Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
གཅོད་ཀྱི་སྒོ་ནས་སེར་བ་སྲུང་བའི་གདམས་པ་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ཀྱི་སྒོ་ནས་སེར་བ་སྲུང་བའི་གདམས་པ་ཟབ་མོ།next

གཅོད་ཀྱི་སྒོ་ནས་སེར་བ་སྲུང་བའི་གདམས་པ་ཟབ་མོ།


CMR053_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

༼འ༽ གཅོད་ཀྱི་སྒོ་ནས་སེར་བ་སྲུང་བའི་གདམས་པ་ཟབ་མོ་བཞུགས་སོ། །


CMR053_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། མ་གཅིག་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ནས། །གཅོད་ཀྱི་སེར་སྲུང་གདམས་པ་ཅུང་ཟད་བྲི། །མ་གཅིག་ཌཱ་ཀིས་བཀའ་གནང་བྱིན་གྱིས་རློབས། །སེར་བསང་ཐོན་རྗེས་སམ། སེར་ཐོ་བྱེད་དུས་སམ། སེར་བ་འོང་དོགས་ཡོད་དུས་སམ། དུས་ནམ་ཡང་རུང་སྟེ། ཕཊ། རང་ཉིད་སྐད་ཅིག་གིས་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་ནག་མོ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་ཀྱི་ལི་ལི་བྱེད་པ། གཡོན་ཟླ་བའི་དཀྱིལ་འཁོར་ངང་སྒ་ར་ར་བྱེད་པ། དབུས་ཉི་ཟླ་སྤེལ་མའི་དཀྱིལ་འཁོར་དམར་ནག་ཏུ་


CMR053_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པ། ཞལ་གནམ་ས་ཙམ་གདངས་པ། མཆེ་བ་གངས་རིའི་ཕྲེང་བ་ལྟར་གཙིགས་པ། ལྗགས་གློག་དམར་ལྟར་འཁྱུག་པ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ནམ་མཁའ་ལ་གཡུག་ཅིང་། ས་ལ་བརྡབས་པས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུད་པ། གཡོན་མི་རྐང་གི་གླིང་བུ་ཙེར་ཙེར་འབུད་པ། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་ནས་འདར་ཅུམ་ཅུམ་བྱེད་པ། སྐུ་སྨད་ཀྱིས་འདོད་ཁམས་ཁྱབ་པ། སྐུ་སྟོད་ཀྱིས་གཟུགས་ཁམས་ཁྱབ་པ། ཕལ་ཞལ་སྲིད་པའི་རྩེ་ནས་ངུར་སྒྲ་བསྐལ་པའི་འབྲུག་


CMR053_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྒྲོག་པ། ཞབས་དམྱལ་ཁམས་རྡོ་རྗེའི་གདན་ན་བྲོ་ཁྲིག་ཁྲིག་བརྡུངས་པ། ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། མཐུ་སྟོབས་དང་ལྡན་པ། །གཟི་བརྗིད་དང་ལྡན་པ། སྲིད་པ་གསུམ་ན་དབང་ཆེ་བ། ཆེ་བཙན་འགྲན་ཟླ་དང་བྲལ་བ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་རི་མེ་དཔུང་འུ་རུ་རུ་འབར་བའི་སྐུར་གྱུར། ཕ྄ཊ་ཕ྄ཊ་ཕ྄ཊ། ཅེས་རྐང་དུང་ལན་གསུམ་བུས་ལ། ཕ྄ཊ། རང་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་དབང་སྡུད་ཀྱི་མཁའ་འགྲོ་མ། ལྕགས་ཀྱུ་ཅན། ཞགས་པ་ཅན། ལྕགས་སྒྲོག་ཅན། ཐོ་བ་ཅན། ཕུར་པ་ཅན། གཡང་གཞི་ཅན། དཔག་ཏུ་མེད་པ་འཕྲོས་པས། སེར་བ་སེར་བདག་སྣ་འདྲེན་དང་བཅས་པ། ཐོག་ཐོག་བདག་མགར་བ་མགར་ཚང་དང་བཅས་པ། ཡུལ་ལྷ་གཞི་བདག་དང་བཅས་པ། རླུང་རླུང་ལྷ་དང་བཅས་པ། ཐམས་ཅད་སྐད་ཅིག་རང་དབང་མེད་པར་སྨུག་པ་རླུང་གིས་ཁྱེར་བ་བཞིན་དུ་བསྡུས། ར་ལུག་སེར་བས་དེད་པ་བཞིན་དུ་དེད། སྤུར་མ་རླུང་གིས་ཁྱེར་བ་བཞིན་དུ་འདིར་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕ྄ཊ་ཕ྄ཊ་ཕ྄ཊཿ ཅེས་རྐང་དུང་ལན་གསུམ་བུས་ལ། འོ་འོ་


CMR053_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འོ། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་སྙན་གསན་དུ་གསོལ། མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། དམའ་ན་རཀ་དམྱལ་ཁམས་ཡན་ཆད་ཀྱི་ལྷ་འདྲེ་ཐམས་ཅད་ཉོན་ཅིག །གཟའོ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་གཟའ་བརྒྱད་གདོང་མོ་བཞི་ལ་སོགས་པ། ཐོག་དང་སེར་བའི་བདག་པོ་ཐམས་ཅད་ཉོན་ཅིག །ཀླུ་བརྒྱད་ཀླུ་རིགས་བཞི་ལ་སོགས་པ་སེར་བའི་བྱུང་ཁུངས་ཐོམས་ཅད་ཉོན་ཅིག །ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པ་ལ་སོགས་འཇིག་རྟེན་ན་དབང་ཆེ་བ་ཐམས་ཅད་ཉོན་ཅིག །ཡུལ་ལྷ་གཞི་བདག་བརྟན་མ་མགུལ་ལྷ་ཐམས་ཅད་ཉོན་ཅིག །ཁྱད་པར་གཉན་ཆེན་ཐང་ལྷ་སེར་བདག་བཅོ་བརྒྱད་ཚེ་ཉོན་ཅིག །ཅེས་ཡུལ་ལྷ་གཞི་བདག་གང་ཤེས་མིང་བརྗོད། འདི་རུ་རང་གི་ཡུལ་སོ་སོའི་གཞི་བདག་བཙུད་པར་བྱའོ། །ཡུལ་འདི་ཡི་ལྷ་འདྲེ་ཐམས་ཅད་ཉོན་ཅིག །ཆོས་སྐུ་ཡུམ་ཆེན་མོ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཀའ། ཕོ་གཅིག་དམ་པ་སངས་རྒྱས། མ་གཅིག་ལབ་ཀྱི་སྒྲོན་མ་ལ་སོགས་པ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ། ཐུགས་རྗེ་ཁྲོས་མ་ནག་མོ་ལ་སོགས་པ་ཡི་དམ་རྒྱུད་སྡེ་བཞིའི་བཀའ། ཡུམ་རྡོ་རྗེ་


CMR053_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་མཁའ་འགྲོ་བྱེ་བ་འབུམ་གྱི་བཀའ། མ་མགོན་ལྕམ་དྲལ་ལ་སོགས་བཀའ་སྲུང་ཆོས་སྐྱོང་ཐམས་ཅད་ཀྱི་བཀའ། ཞེས་པ་འདི་ན་རང་གི་ཡུལ་སོ་སོའི་གཞི་བདག་བཙུད་པར་བྱའོ། །བདག་གིས་བསྲུང་བའི་ཞིང་འདི་ཐམས་ཅད་ལ་སེར་བ་མ་གཏོང་། ཁྱོད་ལྷ་འདྲེ་རྣམས་ལ་བསྲུང་བཅོལ་བ་ཡིན། སེར་བ་ཐུབ་པར་སྲུངས་ཤིག །ཐུབ་པར་སྲུངས་ཤིག །ང་ཡི་བསྲུང་བའི་ཞིང་འདི་ཐམས་ཅད་ལ་སེར་བ་མ་ཤོར་ཅིག །གལ་ཏེ་ང་ཡིས་བསྲུང་བའི་ཞིང་འདི་རྣམས་ལ་སེར་བ་བབས་ནི་བྱུང་ན། ལེ་ལན་དེ་ཁྱོད་ལྷ་འདྲེ་རྣམས་ལ་འདེད། ཁྱད་པར་ཡུལ་སོ་སོའི་གཞི་བདག་ཁྱེད་རྣམས་ལ་འདེད། ཞིང་སོ་སོའི་ས་བདག་ཁྱེད་རྣམས་ལ་འདེད། ལེ་ལན་ཇི་ལྟར་འདེད་ན། ང་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་གནས་འདི་ན་འདུག །ནམ་མཁའ་འདི་གདན་དུ་བཏིང་། ས་གཞི་འདི་གདུགས་ལྟར་ཕུབ། དབུས་ཀྱི་རི་བོ་མཆོག་རབ་དཔག་བསམ་གྱི་ལྗོན་ཤིང་དང་བཅས་པ་འདི་མ་ཧེ་ནུ་མ་ལྟར་མགོ་ཐུར་དུ་སྟོན། རི་ཆེན་ཚོ་ཟབ་ཏུ་བསྒྲིལ། རི་ཆུང་ཚེ་ཚོགས་པོར་འཕེན། རྒྱ་མཚོ་ཆེན་པོ་འདི་གཏིང་ནས་སྐམོ། བླ་ཤིང་ཚོ་རྩད་ནས་གཅོད། བྲག་རི་ཐམས་ཅད་དེ་བཤིག །


CMR053_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་རི་ཐམས་ཅད་དེ་ཕེད། ནེའུ་སིང་ཐམས་ཅད་དེ་སློག །མཛེ་རོ་དང་དམེ་རོ་དང་། ནལ་བུའི་རོ་དེ་བསྲེགས་པའི་རོ་གསུར་གྱིས་ནམ་མཁའ་བཀང་། །མཛེ་ཁྲག་གི་རྒྱ་མཚོ་བསྐྱིལ། མཛེ་ཤའི་ཐང་མ་བརྡལ། མཛེ་རུས་ཀྱི་གྲམ་པ་ཆེན་པོ་སྤུངས། དམར་པོའི་ཁྲག་ཐབ་བརྫོག །དཀར་པོའི་འོ་ཐབ་བརྫོག །སྨུག་པོའི་ཇ་ཐབ་བརྗོག །སྔོན་པོའི་ཆུ་ཐབ་བརྫོག །མཛེ་ཁྲག་དང་ཁྲག་སྣ་ངན་དགུ་དེས་མཚོ་དང་ཆུ་མིག་བཀང་། གནས་འདིར་ཁྲོས་མ་ནག་མོའི་དམག་སྒར་འདེབས། ཡེ་ཤེས་ཁྲོ་བོའི་དམག་ཚོགས་སྡུད། བྱ་ཁྱུང་གི་དམག་ཆེན་འདྲེན། བྱེ་ཚན་གྱི་ཆར་པ་ཕབ། ཁྱེད་སྣང་སྲིད་ཀྱི་ལྷ་འདྲེ་གཞི་བདག་ཐམས་ཅད་རྩད་ནས་བརླག །དྲུང་ནས་འདོན། ང་ན་དགའ་ཤི་སྐྱིད་ཡིན། ཐོད་པ་བོར་ཆོག་ཡིན། ནམ་ཤི་སངས་རྒྱས་ཡིན། ང་ན་ན་དགའ་བས་སྒྲིབ་པ་བྱང་། ཤི་ན་དགའ་བས་སངས་རྒྱས་ཐོབ། ལུས་ཤ་ཁྲག་འདི་གཟན་དུ་སྒྱུར། སེམས་སྟོང་པ་འདི་དབྱིངས་རིག་བསྲེ། ང་ཤི་ཁྱོད་འགྱེལ་བྱེད། གཉན་ཆེན་མཐའ་ལ་གཏད། ཁྱོད་ལྷ་འདྲེ་ཨར་ལ་གཏད། དེ་འདྲ་མི་བྱེད་རེ་ན་ར་ཀན། །


CMR053_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འོ། དེ་འདྲའི་ལས་ང་ལ་བྱེད་མ་བཅུག །ང་མ་ལན། དོན་ཆུང་ངུ་ལ་ཉེས་ཆེན་པོ་མ་བསྡོ། ང་ཡིས་བསྲུང་བའི་ཞིང་འདི་རྣམས་ལ་སེར་བ་མ་གཏོང་ཞིག །ཁྱོད་ལྷ་འདྲེ་དང་གཞི་བདག་ཐམས་ཅད་ལ་བསྲུང་དུ་བཅོལ་ལོ། །ཁྱད་པར་དུ་ཡུལ་འདི། སོ་སོའི། གཞི་བདག་ལ་བསྲུང་བཅོལ། ཡང་དགོས་ཞིང་སོ་སོའི་གཞི་བདག་ལ་བསྲུང་བཅོལ། ཐུབ་པར་སྲུངས་ཤིག་ས་མ་ཡ། ཁྱེད་ཚོ་ལ་མཐུ་རྩལ་ཅི་གདའ་བལྟའོ། །མ་གཡེལ་ཅིག །ཕ྄ཊ་ཕ྄ཊ་ཕ྄ཊ༔ ཅེས་རྐང་དུང་ལན་གསུམ་བུས། ཕཊ། སེར་བདག་རྣམས་ཀྱིས་སེར་བ་མི་བཏང་བར་ཁས་བླངས་དམ་བཅས། ན་ར་ཀན། ཞེས་ཐ་ཚིག་ཕུལ། ལྷ་འདྲེ་གཞི་བདག་ཐམས་ཅད་ཀྱིས་སེར་བ་བསྲུང་བར་ཁས་བླངས་ན་ར་ཀན། ཞེས་ཐ་ཚིག་ཕུལ་བར་གྱུར། ཕཊ། ཕཊ། ཕཊ། ཕཊ། འོ། འོ། འོ། ཁྱེད་ལྷ་འདྲེ་ཐམས་ཅད་ཀྱིས་ང་ཡིས་བསྲུང་བའི་ཞིང་འདི་རྣམས་ལ་སེར་བ་མི་གཏོང་ཞིག་སེར་བ་ཐུབ་པར་བསྲུངས་ན། ངས་ལུས་དཀར་གསུམ་གྱི་མཆོད་པ་རྒྱ་ཆེན་པོ་བཏང་། ཕུད་གཙང་མའི་བསང་མཆོད་བཏང་། དཀར་གཏོར་རྒྱན་དང་ལྡན་པའི་གཏང་རག་བཟང་པོ་བཏང་། །


CMR053_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་ཆོས་བཤད། བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས། ཁྱེད་ལྷ་འདྲེ་རྣམས་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འབུ་སྲིན་ལ་སྲོག་གི་སྦྱིན་པ། ཞིང་བདག་ལ་མི་འཇིགས་པའི་སྦྱིན་པ། མི་རྣམས་ལ་ཟང་ཟིང་གི་སྦྱིན་པ། ཁྱེད་ལྷ་འདྲེ་རྣམས་ལ་ཆོས་ཀྱི་སྦྱིན་པར་འགྱུར་བས། དགེ་བའི་རྩ་བ་དེས་ཁྱེད་ལྷ་འདྲེ་ཐམས་ཅད་བྱང་ཆུབ་ཐོབ་པའི་ཕྱིར་དུ་བདག་གིས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་པར་བྱའོ། །ཞེས་བརྗོད་པའི་ལྷ་འདྲེ་ཐམས་ཅད་དགའ་མགུ་ཡི་རང་ནས་རང་རང་སོ་སོའི་གནས་སུ་བཛྲ་མུཿ ཕཊ་ཕཊ་ཕཊཿ ཅེས་རྐང་དུང་འབུད། དེ་ནས་སྲུང་འཁོར་བསྒོམ་པ་ནི། ཕཊ། བཅོམ་ལྡན་ཤཱཀ་ཐུབ་སྐུ་མདོག་སེར། །ཕྱག་གཉིས་ས་ནོན་མཉམ་གཞག་མཛད། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མཚན་དང་དཔེ་བྱད་སྐུ་ལ་རྫོགས། །ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། ། སེང་ཁྲི་པད་ཟླའི་གདན་ལ་བཞུགས། །སྐུ་ལས་ཐོག་གི་ཚྭ་ཚྭ་འཕྲོ། །དེ་ཡི་ཐུགས་ཀར་པད་ཟླའི་སྟེང་། །གསེར་གྱི་མཆོད་རྟེན་བུམ་པའི་ནང་། །ཉི་མ་འོག་དང་ཟླ་བ་སྟེང་། །


CMR053_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླའི་གའུ་ཁ་སྦྱོར་ནང་། །ཡངས་ཤིང་རྒྱ་ཆེའི་ནང་དུ་ནི། །བསྲུང་བྱའི་ཞིང་རྣམས་ཚུད་པར་གྱུར། །ཕཊ་ཕཊ་ཕཊ། ཉི་ཟླའི་སྟེང་དུ་བླ་མ་དང་། །ཡི་དམ་མཁའ་འགྲོ་སྤྲིན་ལྟར་འཁྲིགས། །སེར་བའི་གནོད་པ་བསྲུང་དུ་གསོལ། །ཕཊ་ཕཊ་ཕཊ། དེ་ནས་སེར་སྤྲིན་བཤིག་པ་ནི། ཕཊ། རང་ཉིད་ཁྲོས་མའི་དབུ་གཙུག་ཏུ། །བྱ་ཁྱུང་དམར་པོ་རི་རབ་ཙམ། །རབ་ཁྲོས་སྤྲིན་ནག་ལ་གཟིགས་ནས། །སེར་བ་སེར་བདག་སྤྲིན་དང་བཅས། །ཧུབ་ཀྱིས་བཏུང་ནས་ཇུར་མིད་བྱས། །བྱ་སྐྱག་རྒྱ་མཚོའི་ཕ་རོལ་དུ། །སྐྱ་དང་བུན་ནེ་བཏང་བར་གྱུར། །ཕཊ་ཕཊ་ཕཊ། དེ་ནས་ཐོག་བཅས་བྱུང་ན། ཐོག་ཚང་གཏོར་བ་ནི། ཕཊ། རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །གསེར་གྱི་རྡོ་རྗེ་རྩེ་དགུ་འཕྲོས། །སྤྲིན་ནག་དཀྱིལ་དུ་བརྒྱབས་པ་ཡིས། །ཐོག་དང་ཐོག་ཚང་ཐོག་བདག་དང་། །མགར་བ་མགར་ཚང་བཅས་པ་རྣམས། །རྒྱ་མཚོའི་ཕར་ཁར་རྐྱངས་སེ་འཕང་། །ཕ྄ཊ་ཕ྄྄ཊ་ཕ྄ཊ། ། ཅེས་དེ་ནས་སྡིགས་མཛུབ་དང་ཕུ་བྱའོ། །ཞེས་ཐོག་དམིགས་ཀྱང་བྱའོ། །ཕཊ། རང་གི་སྤྱི་བོའི་ནམ་མཁའ་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་གི །ལྟེ་བར་རྒྱལ་བ་ཤཱཀྱ་ཐུབ། །རྩིབས་


CMR053_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བསྐལ་བཟང་སངས་རྒྱས་སྟོང་། །རང་གི་རྐང་པ་གཉིས་ཀྱི་ཞབས། །གཡུ་ཡི་གྲོད་པ་མནན་པར་གྱུར། །ཕཊ་ཕཊ་ཕཊ། ། ཅེས་དམིགས་པ་དེས་ཆོག་གོ །དུ་ག་ཛ་མུན་ཏི་ཨཱ༔ ཞེས་སྔགས་འདི་གལ་ཆེ་དུས་ཚར་བདུན་ནམ། ཉེར་གཅིག་ཙམ་བརྗོད་པས་ཐུབ་པར་ངེས་སོ། །ཨོཾ་གྷ་ཧུ་ར་ཧུ་པཱ་ཧེ་ཛ་ལ་དྷ་ཐཱ། སྔགས་འདི་བྲིས་རྐང་དུང་ལ་བཏགས་ཏེ་བུས་པས་ཐོག་མི་འོང་། །ཡང་སེར་རྐང་བཙུགས་བྱུང་ན་སེར་བའི་རྐང་པ་བཅག་པ་ནི། ཕཊ། རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །ཟངས་ཀྱི་རྡོ་རྗེ་རྒྱ་གྲམ་གྱིས། །མཚན་པའི་ཟངས་ཀྱི་འཁོར་ལོ་གཉིས། །རྩིབས་སྟོང་མེ་དཔུང་འབར་བ་འཕྲོས། །སེར་རྐང་དཀྱིལ་དུ་བརྒྱབ་པ་དང་། །གཡས་གཡོན་དྲག་ཏུ་འཁོར་བ་ཡིས། །སེར་རྐང་གཏོར་ཞིང་མེད་པོར་བྱས། ། ༧ ཕཊ་ཕཊ་ཕཊ། ཅེས་སེར་ལམ་སྟོན་པ་ནི། རང་ཉིད་ཁྲོས་མར་བསྒོམ་ལ་མཛུབ་རིས་བྱ་ཞིང་། གངས་རི་ལ་རྒྱོབ། སྤང་རི་ལ་རྒྱོབ། ནགས་རི་ལ་རྒྱོབ། རྫ་རི་ལ་རྒྱོབ། གཡའ་རི་ལ་རྒྱབ་ཅེས་བརྗོད། ཡང་སེར་བ་བརྒྱབ་བྱུང་ན། ཕཊ། རང་ཉིད་ཡུམ་ཆེན་དམར་ནག་ནི། །མེ་རི་མེ་དཔུང་ཆེན་པོས་བསྐོར། །རང་གིས་བསྲུང་བའི་ཞིང་རྣམས་ཀྱང་། །ཡུམ་


CMR053_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མེ་དཔུང་ཆེན་པོས་བསྐོར། །སྙེ་མ་རེ་རེ་ཡང་ཁྲོས་མ་རེ། །ནས་འབྲུ་རེ་ཡང་ཧཱུྃ་དུ་གྱུར། །ཕ྄ཊ་ཕ྄ཊ་ཕ྄ཊ། གཅོད་ལུགས་ལ་སྔགས་མི་དགོས་དམིགས་པ་ཁོ་ན་ཡིན་སྔགས་འདོན་ན། ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས། གནོད་བྱེད་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་ཐམས་ཅད། མཱ་ར་ཡ། སྟྭཾ་བྷ་ཡ། ནཱ་ཤ་ཡ། ཧཱུྃ་རཾ་ཕཊ་རཾ་བྷྱོ་རཾ་ཏྲག་རཾ་སེར་བ་རཾ་ཆོད། སྤྲིན་གཏོར། ཏྲག་ཏུ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ། ཅེས་བརྗོད་ལ་སྔགས་སོ། །ཡང་སེར་བ་ཤིན་ཏུ་དྲག་པོ་བྱུང་ན་གནམ་ས་གོ་ལྡོག་བྱའོ། །སེར་བ་སྔགས་ཚར་ན་ཉམས་ལེན་ཕྱག་ཆེན་ངང་དུ་ཡུད་ཙམ་བཞག །རྗེས་དེ་ནུབ་ལུས་སྦྱིན་བྱའོ། །རང་ཉིད་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་ནམ་མཁའ་ཁྱབ་པར་བསྒོམས་པའི་ཕྱག་མཐིལ་ནས་བདུད་རྩིའི་རྒྱུན་བབས་པས། ལྷ་འདྲེ་ཐམས་ཅད་ཀྱིས་བཏུང་ཞིང་ཁྲུས་བྱས་པས། ན་ཚ་དང་སྡུག་བསྔལ་ཞི། སྣད་ཡར་སྨས་འགྲམ་སོས་ནས་བཀྲག་མདངས་དང་ལྡན་པས་རང་ལ་དད་གུས་ཀྱིས་ཕྱག་དང་བསྐོར་བ་བྱེད་ཅིང་ཐམས་ཅད་ཀྱིས་ཡིག་དྲུག་འདོན་པར་བསྒོམ་ཞིང་ཡིག་དྲུག་འདོན། ཨོཾ་མ་ཎི་པདྨེ་ཧཱུྃ། སྙིང་རྗེ་དྲག་ཏུ་བསྒོམ། དེ་ནས་འབྲེལ་ཐོགས་ལྷ་འདྲེ་ཐམས་ཅད་བྱང་ཆུབ་ཐོབ་པའི་བསྔོ་བ་སྨོན་ལམ་གང་ཤེས་བྱ། ཕྱག་རྒྱ་ཆེན་པོའི་ངང་


CMR053_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེ་གསོ་བའོ། །དེ་ལྟར་གཅོད་ལུགས་སེར་སྲུང་བསྡུས་པ་གནམ་རྫོང་གཅོད་པའི་དོན་དུ་༧ ཨ་རཱ་གས་གོ་བདེ་བར་བྱས་པ་ཤུ་བྷཾ་མངྒ་ལཾ།། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགཅོད་ཀྱི་སྒོ་ནས་སེར་བ་སྲུང་བའི་གདམས་པ་ཟབ་མོ།next