿ གདབ་ཅིང་དྲག་ཏུ་འཆམས་ཤིང་ཌཱ་དྲིལ་དཀྲོལ། དེ་ནས་ཕྱོགས་བཞིར་རྡོ་ཟུར་ཅན་རྡོ་རྒོད་བཞི་ཟོར་གྱི་ཚུལ་དུ་འཕངས་ནས། ཡེ་ཤེས་ཀྱི་རྡོ་རྗེ་མེ་འབར་བ་རི་རབ་ཙམ་ཐོག་རྒོད་ལྟར་སོང་ནས་གནས་བདག་དང་དེའི་ཁང་པ་དེའི་གཞིས་རྩ་ལག་གཅིག་ཀྱང་མ་ལུས་པ་ཐལ་བ་བུན་གྱིས་ཚིག་ཅིང་ཞིག་ནས། འོག་གཞི་རླུང་རྡོ་རྗེ་རྒྱ་གྲམ་གྱི་བར་དུ་སྟོང་སང་ངེ་སོང་བར་བསྒོམ་པ་ནི། གནས་བདག་རྩ་ལག་བཤིག་པའོ། ༧ །དེ་ནས་གཉན་སའི་དམིགས་པ་གཅོད་གཞུང་ལྟར་ནོན་པར་བྱས་ཏེ། དེ་ཡང་རྒྱབ་རི་ལྷ་དང་། གཡོན་རི་རང་གི་སོ་པ་ཡིན་པས་མཐོ་བ་གལ་ཆེ། གལ་ཏེ་དམའ་ན་རྡོ་རྗེའི་གཟིང་བསྟོད། གཡས་རི་དང་མདུན་རི་གཉིས་དགྲ་འདྲེའི་སོ་པ་ཡིན་པས་དམའ་དགོས། གལ་ཏེ་མཐོ་ན་ཁྲོས་མས་གཟིར། དེ་ནི་སོ་པ་བཞི་ཡིས་ཤན་འབྱེད་ཡིན་ནོ། ༧ །དེ་ནས་ཕཊམཁའ་འགྲོ་སྡེ་བཞིའི་ཅོག་པུའི་ཕུར་པ་སོགས། གཞུང་ལྟར་དམིགས་པ་དང་ཅོག་པུ་ཕུབ། སྒོ་ཡང་གནས་པོ་དེའི་རི་ཟུར་དང་རྣོ་སོ་ལ་བསྟན་ནོ། །དེ་ཡང་རྣལ་འབྱོར་པ་འཕགས་པའི་ས་མ་ཐོབ་ཀྱི་བར་དུ་ཐོགས་ཡིན་པས་མཐོ་བ་གལ་ཆེ། གསན


CMR053_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་བདུད་བཅད་བྱ་མིན། བཅད་ཀྱང་མི་ཆོད་པས་གཡང་ཁ་གཤའ་སྣ་རྦབ་སྒོ་སོགས་སུ་མི་སྡོད། སྒོ་ཡང་མི་སྟོན། །དེ་ནི་བྲང་ཁང་བཅའ་བའོ། ༧ །དེ་ནས་གཉན་སའི་རྡེའུ་གཅིག་གནམ་གྱིས་མ་མཐོང་བར་བླང་། དེ་རྡོ་རྗེ་རྒྱ་གྲམ་གྱིས་མནན་པ་སྦྲུལ་ནག་གིས་དཀྲིས་ནས་གཡང་གཞིས་དྲིལ་བར་བསྒོམས་ལ། སྤྲོ་ན་ཏྲི་སོགས་སྲོག་ཡིག་བྲི། ཚོན་སྐུད་ཀྱིས་བཅིངས་ལ་ཤོག་བུ་ལྟ་བུས་དྲིལ་ལ་ཉལ་འོག་ཏུ་བཅུག་པ་ས་བླ་བཟུང་བའོ། ༧ །དེ་ནས་མལ་ས་བཅའ་བ་ནི། རང་ཉིད་ཁྲོས་མའི་འོག་གཞི་རླུང་གི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། གནམ་ལྕགས་ཀྱི་ཁང་སྒྲོམ་ཕྱི་གྲུ་བཞི་སྒོ་བཞི་ལ། ནང་གྲུ་གསུམ་སྒོ་མེད་པ་དེའི་ནང་དུ་གནས་གདོན་འཁོར་དང་བཅས་པ། དེའི་སྟེང་དུ་ལུས་གདོན་འཁོར་དང་བཅས་པ་བསྡུས་ལ། དེ་ཐམས་ཅད་ལ་རང་དང་བསྲུང་བྱའི་ཤ་ཁྲག་གིས་གཏིབ་སྙིལ་མི་ལྤགས་གཡང་གཞིའི་ཁ་བཀབ་པར་དམིགས་ལ་གདན་བཏིང་སྟེ། མི་ལྤགས་གཡང་གཞིའི་གདན་གྱི་སོགས་གཞུང་ལྟར་དམིགས་སོ། །ཕྱོགས་བཞིར་ཐོ་བཞི་བྱས་ལ་དེ་དང་དུས་མཉམ་དུ་རང་གི་ཐུགས་ཀ་ནས་ཁྲོས་མ་གྲངས་མེད་པ་སྤྲོས་ཏེ་རི་དེ་དཀྱིལ་གྱིས་བསྐོར། ཕྱོགས་བཞིར་


CMR053_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞིའི་མཁའ་འགྲོ་སྐུ་ཆེ་ལ་ཡན་ལག་རགས་པ་འཇིགས་སུ་རུང་བ་བཞི་བསྒོམས་པས། དེའི་སྤྲུལ་པའི་ཌཱ་ཀི་གྲངས་མེད་པས་གནས་གདོན་ལུས་གདོན་ཐམས་ཅད་བཀུག་ནས་མི་ལྤགས་ཀྱི་གཡང་གཞིས་རྒྱབ་ཅིང་དེད་ནས་རང་འོག་ལྕགས་ཁང་ནང་དུ་བཙུད་པར་བསྒོམ་སྟེ། ཕྱོགས་བཞིའི་མཁའ་འགྲོས་བསྲུངས་ནས་བྲོས་དབང་མེད་པར་སྒོམ་པ་མཁའ་འགྲོའི་དམག་བསྐོར་དང་། མ་སྟོབས་ལྡན་མཁའ་འགྲོའི་གར་འདེབས་ཞེས་བྱའོ། །དེ་ནས་རང་གི་གཉན་ས་ཁྱོན་ཅི་ཙམ་གཅུན་པའི་རི་དང་ས་སྐོར་དེ་ཉིད་ཁོལ་དུ་བཀོལ་ཏེ། སྦྲུལ་ནག་གི་ཞགས་པ་ལ་ཐོད་པ་སྐམ་པོའི་ཕྲེང་བ་བརྒྱུས་པ་ཞིག་གིས་དཀྱིལ་ལེ་བསྐོར་ནི་ཡོད་པར་བསྒོམ། འདི་གཉན་སའི་ས་མཚམས་དབྱེ་བའོ། ༧ །དེ་ནས་རྒྱུན་དུ་དམིགས་པ་དང་སྟོང་ཉིད་ལ་མ་ཡེངས་བར་ཐུན་དྲུག་ཏུ་ལུས་སྦྱིན་བྱ་ཞིང་། སྡོམ་པ་དམ་ཚིག་ཕྲའུ་ལ་ཡང་མིག་འབྲས་ལྟར་བསྲུང་། འཇིག་རྟེན་གྱི་འཁྲི་བ་བཅད་གཅེས་འཛིན་སྤངས། གཅོད་ཡུལ་མཐར་འདོན་པའི་ཞེ་བཅད་དྲག་པོ་བྱ། རྒྱས་པར་ནི་དྲི་བ་ལྔ་བཅུ་པ་དང་། བརྡའ་ཆོས་བརྒྱ་རྩ་ལས་ཤེས་སོ། ༧ །དེ་ནས་དངོས་གཞི་ལ། ཕྱི་མིའི་འགྲུལ་ཐག་བཅད། སྟན་ལ་འདུག་


CMR053_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྐྱབས་སེམས་ཚོགས་ཞིང་སོགས་གཞུང་ཚིགས་བཅད་ལྟར་དཀར་འགྱེད་དམར་འགྱེད་ཁྲ་འགྱེད་སོགས་བྱ། དེ་ནས་ཕཊབརྗོད་པས་རང་དང་བསྲུང་བྱ་གཅིག་ཏུ་བསྲེས་པའི་རྣམ་ཤེས་སྤར། རིག་པ་དེ་ཁྲོས་མ་ནག་མོའི་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་རྣོ་ངར་དང་ལྡན་པས་གནོད་བྱེད་ཀྱི་སྙིང་དཀར་ནག་མཚམས་ཀྱི་སྲོག་ཡིག་གི་དཀྱིལ་དུ་གཟིར་བར་བསྒོམ། དེའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས། གནས་གདོན་ལུས་གདོན་གནོད་བྱེད་ཐམས་ཅད་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་མགུལ་ནས་ཁྲིད་ནས་རང་དབང་མེད་པར་བྱིའུ་ཁྲས་དེད་པ་ལྟར་བྱུང་། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་སྨྱོས་པར་བྱས་ཏེ། རང་གི་འོག་གཞི་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་གནམ་ལྕགས་ཀྱི་ཁང་སྒྲོམ་ནང་མ་ཟུར་གསུམ་དུ་བཅུག །ཁ་སྒྲོམ་ཕྱི་མའི་སྒོ་བཞི་ནས་ཁྲོས་མ་བཞིས་བསྲུང་ཞིང་། གནོད་བྱེད་རྣམས་ཀྱི་སྟེང་དུ་རང་དང་བསྲུང་བྱའི་བེམ་པོའི་ཤ་ཁྲག་དམར་ཉོགས་སེ་བསྟིམ་བསྙིལ་བྱ། སྐུ་སྨད་ཕུར་རྩེའི་སྙིང་གར་འཁོར་ལོའི་ལྟེ་བའི་ཁུང་ནས་ཟུག་པ། ཁང་སྒྲོམ་གྱི་སྟེང་དུ་གནམ་


CMR053_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པས་ཁ་བཅད། གཡང་གཞི་ཁྲག་འཛག་པ་བཞིས་བསྣོལ་མར་བཀབ། སྦྲུལ་ནག་རེ་འབྱམས་གསུམ་གྱིས་གྲུ་གུ་ལྟར་དཀྲིས་ཏེ་བཅིང་བར་བསྒོམ་པ་ནི། མགྲོན་ཁང་དུ་ཞབས་ཏོག་བྱ་བ་དང་གནམ་ལྕགས་འཁོར་ལོའི་ཁ་ཆོད་དང་གཡང་གཞི་བསྣོལ་འགེབ་མའོ། ༧ །དེ་ནས་རང་ལུས་གནམ་ལྕགས་ཀྱི་རྡོ་རྗེ་སྲ་ཞིང་མཁྲེགས་པ་ལ་མེ་འབར་བ་རི་རབ་ཙམ། དེ་ལས་ལྕགས་ཀྱི་རྡོ་རྗེ་རྩེ་གཅིག་ནམ་མཁར་ཤད་ཀྱིས་སོང་བས་ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ་སྟོར་ནས་མཐའི་རྒྱ་མཚོའི་ཕར་འགྲམ་དུ་འཕང་། གནས་གདོན་ལུས་གདོན་རྣམས་ལྕགས་ཀྱི་རྡོ་རྗེ་སེར་བ་ལྟར་བབས་པས་བརྡུང་བར་བསྒོམ་སྟེ་ཐོག་ཚང་གཏོར་བའོ། ༧ །དེ་ནས་རྡོ་རྗེ་དེ་ཐམས་ཅད་གཅིག་ཏུ་འདུས་པ་ལས་གཞི་ལུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ། ཡར་རྩེ་ལྷ་གནས་སུ་ཐུག་པ། མར་རྩེ་ས་འོག་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཐུག་པ། རྡོ་རྗེ་ཡར་གྱི་རྭ་དབུས་མར་རྣམ་སྣང་། ཕྱོགས་མཚམས་རྭ་བརྒྱད་ལ་རིགས་བཞི་ཡབ་ཡུམ་བཞི། རྡོ་རྗེའི་ལྟེ་བར་རང་ཉིད་ཁྲོས་མ། དེའི་སྤྱི་བོར་མ་གཅིག་ཐུབ་པ་ཡུམ་ཆེན་དམ་པ་རྗེ་བཙུན་སོགས་


CMR053_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ལྔ་བརྩེགས། སྟེང་ཟངས་ཀྱི་འཁོར་ལོའི་ལྟེ་བར་ཕག་མོ། རྩིབས་སྟོང་ལ་རྗེ་བཙུན་མ་སྟོང་། དེ་སྟེང་གསེར་གྱི་འཁོར་ལོའི་ལྟེ་བར་ཐུབ་པ། །རྩིབས་སྟོང་ལ་སངས་རྒྱས་སྟོང་། དེའི་སྟེང་དུ་གསེར་གྱི་འཁོར་ལོ་ལ་ཡུམ་ཆེན་རྩིབས་སྟོང་ལ་ཡུམ་ཆེན་སྟོང་། རང་གི་འོག་ཏུ་ཡང་ཟངས་ཀྱི་འཁོར་ལོ་རྩིབས་སྟོང་ལ་ཕག་མོ་དམར་མོ་སྟོང་། དེ་འོག་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་ལ་ཁྲོས་མ་ནག་མོ་སྟོང་། དེའི་ཕྱི་རོལ་སྟེང་དུ་བྱ་ཁྱུང་གཤོག་རྡང་འཁྲིགས་པའི་གུར། དེའི་ཕྱི་རོལ་རྡོ་རྗེའི་རྭ་གུར་བར་མཚམས་མེད་པར་བསྒོམས་པའི་ནང་དུ་བསྲུང་བྱ་རྣམས་བཙུད། དེའི་ཕྱི་རོལ་ཁྲ་ཐེར་ནི་གསེར་གྱི་མཆོད་རྟེན་བང་རིམ་བཅུ་གསུམ་པ་ཏོག་ཆར་ཁེབས་དང་བཅས་པ། དེའི་སྟེང་དུ་ཤཱཀྱ་ཐུབ་པ། ཁམས་གསུམ་ཟིལ་གྱིས་གནོན་པ་ལ་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ། གུང་ཤིང་ཡུམ་ཆེན་མོ། ཀ་བ་གཡས་དམ་པ། གཡོན་མ་གཅིག །ཆོན་ཆེན་སྦྲུལ་ནག་རེ་འབྱམས་ཆོན་ཕུར་ཁྲོས་མ་རིགས་བཞི། ཆོན་ཆུང་འོད་ཟེར་ཞགས་པ། ཆོན་ཕུར་རྗེ་བཙུན་མ་རྣམས་ཕྱག་སྦྲེལ་བ། དེ་ཐམས་ཅད་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པས་གཟིར་བར་


CMR053_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ནི། སྐྱབས་ཡུལ་ལྔ་བརྩེགས་བསྒོམ་པ། སྟེང་ཁྱབ་བྱེད་ཀྱི་ཕྱག་རྒྱ་ལས་བྱེད་ཀྱི་དབང་དུ་སྡུད་པ། བར་འགུགས་བྱེད་ཀྱི་ཕྱག་རྒྱུ་དང་། འོག་སྡོམ་བྱེད་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་གསུམ་གྱིས་ཁོག་ཕུབ་པའོ། ༧ །དེ་ནས་ལྷོང་མ་ཐུབ་ན་དམིགས་པ་ནི་མང་དུ་ཡོད་ཀྱང་བསྡུ་ན། སྐབས་སྐབས་སུ་དམ་པའི་གསོལ་འདེབས་བྱེད་ཅིང་། རང་ཉིད་དམ་པ་རྒྱ་གར་དུ་བསྒོམས་པའི་ཐུགས་ཀ་ནས་ཡི་གེ་ཕཊ༔དམར་ནག་བྱ་ཆེན་གྱི་སྒོ་ང་ཙམ་གྲངས་མེད་པར་རང་སྒྲ་དང་བཅས་པ་ཚུབ་ཚུབ་འཕྲོས་པས། གཉན་ས་རི་བྲག་གནོད་བྱེད་ཐམས་ཅད་ཐལ་བྱུང་དུ་ཕུག་ནས་བུན་བུན་བཏང་བར་བསྒོམ། ཕ་དམ་པའི་ཕཊ༔དམར་ནག་མའོ། ༧ །ཡང་རང་གི་རིག་པ་མ་གཅིག་ལབ་སྒྲོན་སྐུ་མདོག་དཀར་མོ་སྐུ་གཅེར་བུ་རུས་པའི་རྒྱན་དྲུག་ཅན། ཌཱ་དྲིལ་དཀྲོལ་ཞིང་ཕཊ་སྒྲ་སྒྲོག་པ། དེ་ལས་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས། ཕཊཿསྒྲ་དང་ཌ་དྲིལ་དཀྲོལ་ཞིང་བྲོ་གར་འཆམས་པས། ས་གཞི་ཐམས་ཅད་ཤིང་ལོ་རླུང་གིས་བསྐྱོད་པ་ལྟར་འདར་ཡེང་ཡེང་བྱེད་པར་བསྒོམ་པ་ནི། མ་གཅིག་རུས་པའི་རྒྱན་དྲུག་ལྷོང་བྱེད་དཀར་མོའི་དམིགས་པའོ། ༧ །ཡང་གཉན་ས་ཆེན་པོ་འཁྲེབ་ནས་མ་


CMR053_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཆུན་ན། རང་ཉིད་རྣམ་སྣང་ཕྱོགས་བཞིར་རིགས་བཞི་ཐམས་ཅད་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པའི་དབལ་དང་ལྡན་པ། ཕྱག་ན་གནམ་ལྕགས་ཀྱི་ཕུར་པ་རེ་རེ་འཛིན་ནས་བྲོ་བརྡུངས་བས། ས་གཞི་ཐམས་ཅད་དཀྲུག །གནོད་བྱེད་ཐམས་ཅད་གཙག་ནས་སྲོག་ཡིག་ཐམས་ཅད་རང་གི་ཧཱུྃ་ལ་ཐིམ་པས་གཟི་བརྗིད་རྒྱས། ཁོང་རྣམས་ནག་རྡེལ་གྱིས་སོང་བར་དམིགས་པ། ཡབ་རིགས་ལྔ་འདོམ་སྐོར། རང་ཉིད་ཁྲོས་མ་རིགས་ལྔའི་སྐུ་སྨད་ཕུར་པ་ཅན་གྱིས་དེ་ལྟར་བྱེད་པ་ནི་ཡུམ་རིགས་ལྔའི་འདོམ་སྐོར་ཡིན་ནོ། ༧ །ཡང་རང་ཉིད་དམ་ཚིག་གི་ཁྲོས་མ་ནག་མོ་དང་། ཕྱི་རོལ་ལྕགས་རིའི་ཁར་ཡེ་ཤེས་ཀྱི་ཁྲོས་མ་སྟེ། གཉིས་ཀ་སྟོང་གསུམ་ཁྱབ་པར་བསྒོམས་ལ། གཉན་སའི་རི་བྲག་ལྷ་འདྲེ་དང་བཅས་པ་ཙེན་གྱིས་བླངས་ནས་འཕངས་བས། ཕྱི་རོལ་གྱི་ཁྲོས་མས་ཚུར་འཕང་། དེ་འདྲ་ལན་འགའ་ཟུང་བྱ་མང་མི་རུང་ངོ་། །དེ་ནི་ཁྲོས་མའི་འབོར་ལེན་ཞེས་བྱའོ། ༧ །ཡང་རང་ཉིད་དམ་ཚིག་གི་སྡིག་པ་ནག་པོ་གནམ་ལྕགས་ངར་མ་ལས་གྲུབ་པ། ལུས་ལ་མེ་དང་མཚོན་ཆའི་བུ་ཡུག་འཚུབ་པ་གཅིག་ཏུ་བསྐྱེད་ནས་ཕྱི་རོལ་ལྕགས་རིའི་ཁར་ཡང་དེ་འདྲ་བའི་ཡེ་ཤེས་ཀྱི་སྡིག་པ་བསྐྱེད་


CMR053_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་གི་རྭ་རྩེས་གཉན་ས་ལྷ་འདྲེ་དང་བཅས་པ་བལ་འདབ་བླངས་པ་ལྟར་ཡེ་རེ་རེ་བླངས་སྐར་མདའ་ལྟར་འཕངས། ཡེ་ཤེས་ཀྱི་སྡིག་པས་བླང་སྟེ་ཚུར་འཕངས་བས་དམིགས་པ་ལན་ཁ་ཡར་བྱེད་པ་སྡིག་པའི་རྭ་རྫོགས་ཞེས་བྱའོ། ༧ །ཡང་རང་ཉིད་ཁྲོས་མ་ནག་མོའི་གཉན་ས་དེ་ཤིང་སྤྱན་སྤུན་བལ་བ་ལྟར་སྒོར་གྱིས་བཀོག །ཅེན་གྱིས་བཏེག་སྟེ་སྲིད་པའི་རྩེར་ཁྱེར། མོར་བརྡབས་པས་གསེར་གྱི་ས་གཞི་ལ་ཕོག །ཐལ་བ་བུན་ནེ་རྗེས་ཤུལ་མེད་པར་གྱུར་པར་དམིགས་པ་ནི། རི་བོ་བརྩེགས་འབེབས་ཞེས་བྱའོ། །དམིགས་པ་དེ་ལྟར་བྱས་པས་གནོད་བྱེད་ཐམས་ཅད་སྙིང་རྩ་འདར་ཡེད་ཡེད་སོང་ནས། ཁས་བླངས་དམ་བཅས་སྲོག་སྙིང་ཕུལ་བར་བསྒོམ། ༧ ཡང་གཉན་ས་མ་ཆུན་ནམ་མགོ་བསྐོར་བྱུང་ན། རང་གི་རིག་པ་གནམ་ལྕགས་ཀྱི་ཐོ་ལུམ་མེ་འབར་ཚྭ་ཚྭ་འཕྲོ་བ་དེ་སྤྱི་བོ་ནས་ནམ་མཁར་ཤད་ཀྱིས་ཐོན། མར་ལྷུང་བེམ་པོལུས་གདོན་གཉན་ས་དང་བཅས་པ་གཞོབ་བུན་ནེ་སོང་བར་དམིགས། འདི་ཐམས་ཅད་གག་ཐུག་ན་མ་གཏོགས་མི་རུང་། དམིགས་པ་དེ་ཐམས་ཅད་ཀྱང་མི་དགོས། གཅིག་ལ་ནན་ཏན་བྱས་པས་ཆོག་སྟེ། ལྷོང་བ་སྙིལ་བ་འབྱེད་པ་གསུམ་ཀ་ལྕགས་རྡོར་རི་འགྲིམ་


CMR053_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁོ་ནས་བྱེད་པ་ཕྱག་ལེན་ཡིན་ཞེས་དྲུང་པ་རིན་པོ་ཆེས་གསུངས་སོ། ༧ །དེ་ཡང་དང་པོ་ཚེ་དཀར་འགྱེད་གཙོ་ཆེར་བྱ་ཞིང་ཤ་ཁྲག་ཀྱང་བདུད་རྩིའི་རང་བཞིན་བྱས་ལ་སྦྱིན། དྲག་དམིགས་མང་དུ་མི་བྱེད་པ་བཀུག་གཞུག་ནན་ཏན་བྱེད་དེ། སྔོན་འགྲོ་གཉན་ལྟར་བརྐྱང་བའི་དུས་སོ། ༧ །དེ་ནས་ལྷོང་རྟགས་མ་བྱུང་ན་ལྷོང་བྱེད་གཟེར་བུའི་དམིགས་པ་གང་རུང་བྱེད། ལྷོང་རྟགས་བྱུང་ན་འགུགས་བསྟིམ་དམིགས་པ་ཇེ་ཉུང་དུ་བཏང་། བསྙིལ་བའི་དམིགས་པ་ནན་ཏན་བྱེད་ཅིང་དམར་འགྱེད་རྒྱས་པར་བཏང་བ་དངོས་གཞི་དགྲ་ལྟར་སྦྱང་བའི་དུས་ཡིན་ལ། དེ་ནས་ལྷོང་སྣང་ཅུང་ཟད་ཉམས་པའི་ལྟས་བྱུང་ན། ལྷོང་བསྙེལ་དྲག་དམིགས་རྣམས་ཇེ་ཉུང་དུ་བཏང་། སྒྲིབ་སྦྱོང་དང་སྦྱིན་བཏང་ལ་ནན་ཏན་བྱ་སྟེ་མཇུག་ཏུ་བུ་ལྟར་ཕོག་པའི་དུས་ཡིན། དེ་ཡང་རྟགས་རྣམས་གཞུང་དུ་གསལ་ལོ། ༧ །དེ་ཡང་ལྷ་འདྲེ་ཆོ་འཕྲུལ་བྱུང་དུས་ཤེས་དུས་བཞི་སྟེ། དང་པོ་ལྷ་འདྲེའི་ཆོ་འཕྲུལ་བྱུང་དུས་རང་ཁྲོས་མ་དམ་ཚིག་པར་གསལ་བའི་ཐུགས་ཀ་ནས། མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ལ། ལྷ་འདྲེའི་ས་གཡོས་དང་ཆོ་འཕྲུལ་དེ་ཡེ་ཤེས་པ་བྱོན་པ་ལ་མཆོད་ནས་རང་དང་གཉིས་མེད་དུ་


CMR053_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་ནི། དང་པོ་ལྷར་ཤེས་པས་བྱོན་སྐྱེམས་འབུལ་བའི་དུས་སུའོ། །ཐུན་དྲུག་གི་མཇུག་ཏུ་སྲུང་འཁོར་བསྒོམ་པ་ནི། གནོད་བྱེད་དུ་ཤེས་པས་སྲུང་འཁོར་བསྒོམ་པའི་དུས་སོ། ༧ །སྙིང་གར་རང་གི་ཚེ་བསོད་ནམས་ཡེ་ཤེས་དང་རིག་པ་དབྱེར་མེད་རྡོ་རྗེ་ནས་འབྲས་ཙམ་ཞིག་དབུ་མའི་ལམ་ནས་སྤྱི་བོར་བཏོན་པ་དེ་ཉིད་ཁྲོས་མར་གྱུར་པས་བེམ་པོ་ལུས་གདོན་དང་བཅས་པ་དེ་རྐང་པ་ནས་བཟུང་སྟེ་ཀླད་ལ་གཡུག་ཅིང་ལྷ་འདྲེའི་དམག་ཚོགས་ཀྱི་དཀྱིལ་དུ་འཕང་བས་ཐམས་ཅད་ཀྱིས་ཧབ་ཐོབ་ཏུ་ཟོས་པར་དམིགས་པ་ནི། ལྷ་སྲིན་དུ་ཤེས་པས་ཤ་ཁྲག་གི་འབེན་སྒྱུར་བྱ་བ་དང་། མཐར་ལྷ་འདྲེའི་ཆོ་འཕྲུལ་སྟོང་ཉིད་དུ་ཤེས་པ་ནི། སྟོང་ཉིད་དུ་ཤེས་པས་མ་བཅོས་མཉམ་པར་བཞག་པའོ། ༧ །ཡང་རང་ཉིད་དམ་པ་རྒྱ་གར་གཟི་བརྗིད་དང་ལྡན་པ་གྲངས་མེད་པས་གཉན་ས་རི་བྲག་ལྷ་འདྲེ་དང་བཅས་པ་གཡོགས་ཤིང་མནན་ཏེ། རྫ་རི་དང་གངས་རིའི་བཏུམ་པ་ལྟར་བསྒོམ་པ་དམ་པའི་མཐིབ་ནོན་ནོ། ༧ །ཡང་རང་ཉིད་གནམ་ལྕགས་ཀྱི་སྡིག་པ་དམར་ནག་འཇིགས་སུ་རུང་བ་སྣང་སྲིད་ཐམས་ཅད་འདར་ཡེད་ཡེད་ནུས་པ་གྲངས་མེད་པས། གཉན་ས་ལྷ་འདྲེ་དང་བཅས་པ་མནན་ཅིང་གཡོགས་པར་བསྒོམ་པ་


CMR053_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡིག་པའི་མཐིབ་ནོན་ནོ། ༧ ཡང་རང་དང་བསྲུང་བྱའི་ཤ་ཡི་རི་བོ་ཆེན་པོ་བསྙིལ། ཁྲག་གི་རྒྱ་མཚོ་ཆེན་པོ་བསྐྱིལ་ཏེ། གཉན་ས་ཐམས་ཅད་ལྡེམ་གྱིས་གང་བར་དམིགས་པ་ཤ་ཁྲག་གི་མཐིབ་ནོན། དེ་རྣམས་ལ་མཐར་སྐྱེ་མེད་སྤྲོས་བྲལ་ངང་དུ་བཞག་པ་ནི། ལྷོང་བ་དེ་བསྙིལ་བའི་དམིགས་པའོ། ༧ །སྐབས་དེར་ནད་པ་སོགས་ཡོད་ན་མཐའ་གཏད་བྱའོ། །ཚར་ཚད་ངེས་པ་ཅན་བྱུང་ནས་ཕྱི་འབྲང་ཡོད་མེད་བརྟགས་ལ། མི་ལྡོག་པར་འདུག་ན་མྱུར་དུ་འགྲོ་ཞིང་འདུག་མི་རུང་ངོ་། །ཕྱི་རོལ་སྒར་འདེབས་ཀྱི་མཁའ་འགྲོ་སྡེ་བཞི་དབུས་རང་ཉིད་ཡུམ་ཆེན་ཐུགས་ཀར་བསྡུ། ཐོ་དང་ཉལ་མལ་ཐབ་ཀ་ཐམས་ཅད་བསྡུས་ཏེ་རྗེས་མི་མངོན་པར་བྱ། །སྤྱད་ཆ་ཅི་ཡང་མ་ལུས་པར་བྱ། ས་བདག་ལ་སྙིང་ཕུར་མི་གདབ་ཅེས་པ་ཕུར་པ་བཏབ་ནས་མི་བཞག །ཕྱི་མིག་མི་བལྟ་བར་གཅོད་ཐོ་མི་མཐོང་བའི་སར་འོང་། ཕྱིན་ཆད་རི་དེ་མི་གཅོད། ཡང་ད་རུང་རྗེས་འབྲང་ཡོད་མེད་ཐེ་ཚོམ་ན། གཉན་སའི་རྡེའུ་གཅིག་གནམ་མ་མཐོང་བར་བླངས་ལ། རྡོ་རྗེ་རྒྱ་གྲམ་དང་སྦྲུལ་ཆིངས་ཀྱིས་བསྡམ་གཡང་གཞིས་དྲིལ་ལ་ཁྱེར་ཏེ། རྒྱུན་དུ་མལ་ཞབས་སུ་བཞག་ལ་ལུས་སྦྱིན་


CMR053_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱ་ཁོའི་བླ་བཟུང་བའོ། ༧ །དེ་ནས་རང་གི་ཉལ་མལ་དུ་ཤིང་ལ་མེ་སྦར་ལ། ཕཊགྱིས་རིག་པ་སྤར་ནས་ལུས་ཕུང་པོ་དེའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རང་གི་བསོད་ནམས་རྣམ་པར་དག་པ་དང་། རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ལས་བྱུང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་ཞིང་རེག་བྱ་བསིལ་བའི་ངད་དང་ལྡན་པ། དེས་བསྲེགས་ཏེ་ལྷག་མ་མེད་པར་བསམ་པ་ནི། རོ་བསྲེགས་ཐལ་བ་རླུང་ཁྱེར་དུ་འཇོག་པའོ། ༧ །ཡང་རྡོ་གྲུ་གསུམ་དུ་བརྩེགས་དེ་ལྕགས་ཁང་དུ་བསྐྱེད་པའི་ནང་དུ་ལྷ་འདྲེ་ཁས་མ་བླངས་བ་རྣམས་བསྡུས་ནས། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པས་ཁ་བཅད། ཁྲོས་མ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཅན་གྱིས་འཛེར་ནས་བཞག་པ་དབང་སྡུད་གཟིར་གནོན་དུ་འཇོག་པའོ། ༧ །ཡང་ཁང་སྒྲོམ་ནང་དུ་ཤ་ཁྲག་གིས་གཏིབ་སྙིལ་བྱེད་ནས་འཇོག་པའམ། ཡང་ན་དབྱིངས་རིག་བསྲེས་ལ་བེམ་པོ་དེ་ཆེར་སྐྱེས་ནས་ཡར་སྲིད་རྩེ་དང་ཕར་ལྕགས་རིའི་ལོགས་ལ་ཁྱབ་སྟེ། ཤགས་ཀྱིས་རལ་བས་གཉན་ས་ཐམས་ཅད་ཁྱབ་སྟེ་ལྷ་འདྲེ་ཐམས་ཅད་ཀྱིས་ཕན་བདེ་ཕུན་སུམ་ཚོགས་པའི་གནས་སུ་བསྒོམ་ལ་འཇོག་པ་ནི་སྦྱིན་བཏང་དུ་འཇོག་


CMR053_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ༧ །ཡང་སྡུད་ཁང་སྟེང་དུ་ཐོ་གྲུ་བཞིར་བརྩེགས་ལ་གསེར་གྱི་མཆོད་རྟེན་བང་རིམ་བཅུ་གསུམ་པ་སྟོང་གསུམ་ཁྱབ་པའི་བུམ་པར་ཡུམ་ཆེན་སྲས་དང་བཅས་པས་ཐེག་པ་ཆེན་པོའི་ཆོས་གསུངས་པ་ལས། ལྷ་འདྲེ་དཀར་ཕྱོགས་ཐམས་ཅད་དད་གུས་ཀྱིས་བཀའ་ཉན་ཅིང་གནས་པར་བསྒོམ་པ་ནི། ཆོས་འཁོར་གྱི་ཚུལ་དུ་བཞག་པ་ཡིན་ནོ། །དེ་རྣམས་ནི་གནས་བརྟན་རྒན་པོ་གཞི་གཉེར་དུ་བཀོད་ཅེས་པའི་དོན་ནོ། །དེ་ལ་ནི་སྒར་འདེབས་ཀྱི་ཁྲོས་མ་མི་བསྡུ། ཐོ་མི་བཤིགས་པ་བཞག་གོ །ཡང་ན་རང་ལུས་སྤྱན་རས་གཟིགས་སུ་བསྒོམ་པ་དང་། ལ་ཆེན་དགུ་སོགས་བསྒོམས་པས་ཕྱི་འབྲང་གཅོད་པ་རྣམས་གཞུང་ལྟར་བྱའོ། ༧ །དེ་ནས་རིག་པའི་ངོ་བོ་ཀེང་རུས་ཀྱི་ཁྲོས་མ་དཀར་མོ་ཕྱག་ན་ཐོད་དབྱུག་སུམ་བརྩེགས་འཛིན་པ། བཞད་པའི་གད་རྒྱངས་ཅུང་ཟད་དང་ལྡན་པ། ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་དབྱིངས་རིག་བསྲེས་ལ་སྐྱེ་མེད་སྤྲོས་བྲལ་དུ་བཞག་གོ །དེ་ནི་མཁའ་འགྲོའི་གྲིབ་སེལ་ལོ། །དེ་ནས་གཉན་ས་དེའི་ཐོ་མི་མཐོང་བའི་སར་ཐེ་ཚོམ་མ་ཆོད་བར་དུ་བསྡད། གལ་ཏེ་ཕྱི་འབྲང་ཅུང་ཟད་འདུག་ན་སྔ་མའི་གཉན་ས་དེ་ཉིད་དུ་ཡོད་པར་མས་ནི་གནས་བརྟན་བྷནྡབས་པ་ལས། ལྷ་འདྲེ་སྟོད་རྟ་ཐོ་གྲུ་བཞིར་བརྩེགས་ལ་


CMR053_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ལ། ཚར་ལྷོང་མ་ཆོད་བར་དུ་ཉམས་ལེན་གཞུང་ལྟར་བྱའོ། །མཐར་དབྱིངས་རིག་བསྲེས་ལ་ཕུང་པོ་སྦྱིན་བཏང་དུ་བཞག་པ་ལས་གཞན་ཅི་ཡང་མི་དགོས་སོ། །དེ་ལྟར་ཐོག་མཐའ་བར་གསུམ་གྱི་དམིགས་པ་ཐམས་ཅད་སེམས་ཉིད་སྐྱེ་བ་མེད་པའི་རང་རྩལ་སྣང་སྟོང་འཇའ་ཚོན་ལྟ་བུར་བསྒོམ་པ་གལ་ཆེ་ཞིང་། དངོས་པོ་ལ་ཨ་འཐས་ཅན་ཞེ་སྡང་རང་ཁ་མའི་དམིགས་ངན་བྱས་ན་ངན་སོང་གི་རྒྱུ་ཡིན་པས་མི་རུང་སྟེ། མ་གཅིག་གི་ཞལ་ནས་དམིགས་པ་མཚན་མར་གྲུབ་པ་ལམ་གྱི་ཐ་མལ་ཡིན། ཞེས་གསུངས། དེ་ཡང་མཐའ་གཏད་སྔ་ན་ཚར་ཚད་འོང་དཀའ། འཕྱིས་ན་ལུས་གདོན་ལེན་མི་ནུས་པས་མ་སློང་བར་དུ་མཐའ་གཏད་མི་བྱ། ལྷོང་ཚད་བྱུང་མ་ཐག་ཏུ་མཐའ་གཏད་བྱ་བ་མན་ངག་ཡིན་ཏེ། དྲག་པོའི་གདོང་ལ་མཐའ་ལ་གཏད། །ཅེས་གསུངས་སོ། །བར་བར་ཤེས་པ་གླིང་བཞི་བསྐོར། ཞེས་པ་ཚད་མེད་བཞི་སྒོམ་པ་དང་། བདག་འཛིན་གྱི་འཁྲི་བ་བཅད་ནས་ན་རུང་ཤི་རུང་དུ་བཞག་པ་ནི། །བར་བར་མགོ་བཅད་གཡང་ལ་སྐྱུར། ཞེས་པའི་དོན་དང་། གཡག་ཆད་ཀྱི་རྔ་མ་མི་རྫི། རྟ་རྒོད་སྐྱེས་ཁུག་ནས་མི་ལེན། ཁྱི་འཁྱམ་གུད་ལ་མི་བཙུད། སྡེར་མའི་མདུང་གཏིང་གད་


CMR053_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་གཏུག །ཁ་མཆུ་དུམ་སྟེང་མི་ཟློག །ཅེས་པ་རྣམས་ཀྱི་དོན་ནི་ཚར་ཚད་ལེགས་པར་བྱུང་ན་འདུག་མི་རུང་སྟེ་མྱུར་དུ་འགྲོ་བར་བྱའོ། །ཞེས་པའི་དོན་ནོ། ། །དེས་ནི་རྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ཟབ་མོ་ལ་ཉེ་བར་མཁོ་བའི་དམིགས་རིམ་གལ་ཆེ་བ་རྣམས་རྗེ་བཙུན་ཚེར་ལུང་དྲུང་པ་ཀུན་དགའ་རྣམ་རྒྱལ་གྱི་གསུང་རྒྱུན་ལས་བྱུང་བའི་ཟིན་བྲིས་འགའ་ཞིག་ལ་གཞིར་བྱས་ཏེ། གོ་བདེ་ཞིང་ཚིག་ཉུང་བར་བསྡུས། བཤད་པའི་ན་ཡམ་དང་ལུང་འདྲེན་སོགས་བཤད་ཆོས་རྣམས་སྤྲོས་པ་སྐྱུང་སྟེ་ཉམས་ལེན་དུ་ཁྱེར་བདེ་བར་བྱས་ཏེ། རྗེ་བཙུན་རིན་པོ་ཆེ་ཀུན་དཀའ་རྣམ་རྒྱལ་གྱི་ཞབས་རྡུལ་སྤྱི་བོར་བླང་ཞིང་། བཀའ་དྲིན་ཅུང་ཟད་ཐོབ་པ། རི་ཁྲོད་པ་༧ ཀརྨ་ཨ་རཱ་གས་བཀོད་པའོ། །འདི་ལ་འགལ་འཁྲུལ་དང་རྩོམ་པའི་ཉེས་པ་ཅི་མཆིས་པ་དང་། མ་རྒན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་གཅིག་ཏུ་བསྡུས་ནས་བཤགས་ཤིང་། འདི་ལ་བསོད་ནམས་ཀྱི་ཆ་གང་མཆིས་པ་དེས་སེམས་ཅན་ཐམས་ཅད་ཡུམ་ཆེན་མོའི་གོ་འཕང་དམ་པ་ཐོབ་པའི་རྒྱུར་བསྔོའོ། །འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ཐམས་ཅད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་


CMR053_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་གྱུར་ཅིག། །།མངྒ་ལཾ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ལ་ཉེ་བར་མཁོ་བའི་རི་འགྲིམ་གྱི་དམིགས་རིམ་བསྡུས་པ།next