Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
གཅོད་ལུགས་ཆར་འབོད་སྙན་བརྒྱུད་ཡི་གེར་བཀོད་པ་འདོན་སྒོམ་ཕྱག་ལེན་དང་བཅས་པ་མཐོང་བས་དོན་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ལུགས་ཆར་འབོད་སྙན་བརྒྱུད་ཡི་གེར་བཀོད་པ་འདོན་སྒོམ་ཕྱག་ལེན་དང་བཅས་པ་མཐོང་བས་དོན་གསལ།next

གཅོད་ལུགས་ཆར་འབོད་སྙན་བརྒྱུད་ཡི་གེར་བཀོད་པ་འདོན་སྒོམ་ཕྱག་ལེན་དང་བཅས་པ་མཐོང་བས་དོན་གསལ།


CMR053_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༼ཡ༽ གཅོད་ལུགས་ཆར་འབོད་སྙན་བརྒྱུད་ཡི་གེར་བཀོད་པ་འདོན་སྒོམ་ཕྱག་ལེན་དང་བཅས་པ་མཐོང་བས་དོན་གསལ་བཞུགས་སོ།།


CMR053_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། རྒྱལ་བའི་ཡུམ་ལ་ཕྱག་འཚལ་སྐྱབས་ཞུས་ནས། །འགྲོ་ལ་ཕན་ཕྱིར་ཆར་འབོད་ཉུང་བསྡུས་བྲི། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །དང་པོ་གང་དུ་འགྲོ་ས་བརྟག་པ་ནི། །མཚོ་རྔ་ཤར་འབབ་ཆུ་མིག་ཤར་རྒྱུ་ནི། །རྒྱལ་རིགས་དཀར་ཕྱོགས་གནས་ཕྱིར་མྱུར་དུ་འབེབས། །ལྷོར་གྱུ་བྱིང་ཆེ་མང་དུ་འབེབས་པ་ཡིན། །ནུབ་གྲུ་བྲམ་ཟེ་དབུལ་ཏེ་ཅུང་ཟད་འབབ། །བྱང་རྒྱུ་གདོལ་པ་ནག་ཕྱོགས་འབབ་པར་དཀའ། །འོན་ཀྱང་བྲག་དང་ས་མདོག་དཀར་བ་དང་། །སུར་དཀར་ལ་སོགས་བཟང་ཤིང་སྐྱེ་ན་རུང་། །བྱང་གྱུ་ཤིང་ནག་ཚེར་མ་ཅན་སྐྱེས་ཤིང་། །བྲག་དང་ས་མདོག་ནག་ཤས་ཆེ་བ་ནི། །གདོལ་བ་ནག་པོ་འོན་པའི་རིགས་ཡིན་པས།


CMR053_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་མི་འབེབས་བར་ཆད་སྣ་ཚོགས་འབྱུང་། །རི་གཉན་ཆུ་མིག་དཔག་མེད་ཡོད་པ་ན། །ཀླུ་རིགས་གཞི་བདག་ཡིན་པས་རི་རྩེར་འགྲོ། །རི་སྐམ་མམ་ནི་ཆུ་མགོ་ཉུང་བ་ན། །རི་དེ་གཉན་ཡང་ཆར་མེད་འགྲོ་མི་རུང་། །གཅོད་ལུགས་ཀླུ་ཡི་ཐེབས་ལྡོག་འབབ་སྐར་སོགས། །གཟན་སྐར་ཚེས་གྲངས་བརྩི་ནི་མི་དགོས་ཀྱང་། །སྤྲིན་ནི་ཤར་དང་ལྷོ་རུ་འགྲོ་བ་དང་། །ཉིན་མོ་འཐིབས་ཤིང་མཚན་མོ་གཡེར་བ་དང་། །ཉི་ནུབ་སྤྲིན་ནི་དམར་རམ་སེར་པོར་འགྲོ། །འདི་དག་ཐན་པའི་སྒང་ཡིན་ཕེབས་པར་དཀའ། །ཆར་ཞུས་འོང་ནུབ་མེ་མཆེད་ལོ་ཉེས་དང་། །སྣོད་སྟོང་ཁུར་བ་རྨིས་ན་མི་ཕེབས་ལྟས། །མི་དེ་མེ་དང་ཚིག་དང་སྐམ་པའི་མིང་། །བྱུང་ན་མི་ཕེབ་རྟེན་འབྲེལ་མ་ལེགས་བརྗོད། །མི་དེ་དཀོན་དང་རིན་པོ་ཆེ་ཡི་མིང་། །བྱུང་ན་


CMR053_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་དཀོན་ཕེབས་ཀྱང་ཉུང་དུ་ཙམ། །མཚོ་དང་ཆུ་དང་ཀླུ་ཡི་མིང་ཅན་བཟང་། །དེ་ནས་དེ་ནུབ་བམ་ནི་འགྲོ་ཁ་ནས། །འགྲོ་ས་གསང་ལ་དང་པོ་ཟིལ་གནོན་འཕེན། །ཕཊ། རང་ཉིད་སྐད་ཅིག་ཁྲོས་མར་གསལ་བ་ཡི། །ཐུགས་ཀའི་ཧཱུྃ་ལས་གསེར་གྱི་རྡོ་རྗེ་ནི། །གྲངས་མེད་འཕྲོས་པས་མཚོ་འམ་ཆུ་མིག་དེའི། །མཐའ་བསྐོར་མདའ་རྒྱང་ཙམ་ནས་རྭ་བས་བསྐོར། །ཀླུ་དང་ས་བདག་འབྲོས་ལམ་བཅད་པར་གྱུར། ཕཊ། མཚོའམ་ཆུ་མིག་སྟེང་དུ་པད་ཟླའི་སྟེང་། །གནས་བདག་ཀླུ་དེ་མངོན་སུམ་གསལ་བ་ཡི། །ལུས་དང་པད་གདན་གསེར་གྱི་རྡོ་རྗེས་འཛེར། །གཡོ་མགུལ་མེད་པར་ལྷན་ནེར་གནས་པར་གྱུར། །ཕཊ། རང་གི་ཐུགས་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྱོགས་བཅུར་འཕྲོས་པས་སྟོང་གསུམ་འཇིག་རྟེན་གྱི། །ཀླུ་རིགས་ཐམས་ཅད་རང་དབང་མེད་པར་བཀུག །གནས་བདག་ཀླུ་དེ་ཉིད་ལ་ཐིམ་པ་ཡིས། །ཀླུ་རིགས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་གྱུར། །ཅེས་བརྗོད་དམིགས་པ་དེ་ཉིད་བརྒྱ་ཙམ་མམ། །ཐ་ནའང་ཉེར་གཅིག་ཙམ་རེ་བྱ་བ་གཅེས། །དམིགས་པ་ཚར་ནས་འགྲོ་ས་གསང་མི་དགོས། །དེ་ནས་ལམ་དུ་འགྲོ་ཚེ་རྟེན་འབྲེལ་ནི། །ཚུལ་ཁྲིམས་འཆལ་དང་ནད་པ་གཅོང་ནད་ཅན། །རྒན་གོག་ཤི་ལ་ཁད་དང་སྣོད་སྟོང་


CMR053_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར། །སྐོམ་དང་ཚིག་དང་མེ་ཡི་ཚིག་སྨྲ་བ། །འཕྲད་ན་དེ་རུ་མི་འགྲོ་གཞན་དུ་འགྲོ། །བཙུན་པ་ཚུལ་ཁྲིམས་ལྡན་དང་སྐྱེས་དར་མ། །ཁྱེའུ་བུ་མོ་གཙང་མ་ཆང་བཟིའི་མི། །ཡུར་བ་བཟོ་དང་ཆུ་ཁྲིད་ཆུར་ཁུར་བ། །དཀར་གསུམ་ཐོགས་དང་བུད་མེད་སྦྲུམ་མ་རྣམས། །འཕྲད་ན་རྟེན་འབྲེལ་ལེགས་པས་ཕེབས་པར་སླ། །དེ་ནས་མཚོའམ་རི་རྩེ་ཆུ་མིག་དེར། །ཌཱ་དྲིལ་འཁྲོལ་ཞིང་ལན་གསུམ་བསྐོར་བ་བྱ། །ཕཊ། སྟོང་གསུམ་འཇིག་རྟེན་རྒྱ་མཚོའི་ཕར་མཐའ་ནས། །བྱ་ཁྱུང་གཤོག་གདང་བསྒྲིགས་པའི་གུར་ཁང་གིས། །ཚུར་ཚུར་བཙུམ་པས་སྟོང་གསུམ་འཇིག་རྟེན་གྱི། །ཀླུ་རིགས་ཐམས་ཅད་གནས་འདིར་སྤུངས་སེ་འདུས། །གནས་བདག་ཀླུ་དང་དབྱེར་མེད་གཅིག་ཏུ་གྱུར། །ཕཊ་ཕཊ་ཕཊ། དེ་ནས་གནས་དེའི་ཕྱོགས་བཞི་མཚམས་བརྒྱད་དང་། །སྟེང་འོག་ཤར་ནུབ་གཉིས་སུ་བྱས་པ་ཡི། །ཐོ་ནི་བཅུ་བྱས་དམིགས་པ་འདོན་སྒོམ་སྦྲགས། །ཧཱུྃ། ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ། །འཁོར་ཡང་དཀར་མོ་འབུམ་གྱིས་བསྐོར། །ཁྱུང་དཀར་འབུམ་ནི་རོལ་དུ་ཁྲིད། །ཀླུ་གཉན་ཤར་གྱི་འབྲོས་ལམ་ཆོད། །ཕཊ་ཕཊ་ཕཊ། ཧཱུྃ། སྟེང་ཕྱོགས་སངས་རྒྱས་མཁའ་འགྲོ་མ། །འཁོར་ཡང་སྔོན་མོ་འབུམ་གྱིས་བསྐོར། །ཁྱུང་སྔོན་འབུམ་ནི་རོལ་དུ་ཁྲིད། །ཀླུ་


CMR053_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་སྟེང་གི་འབྲོས་ལམ་ཆོད། །ཕཊ་ཕཊ། ཧཱུྃ། ཤར་ལྷོ་དམ་ཚིག་མཁའ་འགྲོ་མ། །འཁོར་ཡང་དཀར་སེར་འབུམ་གྱིས་བསྐོར། །དཀར་སེར་ཁྱུང་རྣམས་རོལ་དུ་ཁྲིད། །ཀླུ་གཉན་ཤར་ལྷོའི་འབྲོས་ལམ་ཆོད། །ཕཊ་ཕཊ། ཧཱུྃ། ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ། །འཁོར་ཡང་སེར་མོ་འབུམ་གྱིས་བསྐོར། །ཁྱུང་སེར་འབུམ་ནི་རོལ་དུ་ཁྲིད། །ཀླུ་གཉན་ལྷོ་ཡི་འབྲོས་ལམ་ཆོད། །ཕཊ་ཕཊ། ཧཱུཾ། ལྷོ་ཕྱོགས་སྣ་ཚོགས་མཁའ་འགྲོ་མ། །འཁོར་ཡང་དམར་སེར་འབུམ་གྱིས་བསྐོར། །དམར་སེར་ཁྱུང་རྣམས་རོལ་དུ་ཁྲིད། །ཀླུ་གཉན་ལྷོ་ནུབ་འབྲོས་ལམ་ཆོད། །ཕཊ་ཕཊ། ཧཱུྃ། ནུབ་ཕྱོགས་པདྨ་མཁའ་འགྲོ་མ། །འཁོར་ཡང་དམར་མོ་འབུམ་གྱིས་བསྐོར། །ཁྱུང་དམར་འབུམ་ནི་རོལ་དུ་ཁྲིད། །ཀླུ་གཉན་ནུབ་ཀྱི་འབྲོས་ལམ་ཆོད། །ཕཊ་ཕཊ། ཧཱུྃ། འོག་ཕྱོགས་ཡེ་ཤེས་མཁའ་འགྲོ་མ། །འཁོར་ཡང་ནག་མོ་འབུམ་གྱིས་བསྐོར། །ཁྱུང་ནག་འབུམ་ནི་རོལ་དུ་ཁྲིད། །ཀླུ་གཉན་འོག་གི་གབ་སྐུངས་ཕུད། །ཕཊ་ཕཊ། ཧཱུྃ། ནུབ་བྱང་ཐམས་ཅད་མཁའ་འགྲོ་མ། །འཁོར་ཡང་དམར་ལྗང་འབུམ་གྱིས་བསྐོར། །


CMR053_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་ལྗང་འབུམ་ནི་རོལ་དུ་ཁྲིད། ཀླུ་གཉན་ནུབ་བྱང་འབྲོས་ལམ་ཆོད། །ཕཊ་ཕཊ། ཧཱུྃ། བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ། །འཁོར་ཡང་ལྗང་མོ་འབུམ་གྱིས་བསྐོར། །ཁྱུང་ལྗང་འབུམ་ནི་རོལ་དུ་ཁྲིད། །ཀླུ་གཉན་བྱང་གི་འབྲོས་ལམ་ཆོད། །ཕཊ་ཕཊ། ཧཱུྃ། བྱང་ཤར་འཇིག་རྟེན་མཁའ་འགྲོ་མ། །འཁོར་ཡང་དཀར་ལྗང་འབུམ་གྱིས་བསྐོར། །དཀར་ལྗང་ཁྱུང་རྣམས་རོལ་དུ་ཁྲིད། །ཀླུ་གཉན་བྱང་ཤར་འབྲོས་ལམ་ཆོད། །ཕཊ་ཕཊ། དེ་ནས་རང་ཉིད་འདུག་ས་བཙལ། །ཞིག་ལ་ཁད་ཀྱི་བྲག་རྩེ་དང་། །ཆད་ལ་ཁད་ཀྱི་གད་ཁ་དང་། །བྲུལ་ལ་ཁད་ཀྱི་མཐའ་ཁ་དང་། །བི་སྣ་བཤའ་འུད་རྒྱབ་མལ་རྣམས། །དབྱར་ཁ་ཆུ་ཆེན་ཕྱུར་དུས་ཀྱི། །ཆུ་དེས་ཅི་ཙམ་ཁེབས་པོ་དང་། །མཚོ་ནས་འདོམ་པ་བཅོ་ལྔ་ནས། །ཉེ་བའི་ས་དང་ཆབ་སྒོ་རྣམས། །ཐོགས་བཅས་བདུད་ཡིན་འདུག་མི་རུང་། །ཆུ་མགོ་དེ་ནས་འདོམ་པ་གསུམ། །དེ་བས་ཉེ་བར་མི་བྱའོ། །ས་དཔྱད་ཤེས་ན་དཔྱད་ལ་བསྡད། །མི་ཤེས་ན་ནི་ཌཱ་དྲིལ་འཁྲོལ། །འཆམ་སྟབས་བྱས་ཤིང་བསྐོར་བ་བྱ། །བག་དྲོ་ཚིལ་གྱིས་བྱུང་བའམ། །ཉམས་དགའ་ཡུལ་གྱིས་བྱུང་བའམ། །འཇིགས་སྐྲག་འུབ་ཀྱིས་བྱུང་སར་བསྡད། །དེ་དུས་དམིགས་པ་བྱ་བ་ནི། །ཕཊ། དེ་རིང་བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕྱིར། །


CMR053_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བདག་གིས་དགའ་བའི་བྲོ་གཅིག་འཁྲབ། །མཁའ་འགྲོ་སྡེ་བཞིའི་གར་བྱེད་ཁྱུགས་སེ་ཁྱུག །མི་ལྤགས་གཡང་གཞིའི་གདན་གྱིས་ས་སྟེང་ཁེབས། །འོག་ཏུ་གདོན་བགེགས་ཐམས་ཅད་ནོན་པར་གྱུར། །ཕཊ་ཕཊ། །ཅེས་བརྗོད་དེ་ནས་རང་གི་མལ་ས་བཅའ། །འགྲོ་ཉིན་བར་དུ་གདན་དེ་བསྒུལ་མི་རུང་། །ཆར་གཡོག་འདུག་ས་རང་ཉིད་འདུག་ས་བས། །ཉིས་འགྱུར་ཙམ་དུ་གཉན་ས་ཆུ་མིག་ནས། །ཐག་ནི་རིང་ཞིང་བཙན་སར་བདེ་བར་བསྡད། །ཐབ་གསུར་མ་ཤོར་ཞེས་བརྗོད་དམ་བསྒྲག་བྱ། །ཕཊ། མཁའ་འགྲོ་སྡེ་བཞིས་ཅོག་པུའི་ཕུར་པ་ཁྱེར། །གླིང་བཞི་གླིང་ཕྲན་ཀུན་ལ་བཏབ་པར་གྱུར། །ཀླད་ཤིང་ཡུམ་ཆེན་ཕྱོགས་བཅུའི་སངས་རྒྱས་དང་། །ཀ་ར་གཡས་པ་དམ་པ་རྒྱ་གར་དང་། །གཡོན་པ་མ་གཅིག་ལབ་ཀྱི་སྒྲོན་མར་གསལ། །ཕཊ་ཕཊ། དེ་ནས་ཆུ་མིག་ཆུ་མགོ་ཆེ་རུ་བསྐྱིལ། །གཙོད་རུ་ཡོད་ན་མཆོག་ཡིན་མེད་ན་ཡང་། །ཤིང་གིས་ཆུ་མགོ་རློག་ཅིང་དམིགས་པ་བྱ། །ཕཊ། རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་ནས། །སྤྲུལ་པའི་ཁྱུང་ནག་མང་པོ་ས་འོག་སོང་། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་འོག་རོལ་ནས། །ཀླུ་ཡི་རྒྱལ་པོ་མ་ལུས་འཁོར་བཅས་ནི། །སྦྲུལ་ནག་གཟུགས་སུ་སྐྱེ་ནས་སྦར་མོས་བཟུང་། །ས་འོག་


CMR053_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲངས་བདག་གི་མདུན་དེར་སྤུངས། །ཕཊ་ཕཊ། དེ་ནས་དཀར་ཀླུ་སྨན་ཆུ་མིག་གི །ཕུགས་སུ་བཅུག་ལ་བྱ་ཁྱིས་མི་ལོན་སྦ། །དམར་གཏའ་ཡོད་ན་འདོམ་པ་བཅུ་གསུམ་འོག །ཐོ་ཡི་ནང་དུ་བཅུག་ལ་བཞག་བྱས་ཏེ། །ཞག་རེ་སོང་ཞིང་འདོམ་རེ་ཡར་ཡར་སྤོ། །དེ་ཡན་སྔོན་འགྲོ་སྟ་གོན་རིམ་པ་སྟེ། །དང་པོ་མ་གཏོགས་རྒྱུན་དུ་དགོས་པ་མིན། །ཆར་འབོད་ཚེ་ན་བྱང་སེམས་ཉམས་པ་དང་། །ཁྱི་དང་བུད་མེད་ཆུ་མགོ་རྩར་ཕྱིན་དང་། །ཆར་གཡོག་པ་ཡིས་ཐབ་ལོག་ཤོར་བ་དང་། །རང་གིས་ཤ་ཆང་སྒོག་པ་ཟོས་པ་དང་། །ཆར་འབོད་པ་རྣམས་འཐབ་འཛིན་མནའ་བསྐྱལ་དང་། །བསང་མཆོད་མ་གཙང་ཕུད་འབག་ལྷག་མ་འདྲེས། །གཞན་ལ་དབང་བསྐུར་བྱིན་རླབས་བསྟབས་པ་བྱས། །དེ་རྣམས་བྱུང་ན་ཆར་ཞུད་ཕེབས་པར་དཀའ། །དེ་དག་དམ་ཚིག་ཡིན་པས་འཛེམ་པར་བྱ། །ཆར་གཡོག་མཛེ་རིགས་ཡོད་པ་ཁྲིད་མི་རུང་། ༈ །དེ་ནས་རྒྱུན་གྱི་ཉམས་ལེན་འདོན་སྒོམ་སྦྲགས། །ཕཊ། རང་ཉིད་མ་གཅིག་ཁྲོས་མ་ནག་མོའི་སྐུ། །དབུ་ནི་ལྷ་གནས་སྲིད་པའི་རྩེ་མོར་སླེབ། །སྐུ་སྟོད་གཟུགས་ཁམས་ལྷ་ཡི་ཡུལ་དུ་འགྱིང་། །སྐུ་སྨད་འདོད་ཁམས་གནས་རིགས་དྲུག་ཏུ་འཁྱིལ། །ཞབས་གཉིས་དབང་ཆེན་གསེར་གྱི་ས་གཞི་ལ། །བྲོ་ནི་ཁྲིག་ཁྲིག་བརྡུངས་བས་སྟོང་གསུམ་གཡོ། །ཁྲོ་མོའི་ཆ་ལུགས་དུར་ཁྲོད་ཆས་


CMR053_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གསོལ། །ཕྱག་གཡས་མི་ལྤགས་གཡང་གཞི་ཁྲག་འཛག་པ། །ནམ་མཁར་ཕྱར་ཞིང་ས་ལ་བརྡབས་པ་ཡིས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་འདར་ཞིང་བསྔངས། གཡོན་པས་མི་རྐང་གླིང་བུ་ཙེར་ཙེར་འབུད། །ལྷ་འདྲེ་ཐམས་ཅད་དབང་སྡུད་ཟིལ་གནོན་གྱུར། །ཕཊ་ཕཊ། དེ་ནས་རྐང་དུང་ཁ་བརྡེབ་ཅིང་འབུད་པ་ནི། ཕཊ། བདག་གིས་དྲག་པོའི་མི་རྐང་གླིང་བུ་འབུད། །གཟུགས་མེད་འབྱུང་པོ་ཕྲན་བུ་མ་སྔངས་ཤིག །རྐང་དུང་ཕྱོགས་མཚམས་བརྒྱད་དུ་བུས་ནས། །ཕཊ། རང་གི་ཐུགས་ལས་སྤྲུལ་པའི་མཁའ་འགྲོ་མ། །དཀར་སེར་དམར་ལྗང་སེང་གེའི་གདོང་པ་ཅན། །ཁྲོ་མོའི་གཟུགས་ཅན་སྣ་ཚོགས་མཁའ་འགྲོའི་ཚོགས། །བྱེ་བ་དུང་ཕྱུར་འཇིག་རྟེན་ཁྱབ་པར་འཕྲོས། །ཆེར་ལ་དབང་བའི་ཀླུ་གཉན་ས་བདག་དང་། །ཆར་པ་བཀག་པའི་གདོན་བགེགས་འབྱུང་པོ་རྣམས། །ར་དུམ་སེར་བས་དེད་པ་ཇི་བཞིན་དུ། །རང་དབང་མེད་པར་བདག་གི་མདུན་དུ་བཀུག །ཆར་བདག་ཀླུ་གཉན་ཐམས་ཅད་མདུན་དུ་འཚོགས། །ཆར་ལ་བར་ཆད་བྱེད་པའི་རླུང་ལྷ་དང་། །རྒྱལ་འགོང་དམ་སྲི་ཡུལ་འདྲེ་འབྱུང་པོ་རྣམས། །རང་གི་གདན་འོག་གནམ་ལྕགས་


CMR053_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཧོམ་ཁུང་ནི། །ཁ་དོག་མཐིལ་ཡང་རྒྱ་ཆེ་རྔམས་འཐུག་པ། །དེ་ནང་ཚུད་ནས་མི་ལྤགས་གཡང་གཞི་ཡིས། །བསྣོལ་མར་བཀབ་ནས་སྦྲུལ་ནག་སྟོང་གིས་བཅིངས། །དེ་སྟེང་རང་ཉིད་ཁྲོས་མས་མནན་པར་གྱུར། །ཕཊ་ཕཊ་ཕཊ། ན་མོ་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ། །གཅོད་ཡུལ་བརྒྱུད་པའི་ཡི་དམ་ལྷ། །མ་གཅིག་མཁའ་འགྲོའི་ཚོགས་བཅས་བདེན་པའི་མཐུས། །སྟོང་གསུམ་ཁམས་ཀྱི་ཀླུ་གཉན་ས་བདག་དང་། །ཆར་ལ་དབང་བའི་སྣང་སྲིད་ལྷ་འདྲེ་ཀུན། །གནས་འདིར་ཁུག་ལ་བདག་གི་དབང་དུ་སྡུས། །ཆར་ལ་བར་ཆད་བྱེད་པའི་དམ་སྲི་དང་། །རླུང་དང་རླུང་ལྷ་ཡུལ་བདག་འདྲེ་ངན་རྣམས། །འོག་ཕྱོགས་ལྕགས་ཁང་སྒོ་མེད་ནང་དུ་ཁུག །མ་གཅིག་ཁྲོས་མ་མཁའ་འགྲོའི་ཚོགས་ཀྱིས་ནོན། །ཕ྄ཊ་ཕ྄ཊ་ཕ྄ཊ། ཧཱུྃ། ཤར་ནས་རྡོ་རྗེ་མཁའ་འགྲོ་མ། །སྔོན་མོ་སེང་གེའི་གདོང་པ་ཅན། །ཕྱག་གཡས་གཡང་གཞི་མེ་འབར་བསྣམས། །ཤར་ཕྱོགས་ཀླུ་གཉན་ས་བདག་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །གཡང་གཞི་རྡེབ་ཅིང་དེད་ལ་ཤོག །ཧཱུ་རཾ་ཟེར་ཞིང་དེད་ལ་ཤོག །ཕ྄ཊ་ཕ྄ཊ། ཧཱུྃ། ལྷོ་


CMR053_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རིན་ཆེན་མཁའ་འགྲོ་མ། །སེར་མོ་སེང་གེའི་གདོང་པ་ཅན། །ཕྱག་གཡས་གཡང་གཞི་མེ་འབར་བསྣམས། །ལྷོ་ཕྱོགས་ཀླུ་གཉན་ས་བདག་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །གཡང་གཞི་རྡེབ་ཅིང་དེད་ལ་ཤོག །ཧཱུྃ་རཾ་ཟེར་ཞིང་དེད་ལ་ཤོག །ཕ྄ཊ་ཕ྄ཊ། ཧཱུྃ། ནུབ་ཕྱོགས་པདྨ་མཁའ་འགྲོ་མ། །དམར་མོ་སེང་གེའི་གདོང་པ་ཅན། །ཕྱག་གཡས་གཡང་གཞི་མེ་འབར་བསྣམས། །ནུབ་ཕྱོགས་ཀླུ་གཉན་ས་བདག་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །གཡང་གཞི་རྡེབ་ཅིང་དེད་ལ་ཤོག །ཧཱུྃ་རཾ་ཟེར་ཞིང་དེད་ལ་ཤོག །ཕ྄ཊ་ཕ྄ཊ། ཧཱུྃ། བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ། །ལྗང་མོ་སེང་གེའི་གདོང་པ་ཅན། །ཕྱག་གཡས་གཡང་གཞི་མེ་འབར་བསྣམས། །བྱང་ཕྱོགས་ཀླུ་གཉན་ས་བདག་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །གཡང་གཞི་རྡེབ་ཅིང་དེད་ལ་ཤོག །ཧཱུཾ་རཾ་ཟེར་ཞིང་དེད་ལ་ཤོག །ཕ྄ཊ་ཕ྄ཊ། ཧཱུྃ། སྟེང་ཕྱོགས་སངས་རྒྱས་མཁའ་འགྲོ་མ། །དཀར་མོ་སེང་གེའི་གདོང་པ་ཅན། །ཆར་ལ་དབང་བའི་ལྷ་རིགས་དང་། །ཆར་པ་བཀག་བྱེད་གཟའ་སྐར་རྣམས། །རང་དབང་མེད་པར་ཁུག་ལ་


CMR053_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །གཡང་གཞི་རྡེབ་ཅིང་དེད་ལ་ཤོག །ཧཱུཾ་རཾ་ཟེར་ཞིང་དེད་ལ་ཤོག །ཕཊ་ཕཊ། ཧཱུྃ། མཚམས་བཞི་དང་ནི་འོག་ཕྱོགས་ན། །སྣ་ཚོགས་མཁའ་འགྲོ་སྣ་ཚོགས་མདོག །ཁྲོ་མོའི་ཞལ་ལ་མཆེ་བ་གཙིགས། །མཚམས་བཞི་དང་ནི་འོག་ཕྱོགས་ཀྱི། །ཆར་ལ་དབང་བའི་ཀླུ་གཉན་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །གཡང་གཞི་རྡེབ་ཅིང་དེད་ལ་ཤོག །ཧཱུཾ་རཾ་ཟེར་ཞིང་དེད་ལ་ཤོག །ཕཊ་ཕཊ་ཕཊ། ཕཊ། དེ་ནས་གཡང་གཞི་འམ་གཟན་མཐུ་རྡེབ་ཅིང་། ཕཊ། རང་ཉིད་ཁྲོས་མའི་ཕྱག་གཡས་གཡང་གཞི་དེ། །མེ་འབར་ཁྲག་འཛག་དམར་དང་ཝལ་ལེ་བ། །ཧཱུྃ་ཧཱུྃ་བརྗོད་ཅིང་ནམ་མཁར་ཕྱར་ཙམ་གྱིས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་གཞའ་ཡུད་ཡུད། །ཧཱུྃ་རཾ་ཟེར་ཞིང་ས་ལ་བརྡབས་པ་ཡིས། །ཚར་ལ་གནོད་པའི་རླུང་ལྷ་གདོན་བགེགས་རྣམས། །འོག་ཕྱོགས་ཧོམ་ཁུང་ནང་དུ་སིབ་སིབ་ཐིམ། །ཧཱུཾ་རཾ་ཟེར་ཞིང་གཡང་གཞི་བརྡབས་པ་ཡིས། །སྣང་སྲིད་ལྷ་འདྲེ་ཆར་གྱི་བདག་པོ་རྣམས། །ཁོག་སྨད་ཐམས་ཅད་ས་ཡི་ནང་དུ་ནུབ། །སྤང་ལ་ཕུར་པ་བཏབ་པ་ཇི་བཞིན་དུ། །ཐམས་ཅད་གཡོ་འགུལ་འབྲོས་པའི་


CMR053_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པར། །བདག་གིས་ཅི་གསུང་བཀའ་ཉན་གསུང་སྡོད་གྱུར། །ཕཊ་ཕཊ་ཕཊ། དེ་ལྟར་དབང་དུ་བསྡུས་ནས་ཟིལ་གྱིས་གནོན་པ་ནི། ཕཊ། རང་ཉིད་ཁྲོས་མའི་དབུ་གཙུག་ནམ་མཁའ་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པའི་དབུས། །བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་པ་ནི། །ཉན་རང་འཕགས་པས་བསྐོར་ཞིང་ཆོས་འཁོར་བསྐོར། །དེ་སྟེང་ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་མ། །གཅོད་ཡུལ་བརྒྱུད་པའི་བླ་མ་སྤྲིན་ལྟར་གཏིབས། །རྩིབས་སྟོང་སྟེང་དུ་བསྐལ་བཟང་སངས་རྒྱས་སྟོང་། །སྐྱབས་སྦྱིན་ཕྱག་རྒྱས་བདག་དང་ཆར་གཡོག་སྲུང་། །དེ་སྟེང་སྲིད་པའི་རྩེ་མོའི་ཡང་སྟེང་དུ། །བྱ་ཁྱུང་གྲངས་མེད་གཤོག་འཐབ་ཉི་ལི་ལི། །སྟེང་ཐོག་བཅའ་བའི་གནས་ཀྱང་མེད་པར་གྱུར། །ཕྱི་རོལ་ཕྱོགས་མཚམས་དཔག་ཚད་མང་པོ་ནས། །མཁའ་འགྲོ་དཔག་མེད་ནང་དུ་ཞལ་གཟིགས་གྱུར། །དེ་རྒྱབེ་བྱ་ཁྱུང་གྲངས་མེད་གུར་དུ་གྱུར། །ལྷ་འདྲེ་འབྲོས་ས་མེད་ཅིང་བར་ཐོག་སྲུང་། རང་གི་ཆར་འབོད་དགོས་དང་མི་དགོས་མཚམས། །སྦྲུལ་ནག་མི་མགོ་རློན་པ་ཁྲག་འཛག་པའི། །ཕྲེང་བ་གཅིག་གིས་སྒར་སེར་བསྐོར་གྱུར་ནས། །ཆར་པ་གཞན་དུ་མི་འཆར་


CMR053_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་གྱུར། །རང་དང་ཆར་གཡོག་འོག་རྟ་གྲ་ཁལ་གྱི། །འོག་ཏུ་གཡུ་ཡི་གྲོད་པ་ནེམ་མེ་མནན། །རྟེན་འབྲེལ་དམིགས་པས་འོག་ཐོག་བསྲུང་བར་གྱུར། །ཕཊ་ཕཊ་ཕཊ། དེ་ནས་བརྡའ་སྤྲོད་བྱ་ཕྱིར་རྐང་དུང་འབུད། འོ། གསོན་ཅིག་དགོངས་ཤིག་ཡུལ་འདིའི་ལྷ་འདྲེ་རྣམས། །གསོན་ཅིག་དགོངས་ཤིག་སྟོང་གསུམ་ལྷ་འདྲེ་རྣམས། །གསོན་ཅིག་དགོངས་ཤིག་ཀླུ་གཉན་ས་བདག་རྣམས། །གསོན་ཅིག་དགོངས་ཤིག་འདིར་གནས་ལྷ་འདྲེ་རྣམས། །རྣལ་འབྱོར་བདག་ནི་འདི་ན་འོང་བའི་དོན། །སྣང་སྲིད་ལྷ་འདྲེ་དབང་དུ་སྡུད་པའི་དོན། །ཟིལ་གནོན་དམིགས་པས་ཨར་ལ་གཏད་པའི་དོན། །ཁྱེད་ཅག་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །དོ་བསྡོ་ཕོད་བཙུགས་བྱ་ཕྱིར་འོང་བ་མིན། །གནོད་སེམས་གདུག་རྩུབ་སྟོན་ཕྱིར་འོང་བ་མིན། །མཐུ་སྟོབས་ནུས་པ་འགྲན་ཕྱིར་འོང་བ་མིན། །ད་ལྟ་ས་ཆ་ཡུལ་རིས་རྗེ་འདི་རྣམས་སུ། །ལོ་ཏོག་ཐམས་ཅད་ཐན་པས་རབ་ཏུ་སྐམ། །མགོ་ནག་མི་རྣམས་མུ་གེའི་འཇིགས་པས་སྐག །འབུ་སྲིན་སྲོག་ཆགས་རྣམས་ཀྱང་ཚད་པས་གདུང་། །འདི་འདྲའི་དུས་སུ་ཆར་པ་ཕོབ་ཅིག་ཅེས། །ཤཱཀ་


CMR053_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་གསང་བདག་རྟ་མགྲིན་པདྨ་འབྱུང་། །དམ་པ་སངས་རྒྱས་མ་གཅིག་ལབ་སྒྲོན་སོགས། །རྒྱལ་བའི་བཀའ་དང་ལུང་ལས་རྒྱ་ཆེར་གསུངས། །འདི་དུས་རྣལ་འབྱོར་བྱང་ཆུབ་སེམས་ལྡན་པས། །འགྲོ་ལ་ཕན་ཕྱིར་ཆར་པ་མ་ཕབས་ན། །རྒྱལ་བའི་བཀའ་དང་འགལ་ཞིང་དམ་ཚིག་ཉམས། །སེམས་ཅན་བློས་བཏང་ལྟུང་བས་ངན་འགྲོར་ལྟུང་། །དེ་ཕྱིར་འགྲོ་ལ་ཕན་ཕྱིར་སྙིང་རྗེ་ཡིས། །ཚད་པས་གདུང་ལ་མི་འཇིགས་སྦྱིན་པ་དང་། །མུ་གེས་འཇིགས་ལ་ཟང་ཟིང་སྦྱིན་པ་དང་། །ལྷ་འདྲེ་རྣམས་ལ་ཆོས་སྦྱིན་འབྲེལ་པ་བཞག །གཅེས་ཤིང་ཕོངས་པའི་བདག་ལུས་སྦྱིན་པར་བསྔོ། །ལྷ་འདྲེ་འབྲེལ་ཐོགས་ནམ་ཞིག་བདག་ཁོ་ནས། །བླ་མེད་སངས་རྒྱས་ས་ལ་འགོད་པའི་ཕྱིར། །བདག་ཉིད་འདི་ན་འོང་དོན་དེ་ལྟར་ཡིན། །དེ་ཕྱིར་དེ་ཡི་དོན་དེ་གོ་བྱོས་ལ། །ས་ཕྱོགས་འདི་རུ་ཆར་ཆེན་མྱུར་དུ་ཕོབ། །ཅེས་པ་དང་པོ་ཕྱིན་དུས་ཚར་གསུམ་རེ། །དེ་ནས་ཉིན་རེ་ཚར་རེས་ཆོག་པ་ཡིན།། ཕཊ། རང་ཉིད་རྡོ་རྗེ་འཆང་ཆེན་སྐུ་རུ་གྱུར། །དགུང་སྔོན་དབྱིངས་དང་ནམ་མཁའི་ཕར་མཐའ་ནས། །ཁྱུང་རྣམས་གཤོག་གདང་བསྒྲིགས་ཤིང་གཤོག་འཐབ་བྱེད། །མཆུ་སྡེར་བརྡར་ཞིང་ཁྱུང་


CMR053_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཏོང་ཏོང་སྒྲོག །ཀླུ་རྣམས་སྔངས་འདར་མིག་ནི་ཧྲིག་ཧྲིག་བྱེད། །བདག་གིས་བྱ་ཁྱུང་འཇིགས་ལས་སྐྱབས་མཛད་ནས། །དམ་ཆོས་བཤད་པ་གུས་པས་ཉན་པར་གྱུར། །ཕཊ། ན་མོ་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །སྦྱིན་པས་བསོད་ནམས་རབ་ཏུ་ཐོབ། །དེ་ཕྱིར་ཀླུ་གཉན་ཁྱེད་རྣམས་ཀྱིས། །ཆར་གྱི་སྦྱིན་པ་མྱུར་དུ་ཐོངས། །ཁྱེད་རྣམས་བྱང་ཆུབ་ཐོབ་གྱུར་ཅེས། །བདག་གིས་སྨོན་ལམ་གདབ་པར་བྱ། །ཕཊ་ཕཊ་ཕཊ། རང་རིག་རང་ལུས་ནས་ཐོན་ཡེ་ཤེས་ཀྱི། །མཁའ་འགྲོ་དཀར་མོ་ཤེལ་གྱི་གྲི་གུག་བསྣམས། །བེམ་པོའི་གཡང་གཞི་བཤུས་ནས་བཏིང་བ་ཡིས། །གཡུ་ཡི་ནེའུ་སིང་ཆུ་མིག་ཁྲོན་པ་ན། །ཆར་འབེབས་ཡུལ་ཕྱོགས་ཐམས་ཅད་ཁྱབ་པའི་སྟེང་། །ཤ་ཁྲག་


CMR053_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཏུབས་པས་ཁྲག་རྣམས་འོ་མའི་མཚོ། །ཤ་རྣམས་དཀར་གསུམ་ཀླུ་སྨན་བཟའ་བཏུང་ཚོགས། །རུས་པ་གསེར་དངུལ་རིན་ཆེན་སྣ་ཚོགས་པ། །ཀླུ་ལ་མཁོ་བའི་ཡོ་བྱད་ཟད་མེད་འདི། །རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེའི་རིགས། །གདོལ་པ་ནག་པོ་ཀླུ་བདུད་ཀླུ་བཙན་དང་། །ཀླུ་སྨན་མཚོ་སྨན་གཉན་རིགས་རྣམས་ལ་སྦྱིན། །ཆར་གྱི་རྒྱུན་ཆེན་ད་ལྟ་ཉིད་དུ་ཕོབ། །ཁྱེད་རྣམས་མཐུ་རྩལ་ཅི་འདུག་ད་ལྟའོ། །གལ་ཏེ་ཆར་ཆེན་མྱུར་དུ་མ་ཕབ་ན། །གསང་བདག་པད་འབྱུང་མ་གཅིག་ལབ་སྒྲོན་སོགས། །རིག་འཛིན་བརྒྱུད་པའི་བླ་མའི་བཀའ་དང་འགལ། །ཁྱེད་ཅག་རྣམས་ལ་དམ་ཚིག་ཆད་པས་བསྡིགས། །ཁྱེད་ཅག་སྣང་སྲིད་ལྷ་འདྲེ་མཐུ་ཆེན་ལ། །མཐུ་དང་ནུས་པ་དྲག་རྩལ་མི་འདུག་ཅེས། །འཇིག་རྟེན་སྐྱེ་བོ་རྣམས་ཀྱིས་འཕྱ་ཞིང་བྲེལ། །ཁྱེད་ལ་དེ་བས་སྨྲ་ཕབ་ཅི་ཞིག་ཡོད། །དེ་ཕྱིར་མཐུ་སྟོབས་ནུས་པ་མྱུར་དུ་སྟོན། །ཕཊ་ཕཊ་ཕཊ། རང་ཉིད་ངོ་བོ་བཅོམ་ལྡན་ཤཱཀ་ཐུབ་ལ། །རྣམ་པ་ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །དམར་སེར་ཞལ་གཅིག་ཕྱག་བཞི་ལོངས་སྤྱོད་རྫོགས། །དང་པོས་ཐལ་སྦྱར་བདུད་རྩིའི་བུམ་པ་


CMR053_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །འོག་མས་དཔག་བསམ་ཤིང་དང་ཀླུ་ཤིང་གི །གྲིབ་མས་ཀླུ་རྣམས་བྱེ་ཚན་ཁྱུང་ལས་སྐྱབས། །བདུད་རྩིའི་བུམ་པས་ཀླུ་ཡི་སྡིག་སྒྲིབ་ནད། །ཐམས་ཅད་སེལ་ཞིང་ཀླུ་ལ་ཆོས་སྟོན་གྱུར། །ཕཊ། སྟོང་གསུམ་ཁམས་ཀྱི་ཀླུ་རིགས་མ་ལུས་པ། །སྤྲིན་ལ་ཞོན་ནས་ནེའུ་ལེའི་རྐྱལ་པ་ཐོགས། །བདུད་རྩིའི་རིན་ཆེན་དང་འདྲེས་ཆར་པ་ཡིས། །ས་ཕྱོགས་ཐམས་ཅད་ལྟེམ་གྱིས་བཀང་བར་གྱུར། །ཕཊ་ཕཊ་ཕཊ། རང་ཉིད་ཡུམ་ཆེན་དཀར་མོ་ཕྱག་བཞི་པ། །དང་པོའི་ཐུགས་ཀར་ཐལ་སྦྱར་ནོར་བུ་དང་། །འོག་མ་གཉིས་ཀྱིས་བདུད་རྩིའི་བུམ་པ་འཛིན། །ཐུགས་ཀར་ཟླ་སྟེང་ཆུ་ཤེལ་ནོར་བུ་ནི། །ཧཱུྃ་ཡིག་དཀར་པོ་དེ་ཡི་འོད་ཟེར་གྱིས། །སངས་རྒྱས་བྱང་སེམས་ཀུན་གྱི་བྱིན་རླབས་བསྡུས། །གཟི་བརྗིད་རབ་རྒྱས་བདུད་རྩིའི་ཆུ་རྒྱུན་བབས། །རང་ལུས་བ་སྤུའི་བུ་ག་ཧཱུྃ་དཀར་མཚན། །བ་སྤུའི་ཁུང་ནས་བདུད་རྩི་བབས་ཤིང་འཕྱུར། །བདུད་རྩིའི་རྒྱ་མཚོས་སྟོང་གསུམ་དཀར་ལྟེམས་གང་། །ཀླུ་སོགས་འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །ཧཱུྃ་ཧཱུྃ། སྟོང་གསུམ་འཇིག་རྟེན་ཁམས་སུ་ཆར་གྱིས་གང་བར་གྱིས་ཤིག །


CMR053_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཕ྄ཊ་ཕ྄ཊ་ཕ྄ཊ། རང་ཉིད་ཡུམ་ཆེན་ནག་མོ་ཕྱག་བཞི་པའི། །ཐུགས་ཀར་ཟླ་སྟེང་ཨ་ཡིག་དཀར་པོ་ལས། །འོད་འཕྲོས་ཕྱི་སྣོད་བདེ་བ་ཅན་གྱི་ཞིང་། །ནང་བཅུད་སེམས་ཅན་ཤཱཀྱ་ཐུབ་པའི་སྐུ། །ཐུགས་ཀའི་འོད་ཀྱིས་ཀླུ་བརྒྱད་མདུན་དུ་བཀུག །ཨ་ཨ་ཨ། ཀླུ་རྣམས་སྒྲིབ་དག་སྐུ་མདོག་དཀར་པོར་གྱུར། །ནེའུ་ལེ་ཡི་རྐྱལ་པའི་ཁ་ནང་ནས། །བདུད་རྩི་རིན་ཆེན་སྣ་ལྔ་འདྲེས་པའི་ཆར། །སྟོང་གསུམ་འཇིག་རྟེན་ཐམས་ཅད་ཁྱབ་པར་གྱུར། །ཨ་ཨ་ཨ། ཕཊ་ཕཊ་ཕཊ། རང་རིག་རང་ལུས་ནས་ཐོན་ཁྲོས་མར་གྱུར། །བེམ་པོའི་གཡང་གཞི་བཏིང་བས་ས་སྟེང་ཁྱབ། །དེ་སྟེང་ཀླུ་རིགས་ལྔ་པོ་བྲན་འཁོར་བཅས། །ཁྲོམ་ཚོགས་བཞིན་དུ་སྤུངས་སེ་ཐིབས་སེ་འདུས། །ཁ་མིག་རྣ་བ་སྣ་སོགས་བུ་ག་ནས། །ཆར་དང་ཟིལ་པ་རང་དབང་མེད་པར་འཕྱུར། །འཇིག་རྟེན་ཁམས་ཀུན་ཆར་ཞོད་ཆེན་པོས་ཁྱབ། །ཕཊ་ཕཊ་ཕཊ། ཕཊ། རང་རིག་རང་ལུས་ནས་ཐོན་ཕག་མོར་གྱུར། །རང་ལུས་ཤ་ཁྲག་བདུད་རྩིའི་རང་བཞིན་ནི། །རང་འདྲའི་སྤྲུལ་པ་གྲངས་མེད་སྤྲོས་ནས་མཆོད། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །སྣང་སྲིད་


CMR053_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེ་ཀླུ་གཉན་ཐམས་ཅད་མཆོད། །དེ་ལྟར་མཆོད་པས་བླ་མ་མཁའ་འགྲོ་དང་། །སྣང་སྲིད་གཞི་བདག་ཀླུ་གཉན་ཐམས་ཅད་ཀྱི། །མིག་ནས་གློག་འགྱུ་སྣ་ནས་འབྲུག་སྒྲ་ལྡིར། །ཁ་སྣ་བ་སྤུ་ཀུན་ནས་ན་བུན་འཕྱུར། །འཇིག་རྟེན་ཁམས་ཀུན་ཚར་མུན་འཁྲིགས་པར་གྱུར། །ཕཊ་ཕཊ་ཕཊ། ན་མོ་ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །བཅོམ་ལྡན་སངས་རྒྱས་བདེན་པས་ཆར་ཕོབ་ཅིག །ཆགས་བྲལ་དམ་ཆོས་བདེན་པས་ཆར་ཕོབ་ཅིག །འཕགས་ཚོགས་དགེ་འདུན་བདེན་པས་ཆར་ཕོབ་ཅིག །ཆོས་ཉིད་དོན་དམ་བདེན་པས་ཆར་ཕོབ་ཅིག །ཀུན་རྫོབ་རྒྱུ་འབྲས་བདེན་པས་ཆར་ཕོབ་ཅིག །སྤྲིན་ཆེན་པོ་ཡི་མདོ་སྡེ་ལས་གསུངས་པའི། །སངས་རྒྱས་ཀུན་གྱི་བདེན་པས་ཆར་ཕོབ་ཅིག །ཀླུ་ཡི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་དབང་རྒྱལ་པོ་ཀླུ་རིགས་སྒྲོན་མེ་སོགས། །ཀླུ་རིགས་སངས་རྒྱས་བདེན་པས་ཆར་ཕོབ་ཅིག །ལག་འགྲོ་ཆེན་པོ་གཡོག་མཐའ་ཡས་པ་དང་། །ནཱ་ག་རཀྵ་ཀླུ་རྒྱལ་མི་མགོན་དཀར། །དགའ་བོ་འཇོག་པོ་ནོར་རྒྱས་ཀླུ་ཆེན་བརྒྱད། །ཡེ་ཤེས་ཀླུ་རྣམས་བདེན་པས་ཆར་ཕོབ་ཅིག །མལ་གྲོ་གཟི་


CMR053_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྡོ་རྗེ་རྒྱལ་པོ་དང་། །ན་ར་སིང་ཧ་ཀླུ་ཆེན་མིང་སྲིང་དང་། །ལེ་ཐོད་དཀར་པོ་བར་བློན་ཆེན་པོ་སོགས། །བོད་ཁམས་ཀླུ་ཡི་བདེན་པས་ཆར་ཕོབ་ཅིག །སྟོང་གསུམ་ཁམས་དང་ཡུལ་འདིར་གནས་པ་ཡི། །ཀླུ་གཉན་ས་བདག་ཡུལ་ལྷ་ཁྱེད་རྣམས་ཀུན། །ཤཱཀ་ཐུབ་གསང་བདག་རྟ་མགྲིན་ཆེ་མཆོག་དང་། །པདྨ་འབྱུང་གནས་དམ་པ་མ་གཅིག་སོགས། རིག་འཛིན་རྒྱལ་བས་བཀའ་བསྒོས་དམ་བཞག་པའི། །དམ་ལས་མ་འདས་ཆར་པ་མྱུར་དུ་ཕོབ། །ཕ྄ཊ་ཕ྄ཊ་ཕ྄ཊ། ཀྱེ་མ་ཀླུ་གཉན་ས་བདག་འདི་རྣམས་ཀུན། །ཚེ་རབས་མང་པོའི་ཕ་མ་སྙིང་རེ་རྗེ། །ཁྱེད་རྣམས་ཀུན་གྱི་སྡིག་སྒྲིབ་སྡུག་བསྔལ་ཀུན། །བདག་ལ་ཐིམ་ནས་ཁྱེད་རྣམས་དུས་རྟག་ཏུ། །མི་འདོད་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདག་གི་དགེ་རྩ་བདེ་སྐྱིད་ཅི་ཡོད་པ། །ཐམས་ཅད་ཁྱེད་ཅག་རྣམས་ལ་ཐིམ་གྱུར་ནས། །རྟག་ཏུ་བདེ་སྐྱིད་ཕུན་སུམ་ཚོགས་གྱུར་ཅིག །ཅེས་བརྗོད་དབུགས་ཀྱི་དབྱུང་རྔུབས་དང་བསྟུན་ནས། །གཏོང་ལེན་དམིགས་པ་དེ་ཉིད་ལན་བདུན་བསྒོམས། ཕ྄ཊ། རང་ཉིད་སྐད་ཅིག་རྡོ་རྗེ་སེམས་དཔར་གསལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར། །དེ་ལས་འོད་


CMR053_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ཀླུ་གཉན་ས་བདག་གི །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱངས་པར་གྱུར། །ཡིག་བརྒྱའམ། ཨོཾ་བཛྲ་སཏྭ་ཧཱུཾ། ཉེར་གཅིག་བརྗོད། ཕཊ། རང་ཉིད་བཅོམ་ལྡན་སྨན་བླ་སྤྲུལ་སྐུའི་ཚུལ། །ཨ་རུ་ར་དང་ལྷུང་བཟེད་བསྣམས་པ་ཡི། །ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་ཀླུ་གཉན་ཀུན་ལ་ཕོག་པ་ཡིས། །ཀླུ་ཡི་ནད་རྣམས་ཐམས་ཅད་སོས་པར་གྱུར། །ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ། ཚར་གསུམ་མམ་བདུན། ཕཊ། རང་ཉིད་སྐད་ཅིག་རྡོ་རྗེ་ཕག་མོར་གསལ། །ཐུགས་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་སྤྲོས། །འཇིག་རྟེན་ཀླུ་གཉན་ས་བདག་སྡེ་བརྒྱད་ཚོགས། །ཐམས་ཅད་སྲོག་སྙིང་དྲངས་ནས་ལས་ལ་བསྐུལ། །འབྲུག་གློག་འུར་སྒྲས་འཇིག་རྟེན་ཐམས་ཅད་བཀང་། །རང་དབང་མེད་པར་ཆར་ཆེན་ཆུ་ཡི་སྐྱོགས། །གང་དུ་ཕེབས་པའི་ཡུལ་དེར་བྱོས་ལྟར་བབས། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ནཱ་ག་ཀ་ལ། ནཱ་ག་ཀ་ལ། བྷ་རི་ཤ་ཡ། བྷ་རི་ཤ་ཡ་སྭཱ་ཧཱ། སྔགས་འདི་བརྒྱ་སྟོང་ཅི་ནུས་བཟླ། །ཀླུ་སྨན་གང་འཛོམ་དཀར་གསུམ་དང་། །གྲོ་ཕྱེ་གཙང་མར་བསྲེས་པ་


CMR053_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རིལ་བུ་གྲངས་མེད་གྲིབ་སྐམ་མམ། ། །རློན་པ་ཉིད་ཀྱང་རུང་བ་སྟེ། །ཁ་རླངས་མི་བཏང་ཕུ་ཡིས་བསྔགས། །ཆུ་མིག་ཕུག་བཅུག་དཀར་གཏའ་ཡིན། །སྔགས་འདི་ཟབ་ཕྱིར་མང་དུ་འདོན། །ཡི་དམ་གང་ལ་བཏགས་ཀྱང་རུང་། །ཕཊ། རང་ཉིད་སྐད་ཅིག་ཁྲོས་མ་ནག་མོར་གསལ། །རང་འདྲའི་སྤྲུལ་པས་ཀླུ་རྣམས་ལས་ལ་བསྐུལ། །འབྲུག་གློག་འུར་སྒྲ་དང་བཅས་ཆར་འབེབས་གྱུར། །ཨོཾ་བཛྲ་ཝཱ་ར་ཧི་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས། ཛ་ཧ་རི་ཆར་ཕོབ་ཕོབ་ཧཱུྃ་ཧཱུྃ་ཧཱུྃ། བྷ་རི་ཤ་ཡ་ཕོབ་ཕོབ། འདི་ཡང་བརྒྱ་སྟོང་ཅི་ནུས་བཟླ། །ཆུ་སྣ་འོ་མ་བསྲེས་པ་ནི། །བྲ་མའམ་སྤེན་མས་ནམ་མཁའ་གཏོར། ། །སྔགས་རྣམས་བརྗོད་ཚེ་ངག་བཅད་བྱ། །འདི་ཡན་སྔ་དྲོ་ཐུན་གཉིས་བྱ། །ཐུན་མཚམས་བསང་དང་གཏོར་མ་དང་། །ཁྱད་པར་ཀླུ་གཏོར་མང་དུ་བཏང་། །གཞི་བདག་ལ་ཡང་དཀར་གཏོར་འབུལ། ༈ །དེ་ནས་དགོང་ཁ་དྲག་འབོད་དམིགས་པ་ནི། །འདོན་སྒོམ་སྦྲགས་ཏེ་ཐུན་གཉིས་ཉམས་སུ་བླངས། །དེ་ནས་རྐང་དུང་ལན་གསུམ་འབུད་བྱས་ལ། །ཕཊ། རང་ཉིད་མ་གཅིག་ཁྲོས་མ་ནག་མོ་ནི། །ཁྲོ་མོའི་ཆ་ལུགས་སྐུ་ཡིས་ཁམས་གསུམ་ཁྱབ། །གསུང་ནི་འབྲུག་སྟོང་ལྟ་བུར་ཀུན་ལ་ཐོས། །ལྷ་འདྲེ་ཀུན་ལ་བཀའ་བསྒོ་དམ་བསྒྲགས་མཛད། །རྐང་དུང་དྲག་འབུད་བྱས་ལ་སྐད་ཆེན་པོས། །འོ་འོ། ཁྱོད་


CMR053_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག་སྣང་སྲིད་ལྷ་མ་སྲིན། །ཁྱོད་ཉོན་ཅིག་ས་བདག་ཀླུ་གཉན་ཚོགས། །ཁྱོད་ཉོན་ཅིག་གནས་འདིའི་ཀླུ་གཉན་ཚོགས། །ཁྱོད་ཉོན་ཅིག་ཡུལ་འདིའི་གཞི་བདག་ཚོགས། །ད་ཆར་ཆེན་མྱུར་དུ་འབེབས་མི་འབེབས། །ད་ཆར་ཆེན་མྱུར་དུ་མི་འབེབས་ན། །ང་ཇི་སྲིད་འཁོར་བ་མ་སྟོངས་བར། །ང་ས་ཆ་འདི་ནས་འགུལ་རེ་ཤི །ཁྱུང་དཀར་གྱིས་ནམ་མཁའ་མི་བཀང་རེ། །ཁྱུང་དམར་གྱིས་བར་སྣང་མི་བཀང་རེ། །ཁྱུང་ནག་གིས་ས་གཞི་མི་བཀང་རེ། །ཀླུ་ཆེན་ཚོ་ཟས་སུ་མི་ཟ་རེ། །ཀླུ་བྲན་ཀུན་གདན་དུ་མི་བཏིང་རེ། །ཀླུ་འབངས་ཀུན་བྲན་དུ་མི་བཀོལ་རེ། །ཁྱོད་ཀླུ་ཡི་ཕོ་བྲང་མི་བཤིགས་རེ། །བྱེ་ཚན་གྱི་ཆར་པ་མི་ཕབ་རེ། །ཁྲོ་བོའི་དམག་དཔུང་མི་བསྡུ་རེ། །ངས་མཛེ་ཁྲག་ཆུ་ལ་མི་བླུགས་རེ། །མཛེ་ཤ་ཡིས་ཐང་མར་མི་བརྡལ་རེ། །མཛེ་རུས་ཀྱིས་གྲམ་པ་མི་བརྡལ་རེ། །དམེ་རོ་མཛེ་རོ་མི་བསྲེག་རེ། །མཛེ་དུད་ཀྱིས་བར་སྣང་མི་བཀང་རེ། །རི་ཆེན་ཚོ་རྦབ་ལ་མི་བསྒྲིལ་རེ། །རི་ཆུང་ཀུན་ཚོགས་པོར་མི་འཕེན་རེ། །ནམ་མཁའ་འདི་གདན་དུ་མི་བཏིང་རེ། །ས་གཞི་འདི་གདུགས་ལྟར་མི་ཕུབ་རེ། །ཉི་ཟླ་


CMR053_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཙོན་དུ་མི་བཟུང་རེ། །ང་ན་ན་དགའ་ལ་ཤི་ན་སྐྱིད། །ལུས་ཤ་ཁྲག་ཕུང་པོ་ཁྱོད་ལ་སྦྱིན། །སེམས་དངོས་མེད་སྟོང་པ་རྒྱལ་བའི་ཡུམ། །སེམས་ཆོས་ཀྱི་སྐུ་ལ་སྐྱེ་ཤི་མེད། །དེ་ཨེ་བདེན་ད་ལྟ་ལྟོས་དང་གསལ། །ཕཊ་ཕཊ་ཕཊ། རང་ཉིད་ཁྲོས་མ་ནག་མོས་གྲི་གུག་གཡུགས། །བྲག་ཐམས་ཅད་བཤིག་ནས་གྲམ་པར་སོང་། །ཤིང་ཐམས་ཅད་བཅད་ནས་ཞབས་སུ་བཏིང་། །སྤང་ཐམས་ཅད་གཏུབས་ནས་ཞིང་དུ་བསྒྱུར། །རྗེ་ཐམས་ཅད་བསྙིལ་ནས་ཐང་ལ་བླུགས། །ཕཊ་ཕཊ་ཕཊ། དེ་བྱས་ནས་ལྷ་འདྲེ་ཐམས་ཅད་བསྔངས། །ད་རྫུ་འཕྲུལ་འདི་འདྲ་མ་མཛད་དང་། །ཆར་ཉིན་དགུ་མཚན་དགུ་མི་ཕབ་རེ། །ཞེས་ཟེར་ཞིང་ཕྱག་འཚལ་མནའ་བསྐྱལ་གྱུར། །ཕཊ་ཕཊ་ཕཊ། རང་ཉིད་ཁྲོས་མ་ནག་མོས་ཧུབ་ཀྱིས་བཏབ། །མཚོ་ཆུ་མིག་གྲམ་པ་སྐྱ་སྒག་སོང་། །ཀླུ་ཆུ་གནས་ཐམས་ཅད་ཕྱག་འཚལ་ནས། །ཆར་ཉིན་དགུ་མཚན་དགུ་མི་འབབས་རེ། །མནའ་འདྲེ་མནའ་ན་ར་ཀན་ཟེར་བས། །ཆུ་ཁམ་འབུ་ནང་ནས་ཕྱིར་བླུགས་པས། །མཚོ་ཆུ་མིག་སྔར་བས་ཆེ་བར་གྱུར། །ཕཊ། རང་ཉིད་ཁྲོས་མའི་ཐུགས་ལས་སྤྲུལ་པ་ཡི། །བྱ་ཁྱུང་


CMR053_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་སྟོང་གསུམ་ཁྱབ་པར་སྤྲོས། །སྟོང་གསུམ་འཇིག་རྟེན་ཁམས་ཀྱི་ཀླུ་རྣམས་ཀུན། །བསྔངས་སྐྲག་འདར་ཞིང་ཡུལ་ཕྱོགས་འདི་རུ་བསྡུས། །ཀླུ་རྣམས་ཚེ་སྲོག་བྲལ་ལ་ཁད་དུ་སྐྲག །གདུག་པའི་ཀླུ་རྣམས་སྙིང་ནས་སྡེར་མོས་དྲངས། །འབྲུག་གློག་འུར་སྒྲས་འཇིག་རྟེན་ཐམས་ཅད་གང་། །ཆར་དྲགས་རང་དབང་མེད་པར་འབེབས་པར་གྱུར། །ཕཊ་ཕཊ་ཕཊ། རང་ལུས་དངུལ་དཀར་ལས་གྲུབ་རྡོ་རྗེ་ནི། །ཡར་རྩེ་སྲིད་རྩེ་མར་རྩེ་རྒྱ་མཚོར་ཟུག །ཡར་གྱི་རྭ་ལྔའི་ནང་དུ་བླ་མ་དང་། །ཡུམ་ཆེན་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཚོགས། །ཡི་དམ་ལྷ་ཚོགས་ཐམས་ཅད་སྤྲིན་བཞིན་འཐིབས། །ཐུགས་རྗེས་འཛམ་བུ་གླིང་འདིར་ཆར་འབེབས་ཤིང་། །ཕྲིན་ལས་ཆོས་སྐྱོང་རྣམས་ཀྱིས་བསྒྲུབ་པར་གྱུར། །འོག་གི་རྭ་ལྔའི་ནང་དུ་ཀླུ་རིགས་ལྔའི། །ཕོ་བྲང་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །ཀླུ་ཡི་དགོས་འདོད་ཐམས་ཅད་ཚང་བའི་ནང་། །ཀླུ་ཆེན་བརྒྱད་སོགས་ཀླུ་རིགས་ཀུན་གྱིས་བསྐོར། །རྡོ་རྗེའི་ལྟེ་བ་ཆོས་འབྱུང་གཞལ་ཡས་ཁང་། །ཡངས་ཤིང་རྒྱ་ཆེ་འཛམ་གླིང་གང་བའི་ནང་། །ཕཊ། རང་རིག་རང་ལུས་ནས་ཐོན་


CMR053_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་ཐོན། །རང་གི་ཤ་ཁྲག་ཆོས་འབྱུང་གང་བ་ལས། །ཤ་ཁྲག་ཆར་བབས་ཀླུ་ཡི་གྲོང་ཁྱེར་གང་། །འདམ་ནང་ཉ་བཞིན་ཀླུ་རིགས་ཐམས་ཅད་ཀུན། །ཤ་ཁྲག་ནང་དུ་ནུབ་པས་མ་བཟོད་པས། །མྱུར་དུ་ཆར་པ་ཆེན་པོ་འབེབས་པར་གྱུར། །ཕཊ། རང་ཉིད་སྐད་ཅིག་བྱ་ཁྱུང་འབར་བ་ཡི། །རྭ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པའི། ། ནམ་མཁའ་ནས་འཇུམ་རྒྱ་མཚོའི་སྟེང་དུ་སོང་། །ཀླུ་རྣམས་ཀུན་གྱི་རྒྱལ་པོ་དབང་ཆེ་བ། །དེ་ཡི་མགོ་ནས་འཇུས་ཏེ་ནམ་མཁར་ཁྱེར། །སྦྲུལ་ནག་འཇིགས་སུ་རུང་བའི་གཟུགས་ཅན་དེ། །ཁྱེར་ནས་རི་རབ་དཔག་བསམ་ཤིང་རྩེར་བབས། །སྦྲུལ་གྱི་སྐེད་པས་རི་བོ་མཆོག་རབ་ལ། །ལན་གསུམ་དཀྲིས་ནས་མཇུགས་མས་རྒྱ་མཚོ་དཀྲུག །ཀླུ་རྒྱལ་སྦྲུལ་ནག་སྐྲགས་ནས་ཀུ་ཅོ་སྒྲོག །འཁོར་གྱི་ཀླུ་རིགས་ཐམས་ཅད་བྱེད་ཅིང་ཧལ། །རང་དབང་མེད་པར་ཆར་ཆེན་འབེབས་པར་གྱུར། །ཕཊ་ཕཊ་ཕཊ། རང་ཉིད་ཁྱུང་ནག་འབར་བས་ཧུབ་ཀྱིས་བཏབ། །མཚོ་དང་ཆུ་མིག་ཐམས་ཅད་སྐམ་བྲག་འབྱངས། ཀླུ་རྣམས་ཅི་འདོད་གསུངས་དང་བཀའ་སྒྲུབ་ཟེར། །འོ་ན་ཆར་ཆེན་མྱུར་དུ་ཕོབ་སྨྲས་ནས། །ཆུ་


CMR053_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁ་ནས་མར་བླུགས་སྔར་བཞིན་གྱུར། །ཕཊ་ཕཊ་ཕཊ། རང་ཉིད་ཁྲོས་མ་སྟོང་གསུམ་ཁྱབ་པའི་སྐུ། །དེ་འོག་པདྨ་འདབ་མ་དྲུག་པ་ཡི། །དབུས་སུ་རླུང་ལྷ་སྔོན་པོ་ཤ་བ་ཞོན། །ཤ་བའི་རྐང་པ་ཆག་ཅིང་དར་མདུང་བསྒྲིལ། །འདབ་མ་དྲུག་ལ་དེ་འདྲ་དྲུག་གསལ་བའི། །འོད་ཀྱིས་ནུབ་བྱང་མཚམས་ནས་རླུང་གི་ལྷ། །རང་འདྲ་སྤྱན་དྲངས་དབྱེར་མེད་གཅིག་ཏུ་ཐིམ། །དེ་ནས་པདྨའི་འདབ་དྲུག་ཁ་ཟླུམ་པའི། །སྟེང་ནས་སངས་རྒྱས་ཤཱཀྱ་ཐུབ་པས་མནན། །དེ་ལ་ཉན་ཐོས་མཆོག་བརྒྱད་ཀྱིས་བསྐོར་གྱུར། །ཕཊ་ཕཊ་ཕཊ། རླུང་གནོན་དམིགས་པ་འདི་ལ་ཡང་ཡང་བསྐྱར། །དམིགས་པ་བཟུང་ཚེ་རླུང་ཡང་ནང་དུ་བཟུང་། །ཕཊ། རང་ཉིད་ཡུམ་ཆེན་ནག་མོ་ཕྱག་བཞི་པ། །སྐུ་ཡིས་ཁམས་གསུམ་ཁྱབ་པའི་ལྟེ་འོག་ན། །ཆོས་འབྱུང་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ། །བྲུབ་ཁུང་ལྟ་བུར་མངོན་སུམ་གསལ་བར་གྱུར། །བདག་གི་རླུང་གཅིག་ནང་དུ་རྔུབས་པ་ཡིས། །རླུང་ལྷ་སྔོན་པོ་ཤ་ཞོན་མདུང་དར་ཐོགས། །རང་དབང་མེད་པར་བཀུག་ནས་ཤངས་བུག་ཞུགས། །ལྟེ་འོག་ཆོས་འབྱུང་ནང་དུ་མགོ་མཇུག་ལོག །མདུང་དར་ཆོག་ཅིང་ཤ་བའི་


CMR053_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་ཆག །ཧོམ་ཁུང་སྟེང་དུ་ཁ་ཆོད་ཚུལ་དུ་ནི། །རི་རབ་པདྨ་ཉི་ཟླ་བརྩེགས་པའི་སྟེང་། རྣམ་པར་སྣང་མཛད་བཞུགས་ནས་མནན་པར་གྱུར། །ཕཊ་ཕཊ་ཕཊ། རང་ཉིད་ཁྲོས་མར་གསལ་བའི་མདུན་ཉིད་དུ། །ཧོམ་ཁུང་ཁ་རུབ་གཏིང་ཟབ་ཐར་མེད་ནང་། །རླུང་ལྷ་ལ་སོགས་ཆེར་པ་བཀག་བྱེད་པའི། །གདོན་བགེགས་ཐམས་ཅད་མངོན་སུམ་ལྟ་བུར་གསལ། །སྤྲུལ་པའི་མཁའ་འགྲོ་མང་པོས་དབང་མེད་དུ། །དེད་ཅིང་བཀུག་དང་ཧོམ་ཁུང་ནང་དུ་ཐིམ། །དེ་སྟེང་གསེར་གྱི་རི་རབ་ཟུར་བརྒྱད་པ། །སྟེང་དུ་རྡོ་རྗེ་རྒྱ་གྲམ་ཡོད་པས་མནན། །དེ་སྟེང་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། །རྩེ་མོ་དགུང་ལ་རེག་པས་མནན་པར་གྱུར། །ཨོཾ་བཛྲ་ཝ་ར་ཧི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས། ཨོཾ་ཆར་ཡ་ཆུར་ཡ་བྷ་ཡུ་ནྟཾ་བྷ་ཡ་ནན། རླུང་དགྲ་ཆེ་ན་སྔགས་འདི་མང་དུ་འདོན། །དེ་ལྟར་དྲག་འབོད་དམིགས་པ་དེ་རྣམས་ལ། །དགོང་མོ་ཐུན་གཉིས་འདོན་སྒོམ་སྦྲག་པར་བྱ། །དེ་ལྟར་བྱས་པས་ཞག་གསུམ་ནས་འབབ་གསུངས། །རྟགས་ནི་ངན་རྟགས་བཟང་རྟགས་རྣམ་པ་གཉིས། །སྤྲིན་ནི་བྱང་ནས་ལྷོ་རུ་འགྲོ་བ་དང་། །དེ་བཞིན་ནུབ་ནས་ཤར་དུ་འགྲོ་བ་དང་། །སྤྲིན་རྣམས་དལ་ཞིང་དུམ་བུར་ཆད་པ་དང་། །རྨི་ལམ་ཁང་སྟོང་མཚེར་རྙིང་སྦྲ་སྟོང་དང་། །མེ་ཆེན་འབར་དང་ལོ་


CMR053_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཉེས་པ་དང་། །བཀྲེས་སྐོམ་སྤྲང་པོ་རྨིས་ན་ཕེབ་པར་དཀའ། །དེ་ན་ཀླུ་ནི་ནུས་ལྡན་མེད་རྟགས་ཡིན། །གཞན་དུ་སྤོས་ན་ལེགས་པར་གསུངས་པའོ།། །།དེ་ནས་ཆར་པའི་བར་ཆད་བརྟག་པ་ནི། །འབབ་ལ་ཁ་ལ་ཆར་རླུང་འདྲེས་མས་གཏོར། །རླུང་ལྷས་བཀག་པས་རླུང་གནོན་དམིགས་པ་གཟིར། །ཤར་ནས་མཆོད་རྟེན་སྐུ་འདྲ་བསྒྲིག་འདྲའི་སྤྲིན། །བྱུང་ན་རྒྱལ་པོས་བཀག་ཅིང་རྒྱལ་པོར་གཟིར། །ལྷོ་ནས་ཁྲོ་བོའི་རལ་པ་འདྲ་བའི་སྤྲིན། །མ་མོས་བཀག་རྟགས་ཡིན་པས་མ་མོར་གཟིར། །ནུབ་ནས་ཕྱར་དར་རྟ་དམར་འདྲ་བའི་སྤྲིན། །བཙན་གྱིས་བཀག་རྟགས་ཡིན་པས་བཙན་ལ་གཟིར། །བྱང་ནས་ལྷ་གཡག་ཁམ་པ་མཆོངས་འདྲའི་སྤྲིན། །བདུད་ཀྱིས་བཀག་རྟགས་ཡིན་པས་བདུད་ལ་གཟིར། །སྤྲིན་ནི་ཆེ་ཡང་ཆར་པ་མི་འབེབས་ན། ། །ཡུལ་ལྷས་བཀག་ཕྱིར་དེ་ལ་གཟིར་བར་བྱ། །སྤྲིན་ནི་འདུས་ཤིང་བྱེར་ན་གཅོད་པ་རྣམས། །དམ་ཚིག་གཙང་དང་མི་གཙང་འདྲེས་རྟགས་ཡིན། །གཏོར་མཆོད་གཙང་སྦྲ་བྱ་ཞིང་ཡིག་བརྒྱ་འདོན། །ཆར་གཡོག་ལ་ཡང་འདི་ཉིད་འདོན་དུ་བཅུག །ཨོཾ་བཛྲ་སཏྭ་ཧཱུྃ། གནམ་སྔོན་འབྲུག་སྒྲ་ཆེ་ཞིང་རླུང་ཆེ་ན། །རྒྱལ་བསེན་གྱིས་བཀག་དེ་ལ་གཟིར་བར་བྱ། །སྤྲིན་སྲབ་རླུང་འཚུབ་ན་བུན་འཐུལ་བྱེད་ཅིང་། །ཉིན་ཕྱེད་འཐིབས་ཏེ་དེ་ནས་དྭངས་འགྲོ་ན། །རཱ་ཧུ་ལ་ཡིས་བཀག་ཕྱིར་དེ་ལ་གཟིར། །དགོང་མོ་སྤྲིན་དམར་ཆགས་ཤིང་མི་འབབ་ན། །ཀླུ་བསེན་སེར་པོས་བཀག་ཕྱིར་དེ་ལ་གཟིར། །དགོང་ཁ་སྤྲིན་དམར་ཆགས་


CMR053_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཁ་དོག་འགྱུར། །སྔོ་ནག་སེར་དང་དུད་ཁ་ནག་པོ་འོང་། །ཀླུ་རྣམས་ཚད་པས་ཚིག་པའི་རྟགས་ཡིན་པས། །ཀླུ་གཏོར་གཏོང་ཞིང་བྱམས་དང་སྙིང་རྗེ་བསྒོམ། །སྤྲིན་ནི་བལ་འདྲ་མཐའ་ནས་བརྗེས་པ་དང་། །སྔ་དྲོ་འཐིབ་ཅིང་ཕྱི་དྲོ་དྭངས་པ་དང་། །བྱང་དང་ནུབ་ནས་རླུང་ལྷག་ཆེ་བ་ནི། །དེ་རྣམས་ཚང་ན་ཆར་པ་མི་འབེབས་ལྟས། །མེ་ལྕེ་འདྲ་དང་སྤྲིན་རྣམས་དུམ་བུར་ཆད། །མཚོ་འམ་ཆུ་མིག་ཆུང་ངུ་སོང་ན་ངན། །ས་ལ་དོང་ནི་ཟབ་མོ་གཅིག་བསྐོས་ནས། །རྡོ་ལེབ་བཀབ་ནས་ས་ཡིས་གཡོགས་བཞག་ནས། །ཕྱིར་ནངས་བལྟས་པས་ཟིལ་པ་ཆགས་ན་འབབ། །སྐམ་པོར་འདུག་ན་ཆར་པ་མེད་རྟགས་ཡིན། །ཆུ་མིག་ལ་སོགས་གཞན་དུ་སྤོ་བར་བྱ། ༈ །དེ་ནས་འབབ་པའི་ལྟས་ནི་འདི་ལྟ་སྟེ། །མཚོ་དང་ཆུ་མིག་ཆེ་རུ་སོང་བ་དང་། །རླངས་པ་བྱུང་དང་སྐམ་གློག་འབྲུག་སྒྲ་གྲག །སྤྲིན་ནི་བྱང་དང་ནུབ་ཏུ་རྒྱུག་པ་དང་། །འབྲུག་དང་ཆུ་སྲིན་སྦྲུལ་མགོ་འདྲ་བའི་སྤྲིན། །རྦ་རླབས་འཁྲུགས་འདྲ་རླུང་ནག་འཚུབ་འདྲ་དང་། །ཀ་ཐོཁྲབ་ཅན་རྒྱུག་འདྲ་ཟད་མེད་རྒྱ་ཆེ་བ། །སྤྲིན་རྣམས་འཁྲུགས་དང་ཁོལ་ཞིང་བྲེལ་ན་འབོབ། །ཟླ་བས་གུར་ཕུབ་ནངས་སྔ་སྤྲིན་དམར་ཆགས། །ནངས་ནུབ་ཉི་མས་འཇའ་ཡི་རྣ་ཚར་བཏགས། །སྤྲིན་ནི་སྔོ་དམར་འཇའ་དང་འུག་པའི་མདོག །ཁ་དོག་སྣ་ཚོགས་སྤྲིན་ནི་མང་བར་འཇོམ། །ན་བུན་རི་རྩེར་ཆགས་ན་འབབ་པའི་ལྟས། །ཉམས་དགའ་བདེ་ཞིང་ཉམས་རྟོགས་འཕེལ་ན་འབབ། །རྨི་ལམ་ཆུ་ཆེན་མཐོང་དང་རབ་ལ་བརྒྱབ། །བུད་མེད་ཆུ་ཆང་བླུད་དང་ཆང་


CMR053_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བསིང་དང་། །ར་ལུག་འཚོ་དང་རི་དྭགས་བསད་པ་དང་། །ཤིང་ཐུ་ནས་རྔ་ཆང་བཙོས་ཆུ་སྐྱེལ་དང་། །ཁྲལ་བསྡུ་ཡུར་བ་དྲངས་དང་ཟས་ཧུབ་དྲངས། །རང་ཉིད་ཆས་གོས་བཟང་དང་ཤག་ཁ་རྒྱལ། །ཤྭ་ཐོབ་ཁྲོམ་འདུས་ཕྱུག་པོ་འདུ་ལོང་ཆེ། །བུ་ཚ་བུ་མོ་དཔོན་རིགས་དེ་འདུན་བྱེད། །དེ་ཡང་རྨིས་ན་ཆར་པ་ཁུག་རྟགས་སོ། །ནུབ་ནས་འབྲུག་གྲག་དེ་ནུབ་རང་ལ་འབབ། །ལྷོ་ནས་གྲག་ན་ད་ལྟ་ཉིད་ནས་འབབ། །ཤར་ནས་གྲག་ན་ཞག་པོ་གསུམ་ནས་འབབ། །བྱང་ནས་གྲག་ན་དེ་ནུབ་ནམ་ཕྱེད་འབབ། །དེ་རྣམས་རྟགས་བྱུང་སྔར་མུས་དམིགས་པས་ཆོག །བཀག་མཁན་གཟིར་བའི་དམིགས་པ་འདི་ལྟར་ཏེ། །སོ་སོ་གང་ཡིན་དེ་ལ་དམིགས་པ་གཏད། །ཕ྄ཊ། རང་རིག་རང་ལུས་ནས་ཐོན་ཁྲོས་མར་གྱུར། །བེམ་པོའི་གཡང་གཞི་བཏིང་བས་ས་སྟེང་ཁྱབ། །བདག་ལུས་ཤ་ཁྲག་དཔག་མེད་ལོངས་སྤྱོད་རྣམས། །ཆར་པ་བཀག་བྱེད་གནོད་བྱེད་རྣམས་ལ་སྦྱིན། །ཐམས་ཅད་ངོམ་ཞིང་ཚིམས་ཏེ་དགའ་མགུ་ལྡན། །ཕཊ། གཡང་གཞིའི་ནང་དུ་ཆར་བཀག་ལྷ་འདྲེ་གཏུམ། །ཁྲོས་མས་ཀླད་ལ་གཡུག་ཅིང་ས་ལ་བརྡབས། །ཞབས་འོག་མནན་ཏེ་བྲོ་བརྡུང་འདམ་ལྟར་བརྫིས། །ཕ྄ཊ། ཁྲོས་མའི་ཕྱག་གཡས་གནམ་ལ་གཡོན་པ་ས། །གཉིས་ཀ་ཆ་ལང་ཁ་སྦྱར་ལྟ་བུའི་བར། །ཆར་པ་བཀག་བྱེད་


CMR053_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུངས་ཤིང་དྲག་ཏུ་བཙིར། །ཐལ་མོ་བརྡབས་པས་དུ་སྒྲ་ཏི་རི་རི། །འདི་འདྲ་མ་བྱེད་ཆར་པ་བཀག་རེ་ཞེས། །ན་ར་ཀན་ཞེས་ཁས་བླངས་དམ་བཅས་གྱུར། །ཕ྄ཊ། གེགས་སེལ་དམིགས་པ་འདི་ཉིད་གལ་ཆེའོ། །ཐན་ཆེན་རབ་ཏུ་འབར་ཞིང་སྤྲིན་མེད་ན། ། །ཕཊ། རང་ཉིད་རྡོ་རྗེ་ཕག་མོ་མེ་འབར་བས། །ནམ་མཁར་གཟིགས་པས་ཕུ་བཏབ་སྤྲིན་རྣམས་གཏོར། སྟོང་གསུམ་འཇིག་རྟེན་ལྕགས་སྲེག་བྱེ་ཚན་གླིང་། །འཇིག་རྟེན་ཐམས་ཅད་ཕག་སྒྲ་དང་བཅས་གས། །དེ་རྣམས་བཤོལ་ཕྱིར་ཀླུ་རྣམས་རེ་རེས་ཀྱང་། །ཆུ་ཡི་རྐྱལ་པ་སྟོང་ཕྲག་མང་པོ་ཐོགས། །ནམ་མཁའི་ཁམས་ནས་ཆར་ཆེན་འབེབས་པར་གྱུར། །ཕཊ་ཕཊ་ཕཊ། གཉན་ས་མ་ནོན་ཆར་པ་མི་སྦྱིན་རྟགས། །བཙན་པོ་མི་ཆེན་ཁ་ཡ་མི་བྱེད་དང་། །ཆོ་འཕྲུལ་ཆེ་ཡང་ཆར་པ་མི་འབེབས་སམ། །གཉན་ས་ཆེ་ཡང་བཟང་ངན་རྟགས་མེད་ན། །མ་སློང་རྟགས་ཡིན་དྲག་ལས་བྱ་བ་ནི། །ཕཊ། བདག་ཉིད་ཁྲོས་མའི་ཐུགས་ལས་སྤྲུལ་པ་ཡི། །ཁྱུང་ནག་མང་པོས་མཚོ་དང་ཆུ་མིག་སོགས། །ས་འོག་རྒྱ་མཚོའི་སྟེང་ནས་ཀླུ་གཉན་རྣམས། །སྦྲུལ་ནག་གཟུགས་སུ་ཡར་དྲངས་མདུན་དུ་སྤུངས། །ཁྱུང་ནག་ལ་ལས་རྒྱ་མཚོའི་གཏིང་ཀུན་དཀྲུགས། །ཀླུ་རྣམས་


CMR053_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་ཚར་ལ་དྲག་ཏུ་བསྐུལ། །ཕ྄ཊ་ཕ྄ཊ་ཕ྄ཊ། ཀླུ་ལ་སྙིང་རྗེ་དྲག་པོ་བསྒོམས་བྱས་ལ། །དམིགས་པ་དེ་ཉིད་བཟུང་ཞིང་ཚེར་ལྕགས་ཀྱིས། །མཚོ་དང་ཆུ་མིག་དཀྲུག་ཅིང་བྲབ་པར་བྱ། །གཅེར་བུར་མཆོངས་སྟབས་བྱ་ཞིང་ཌཱ་དྲིལ་འཁྲོལ། །ཨོཾ་བཛྲ་ཝ་ར་ཧི་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས། །ཨི་ཨི་ཧཱུྃ་ཧཱུྃ་ཛ་ཛ་ཕོབ་ཕོབ། སྔགས་དེ་དྲག་པོར་བརྗོད་པས་དེ་ནུབ་འབབ། །ཡང་ན་ཆུ་མིག་སྔས་སམ་མཚོ་འགྲམ་ཤིང་། །མེད་ན་སུར་དཀར་པན་ནེ་ཤུག་པ་སོགས། །ཤིང་ཉག་གཅིག་ནི་དེ་རུ་བཙུགས་བྱས་ལ། །རང་ཉིད་གཅེར་བུར་སྐེ་ལ་ཐག་པ་བཏགས། །ཤིང་ལ་བཏགས་ནས་ཁ་སྦུབས་ལྟོ་ཉལ་བྱ། །ཕ྄ཊ། རང་སེམས་ཐིག་ལེར་དམར་ནག་སྤྱི་བོར་ཐོན། །ནམ་མཁའི་དབྱིངས་སུ་གསེར་གྱི་རྡོ་རྗེ་ནི། །ཚྭ་ཚྭ་རབ་ཏུ་འཕྲོ་བ་གཅིག་ཏུ་གྱུར། །ཕ྄ཊ། རང་གི་པགས་པ་ལྕགས་སྲེག་ས་གཞི་ནི། དམར་པོ་ཚྭ་ཚྭ་དམར་དང་ཐུལ་ཐུལ་བྱེད། །ཕ྄ཊ། རང་ལུས་ཟོ་ཁོག་རི་བོ་ཆེན་པོའི་ནང་། །ཀླུ་ཡི་གྲོང་ཁྱེར་ཀླུ་རིགས་ཀུན་གྱིས་གང་། །ཡུལ་ཕྱོགས་འདིར་གནས་ཀླུ་དང་དབྱེར་མེད་གྱུར། །ཀླུ་རིགས་ཐམས་ཅད་བཀུག་ནས་ནང་དུ་ཚུད། །ཕ྄ཊ་ཕ྄ཊ། རང་ལུས་ཤ་ཁྲག་ཐམས་ཅད་ཉིལ་གྱིས་ཞིག །ཀླུ་ཡུལ་ཤ་རི་ཁྲག་མཚོར་ལྟེམས་སེ་གང་། །དེ་


CMR053_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐེ་ཡི་ཐག་པ་ཆད་པ་ཡིས། །གཡང་གཞིའི་པགས་པ་ཐང་ཁུག་བཞིན་དུ་བསྡུས། །མགོ་དེས་ཁ་བཅད་རྒྱུ་མས་ཁ་ཐིག་བྱས། །མགོ་ནས་གནམ་ལྕགས་ཐོག་མདའ་ཚུབས་ཚུབ་འཕྲོས། །ཀླུ་ཡུལ་ཁྲག་མཚོ་ལ་བརྒྱབས་ཁྲག་མཚོ་ཁོལ། །ཁྲག་ཕྱུར་གསུར་དུད་ཐོག་སྒྲས་སྟོང་གསུམ་གང་། །ཀླུ་རྣམས་བུ་ག་དགུ་ནས་ཁྲག་གི་ཆར།། །རང་དབང་མེད་པར་ཕྱུ་རུ་རུ་བབས་གྱུར། །ཕ྄ཊ་ཕ྄ཊ་ཕ྄ཊ། རང་གི་རིག་པ་གསེར་གྱི་རྡོ་རྗེ་ནི། །ནམ་མཁར་ཐིམ་ནས་དངོས་མེད་སྟོང་ཉིད་གྱུར། །ཕ྄ཊ་ཕ྄ཊ་ཕ྄ཊ། ཕྱག་ཆེན་ངང་ལ་ཡུན་རིང་མཉམ་པར་བཞག །ཕ྄ཊ། རང་ཉིད་དམ་པ་སྨུག་ནག་ཁྲོ་ལ་གཏུམ། །སྤྱན་གསུམ་ཁྲོ་ལ་འཇིགས་སུ་རུང་བ་ཡིས། །ཀླུ་དང་གཞི་བདག་སྐྲ་ནས་འཐེན་སྤྲུག་དང་། །ཅོ་དྲུད་བྱས་པས་ཆར་འབེབས་ཁས་བླངས་གྱུར། །ཕཊ་ཕཊ་ཕཊ། ཤིང་གཉན་རྣམས་ཀྱི་ལོ་མ་འཐེན་སྤྲུག་བྱ། །རང་ཉིད་ཁྲོས་མ་ལྗང་ནག་སྟག་གི་དབུ། །སྟག་སྐད་ངར་ཞིང་རྒྱ་སྟ་ངར་མ་ཡིས། །ཤིང་རྣམས་ཕྲ་སྦོམ་མེད་པ་ཐམས་ཅད་བཅད། །གཅིག་ཀྱང་མ་ལུས་ཀླུ་གཉན་ཐམས་ཅད་ངུས། །མཆི་མའི་ཆར་ཆེན་མྱུར་དུ་འབེབས་པར་གྱུར། །ཤིང་གཉན་རྣམས་ནི་སྣར་


CMR053_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཁམ་བླང་བྱ་ཡི། །ཤིང་ནི་དངོས་སུ་གཅོད་པར་མི་རུང་ངོ་། །ཤིང་ནི་མང་སར་ཅུང་ཟད་བཅད་ཀྱང་རུང་། །ཤིང་ནི་ཉུང་ན་གཅོད་པར་མི་རུང་ངོ་། ཕ྄ཊ། རང་ཉིད་ཁྲོས་མའི་ཕྱག་གཡས་གནམ་ལྕགས་ཀྱི། །ཕུར་པའི་རྩེ་ལས་འོད་ཟེར་རབ་འཕྲོས་པས། །གཞི་བདག་ཀླུ་གཉན་ཕོ་བྲང་དཀྱིལ་དུ་བརྒྱབ། །ཐོག་བརྒྱབས་བཞིན་དུ་བཅག་བཀྲུག་གནམ་བརྡིབས་བཞིན། །སྐྱོག་བསྔངས་སྙིང་འདར་ཆར་འབེབས་ཁས་བླངས་གྱུར། །ཕ྄ཊ། ཕུར་པ་ཀག་ལེ་སྣ་མགོ་ལ་སོགས་པས། །བྲག་འབུར་རྣམ་ལ་བརྒྱབ་ཅིང་ཅུང་ཟད་བཅག །ཆེན་པོ་བཤིག་དང་བརྐོ་བར་མི་རུང་ངོ་། །ཕ྄ཊ། རང་ཉིད་མཁའ་འགྲོ་དཀར་མོ་འཇིགས་པའི་གཟུགས། །ཕྱག་གཡས་རྡོ་རྗེ་རྩེ་དགུ་རི་རབ་ཙམ། །འོད་ཟེར་ཆེན་པོ་རབ་ཏུ་འབར་བ་ཐོགས། །གཡོན་གྱིས་ཐེང་གསུམ་དཀྲུགས་པས་ཀླུ་རྣམས་བསྔངས། །གཡས་ཀྱིས་ཐེང་གསུམ་དཀྲུགས་པས་བཀའ་ཉན་ཅིང་། །ཆར་པ་མི་འབབ་རེ་ཞེས་མནའ་བསྐྱལ་གྱུར། །ཕ྄ཊ་ཕ྄ཊ་ཕ྄ཊ། མཚོའམ་ཆུ་མིག་ཕུར་པའམ་ཚེར་མས་བྲབས། རང་ཉིད་ཁྲོས་མ་སྨུག་ནག་ནམ་མཁའ་ཁྱབ། །མཛེ་མགོ་རློན་པ་རི་རབ་ཙམ་པ་གསུམ། །སྐྱེད་པུའི་སྟེང་དུ་མཛེ་ཐོད་སྟོང་གསུམ་ཁྱབ། །དེ་ནང་མཛེ་ཁྲག་དམེ་


CMR053_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ནལ་བུའི་ཁྲག །རྒྱ་མཚོ་ཆེན་པོ་ཙམ་དུ་འཁྱིལ་པ་དེ། །འོག་ནས་མེ་སྦརི་ཕྱུར་ཞིང་བོ་བ་ཡི། །གསུར་གཞོབ་ཁྲག་དང་བཅས་པས་ཀླུ་ཡུལ་གང་། །ཀླུ་རྣམས་བུ་ག་དགུ་ནས་ཁྲག་གི་ཆར། །ཆར་མུན་འཁྲིགས་ལྟར་འཛམ་གླིང་ཁྱབ་པར་གྱུར། །ཕ྄ཊ་ཕ྄ཊ་ཕ྄ཊ། དམར་རྟ་ཁྲག་སྣ་སྐམ་པོའི་རིལ་བུ་ནི། །ཤོག་ཐུམ་མང་པོ་བརྒྱབ་ནས་རས་ཀྱིས་བཏུམ། །སྒྱེ་ནག་གམ་ནི་རེ་བའི་ནང་དུ་བཅུག །བྲག་གཉན་ཤི་ང་གཉན་ཆུ་མིག་གཡས་གཡོན་རྒྱབ། །ཆུ་མིག་ནང་དུ་རྒྱབ་པར་མི་རུང་ངོ་། །དངོས་སུ་ཁྲག་ཐབ་ནམ་ཡང་བརྫོག་མི་རུང་། །དམིགས་པས་བརྫོགས་པ་བཅོས་རྒྱུ་ཡོད་ཕྱིར་ཡིན། །ཤིན་ཏུ་འུ་ཐུག་གཏོར་མ་རྒྱོབ་དགོས་ན། །དམར་གཏོར་ཟུར་གསུམ་ཤ་ཁྲག་གཙང་མས་བརྒྱན། །ཆར་པ་བཀག་བྱེད་བཀུག་གཞུག་དྲག་ཏུ་བྱེད། །གཅོད་ཚོགས་ནང་གི་མཁའ་འགྲོ་འབུམ་བསྐུལ་ལམ། །ཕག་ཁྲོས་སེང་གསུམ་བསྐུལ་པ་གང་ཤེས་འདོན། །དེ་ནས་གཏོར་མ་ལག་ཏུ་བཟུང་བྱས་ལ། །ཕ྄ཊ། རང་ཉིད་ཁྲོས་མ་ཁམས་གསུམ་ཁྱབ་པ་ཡི། །ཕྱག་ན་ཤ་སྣ་སྙིང་སྣ་ཁྲག་སྣ་དང་། །དུག་ཁྲག་རྫས་ཀྱིས་བརྒྱན་པའི་གཏོར་མ་འདི། །རི་རབ་ལྟར་ཆེ་དུག་རླངས་ན་བུན་འཐིབས། །མཛེ་ཤའི་དར་འཕྱར་མཛེ་ཁྲག་མཚོ་འཁྱིལ་བ། །ཀླུ་ཡི་ཕོ་བྲང་སྟེང་དུ་ཐོག་ལྟར་བརྒྱབ། །ཕོ་བྲང་ཀླུ་གཉན་དང་བཅས་


CMR053_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་མཇུག་ལོག །ཀུ་ཅོ་སྐད་ངན་དང་བཅས་བུ་ག་དང་། །བ་སྤུ་ཀུན་ནས་ཁྲག་གི་ཆར་པ་ནི། །ན་བུན་ལྟར་འཕྱུར་འཛམ་གླིང་ཁྱབ་པར་གྱུར། །ཕོབ་ཕོབ་ཡ་ཤ་རི་བྷ་ཧཱུྃ་ཧཱུྃ་ཧཱུྃ། ཕོབ་ཕོབ་ཆར་རི་ཧ་ཛ། ས་ནི་རི་ཧ་ལི་ཀཱ་དྷི་ཀྲོ་ཧི་ར་བྷ་ཛྲབ་ཨོ། འདི་ཚར་བདུན་བརྗོད་ལ་བརྒྱབ། །བརྒྱ་བས་མང་ནི་མི་རུང་ཞིང་། །མཆིལ་མ་ཁོག་ཏུ་བཏང་མི་རུང་། །དེ་ལྟར་ཐམས་ཅད་བྱས་གྱུར་ཀྱང་། །གལ་ཏེ་ཆར་པ་མ་ཁུག་ན། །སེམས་ཅན་བསོད་ནམས་ཟད་པའམ། །ཡུལ་དེར་ལྷ་འདྲེ་མེད་རྟགས་ཡིན། །དེ་མིན་མི་ཁུག་སྲིད་མི་འགྱུར། །དེ་ལྟར་དྲག་ལས་བྱས་པ་ན། །ཐོག་སེར་གཉིས་ཀ་འོང་དོགས་ཡོད། །རྨི་ལམ་མགར་ཚང་བཅའ་བ་དང་། །སོལ་ཁང་མཐོང་དང་མགར་བྱེད་རྨིས། །ཉམས་སྣང་ལྕགས་བརྡུང་སྒྲ་ཐོས་དང་། །སིལ་སྒྲ་ཙིར་སྒྲ་སྦྱང་བུའི་སྐད། །ཚྭ་ཚྭ་འཐུལ་དང་འབྲུག་སྐད་གཟེར། །སྟེང་ཐོག་འོང་བའི་རྟགས་ཡིན་ནོ། །ས་འོག་སྒྲ་གྲག་ས་ཡང་མགུལ། །ས་གཞི་ཙིག་ཙིག་ཁོལ་ན་ནི། །འོག་ཐོག་རྟགས་ཡིན་དམིགས་པ་བྱ། །ཕ྄ཊ། རང་རིག་ནམ་མཁར་སྤུར་བས་ཁྲོས་མར་གྱུར། །གཟའ་སོགས་ཐོག་སེར་བདག་པོ་ཐམས་ཅད་བཀུག །རང་གི་ཉལ་སའི་འོག་ཏུ་ཧྲུག་གེ་བླུག །རང་གི་རྐང་པས་གཡུ་ཡི་གྲོད་པ་མནན། ཨོཾ་གྷུ་ཧུ་ར་ཧུ་པ་ཧེ་ཛ་ལ་དྷ་ཐཱ། སྔགས་འདི་བདུན་ནམ་ཉེར་གཅིག་


CMR053_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་དྲིལ་བྲིས་ལ་རྐང་དུང་དྲིལ་བུར་བཏགས། །གཅོད་གཡོག་པ་ཡིས་དཀྲོལ་ཡང་ཐོག་མི་འོང་། །དྲག་ལས་བྱས་པས་སེར་བ་འོང་དོགས་ན། །སྔོན་ལ་བྱམས་དང་སྙིང་རྗེ་དྲག་པོ་བསྒོམ། །རྗེས་ལ་སྟོང་ཉིད་བསྒོམས་པས་སེར་བ་ཆད། །ལར་ཡང་རང་ཉིད་གྲགས་པ་འདོད་པ་དང་། །ཟས་ནོར་འདོད་དང་ནུས་ལྡན་ང་རྒྱལ་སོགས། །བསམ་པ་ངན་ན་ཆར་པ་ཁུག་པར་དཀའ། །འབུ་སྲིན་སེམས་ཅན་ཡོངས་ལ་སྙིང་རྗེ་དང་། །སྟོང་ཉིད་ལྟ་བའི་ཉམས་ལེན་བཟང་བ་དང་། །དད་གུས་གདམས་ངག་ཐེ་ཚོམ་མེད་པ་གཅེས། །དེ་ནས་ཆར་པ་འབབ་ནས་རྗེས་ཆོག་ནི། །ཁལ་ཚད་རྫ་མ་མི་བརྫི་ཟེར་བའི་དོན། །དེ་ན་ཡུན་རིང་མི་བསྡད་མྱུར་དུ་འགྲོ། །གལ་ཏེ་ཞག་རེ་ཙམ་ཞིག་འདུག་དགོས་ན། །དྲག་དམིགས་སྤངས་ལ་ཞི་དམིགས་ཁོ་ན་བྱ། །ད་རུང་འབབ་འདོད་ཞི་འབོད་དམིགས་པ་བྱ། །དེ་ནས་དྲག་ལས་བྱས་པ་གསོ་བ་ནི། །ཕ྄ཊ། རང་རིག་རང་ལུས་ནས་ཐོན་ཕག་མོར་གྱུར། །རང་ལུས་ཤ་ཁྲག་པགས་པ་ནང་ཁྲོལ་རྣམས། །དཀར་གསུམ་མངར་གསུམ་ཀླུ་སྨན་རིན་ཆེན་ཚོགས། །ཆུ་གནས་རི་དྭགས་གཡག་ལུག་ར་གསུམ་དང་། །རིན་ཆེན་ཁང་བཟང་གཏེར་གྱི་བུམ་པ་སོགས། །ཀླུ་གཉན་གཞི་བདག་ཅི་འདོད་ལོངས་སྤྱོད་རྣམས། །ཟད་མེད་གྱུར་ཏེ་དགའ་མགུ་ཡི་རང་གྱུར། །ཕ྄ཊ་ཕ྄ཊ་ཕ྄ཊ། རང་ཉིད་ཁ་སརྤཱ་ཎྀ་སྤྱན་རས་


CMR053_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །སྐུ་སྟོད་གཟུགས་ཁམས་སྐུ་སྨད་འདོད་ཁམས་ཁྱབ། །ཕྱག་གཡས་མཐིལ་ནས་པོ་ཡིག་དཀར་པོ་ལས། །བདུད་རྩིའི་རྒྱུན་བབས་ཀླུ་གཉན་ས་བདག་རྣམས། །བདུད་རྩི་འཐུངས་བས་བཀྲེས་སྐོམ་ཞེ་སྡང་ཞི། །ཁྲུས་བྱས་སྨྲས་འགྲམ་སྣད་ཡར་ཐམས་ཅད་སོས། །སྔར་བས་བཀྲག་མདངས་གཟི་བརྗིད་དགུ་འགྱུར་ཆེ། །རང་ལ་ཕྱག་འཚལ་སྐོར་བ་བྱེད་བཞིན་དུ། །བྱམས་དང་སྙིང་རྗེའི་སེམས་བསྐྱེད་ཡིག་དྲུག་འདོན། །ཕ྄ཊ་ཕ྄ཊ། །དམིགས་པ་འདི་ཉིད་བརྒྱའམ་ཉེར་གཅིག་བདུན། །དྲག་ལས་ཅི་བྱས་ཚོད་དང་སྦྱར་བར་བྱ། །འོ་མའི་ནང་དུ་ཡུངས་ཀར་བཏབ་པའམ། །མ་འཛོམ་འོ་མའམ་ནི་འོ་དཀར་ལ། །སྔགས་བཟླས་ཁ་རླངས་མི་བཏང་ཕུ་ཡིས་གདབ། །ཨོཾ་སྭ་སྟི་བཛྲ་མི་ལི་མི་ལི་སྭཱ་ཧཱ། །བརྒྱ་རྩ་སྔགས་ལ་ཆུ་མགོའི་གཡས་གཡོན་དང་། །དྲག་ལས་གར་བྱས་རྣམས་སུ་གཏོར་བར་བྱ། །བག་ཟན་ནམ་ནི་འདམ་སའི་གླང་ཆེན་ནང་། །ཀླུ་སྨན་རིལ་བུ་བཅུག་སྟེ་ཕྱེ་མའང་རུང་། །ཆུ་མགོའི་འགྲམ་མམ་ཤིང་གཉན་རྩ་ལ་སྤ། །ཕ྄ཊ། གླང་བུ་ཧཱུྃ་ལས་འཛད་མེད་རིན་ཆེན་གཏེར། །ཀླུ་གཉན་རྣམས་ཀྱི་ཚེ་རབས་གཏན་གྱི་ནོར། །ཅི་འདོད་ཐམས་ཅད་ཡིད་བཞིན་འབྱུང་བར་གྱུར། །ཨོཾ་བཛྲ་ས་ར་ཎ་ཁཾ། དེ་ནས་ཀླུ་གཏོར་བསང་མཆོད་


CMR053_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་བསྔོ། །ཕ྄ཊ། བདག་གིས་དབང་བསྡུས་ཟིལ་གྱིས་མནན་པ་ཡི། །རླུང་ལྷ་འབྱུང་པོ་ཐམས་ཅད་ཡར་བཞེངས་ཤིག །ཉེས་པ་གང་བྱས་དེ་དག་བཟོད་པར་གསོལ། ཀླུ་གཉན་ས་བདག་རླུང་ལྷ་ལྷ་འདྲེའི་ཚོགས། །ཕྱིན་ཆད་གཞན་ལ་གནོད་པའི་སེམས་སྤོངས་ལ། །ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད། །བདག་དང་བདག་གིས་དབང་བསྡུས་ལྷ་འདྲེ་དང་། །ཆར་བདག་ཆར་པས་ཁྱབ་པའི་སེམས་ཅན་རྣམས། །ཆར་ཞུས་བྱས་པའི་ཡོན་བདག་ཐམས་ཅད་ཀྱང་། །ཚེ་འདིར་ཚེ་རིང་ནད་མེད་ཕུན་སུམ་ཚོགས། །འདི་ནས་འཕོས་ཏེ་བདེ་ཆེན་ཞིང་ཁམས་སུ། །འོད་དཔག་མེད་མགོན་མཆོད་པས་མཉེས་བྱེད་ཤོག །བདག་གིས་ཆར་པ་ཕབ་པའི་དགེ་བ་འདིས། །ཚད་པས་མནར་བའི་འགྲོ་བ་ཐམས་ཅད་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་འགྱུར་བར་ཤོག །མུ་གེའི་འཇིགས་པས་མནར་བའི་འགྲོ་རྣམས་ལ། །ཟང་ཟིང་ལོངས་སྤྱོད་སྦྱིན་པར་འགྱུར་བར་ཤོག ། གཟུགས་མེད་ལྷ་འདྲེ་གཞི་བདག་ཐམས་ཅད་ལ། །དམ་པ་ཆོས་ཀྱི་སྦྱིན་པར་འགྱུར་བར་ཤོག །ད་རེས་འབྲེལ་པ་ཐོབ་ཚད་ལྷ་འདྲེ་རྣམས། །ནམ་ཞིག་བདག་གིས་བྱང་ཆུབ་ཐོབ་


CMR053_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །དམ་པའི་ཆོས་ཀྱིས་ཚིམས་པར་བྱས་ནས་ཀྱང་། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །ཅེས་བརྗོད་བཀྲ་ཤིས་བརྗོད་ནས་འགྲོ་བའི་ཚེ། །ཆས་ཀ་མི་བསྒྱུར་ཐོ་བསྐྱེལ་ཕུར་པ་ཕུད། །ད་དུང་འབབ་པར་འདོད་ན་ཐོ་མི་བཀྲོལ། །ནང་དུ་གཏོར་རིལ་ཀླུ་སྨན་དམ་པར་སྦ། །བྱ་དང་ཁྱི་ཡིས་མི་ལོན་ངེས་པར་བྱ། །འབབ་འདོད་མེད་ན་ཐོ་བཀྲོལ་མཆོད་པ་དང་། །གཏོར་རིལ་ལ་སོགས་སྐམ་པོར་བྱས་ལ་སྦྱིན། །དེ་ནས་ཚུར་ཟད་ས་སྣ་རི་ཟུར་རམ། །བྲག་དང་ཤིང་སོགས་ལྷ་འདྲེ་གནས་ས་རུ། །ཡུད་ཙམ་བསྡད་ལ་ལུས་སྦྱིན་བསྡུས་པའམ། །ཡང་ན་ཡིད་ཀྱིས་དཀར་འགྱེད་དམར་འགྱེད་བསྒོམ། །ཕཊ། རང་ཉིད་སྐད་ཅིག་ཁྲོས་མ་ནག་མོར་གྱུར། །ས་འདིར་གནས་པའི་ལྷ་འདྲེ་ཁྱེད་རྣམས་ཀྱིས། །ང་ཡི་རྗེས་སུ་འབྲང་བའི་གཉན་ས་ཡི། །ལྷ་འདྲེ་འབྱུང་པོ་རྗེས་ཁྱི་ཐམས་ཅད་ཀུན། །ང་ཡི་རྗེས་སུ་མ་བཏང་ཁྱོད་ཀྱིས་ཟུངས། །གལ་ཏེ་ང་ཡི་རྗེས་སུ་ཤོར་གྱུར་ན། །ལེ་ལན་ཁྱེད་ལ་འདེད་ནས་རྡུལ་དུ་བརླག །ཁྱོད་ལ་མཐུ་ནུས་ཅི་འདུག་ད་རེས་ལྟ། །བཀའ་དང་དམ་ལྟུལ་མ་འདའ་ས་མ་ཡ། །ཕཊ་ཕཊ་ཕཊ། དེ་ནས་ཚུར་ཟད་འོང་ལ་ཐོ་གཅིག་བྱ།། ཕཊ། ཐོ་ནི་ཁྱུང་ནག་མེ་འབར་ཁ་གདངས་པ། །མཆུ་སྡེར་བསྒྲད་ཅིང་རལ་གྲིའི་གཤོག་པ་


CMR053_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱངས། །འབྱུང་པོ་རྗེས་ཁྱིའི་འོང་ལམ་བཅད་པར་གྱུར། །ཕ྄ཊ་ཕ྄ཊ་ཕ྄ཊ། དེ་ནས་དབེན་པའི་སའམ་རང་གི་ཁྱིམ། །གང་དུ་འགྲོ་ཡང་སྐྱོན་མེད་འགྲིམ་སྣ་མེད། །དེ་ལྟར་གཅོད་ལུགས་སོར་བཞག་ཆར་འབོད་ལ། །སྔགས་ལུགས་གདམས་ངག་ཅུང་ཟད་ཁ་ཚར་བཏགས། །གཞུང་ནི་རྒྱ་སྟོན་ལུགས་ཀྱི་གདམས་པ་སྟེ། །ཡི་གེར་མ་གྲགས་སྙན་བརྒྱུད་ཡིན་པ་ལ། །དམིགས་འབུམ་ནང་གི་དམིགས་རིམ་མང་དུ་བསྣན། །གོ་སླ་གྱེར་སྒོམ་བྱས་པས་དམིགས་པ་ཟིན། །ལག་ལེན་མགོ་རྐང་ཚང་བས་ཀུན་གྱིས་ཤེས། །འདི་འདྲ་རིན་ཆེན་གསེར་བས་མི་དཀོན་ནམ། །བ་སྒོ་དབོན་པོ་ཀརྨ་ཆོས་འཕེལ་དང་། །རྟོགས་ལྡན་ཙཱ་རི་བ་སོགས་གཅོད་ལུགས་ལ། །མོས་པ་འགའ་རེས་ཡང་ཡང་བསྐུལ་བ་དང་། །མ་འོངས་འགྲོ་ལ་ཕན་སྙམ་་སེམས་བསྐྱེད་ཀྱིས། །རཱ་གའི་མིང་ཅན་རི་ཁྲོད་པ་དེས་བསྒྲིགས། །འོན་ཀྱང་ཉེས་འགལ་དྲི་མའི་ཆ་མཆིས་སམ། །སྙན་བརྒྱུད་ཡི་གེར་བཀོད་པས་ནོངས་མཆིས་ན། །ཌཱ་ཀི་ཆོས་བདག་ཀླུ་ཡི་ཚོགས་ལ་བཤགས། །དགེ་བས་འགྲོ་ཀུན་མུ་གེའི་འཇིགས་ལས་ཐར། །བདེ་སྐྱིད་ལྡན་ཞིང་བདེ་ཆེན་ཞིང་སྐྱེ་ཤོག །མངྒ་ལཾ།། །།༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགཅོད་ལུགས་ཆར་འབོད་སྙན་བརྒྱུད་ཡི་གེར་བཀོད་པ་འདོན་སྒོམ་ཕྱག་ལེན་དང་བཅས་པ་མཐོང་བས་དོན་གསལ།next