Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
མ་གཅིག་གཅོད་ཀྱི་ཆ་ལག་བྱ་འབོད་སྙན་བརྒྱུད་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་གཅིག་གཅོད་ཀྱི་ཆ་ལག་བྱ་འབོད་སྙན་བརྒྱུད་ཟབ་མོ།next

མ་གཅིག་གཅོད་ཀྱི་ཆ་ལག་བྱ་འབོད་སྙན་བརྒྱུད་ཟབ་མོ།


CMR053_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

༼ར༽ མ་གཅིག་གཅོད་ཀྱི་ཆ་ལག་བྱ་འབོད་སྙན་བརྒྱུད་ཟབ་མོ་བཞུགས་སོ། །བྱ་འབོད་ནི། རྒྱས་པར་དུར་གཅོད་ཀྱི་ནང་ལྟར་ཕུང་པོ་ཡོན་འབུལ་ཚོགས་འབུལ་རྒྱས་པར་བྱས་ལ། ཚོགས་ཀྱི་སྐབས་སུ་འདི་ཡང་འདོན། ཕུང་པོའི་ལྟོ་བར། བྷེ་ག་ར་ན་སོ་གད་གླིང་། ཞེས་བྲིའོ། །ཀཾ་ཀ་ནི་དང་དུརྒ་ཏེ། ཨུཊྛི་ཥསོགས་ཀྱིས་སྔགས་པའི་བྱེ་མའམ་ཐལ་ཕྱེ་འདེབས། ཕུང་པོ་བྲན་ལ་བགེགས་བསྐྲད་སུམྦྷ་ནིས་ནས་ལྕགས་བྲབ། རྒྱལ་བ་རྒྱ་མཚོའམ་ཕག་མོའི་ཚོགས་བྱིན་རླབས་དང་། ཚོགས་གཞུང་བཏོན་རྗེས་དམིགས་པ་དང་བཅས། རང་ཉིད་ཕག་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཞི་དབུས་དང་ལྔ་ནས་མཁའ་འགྲོ་འབུམ་སྡེ་ལྔ། བྱ་རྒོད་དཀར་སྔོ་སེར་དམར་ལྗང་ཁུར་སྤྲུལ་ནས། ནམ་མཁའ་བར་སྣང་གང་བར་བྱོན་ཏེ་ཕུང་པོ་བདུད་རྩིའི་རྒྱ་མཚོ་ལྷག་མེད་དུ་རོལ་ནས་གསོལ་བར་བསྒོམས། ཧཱུྃ། ཤར་ནས་རྡོ་རྗེ་མཁའ་འགྲོ་མ། །སྐུ་ལ་དུང་གི་ཐུའི་ལུ་གསོལ། །རྡོ་རྗེའི་མཆུ་དང་གཤོག་པ་ཅན། །འཁོར་དང་སྤྲུལ་པའི་མཁའ་འགྲོ་འབུམ། །བྱ་རྒོད་ཐང་དཀར་འབུམ་དང་བཅས། །རྡོ་རྗེའི་གཤོག་པ་བརྡབས་པ་ཡིས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །སྐད་ཅིག་ཉིད་ལ་རླབས་ཀྱིས་གཅོད། །འདིར་གཤེགས་ཕུང་པོའི་ཚོགས་མཆོད་བཞེས། །ཟ་འདྲེ་ཤི་གཤེད་འདི་དང་ཕྲོལ། །སྲོག་


CMR053_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་དབུགས་ལེན་འདི་དང་ཕྲོལ། །ཚེ་ལས་འདས་པ་འདི་ཉིད་ཀྱི། །རྣམ་ཤེས་མངོན་དགའི་ཞིང་དུ་དྲོངས། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །ཀེང་རུས་བམ་ཆེན་འདི་ལ་རོལ། །ཧ་བཛྲ་ཌཱ་ཀི་ནཱི། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་ཞིང་ཆེན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ། ལྷོ་ནས་རིན་ཆེན་མཁའ་འགྲོ་མ། །སྐུ་ལ་གསེར་གྱི་ཐུ་ལུ་གསོལ། །རིན་ཆེན་མཆུ་དང་གཤོག་པ་ཅན། །འཁོར་དང་སྤྲུལ་པའི་མཁའ་འགྲོ་འབུམ། །བྱ་རྒོད་ཐང་སེར་འབུམ་དང་བཅས། །རིན་ཆེན་གཤོག་པ་བརྡབས་པ་ཡིས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །སྐད་ཅིག་ཉིད་ལ་རླབས་ཀྱིས་གཅོད། །འདིར་གཤེགས་ཕུང་པོའི་ཚོགས་མཆོད་བཞེས། །ཚེ་ལས་འདས་པ་འདི་ཉིད་ཀྱི། །རྣམ་ཤེས་དཔལ་ལྡན་ཞིང་དུ་དྲོངས། །ཟ་འདྲེ་ཤི་གཤེད་འདི་དང་ཕྲོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །བམ་ཆེན་ཚོགས་ཀྱི་མཆོད་པ་བཞེས། །རི་རཏྣ་ཊཱ་ཀི་ནཱི། མ་ཧཱ་ནཱཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་


CMR053_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་ཞིང་ཆེན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུཾ། ནུབ་ནས་པདྨ་མཁའ་འགྲོ་མ། །དམར་མོ་བྱུ་རུའི་ཐུ་ལུ་ཅན། །པདྨའི་མཆུ་དང་གཤོག་པ་ཅན། །འཁོར་དང་སྤྲུལ་པའི་མཁའ་འགྲོ་འབུམ། །བྱ་རྒོད་ཐང་དམར་འབུམ་དང་བཅས། །པདྨའི་གཤོག་པ་བརྡབས་པ་ཡིས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །སྐད་ཅིག་ཉིད་ལ་རླབས་ཀྱིས་གཅོད། །འདིར་གཤེགས་ཕུང་པོའི་ཚོགས་མཆོད་བཞེས། །ཚེ་ལས་འདས་པ་འདི་ཉིད་ཀྱི། །རྣམ་ཤེས་བདེ་བ་ཅན་དུ་དྲོངས། །ཟ་འདྲེ་ཤི་གཤེད་འདི་དང་ཕྲོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །བམ་ཆེན་ཚོགས་ཀྱི་མཆོད་པ་བཞེས། །ནི་པདྨ་ཊཱ་ཀི་ནཱི། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་ཞིང་ཆེན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ། བྱང་ནས་ལས་ཀྱི་མཁའ་འགྲོ་མ། །ལྗང་མོ་གཡུ་ཡི་ཐུ་ལུ་ཅན། །རྒྱ་གྲམ་མཆུ་དང་གཤོག་པ་ཅན། །འཁོར་དང་སྤྲུལ་པའི་་


CMR053_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་འབུམ། །བྱ་རྒོད་ཐང་ལྗང་འབུམ་དང་བཅས། །རྒྱ་གྲམ་གཤོག་པ་བརྡབས་པ་ཡིས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །སྐད་ཅིག་ཉིད་ལ་རླབས་ཀྱིས་གཅོད། །འདིར་གཤེགས་ཕུང་པོའི་ཚོགས་མཆོད་བཞེས། །ཚེ་ལས་འདས་པ་འདི་ཉིད་ཀྱི། །རྣམ་ཤེས་ལས་རབ་ཞིང་དུ་དྲོངས། །ཟ་འདྲེ་ཤི་གཤེད་འདི་དང་ཕྲོལ། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །བམ་ཆེན་ཚོགས་ཀྱི་མཆོད་པ་བཞེས། །ས་ཀརྨ་ཊཱ་ཀི་ནི། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་ཞིང་ཆེན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ། དབུས་ནས་སངས་རྒྱས་མཁའ་འགྲོ་མ། །སྔོན་མོ་མུ་མེན་ཐུ་ལུ་ལ་ཅན། །འཁོར་ལོའི་མཆུ་དང་གཤོག་པ་ཅན། །འཁོར་དང་སྤྲུལ་པའི་མཁའ་འགྲོ་འབུམ། །བྱ་རྒོད་ཐང་ནག་འབུམ་དང་བཅས། །འཁོར་ལོའི་གཤོག་པ་བརྡབས་པ་ཡིས། ། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །སྐད་ཅིག་ཉིད་ལ་རླབས་ཀྱིས་གཅོད། །འདིར་གཤེགས་ཕུང་པོའི་ཚོགས་མཆོད་བཞེས། །ཚེ་ལས་འདས་པ་འདི་ཉིད་ཀྱི། །རྣམ་ཤེས་


CMR053_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་གནས་སུ་དྲོངས། །ཚེ་འདས་ཕུང་པོ་ཡོན་དུ་འབུལ། །བམ་ཆེན་ཚོགས་ཀྱི་མཆོད་པ་བཞེས། །ཟ་འདྲེ་ཤི་གཤེད་འདི་དང་ཕྲོལ། །རྐྱེན་ངན་བར་ཆད་ཐམས་ཅད་ཟློག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨཱབུདྡྷ་ཌཱ་ཀི་ནཱི། མ་ཧཱ་མཱི་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། །མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་ཞིང་ཆེན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི། ཅེས་རྐང་དུང་འབུད་རོལ་མོ་དང་གསུར་དུད་བྱ། ཕྱེ་མར་འདེབས། འདོན་ཆ་ལྟར་མཁའ་འགྲོ་ཐམས་ཅད་བྱ་རྒོད་དུ་སྤྲུལ་ནས། ཕུང་པོ་ཚོགས་འཁོར་དུ་རོལ་ནས། བདག་ལ་དངོས་གྲུབ་སྩོལ། ཟ་འདྲེ་ཁ་ཕྲལ་རྣམ་ཤེས་དྲོངས། ཡོན་བདག་ལ་བཀྲ་ཤིས་བརྗོད་ནས་རང་གནས་ལ་གཤེགས་པར་བསྒོམ། འདི་ནི་སྔགས་འཆང་གྲགས་པ་རིན་ཆེན་དང་། རིག་འཛིན་པྲ་བྷ་ཧ་ཀ་ར་དེས་བདག་རཱ་ག་ཨ་སྱ་ལ་གནང་སྟེ། ངག་རྒྱུན་མ་གཏོགས་སྔར་ཡི་གེ་མེད་པ་ལས། དགོས་པ་གཅིག་བྱུང་ནས་རཱ་ག་ཨ་སྱས་བྲིས། བདག་བྱིས་པའི་དུས་ལན་འགའ་བྱས་པས་འཕྲལ་ཉིད་དུ་ཟོས་སོང་ངོ་། བཀྲ་ཤིས་པར་ཤོག །མངྒ་ལཾ། ། ༈ ཚེ་འདས་ཕུང་པོ་བྱ་འབོད་ལ། ཕུང་པོའི་ཁྲིའི་ཕྱོགས་བཞི་ན་ཐོ་བཞི་བརྩེགས་ལ། དེའི་འོག་ཏུ་བྱ་གཟུགས་བཞག་ལ་གཡབ་གཡུག་རྒྱབ། ཕྱི་ཁུང་ཁ་ཤར་


CMR053_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་པའི་ས་སྤར་གང་བླངས་ལ། ཕུང་པོ་ལ་གཏོར། རྐང་དུང་བུས་དམིགས་པ་དང་བཅས། ཕྱོགས་བཞི་མཚམས་བརྒྱད་ནས་བྱ་ཐམས་ཅད་འདུས་པར་བསམ། སྔགས་ནི། ནག་པོ་ཆེན་པོ་ཐོབ་ཐོབ། ཡང་གཅིག་ལ་ཐོ་གོང་དང་མཚུངས། ཨོ་ཐོ་ཆུ་ཐོ་ཆུ་བྱ་རྒོད་ཕྱོགས་བཞི་དང་མཚམས་བཞི་ནས་ཁུག་ཅིག །དེ་ནས་རྐང་དུང་བུས་ནས། གཡབ་གཡུག་ཕྱོགས་བཞིར་གཡོབ། རོ་ཡི་སྟེང་དུ་གཡའ་མ་ལ་སྔགས་འདི་བྲིས་ལ་བཞག །ཨོཾ་སྭ་གད་གླིང་སྭཱ་ཧཱ། གོང་གིས་སྔགས་མང་དུ་འདྲེན། ཡང་བྱ་འབོད་ནི། ཨོཾ་རྡོར་ལིང་སྭ་ཧ། བརྒྱ་རེ་མཚམས་སུ་རྐང་དུང་ལ་ཕུ་བཏབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བྱ་རྒོད་ཐམས་ཅད་ཀྱི་ཚང་སྤྲུགས་པར་བསམ། བྱ་མྱུར་བར་འབབ་བོ། །ཡང་ཕུང་པོ་ལ་བྱ་འབབ་པའི་ཐབས་ལ། ཨོཾ་ནག་པོ་ལྷབ་ལྷབ་ནག་པོ་ལྷེབ་ལྷེབ། ནག་པོ་ཐིབ་ཐིབ། ཨོ་ག་རུ་ཊ་སརྦ་ཌཱ་ཀི་ནི། ས་མ་ཡ་ཛཿཧཱུྃ་བྃ་ཧོཿ ཞེས་རྡོ་ནག་པོ་ལྔ་ལ་བྱ་རྒོད་ཀྱི་གཟུགས་ཀྱི་ནང་དུ་བྲིས་སྔགས་མང་དུ་བཟླས་ནས་བཏབ་སྟེ་ཕུང་པོ་ལ་ཕྱོགས་ནས་བསྐོར་བར་བཞག །བྱ་ལོ་པའམ་མ་བྱུང་ན་ལོ་གཤེད་མིན་པ་གཅིག་གིས་ཕྱོགས་བཞི་དབུས་ལྔར་ཐོ་བྱེད། རྗེས་སུ་ལན་ཆགས་གཏོར་མས་ཚིམ་པར་བྱའོ། །དེ་ཡིས་བྱ་མྱུར་དུ་འབབ་བོ། །ཤིང་བྱང་ལ་བྲིས་ཕུང་པོ་ལ་གཡས་བསྐོར་གསུམ་བྱ་སྔས་སུ་འཛུགས་སོ། །སརྦ་མངྒ་ལཾ། དགེའོ།། །།


previousམ་གཅིག་གཅོད་ཀྱི་ཆ་ལག་བྱ་འབོད་སྙན་བརྒྱུད་ཟབ་མོ།next