Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
རྐང་གླིང་མཚན་ཉིད་ཐིག་ལེའི་ཆེ་ཆུང་ཚད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྐང་གླིང་མཚན་ཉིད་ཐིག་ལེའི་ཆེ་ཆུང་ཚད།next

རྐང་གླིང་མཚན་ཉིད་ཐིག་ལེའི་ཆེ་ཆུང་ཚད།


CMR053_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༼ས༽ རྐང་གླིང་མཚན་ཉིད་ཐིག་ལེའི་ཆེ་ཆུང་ཚད། མ་གཅིག་གསུང་བཞིན་འདི་རུ་མདོར་བསྡུས་བཞུགས་སོ།། ན་མོ་ཛྙཱ་ན་ཌཱ་ཀི་ཡེ། རྐང་གླིང་མཚན་ཉིད་འདི་ལྟར་ཤེས་པར་བྱ། །དམེ་རྨུགས་ནལ་དང་རབས་ཆད་ཤན་པ་དང་། །ལྕེབ་དང་མུག་ཤི་མཇེ་ཕོ་མཚན་ངན་རྐང་། །དེ་དག་ནམ་ཡང་འཆང་བར་མི་རུང་ངོ་། །བཙུན་པ་སྡོམ་ལྡན་སྐྱེ་བོ་ཡ་རབ་དང་། །བུད་མེད་མཚན་ལྡན་སྐྱེས་པ་གྲིར་ཤིའི་རྐང་། །བཅུ་དྲུག་ནས་ནི་དྲུག་ཅུ་ཚུན་གྱི་རྐང་། །གཞན་གྱིས་འགོམ་ཡུགས་མ་ཕོག་མ་ཉམས་པ། །མགོ་མཇུག་ཚིག་མགོ་གཉིས་དང་བཅས་པ་སྟེ། །སེར་བ་རུས་དང་འབུར་ཆུང་བར་དུ་བཅད། །རུས་འབུར་གཉིས་སུ་མཐེབ་ཆེན་ཙམ་རེ་བྲུ། །རིང་ཞིང་ཅུང་ཟད་གུག་པ་གླང་སྣ་འདྲ། །སྲབ་ལ་ཕྲ་ཞིང་ཧྲིལ་བ་སྒང་ཐུང་འདྲ། །ཧ་མགོ་མི་ཆུང་སེང་གེའི་སྣ་འདྲ་དང་། །ནང་གི་རུས་གདོང་དྲིམ་ཞིང་མ་འཁྱོགས་པ། །མདོག་ནི་དཀར་པོ་རབ་ཡིན་སྨུག་ཀྱང་རུང་། །དེ་འདྲའི་རྐང་གཡས་དཔའ་བོ་འབོད་རྫ་ས་ཡིན། །གཡོན་པ་དག་ནི་དཔའ་མོའི་འབོད་རྫས་ཏེ། །མཁའ་འགྲོ་འབོད་རྫ་ས་བུད་མེད་མཚན་ལྡན་རྐང་། །གྲི་རྐང་དར་མ་དཔའ་བོའི་འབོད་རྫས་ཡིན། །སྐྱ་


CMR053_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཐལ་སྐྱ་སྨུག་ལ་གསུ་བ་དང་། །ཤད་ཤད་པོ་དང་ཧ་ཅང་གུག་དྲགས་དང་། །གདོང་གི་རུས་གདོང་གཡས་གཡོན་འཁྱོགས་པ་དང་། །དུམ་བུར་འཁྱོགས་པ་ཐུམ་པོར་ཉམས་པ་དང་། །ཧ་ཅང་སྦོམ་དང་གས་པོ་སོང་བ་དང་། །ཧ་མགོ་ཆད་དང་ཕག་རྐོས་རྩུབ་པ་དང་། །ལེབ་ལེབ་དང་ནི་ཟུར་མང་མི་མཛེས་པ། །སྐད་ནི་ངར་མེད་སྡོར་སྡོར་འོང་བ་དང་། །ཧ་མགོ་མེད་དང་ཟངས་ལྕགས་ཤིང་སྦྱར་དང་། །ར་ཁ་ཅན་རྣམས་འཆང་དང་འབུད་མི་རུང་། །བུས་ན་སྒྲ་དེ་ལོག་པར་གོ་གྱུར་ནས། །གང་ཐོས་ཡིད་མི་དགའ་ཞིང་གནོད་སེམས་སྐྱེ། །ཡུལ་ཕྱོགས་དེ་རུ་མི་དགེ་སྣ་ཚོགས་འབྱུང་། །དེ་ཕྱིར་ར་ཁ་ལ་སོགས་དེ་རྣམས་སྤངས། །རྐང་གླིང་མཚན་ལྡན་ལན་གསུམ་བྱས་པ་ཡིས། །དང་པོས་ཀྱི་ཐམས་ཅད་ཉོན་ཅིག་ཟེར་བ་ཐོས། །གཉིས་པས་ཐམས་ཅད་འདིར་འདུས་ཟེར་བ་ཐོས། །གསུམ་པས་ཐམས་ཅད་མདུན་དུ་འདུས་པར་དམིགས། །དེ་ནས་རང་གི་བེམ་རིག་ཕྲལ་བའི་ཚེ། །རང་གི་རྣམ་ཤེས་ཐིག་ལེ་དཀར་པོ་ནི། །བྱེ་མ་སར་གྱི་སྒོ་ང་ཙམ་ཞེས་དང་། །བྱིའུ་ལྕོག་ཆུང་སྒོ་ང་ཙམ་ཞེས་པ། །ཆེ་ཆུང་རང་གིས་མཛུབ་ཆུང་མགོ་ཙམ་ལ། །དཀར་འཚེར་སྣུམ་ལ་འདྲིལ་བར་


CMR053_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་འཐུས། །འོན་ཀྱང་རི་བོ་པོ་ཏའི་ནགས་གསེབ་ནས། །ལྕོག་ཆུང་ཞེས་བྱ་སྤྲུལ་པའི་བྱིའུ་ཡོད་དེ། །དེ་ཡི་སྒོ་ང་ཤེལ་གྱི་ཁ་དོག་ཅན། །འོད་ཟེར་འབར་བས་འདོམ་གང་མུན་པ་བསལ། །ཡེ་ཤེས་ལྔ་མཚོན་སྒོང་ཆུང་ཁ་དོག་ལྔ། །དེ་དབུས་མཐིང་ཁ་རྡོ་རྗེ་ཡུངས་འབྲུ་ཙམ། །རང་སེམས་སྒོ་ང་དེ་ལ་དམིགས་བྱས་ལ། །འཕོས་ན་བླ་མེད་གོ་འཕང་མྱུར་ཐོབ་གསུངས། །རྐང་གླིང་མཚན་ཉིད་ཐིག་ལེའི་ཆེ་ཆུང་ཚད། །མ་གཅིག་གསུང་བཞིན་འདི་རུ་མདོར་བསྡུས་ནས། །གཅོད་པ་ཀརྨ་ཆོས་འཕེལ་འདོད་དོན་ལྟར། །ཚིག་ཉུང་དོན་གསལ་༧རཱ་གའི་མིང་གིས་བཀོད། །དགེ་བས་ཤེར་ཕྱིན་བསྟན་པ་མཐའ་རྒྱས་ཤོག། །།མངྒ་ལཾ། །


previousརྐང་གླིང་མཚན་ཉིད་ཐིག་ལེའི་ཆེ་ཆུང་ཚད།next