Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
སྙན་བརྒྱུད་གསལ་བའི་མེ་ལོང་འདིའི་ལུང་མ་ཐོབ་པར་གཞན་ལ་བསྟན་ན་ཆོས་སྐྱོང་བྱ་རོག་གདོང་དང་ལས་མགོན་རྣམས་ཀྱིས་ཕྲག་དོག་འོང་། དམིགས་འབུམ་བུ་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙན་བརྒྱུད་གསལ་བའི་མེ་ལོང་འདིའི་ལུང་མ་ཐོབ་པར་གཞན་ལ་བསྟན་ན་ཆོས་སྐྱོང་བྱ་རོག་གདོང་དང་ལས་མགོན་རྣམས་ཀྱིས་ཕྲག་དོག་འོང་། དམིགས་འབུམ་བུ་ཡིགnext

སྙན་བརྒྱུད་གསལ་བའི་མེ་ལོང་འདིའི་ལུང་མ་ཐོབ་པར་གཞན་ལ་བསྟན་ན་ཆོས་སྐྱོང་བྱ་རོག་གདོང་དང་ལས་མགོན་རྣམས་ཀྱིས་ཕྲག་དོག་འོང་། དམིགས་འབུམ་བུ་ཡིག


CMR053_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༼ཧེ༽ །སྙན་བརྒྱུད་གསལ་བའི་མེ་ལོང་འདིའི་ལུང་མ་ཐོབ་པར་གཞན་ལ་བསྟན་ན་ཆོས་སྐྱོང་བྱ་རོག་གདོང་དང་ལས་མགོན་རྣམས་ཀྱིས་ཕྲག་དོག་འོང་། དམིགས་འབུམ་བུ་ཡིག་ལགས། །


CMR053_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །སྐྱེ་མེད་འགག་མེད་རྒྱལ་བའི་ཡུམ། །བདེ་ཆེན་ངང་ལས་ཌཱཀྐི་མ། །དྲི་མེད་ཐུགས་སྤྲུལ་ལབ་སྒྲོན་ཞབས། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དགོས་མེད་ཞེན་མེད་གཏེར་ལ་སྤྱོད། །མི་ཟད་འཕགས་པའི་ནོར་གྱིས་ཕྱུག །མ་ནོར་ལམ་མཆོག་སྟོན་མཛད་པའི། །ཕ་ཡིད་བཞིན་ནོར་བུའི་ཞབས་ལ་འདུད། །སྙན་བརྒྱུད་ཞལ་གདམས་བདུད་རྩི་འདི། །བྲག་སེང་གེའི་གདོང་གི་མཐའ་རྩ་རུ། །མ་གཅིག་ཇོ་མོ་ལབ་སྒྲོན་གྱིས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བཤམས། །རྒྱལ་བའི་ཡུམ་ལ་གསོལ་བ་བཏབ། །ཡུམ་སྤྲུལ་རྡོ་རྗེ་རྣལ་འབྱོར་མས། །


CMR053_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་མ་གཅིག་ཉིད་ལ་གནང་། །ཡུམ་གྱིས་ཐོད་སྨྱོན་ལ་སོགས་པ། །ཕ་མདོ་སྟོན་རྒྱལ་པོ་ཡན་ཆད་ལ། །སྙན་ནས་སྙན་དུ་བརྒྱུད་པའི་ཆོས། །མ་ལྔ་བུ་བརྒྱ་སུམ་ཅུ་ཡི། །གསེར་ཕྲེང་ཞལ་གདམས་བཅོ་བརྒྱད་དང་། །རིན་ཆེན་སྒྲོན་མ་སྐོར་གསུམ་དང་། །ཟབ་དོན་ཐུགས་སྙིང་འཕྲུལ་གཅོད་དང་། །སྙིང་ཚིམ་ལེའུ་ཡན་ལག་བརྒྱད། །རིག་པ་འཕྲུལ་གྱི་ལྡེའུ་མིག་དང་། །བློ་དམན་འདུལ་ཕྱིར་ཐོར་བུ་ཡོད། ། ཁྲིག་ཆགས་ཚང་བའི་ཡིག་རིས་མེད། །སྙན་བརྒྱུད་གསལ་བའི་མེ་ལོང་འདི། །དད་ལྡན་རྣམས་ཀྱིས་བསྐུལ་བའི་ངོར། །ཡི་དམ་མ་གཅིག་སངས་


CMR053_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་། །ཌཱ་ཀིའི་ཚོགས་ལ་གསོལ་བ་བཏབ། །སྲོད་ལ་ཌཱ་ཀིའི་ཚོགས་འདུས་ནས། །དུང་དཀར་གཡས་གཡོན་དབུས་སུ་བསྒྲགས། །དངོས་སུ་སྐྱེས་བུ་དུང་བུས་གསུངས། ། རྐང་གླིང་བླངས་ནས་ལན་གསུམ་བུས། །ཐོ་རངས་བུད་མེད་མཛེས་མ་གསུམ། །བྱུང་ནས་ཤོག་སྡེབ་བཅུ་གསུམ་དང་། །ཞོ་ཕོར་གང་གནང་མཁའ་ལ་འཕུར། །བརྡའ་རུ་གོ་ནས་བྲིས་པ་འདི། །མ་གཅིག་སངས་རྒྱས་མཁའ་འགྲོ་དང་། །ཌཱ་ཀིའི་ཚོགས་ལ་བཟོད་པར་གསོལ། ༼༡༽ །དང་པོ་གཉན་ཁྲོད་འགྲིམ་པའི་དུས། །ལུས་འདི་རོ་ཡི་ཚུལ་དུ་འགྲོ། རིག་པ་རོ་ཁུར་ཚུལ་དུ་འགྲོ། །གཉན་ས་དུར་ཁྲོད་ཚུལ་དུ་བསམ། །ལྷ་འདྲེ་གཅན་སྤྱང་ཚུལ་དུ་དམིགས། ༼༢༽ །སླེབས་ནས་དམིགས་པ་འདི་གསུམ་བྱ། །གཏོང་ཕོད་བློས་སྒྱུར་ཆེ་བ་ནི། །ལུས་ལ་མ་ཆགས་ལྟོས་མེད་སྦྱིན། །སྟོང་ཉིད་རྒྱ་ཆེན་ཆེ་བ་ནི། ། །སྐྱེ་མེད་རྟོགས་མེད་ངང་ལ་བཞག །ཉམས་ལེན་ཞེ་ཕུག་ཆེ་བ་ནི། །ཡེངས་མེད་སྙེམས་མེད་བརྩོན་འགྲུས་གཅེས། །རྒྱུན་གྱི་དམིགས་པ་རྣམ་གསུམ་ཡིན། ༼༣༽ །བློ་དམན་འགྲོ་སྔོན་དམིགས་པ་ནི། །རང་ཉིད་ཐ་མལ་ཡོད་པ་ཡི། །སྤྱི་བོར་པདྨ་ཉི་ཟླའི་སྟེང་། །མ་གཅིག་


CMR053_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་སྐུ་ལས་ནི། །བདུད་རྩི་བྱུང་ནས་རང་ལུས་གང་། །རང་གི་ནད་གདོན་སྡིག་སྒྲིབ་རྣམས། །ལྷ་འདྲེ་རྣམས་ལ་ནག་འགྱེད་བྱ། །མང་བྱས་མཐར་ནི་རང་ལུས་བསྐྱེད། །དགའ་མགུར་གྱུར་ནས་རང་སར་ཡལ། །སྐྱེ་མེད་སྟོང་པའི་ངང་དུ་བཞག ༼༤༽ །དེ་ནས་དཀར་ཚོགས་དམིགས་པ་ནི།་་་ཚོགས་གཉིས་ཟུང་དུ་འབྲེལ་བ་གཞི་བདག་རིགས་དྲུག་ལ་དཀར་འགྱེད་དཀར་ཚོགས་དམིགས་པ། མཆན། །དང་པོ་སྟོན་འབྱེད་བྱ་བ་ནི། །རང་ལུས་ཚོ་སྣུམ་བར་སྣང་གང་།་་་ཤཱཀྱ་ཐུབ་པ་ལ་འདས་མ་འོངས་ད་ལྟ་དུས་གསུམ། གཡས་སུ་ཡུམ་ཆེན་ལ་རིགས་ལྔ་དང་དམ་པ་མ་གཅིག་ཁྲོས་མ་ནག་མོ་མཁའ་འགྲོ་བཞིའི་བསྐོར་བ། མཆན། །དེ་ནས་ཟིལ་ནོན་ནམ་མཁའ་གང་། །དེ་ནས་འཆིང་བྱེད་ས་གཞི་གང་། །འདྲེན་ལུགས་བླ་མའི་ཞལ་ལས་ཤེས། ༼༥༽ །ཕྱོགས་མེད་གཉན་ཁྲོད་འགྲིམས་པའི་དུས། །འགྲོ་ལུགས་རྣམ་བཞིའི་ཤེས་པ་གཅེས། །དེ་ཡང་དཔའ་བོའི་འགྱིང་འགྲོས་ནི། །ཁྲོ་བོ་སྟོབས་ཆེན་འགྱིང་ནས་འགྲོ། །རྣལ་འབྱོར་པ་ཡི་གདིང་འགྲོས་ནི། །ལམ་གྱི་སོ་པ་གཟིར་ཞིང་འགྲོ། །མཁའ་འགྲོ་མ་ཡི་གར་འགྲོས་ནི། །ལྷ་འདྲེ་ལུས་ལ་བསྟིམ་ཞིང་འགྲོ། །སྦྲུལ་ནག་འཁྱུག་འགྲོས་བྱ་བ་ནི། །ས་བདག་ཀླུ་


CMR053_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་མ་ལུས་རྣམས། །གནས་དང་བཅས་པ་ཕྱག་ན་ཁྱེར། །འདྲ་བ་གསུམ་གྱི་མན་ངག་ལགས། ༼༦༽ དྲུག་པའི་ལེན་མི་འདུག མཆན། ༼༧༽ །སྔ་མས་སྔ་རུ་མ་ནོན་ན། །དགྲ་ངན་དག་ལ་བྱ་ཤོར་འདྲ། །ཞེས་པས། སྔ་མས་ཟིལ་གནོན་བཏང་བ་ཡིན། །དེ་ལ་དམིགས་པ་བདུན་དུ་ཡོད། །རི་ལ་སེང་གེའི་ཟིལ་གནོན་བཏང་། །བྲག་ལ་གསེར་གྱི་རྡོ་རྗེ་བཏང་། །ཆུ་དང་མཚོ་ལ་མེ་ཡི་བྱ་ཁྱུང་བཏང་། །ལམ་དང་ཐང་ལ་རྡོ་རྗེ་རྒྱ་གྲམ་བཏང་། །ལྷ་ཁང་ཕུག་པ་མཆོད་རྟེན་ལ། །མེ་ཡི་ཐོ་ལུམ་འབར་བས་མནན། །ལུང་སྟོང་ཐང་ཆེན་རྡོ་རྗེའི་བྲག་རིས་བཅད། །ཤིང་གཅིག་ནགས་ཚལ་རྒྱ་སྟ་ངར་མས་བཅད། ༼༢༽ །བར་མས་བར་དུ་མ་ནོན་ན། །དཔའ་བོའི་ལག་གི་མཚོན་ཤོར་འདྲ། །རྡོ་དང་ཤིང་བུ་ཁྱེར་བ་ཡིན། །རྡོ་དང་ཤིང་བུ་གང་རུང་ལ་ཧཱུྃ་ཡིག་བྲིས་ལ། དེ་ལ་ཁམས་གསུམ་གྱི་ལྷ་འདྲེ་བསྡུས་ལ་བསྟིམ། དེ་ནས་ཡུལ་སོ་སོར་ཕཊ་བྱ། ས་ཆ་གང་ལ་འདུག་ཀྱང་དེའི་ལྷ་འདྲེ་བསྡུས་ལ་མལ་འོག་ཏུ་ལྕགས་ཀྱི་ཁང་པ་སྒོ་དང་སྲུབ་མེད་པ་ཞིག་གི་ནང་དུ་བཅུག་ནས་རྡོ་རྗེའི་སྦྲུལ་ཞགས་དེས་བསྣོལ་མལ་རྒྱ་གྲམ་གྱིས་བཅིང་བར་བསམ། ༼༩༽ །ཕྱི་མས་ཕྱི་རུ་མ་ནོན་ན། །ནོར་ངན་ཕྱི་རྗེས་འབྲང་བ་འདྲ། །ཕྱི་མས་ཡར་བར་མིག་མཐོང་


CMR053_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སར། །ཐོ་བརྩེགས་སྙིང་ཁར་བྱ་ཁྱུང་བཞག །དེ་ནི་གནད་ཀྱི་དམིགས་པ་ཡིན། ༼༡༠༽ །ད་ནི་གཞུང་ལྔའི་དང་པོ་ལ། །སྐྱབས་གནས་དམ་པ་སུམ་བརྩེགས་ནི། །རང་ལུས་སྟོང་གསུམ་གང་བའི་སྟེང་། །གདན་བཞི་རོ་མགོ་གཡོན་བསྟན་དབུས། །རྡོ་རྗེ་རྣལ་འབྱོར་སྐུ་མདོག་དམར། །སྤྱན་གསུམ་དམར་ཟླུམ་རབ་ཏུ་འདྲིལ། །ཕྱག་གཉིས་གྲི་ཐོད་གར་སྟབས་བཞུགས། །གཡོན་བརྐྱང་རོ་ཡི་འཕོངས་སྟེང་མནན། །གཡས་བསྐུམ་རྟིང་པ་བྷ་གར་གཏད། །སྐེད་ཕྲ་ཁ་ཊཾ་གྲུ་མོར་བརྟེན། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་དོ་ཤལ་རྒྱུན་དྲུག་གསོལ། །གཡས་སུ་དམ་པ་དམར་སྨུག་ལ། །གསེར་གྱི་རྡོ་རྗེ་རྒྱན་དྲུག་མཛེས། །སྐྱིལ་ཀྲུང་ཅང་ཏེའུ་རྐང་གླིང་འཛིན། །ཤངས་ཟུར་སྤྱན་རྩ་དམར་ལ་འཁྲུག །གཡོན་ན་མ་གཅིག་ཌ་དྲིལ་བསྣམས། །ཕ་རྒྱུད་མ་རྒྱུད་མཁའ་འགྲོའི་ཚོགས། །གྲངས་ལས་འདས་པས་བསྐོར་ནས་བཞུགས། །དེ་སྟེང་གཞུ་འདོམ་གང་བའི་སར། །ཉི་ཟླ་པདྨའི་གདན་སྟེང་དུ། །བསྟན་པའི་བདག་པོ་འཁོར་བཅས་བསྐྱེད། །དེ་སྟེང་གདན་གསུམ་སྟེང་དུ་ནི། །ཡུམ་ཆེན་གསང་སྔགས་ལྷ་ཚོགས་བསྐྱེད། །དེ་ནས་རིག་པ་


CMR053_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁར་བསྟིམ། །བསྡུས་པའི་སྤྱི་བོར་ཟང་ཐལ་དམིགས། །ཕཊཀྱིས་རིག་པ་ཌཱཀྐིར་བསྐྱེད། །ཌཀྐི་མ་ཡི་ཐུགས་ཀ་ནས། །ལས་ཀྱི་ཊཱཀྐི་བྱུང་ནས་སུ། །མི་མགོའི་སྒྱེད་པུ་གསུམ་བཙུགས་ནས། །བྷནྡྲ་བྲེག་ནས་དེ་སྟེང་བཀལ། །ནང་དུ་རང་གི་ལུས་པོ་བཅུག །འབྲུ་གསུམ་བརྗོད་པས་རྒྱ་ཆེར་བསྐྱེད། །བེམ་པོ་གྲི་གུག་དག་གིས་གཏུབ། །སྙིང་བླངས་གཏོར་མའི་ཚུལ་དུ་བྱ། །ཤ་ཁྲག་རུས་གསུམ་གཏོར་མར་བརྒྱན། །ཐབ་འོག་ཡཾ་རླུང་རཾ་མེ་གཡོས། །བདུད་རྩི་ཁོལ་ནས་འཕྱུར་བ་དང་། །ལས་མཁན་གྲི་གུག་ལན་གསུམ་དཀྲུགས། །ལྦུ་བ་མི་གཙང་ལྷན་གྱིས་བོ། །དྭངས་མའི་སྟེང་གི་ལྷ་ཚོགས་ཀྱིས། །ལྗགས་ཀྱི་སྦུ་གུས་བདུད་རྩི་གསོལ། །དེ་ནི་ཌཱཀྐི་གྲངས་མེད་སྤྲུལ། །རིགས་དྲུག་མགྲོན་ལྟར་ཡོད་པ་ལ། །འདོད་དགུའི་དཔག་མེད་བསྐྱེད་བར་བསམ། །སྐྱེད་པུའི་ཡི་གེ་གསུམ་དུ་གྱུར། །ཐོད་པར་ཐིམ་པས་ཨ་རུ་གྱུར། །ཨ་ཡང་རིགས་དྲུག་ཌཱ་ཀིར་ཐིམ། །མཁའ་འགྲོ་འབུམ་ཡང་ཏྟཀིར་ཐིམ། །ཌཀྱི་གཙོ་མོ་ཉིད་ལ་ཐིམ། །འཁོར་ཡང་གཙོ་མོ་ཉིད་ལ་ཐིམ། །ཡུམ་ཆེན་འཁོར་ཡང་ཡུམ་ལ་ཐིམ། །ཡུམ་ནི་ཐུབ་པ་ཉིད་ལ་འདུས། །ཐུབ་པའི་འཁོར་


CMR053_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐུབ་པ་ཉིད། །དེ་ཡང་རྣལ་འབྱོར་མ་ལའོ། །རྣལ་འབྱོར་མ་ཡང་འཇའ་ལྟར་ཡལ། །ཕཊཀྱིས་སྐྱེ་མེད་ངང་དུ་བཞག །བསྔོ་བ་སྨོན་ལམ་རྒྱ་ཡིས་གདབ། ༼༡༡༽ །སྒྱུ་ལུས་གཅེས་འཛིན་ཞིག་པ་ལ། །བེམ་པོ་བསྐྱུར་བའི་དམིགས་པ་ནི། །བདག་ལུས་ཤིན་ཏུ་ཆེ་བར་བསམ། །མགོ་རྐང་ལུང་པ་ཕུ་མདའ་ཁེངས། །གཞོགས་ཀྱིས་ལུང་པའི་གཡས་གཡོན་མནན། །གསང་གནས་ནས་ནི་སྤྱི་བོའི་བར། །རྩ་གསུམ་གཡས་དཀར་གཡོན་དམར་དང་། །དབུས་མཐིང་མདའ་སྨྱུག་ལང་བ་འདྲ། །འདུས་མདོར་རིག་པའི་ངོ་བོ་ནི། །འོད་ཀྱི་རང་བཞིན་བྱ་སྒོང་ཙམ། །ཤེས་གཏད་རླུང་བཟུང་ཕཊཀྱིས་ཕུད། །དབུས་མཐིང་བརྒྱུད་ནས་སྤྱི་བོར་ཐིམ། །འཕར་འཕར་ལིང་ལིང་འཕར་བ་ལས། །ཤེས་པ་གཏད་ཕཊ་ཀྱི་ནམ་མཁའ་དང་། །ངོ་བོ་དབྱེར་མེད་བསྲེས་པར་བསམ། །ཤིན་ཏུ་ཆེ་བའི་ལུས་པོ་འདི། །སྣང་སྲིད་ལྷ་འདྲེའི་ཧབ་ཐོབ་ཟོས། །སྐྱེ་མེད་ངང་ལ་མ་བཅོས་བཞག །བསྔོ་བ་སྨོན་ལམ་རྒྱ་ཡིས་གདབ། ༼༡༢༽ །འཕེན་ལེན་ཕྱི་ཡི་དམིགས་པ་ནི། །རང་ལུས་ཚོ་སྣུམ་ཆེ་བར་དམིགས། །སྤྱི་བོ་ཉི་ཟླའི་གདན་སྟེང་དུ། །ཌཱཀྐི་དཀར་མོ་རུས་རྒྱན་


CMR053_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །གྲི་གུག་ཁ་ཊཾ་ཐོད་པ་བསྣམས། །སྤྱན་གསུམ་ཞབས་གཉིས་གར་སྟབས་ཅན། །འཁོར་དུ་རིགས་བཞིའི་མཁའ་འགྲོས་བསྐོར། །རང་གི་སྙིང་ནས་སྤྱི་གཙུག་བར། །དབུ་མ་ཁྲུ་གང་གསལ་བ་ཡི། །ཤེས་པའི་ངོ་བོ་ཕཊ་ཀྱིས་ཕུད། །རྗེ་བཙུན་མ་དང་དབྱེར་མེད་གྱུར། །བེམ་པོ་ཤིན་ཏུ་ཆེ་བ་དེ། །ཌ་ཀིས་ཕྱག་གི་གྲི་གུག་གིས། །གཏུབས་ནས་ཤ་རི་ཁྲག་མཚོར་བསྒོམ། །ཌཀྐི་ཐུགས་ཀྱི་འོད་ཟེར་འཕྲོས། །དམར་མོ་ལྕགས་ཀྱུས་ཕཊ་ཀྱིས་ཕུད། །སྣང་སྲིད་ལྷ་འདྲེ་མ་ལུས་རྣམས། །གྲངས་མེད་ཟོས་འཐུང་བཅོམ་པར་བསམ། །འདོད་དགུར་མཉེས་ནས་ཚིམ་པར་བསམ། །མ་བཅོས་གཉུག་མའི་ངང་ལ་བཞག ༼༡༣༽ །ཕྱི་ཡི་ས་དགྲ་འཕེན་ལེན་ནི། །ཆུ་དང་བྲག་དང་ཤིང་དགྲ་དང་། །མཚོ་དཀྱིལ་གངས་ཀྱི་རྩེ་མོ་ལ། །ཕར་ཕྱིན་དམིགས་པའི་ལུས་སྦྱིན་བྱ། །མཚོ་དང་གངས་ལ་ཕཊ་སྒྲ་བྱ། །རང་སེམས་རྣལ་འབྱོར་མ་རུ་གྱུར། །དེ་ཡིས་རང་གི་པགས་པ་བཤུས། །གངས་བྲག་ཤི་དང་མཚོ་དཀྱིལ་དབུས། །སྒལ་ཚིགས་ཀྱིས་ནི་ཀ་བ་ལ། །མི་མགོ་སུམ་བརྩེགས་ཀྱི་ནི་ཏོག །རྐང་ལག་བརྒྱད་ཀྱི་ཆོན་ཕུར་བྱས། །རྒྱུ་མའི་ཆོན་ཐག་བཅས་པར་བསྒོམ། །དེ་ཡི་


CMR053_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་རང་ལུས་ཀྱིས། །འཇིག་རྟེན་ཁེངས་པར་བསྒོམ་པར་བྱ། །ཡང་ན་ལྕགས་ཀྱུས་་་་་རང་རྣལ་འབྱོར་མར་བསྒོམ་ལ་ལྕགས་ཀྱུས་རང་དབང་མེད་པར། མཆན། བཀུག་ལ་སྦྱིན། ༼༡༤༽ །ཀེང་རུས་ཆེན་པོའི་དམིགས་པ་ནི། །སྙིང་ནང་རྩ་གནས་གོང་དང་འདྲ། །རིག་པ་གོང་ལྟར་ཕཊ་ཀྱིས་ཕུད། །རྒྱང་གྲགས་གཅིག་གི་ནམ་མཁའ་ལ། །ཕ྄ཊ་ཀྱིས་ཕུད་ལ་ནམ་མཁར་བསྲེས། །བེམ་པོ་ཤིན་ཏུ་ཆེ་བ་དེ། །ཉ་ཚོས་རོ་དཀྲུག་ཇི་བཞིན་དུ། །ཤ་ཁྲག་རུས་རྣམས་ཁ་ཁར་ཕྱེས། །ཤ་ཁྲག་ལྷ་འདྲེས་ཧབ་ཐོབ་བྱས། །དཔེར་ན་ཞོ་རྐྱལ་བྱོས་པ་བཞིན། །ཚིལ་བུ་ཞག་གིས་ལྷ་འདྲེ་ཚིམས། །དེ་ནས་རུས་པའི་ཐོད་ཕོར་ལ། །ཤེས་གཏད་ཕཊ་ཀྱིས་ཐོད་ཕོར་སྦྱར། །གྲངས་མེད་གཏོང་ལ་དམིགས་མེད་བཞག །བུ་ལོན་ལན་ཆགས་བྱང་བར་བསམ། ༼༡༥༽ །གཉན་ས་གཅིག་་་་གཉན་ས་ཡི་ཤིང་བུ་རྡེའུ་བུ་རིམ་བཞིན་དུ་ཤེས་པར་བྱ། མཆན། ནས་བརྒྱ་གཅོད་ན། །ལུས་བསྐྱེད་རྩ་གནས་གོང་དང་འདྲ། །རིག་པ་སྤྱི་གཙུག་ཕཊ་ཀྱིས་ཕུད། །ནམ་མཁར་རྗེ་བཙུན་དམར་མོར་གྱུར། །གྲི་གུག་ཐོད་པ་ཁ་ཊཾ་འཛིན། །སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས། །མདུན་དུ་ཐོད་པའི་སྒྱེད་པུ་


CMR053_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས། །ཡྃ་རྃ་ཀྃ་གྱིས་བོན་བཞག །རང་གི་ལུས་ལ་ཕོག་ནས་བཀས། །ནང་དུ་བེམ་པོ་གཏུབས་ནས་བླུག །ཡྃ་རྃ་ཁྃ་གིས་སྦྱོར་བ་ལ། །རྫས་རྣམས་ཞུ་ནས་ལྷན་གྱིས་བོ། །རི་བྲོག་གཉན་ས་དུར་ཁྲོད་ཀྱི། །རྟེན་གནས་གྲི་གུག་དག་གིས་བཅད། །ཆུ་མཚོ་ཀ་པཱ་ལ་ཡིས་བཅུས། །བདུད་རྩིར་བླུགས་ནས་སྦྱང་པ་ཡིས། །གཉིས་མེད་འདྲེས་པའི་རྒྱ་མཚོར་བསམ། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རློབས། །རྗེ་བཙུན་མ་དང་མཁའ་སྤྱོད་ལས། །ཊཱཀྐི་གྲངས་མེད་བྱོན་ནས་གསོལ། །ལན་གསུམ་དག་ལས་མང་མི་བྱ། །ལྷག་མ་ལྷ་འདྲེ་ཡོངས་ལ་བཀྱེ། །སྟོང་གསུམ་ལྷ་འདྲེ་མ་ལུས་རྣམས། །རྗེ་བཙུན་མ་ལ་བསྡུས་ནས་སུ། །ཕཊ་ཀྱིས་སྟོང་པའི་ངང་ལ་བཞག ༼༡༦༽ །དབང་བསྡུས་མགྲོན་འགུགས་ལ་ཡང་གཉིས། །ཞི་བ་དང་ནི་དྲག་པོ་དང་། །ཞི་བ་ལ་ནི་འདི་ལྟར་རོ། །རང་ཉིད་མ་གཅིག་ཐུགས་ཀ་ནས། །འོད་དཀར་ལྕགས་ཀྱུ་ལྟ་བུར་འཕྲོས། །སྣང་སྲིད་ལྷ་འདྲེ་མ་ལུས་བསྡུས། །ཕ྄ཊ་ཀྱིས་རང་འོག་བསྡུས་པར་བསམ། །ལན་གསུམ་བྱས་ནས་ལུས་སྦྱིན་བྱ། །སྙིང་རྗེ་སེམས་ལྡན་སྟོང་ཉིད་བསྒོམ། ༼༡༧༽ །དྲག་པོའི་བྲོས་བཀུག་དབང་སྡུད་ནི། །རང་ཉིད་ཁྲོས་མ་ནག་


CMR053_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མོར་བསྒོམ། །ཕཊ་ཀྱིས་འོད་ཟེར་སྙིང་གར་བསྡུ། །འོད་ཟེར་རྡོ་རྗེའི་ཚྭ་ཚྭ་དང་། །ལྕགས་ཀྱུ་ནག་པོའི་རང་བཞིན་འཕྲོས། །འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་རྣམས། །གནས་དང་བཅས་པ་བཀུག་པར་བསམ། །རང་དབང་མེད་པར་འདི་རུ་བསྡུས། །ཕ་མར་དམིགས་ལ་ལུས་སྦྱིན་བྱ། །གསུམ་ལས་མི་མང་སྐྱེ་མེད་བསྒོམ། ༼༡༨༽ །གལ་ཏེ་ལུས་སེམས་བག་ཆགས་ཐབས། །ཀུན་རྫོབ་བདེན་པར་འཛིན་པ་སྟེ། །རྫུན་ཕུག་གཏིབ་པའི་དམིགས་པ་གཅེས། །ཕུག་སྟོང་ཁང་སྟོང་འཇིགས་ས་རུ། །ཕྱི་ན་དུར་ཁྲོད་ཆེན་པོར་དམིགས། །འདྲེ་རྒོད་རོལ་ཆས་བསུ་བར་བྱེད། །རོ་རུལ་མགོ་སྡུམ་བམ་པ་དང་། །ཟོས་དང་ཕྱེད་ཟོས་ཀེང་རུས་རྣམས། །བསམ་མེད་མགོ་བོ་བཏེགས་ནས་བལྟ། །རང་ཉིད་དཀྱིལ་བསྡད་ཚུར་ལ་ནུར། །རོ་ལ་རྔམ་པའི་འདྲེ་རྒོད་དང་། །གཅན་སྤྱང་དུག་སྦྲུལ་སྲེ་མོང་རྣམས། །མི་ནག་མགོ་བོ་བཅུ་གཅིག་པ། །ལག་པ་བཅུ་གཅིག་སེང་གེ་ཞོན། །བམ་གཉིས་སྔ་ཤ་ཕྱི་ཤ་བྱས། །ཁ་མིག་མཆེ་གཙིགས་ཁྲག་གིས་བརྒྱན། །མདུན་དུ་ལག་པས་ཉུལ་ཉུལ་བྱེད། །གཡས་སུ་སྟག་ཞོན་དེ་དང་མཚུངས། །གཡོན་དུ་དོམ་ཞོན་ལྕགས་


CMR053_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྡེར་རྣོ། །རྒྱབ་ཏུ་དྲེད་ཞོན་སྤུ་གྲི་ཅན། །འཇིགས་གཟུགས་དཔག་མེད་བསྟན་བསམས་ནས། །ཕཊ་ཀྱིས་ཤེས་པ་དབྱིངས་སུ་བསྲེ། །བེམ་པོ་ཧབ་ཐོབ་བྱས་པར་དམིགས། །བདུན་ནམ་བཅུ་གཅིག་བར་དུ་བྱ། །ཕཊ་ཀྱིས་དམིགས་མེད་ཆེན་པོར་བཞག ༼༡༩༽ །རྣལ་འབྱོར་ཏིང་འཛིན་ཞེན་པ་ལ། །མ་ལྷོང་ལྷོང་བའི་དམིགས་པ་དགོས། །རང་ཉིད་མ་གཅིག་གར་སྟབས་ཅན། །གྲངས་མེད་ནམ་མཁའ་ས་གཞི་གང་། །ཕཊ་ཀྱིས་ས་གཞི་འདར་གཡེང་བར། །གར་སྟབས་ཕཊ་ཀྱིས་ཞལ་ཤེས་དྲིས། །དེས་ནི་ལྷོང་བར་ཐེ་ཚོམ་མེད། ། ༼༢༠༽ །ཕཊ་མེད་གོང་གི་དམིགས་པ་ནི། །མ་ནོན་བསྙིལ་བ་ང་རང་ཤེས། ༼༢༡༽ །ཆོ་འཕྲུལ་ཆེ་ནས་ཚར་ཚད་དཀོན། །དེ་ལ་ཕྱུག་པོའི་ཐིབ་ནོན་བྱ། །རིག་པ་དབྱིངས་དང་། བསྲེས་ནས་སུ། །བེམ་པོ་ཤིན་ཏུ་ཆེ་བར་དམིགས། །བེམ་པོ་ཤ་རུལ་ཁྲག་རུལ་གྱིས། །མི་མ་ཡིན་རྣམས་གཡོགས་ནས་སྤང་། །འདྲེས་ནས་ལང་མི་ནུས་པར་བསམ། །དེ་ནི་ཚར་ཚད་མྱུར་དུ་འོང་། ༼༢༢༽ །ཆོ་འཕྲུལ་འདྲེས་ནས་མགོ་བསྐོར་ན། །དེ་ལ་གསེར་གྱི་ལྡེའུ་མིག་དགོས། །རིག་པ་ཕུད་ལ་ཊཱཀྐིར་བསྐྱེད། །བེམ་པོའི་རྐང་ལག་གསུམ་བཅད་


CMR053_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྐྱེད་དུ་བཙུགས་ལ་ཡུལ་ཆེན་བཀང་། །གཉན་སའི་རི་བྲག་པས་རི་བོ་ལྔ་ནི་གངས་རི་དང་བྲག་རི་གཡའ་རི་སྤང་རི་ནགས་རི་དང་ལྔའོ། མཆན། གྲི་གུག་གཏུབ། །ཆུ་མཚོ་ཀ་པཱ་ལ་ཡིས་བཅུས། །བེམ་པོ་དང་བཅས་སྤེལ་ནས་སུ། །མགྲོན་རྣམས་ཐམས་ཅད་ཌཱཀྐིར་དམིགས། །མཆོད་སྦྱིན་གོང་ལྟར་བསྐྱེད་པ་ནི། །ཆོ་འཕྲུལ་ཚར་ཚད་འདྲེས་པ་རྣམས། །དེ་ཡིས་སེལ་བར་ཐེ་ཚོམ་མེད། །མ་ཆོད་ཆོད་པའི་མཆོག་ཡིན་ནོ། །སྙན་བརྒྱུད་ཁོང་ཆུང་གདེང་ཐོབ་ཀྱིས། །རང་གཞན་གང་ཡང་རུང་བ་ལ། །དུག་ལྔ་མ་རིག་འཁྲུལ་པའི་ནད། །འབྲས་བུ་སྡུག་བསྔལ་ན་ཚ་རྣམས། །སྒྱུ་ལུས་ཕུང་པོ་མ་ཞིག་ན། །འཇིག་རྟེན་སྒྱུ་མར་མ་མཐོང་ཚེ། །རྨི་ལམ་དུས་ཀྱི་མཚན་ཉིད་བཞིན། །གཅེས་ཀྱང་ན་ཚ་བྱུང་གྱུར་ན། །ཟ་འདོད་སྨན་པ་སུན་མི་འབྱིན། །སྙན་བརྒྱུད་ནད་གདོན་དམིགས་པ་བྱ། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀྱང་། །བསྡུ་ན་གསུམ་དུ་འདུས་པ་ཡིན། །རླུང་མཁྲིས་བད་ཀན་གསུམ་དུ་འདུས། ༼༢༣༽ །ཚད་པའི་ནད་ལ་འདི་ལྟར་བྱེད། །སྐྱབས་འགྲོ་སེམས་བསྐྱེད་ཉེར་གཅིག་བྱ། །ཤེས་པ་ཆོས་ཉིད་གཏེར་དུ་སྦས། །བེམ་པོའི་མདུན་དུ་སེང་ཞོན་དམིགས། །


CMR053_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོ་བཅུ་གཅིག་མིག་གིས་གང་། །ལག་པ་བཅུ་ཡི་ལྷུ་ཚིགས་ངར། །ན་སར་ཟངས་སྨྱུག་རྒྱབ་ལ་འབྱུང་། །ལྷག་མ་མི་མིན་ཡོངས་ལ་བཀྱེ། །ཁ་ཟས་དྲོད་ཆེན་ཤ་ཆང་བསྟེན། །བར་བར་འཁྱག་པའི་དཀྱིལ་དུ་དམིགས། །ཡང་གཅིག་ཁ་བསྒྱུར་འདི་ལྟར་བྱ། །ནང་གི་འབྱུང་བ་ལྔ་པོ་འདི། །ཕྱི་ཡི་འབྱུང་བ་ལྔ་ལ་བསྟིམས། །ངོ་བོ་ག་པུར་ལས་བྱུང་བའི། །ཆུ་ཡི་འཁོར་ལོས་རོ་སྟོད་གང་། །འཁྱག་ཅིང་འདར་ལ་ཤེས་པ་གཏད། །ནད་འཇོམས་དགེ་བའི་གྲོགས་སུ་བཟང་། ༼༢༤༽ །གྲང་བའི་ནད་ལ་དམིགས་པ་གཉིས། །སྐྱབས་འགྲོ་ལུས་སྦྱིན་གོང་དང་འདྲ། །ལྟེ་འོག་ཐེར་ཞབས་རྒྱུ་ཐིལ་དུ། །སྔར་གྱི་སེང་ཞོན་མགོ་མང་གིས། །ལྕགས་སྲེག་ཐོ་ལུམ་འབར་བ་བརྒྱབས། །གྲང་བའི་རིགས་བྱེད་མ་ལུས་བསྲེགས། །རླངས་པ་སྔོ་དམར་འབྱུང་བར་བསམ། །མ་ཡེངས་ཤེས་གཏད་རླུང་སྦྱོར་བཟུང་། །ཡང་གཅིག་མེ་ཡི་དཀྱིལ་འཁོར་ལ། །བདག་ཉིད་ཚུད་ལ་ཚིག་ལ་ཐུག །རིག་པ་ནང་གཅུན་ཕྱིར་མི་ཕྱུང་། །ཏིང་འཛིན་གསལ་ན་གྲང་བའི་ནད། །མ་ལུས་སེལ་བར་ཐེ་ཚོམ་མེད། ༼༢༥༽ །རླུང་གི་ནད་ལ་དམིགས་པ་གཉིས། །ཆགས་སེམས་སྤང་ལ་ཤེས་པ་


CMR053_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཀློད། །མ་རུངས་སེང་ཞོན་མགོ་བྱས་ཀྱིས། །ཕུང་ཁམས་སྐྱེ་མཆེད་ས་འོག་ཁྱེར། །ཕག་ནག་འབུམ་གྱིས་ཟོས་པར་དམིགས། །དབང་པོ་ཤེས་པ་ཀློད་ལ་ཞོག །ཡང་གཅིག་ཕྱི་ཡི་འབྱུང་བ་ལྔ། །ནང་གི་འབྱུང་བ་ལྔ་ལ་བསྡུ། །ཤེས་པ་འོག་སྒོར་ལྟ་སྟངས་མཐུར། །རི་ཁྲོད་འགྲིམས་ན་ཤིན་ཏུ་གཅེས། ༼༢༦༽ །མགོ་བོ་ན་ཞིང་མ་བདེ་ན། །མགོ་བོ་པདྨ་སྟོང་དུ་གས། །ཁ་ཁར་གྱེས་ལ་ཤེས་པ་གཏད། །ཀླད་པ་བྱ་ཁྱུང་གྲངས་མེད་ཀྱིས། །ཟོས་ཤིང་མལ་ཡང་མེད་པར་བསྒོམ། ༼༢༧༽ །མིག་ནད་ལིང་ཏོག་ཅི་བྱུང་ཡང་། །འཇིགས་པའི་སེང་ཞོན་མགོ་མང་གིས། །མིག་གཉིས་བྲུས་ནས་བྱ་ལ་བྱིན། །ཤུལ་དུ་ཕུས་བཏབ་ལྟག་པ་ཡི། །བདུད་སྒོ་བར་དུ་ཧ་རེར་དམིགས། །བེམ་པོ་བྱིན་ནས་སྐྱེ་མེད་སྒོམ། ༼༢༨༽ །ཆམ་པ་ཡ་མས་སྣ་འཚུབས་ན། །སྦྲུལ་ནག་གདུག་པ་གཉིས་ཀྱིས་ནི། །སྣ་བུག་གཉིས་ནས་འཛུལ་བ་ཡིས། །མཚུལ་ཁུང་སྣ་ནད་མ་ལུས་རྣམས། །ཟོས་འཇིབ་རང་སར་ཡལ་བར་བསམ། །སྐྱེ་མེད་ངང་ལ་མ་བཅོས་བཞག ༼༢༩༽ །རྣ་བ་འོན་དང་གཟེར་ལ་སོགས། །འཇིགས་པའི་སེང་ཞོན་རྒྱབ་ནས་བྱུང་། །སྡིགས་མཛུབ་ལྕགས་


CMR053_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་འབར་བ་ཡིས། །རྣ་བ་གཡོན་ནས་བརྒྱབས་པ་ཡིས། །ཕར་ཐར་ཚུལ་ཐར་དྲང་བར་བསམ། །ལུས་པོ་སྦྱིན་ལ་སྤྲོས་མེད་བཞག ༼༣༠༽ །གང་ཞིག་ལྕེ་མཆུ་ན་དང་ལྷུགས། །སྟག་ཞོན་མགོ་མང་མདུན་དུ་བྱུང་། །ལྕེ་ནི་ཤར་མོ་བཅུ་གཅིག་བྱ། །བཅུ་གཅིག་ཁ་རུ་བཅུག་ནས་འཇིབ། །ལུས་སྦྱིན་བྱིན་ནས་སྤྲོས་མེད་བཞག ༼༣༡༽ །སོ་ལ་སྲིན་བུ་བྱུང་བ་ལ། །སེང་ཞོན་མགོ་མང་འཇིགས་པ་ལྔས། །སོ་ལ་ཕྲེང་བ་དོ་ཤལ་བྱས། །ལྷག་མ་ལྷ་འདྲེ་ཡོངས་ལ་བཀྱེ། །ལུས་སྦྱིན་སྟོང་ཉིད་ངང་ལ་བཞག ༼༣༢༽ །གག་པ་ན་ན་འདི་བཞིན་བྱ། །བྱ་ཁྱུང་མེ་ཡི་གཤོག་པ་ཅན། །སྤྱང་ཀི་སྔོན་མོ་ལྕགས་ཀྱི་མགོ །ཕོ་རོག་ནག་པོ་གསེར་མིག་ཅན། །སྦྲུལ་ནག་གདུག་པ་ལྕེ་དུག་ཅན། །དེ་བཞིས་མགོས་བྱས་བསམ་འདས་ཀྱིས། །ནད་དང་ཤ་ཁྲག་བཅས་པ་ཟོས། །ཤུལ་ཡང་མ་ལུས་སྐྱེ་མེད་བསྒོམ། ༼༣༣༽ །མིད་འཆུས་མིད་སྐྱུགས་ན་བ་ལ། །མི་ནག་ཞེ་སྡང་སྦྲུལ་གྱི་མགོ །ཁ་ནས་འཛུལ་ཞིང་ཕོ་བར་སླེབ། །ཕོ་བ་མིད་ཐག་བཅས་པ་ཟོས། །ཐོ་ལུམ་ཕུལ་ནས་ཤུལ་ཡང་བསྲེག །ལྷག་མ་ཁྱུང་གིས་མ་ལུས་ཟོས། །མིད་འཆུས་ཕན་པར་ཐེ་ཚོམ་མེད། །


CMR053_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༤༽ །གློ་བ་རྣག་གིས་ཁེངས་པ་ན། །མི་ནག་གྲངས་མེད་སྟག་ཞོན་གྱིས། །ཨོལ་ཁུང་རྣག་ཁྲག་འཇིབ་ནས་འཐུང་། །ཁོ་དགའ་ཡ་ལེ་ཤེས་པ་གཏད། །སྟོད་ཀྱི་གཟེར་མིག་ཕྲོལ་ཚག་དམིགས། །བུ་གར་ནད་རྣམས་སྔོ་དམར་བྱུང་། །ལུད་པ་མཆིལ་མ་གདོན་ལ་བསྔོ། ༼༣༥༽ །མཆིན་པ་ནའམ་རླུང་སྐྱེས་ན། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་གྱིས། །མར་ལ་ལྕགས་སྲེག་རྒྱབ་པ་བཞིན། །མཆིན་པའི་དཀྱིལ་དུ་བསྐོར་བ་ཡིས། །མེར་གྱིས་ཞུ་ནས་ཁྲག་ཏུ་གྱུར། །མཁའ་ལ་སེང་ཞོན་སྟག་ཞོན་གྱིས། །ཟངས་གྱི་སྦུ་གུས་བརྒྱུད་ནས་འཇིབ་། །རེས་འགའ་ཁྱི་ནག་འབུམ་གྱིས་ཟོས། ༼༣༦༽ །སྐྲུན་ལ་མི་ནག་མགོ་མང་གིས། །ཐོ་ལུམ་འབར་བས་བརྒྱབས་ནས་བཞུས། །སེང་ཞོན་མི་ཁྱིའི་ཟ་འཐུང་དང་། །ཁྱུང་དང་སྦྲུལ་ལ་ཟ་རེས་བབས། ༼༣༧༽ །སྙིང་ནད་སྙིང་རླུང་སྙིང་འདྲེ་ཞུགས། །སྨྱོ་འདར་ཤེས་པར་དྲན་སྟོར་ན། །སྙིང་ནི་ཚོན་སྐུད་སྣ་ལྔས་དཀྲིས། །སེམས་ནི་མར་མེ་ལྟ་བུར་བསམ། །དེ་ལ་མ་ཡེངས་ཤེས་པ་གཏད། །ཡང་གཅིག་འཇའ་ཚོན་སྣ་ལྔའི་གུར། །དེ་ནང་མ་གཅིག་མཚོན་གང་བསྐྱེད། །མ་གཅིག་ཐུགས་ཀར་གསེར་གྱི་ནི། །རྡོ་རྗེ་ལངས་ནས་


CMR053_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལ། །རིག་པ་གཏད་ལ་སྙིང་རྗེ་བསྐྱེད། །སྙིང་ནད་འཇོམས་པར་ཐེ་ཚོམ་མེད། ༼༣༨༽ །ཕོ་ནད་ཟས་མི་འཇུ་བ་ལ། །མི་ནག་མགོ་མང་འཇིགས་པ་ཡིས། །ཕོ་བ་རུལ་ནས་འཇིབ་པར་བྱེད། །བར་བར་ཤ་སྦྲང་ཕོ་བ་ཁེངས། །ཕོ་བའི་ནད་ཀུན་ཟོས་པར་དམིགས། །རླུང་གཉིས་བཟུང་ལ་སྐྱེ་མེད་བསྒོམ། ༼༣༩༽ །མཚེར་ནད་དམིགས་པ་འདི་བཞིན་ནོ། །མཚེར་པར་ལྕགས་ཀྱི་འཁོར་ལོ་བསྐོར། །ཞུགས་ནས་དོམ་ཞོན་སྦུ་གུས་འཇིབ། །དེ་ཡང་མང་བྱས་རྟོག་མེད་གཅེས། ༼༤༠༽ །རྒྱུ་མ་ཁྲག་བཤལ་བཟོད་མེད་ལ། །རང་ཉིད་སྤྲོས་བྲལ་ངང་ལ་བཞག །མདུན་དུ་ཁྱི་ནག་ཕོ་རོག་གིས། །རྒྱུ་མ་ཕར་འཐེན་ཚུར་འཐེན་བྱེད། །རྩི་ཤིང་བྲག་ཟེར་དག་ལ་བསྒྲེས། །རླུང་གཉིས་ཁ་སྦྱོར་མཆོང་འཁྲབ་བྱེད། །ནད་ཞི་སྐྱེ་མེད་གདེང་དང་ལྡན། ༼༤༡༽ །ལོང་སྲིན་ལོང་དུག་ན་བ་ལ། །ལྕགས་སྲེག་འཁོར་ལོ་རྩིབས་བརྒྱད་པ། །རྣོ་བའི་ངར་ལྡན་ལོང་ཕུག་འཁོར། །ནད་དང་ལོང་ཀ་བཅས་པ་བཞུས། །ལྕགས་སྤྱང་འབུམ་གྱིས་འཐུང་ནས་དགྱེས། ༼༤༢༽ །མཁལ་ནད་མཁལ་རྩེ་གྲང་མཁལ་ལ། །བྱ་ཁྱུང་མེ་ཡི་གཤོག་པ་ཅན། །མཁལ་མ་ཚིལ་དང་བཅས་པ་


CMR053_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས། །གཤོག་པ་བརྡབས་པས་བཤུལ་ཡང་མེད། །རྩ་རྒྱུས་ནང་དུ་མི་དམིགས་གཏད། །དེས་ནི་ཞི་བར་ཐེ་ཚོམ་མེད། ༼༤༣༽ །ལྷོང་དང་རྡེལ་ནད་རླིག་རླག་ལ། །སེང་ཞོན་འཇིགས་པའི་མི་ནག་གིས། །འབྲས་བུ་གཉིས་ཕྱུང་ཁྱི་ལ་བྱིན། །ཤུལ་དུ་ལྕགས་སྒོང་གཉིས་བཙུག་ནས། །ཁོག་སྨད་ལྕགས་སྲེག་དམར་རྔམ་རྔམ། །ཤེས་གཏད་རླུང་བཟུང་ཐེ་ཚོམ་མེད། ༼༤༤༽ །རྩ་ཆུ་འགག་པའི་ནད་བྱུང་ན། །འདུས་མདོར་ཁྱུང་ལྔའི་མཁར་ལྔ་བརྩེགས། །བ་གམ་ནོར་བུའི་བརྒྱན་པ་གཅེས། །རྟེན་དུ་བཞུགས་པར་གསོལ་བ་འདེབས། །དེ་ཡིས་སང་བར་ཐེ་ཚོམ་མེད། ༼༤༥༽ །བསེན་མོས་ཐིག་ལེ་འཕྲོག་པ་ལ། །ནོར་བུས་འཇིག་རྟེན་གང་བར་བསམ། །བསེན་མོ་ནོར་བུའི་རྩེ་ལ་བསྐྱོན། །ནོར་བུ་ལང་བོའི་རྩེ་ལ་ཁྱེར། །ནམ་མཁའི་དབྱིངས་ནས་བཞོན་མཛེས་ཏེ། །རྒྱ་མཚོའི་སྟེང་དུ་འཕངས་ནས་བཏང་། །ཆུ་ཡི་ངོགས་སུ་དངོས་མེད་སོང་། །ཡང་གཅིག་གོང་གི་མཛེས་མར་བསྐྱེད། །གཏན་དུ་མཛའ་རོགས་བྱེད་པར་བསམ། །ལྷན་ཅིག་ཉལ་ནས་ལུས་སྦྱིན་བྱ། །ཡིད་ལ་ཆགས་ནས་སྐྱེ་མེད་བསྒོམ། །བར་བར་རྡོ་རྗེའི་དམིགས་པ་བྱ། །དེས་མི་


CMR053_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་པའི་ཉམས་མྱོང་ཡོད། ༼༤༦༽ །གཞང་འབྲུམ་གཉའ་མར་ཟ་ཞིང་ཁོལ། །རྐུབ་ནང་གཉའ་དམར་སྲིན་བུ་ནི། །སེར་པོ་མགོ་མང་གྲངས་མེད་འཕྲོས། །གཉའ་མ་སྲིན་བུ་བཅས་པ་རྣམས། །ཁྱུང་གིས་བྲུས་པར་ཡང་ཡང་དམིགས། ༼༤༧༽ །རྐང་ལག་ལྷུ་ཚིགས་ན་བ་ལ། །སྦྲུལ་ནག་འདོམ་དགུ་པ་གཅིག་གིས། །གར་ནའི་རྐང་ལག་བཅིངས་བར་བསམ། །བར་བར་ལུས་སྦྱིན་དམིགས་པ་བསྒོམ། ༼༤༨༽ །རྐང་དང་ཆུ་རྒྱུས་ཁོལ་བོ་ལ། །འཇིགས་པ་མགོ་དམང་ལྷུ་རགས་ཀྱིས། །གནམ་ལྕགས་སྟ་རེ་བརྒྱབས་ནས་གཏུབས། །རྐང་མར་རུས་དང་བཅས་པ་རྣམས། །སྣང་སྲིད་ལྷ་འདྲེ་ཡོངས་ལ་བཀྱེ། །རྗེས་མེད་སྤྲོས་བྲལ་ངང་ལ་བཞག །ཡང་གཅིག་རྐང་ལག་ཞ་ནད་གཞུག་གཅོད་ནི། །དམིགས་པ་སྦྲུལ་གྱི་གདམས་པ་སྟེ། །བྱ་ཁྱུང་དམར་ནག་དཔག་མེད་ཀྱིས། །སྦྲུལ་ནག་རྐང་ལག་ལྷན་ཅིག་ཟོས། །ལྷག་མ་མ་ལུས་སྒྱུ་ལ་སྦྱོངས། ༼༤༩༽ །གང་ཞིག་མོ་ནད་ན་བ་ལ། །བུ་སྣོད་ནང་དུ་ཟླ་བ་བསམ། །ཟླ་བ་ཞུ་ནས་བདུད་རྩིར་གྱུར། །རྩེ་དབུས་འགྲིམས་ནས་ལུས་ཀུན་གང་། །སྦྱིན་པ་ལུས་མཆོད་ཡང་ཡང་བྱ། ༼༥༠༽ །གཞུང་པར་ཆུ་སེར་


CMR053_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ལ། །ཧཱི༔ལས་ནང་དུ་ཉི་མ་འབུམ། །ཆུ་སེར་ཉི་མའི་འོད་ལ་ཐིམ། །ལུས་སྦྱིན་སྐྱེ་མེད་ངང་ལ་བཞག ༼༥༡༽ །སྲོག་རླུང་སྲོག་རྩ་འཆུས་པ་ལ། །དྲེད་ཞོན་ལག་རིང་བྱུང་ནས་སུ། །བཤང་ལམ་དག་ཏུ་ལག་པ་བརྐྱང་། །སྲོག་རྩ་ཐེན་ནས་ས་འོག་ཁྱེར། །གསེར་གྱི་ས་གཞི་སྟེང་དུ་ཟོས། །ས་འོག་ལྷ་འདྲེ་སྣ་དྲངས་གཡོས། །ལུས་ཀུན་ཟོས་ནས་ས་འོག་སོང་། །སྲོག་རླུང་འཇོམས་པར་ཐེ་ཚོམ་མེད། ༼༥༢༽ །མཁྲིས་ནད་མཁྲིས་པ་མིག་སེར་ལ། །མི་ནག་བྱ་མགོ་ལྕགས་མཆུ་ཅན། །མཆིན་ཁར་བཏབ་པས་མཆིན་མཁྲི་འཇིབ། །ལྷག་མ་བྱ་ནག་འབུམ་གྱིས་ཟོས། །སྐྱེ་མེད་བསྒོམ་པ་མན་ངག་ཡིན། ༼༥༣༽ །བད་ཀན་སྤྱི་ཁྱབ་ན་བ་ལ། །ཨ་དཀར་དག་གིས་ལུས་ཀུན་ཁེང་། །ལུས་སྦྱིན་དཀར་ཚོགས་མཆོག་ཏུ་ཤེས། ༼༥༤༽ །མཛེ་ཕོ་སོགས་ལ་འདི་ལྟར་རོ། །ལུས་གདོན་གཙོར་བྱས་སེམས་ཅན་རྣམས། །སྙིང་རྗེ་ལུས་སྦྱིན་གྲངས་མེད་བྱས། །དེ་ནས་རང་ལུས་མགོ་མཇུག་ནས། །སྦྲུལ་ནག་ལྕགས་ཀྱི་ཟེ་བ་ཅན། །གཡས་གཡོན་སྦྲུལ་གཉིས་སྔོ་སེར་གཉིས། །མདུན་རྒྱབ་སྦལ་པ་དཀར་ནག་གཉིས། །བྱ་ཁྱུང་བསམ་གྱིས་མི་ཁྱབ་


CMR053_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཅན་གཟན་དཔག་མེད་འདུས་ནས་སུ། །རེས་མོས་བྱས་ནས་ཟོས་པར་བསམ། །སློབ་དཔོན་ཏིང་འཛིན་ལྡན་པ་ཡིས། །ནད་པའི་སེམས་དང་རང་སེམས་གཉིས། ། དབྱེར་མེད་ཆོས་ཀྱི་དབྱིངས་སུ་སྦ། ༼༥༽ །རྗེས་གཅོད་དམིགས་པ་འདི་བཞིན་བྱ། །ཁྱུང་དམར་མེ་ཡི་གཤོག་པ་ཅན། །གྲངས་མེད་དགུ་ལ་དྲག་པོའི་སྦྱིན། །ནད་ཀྱི་རིགས་དང་མགྲོན་རིགས་རྣམས། །ཁ་དོག་བསྒྱུར་བ་ཤིན་ཏུ་གཅེས། ༼༥༦༽ །རྨ་ཤུ་རྨ་རོ་བེམ་པོ་ལ། །ཀླུ་ཚང་དམིགས་ལ་སྙིང་རྗེ་བྷེ། ༼༥༧༽ །རྒྱལ་འགོང་སྙིགས་མའི་དུས་འདིར་དར། །དེ་གཅོད་མན་ངག་ཤིན་ཏུ་གཅེས། །བཙུན་ཆེན་མི་རིང་དགུ་འབུམ་དང་། །ཤན་པ་སྤུ་གྲི་ཐོགས་པ་འབུམ། །གཅན་གཟན་སྟག་གཟིག་བསམ་ལས་འདས། །ལུས་སྦྱིན་སྙིང་རྗེ་དྲག་པོ་སྐྱེས། །རང་སར་ཡལ་ནས་སྐྱེ་མེད་བྷོ། ༼༥༨༽ །དམུ་བདུད་བཙན་གྱི་ནད་བྱུང་ན། །གྲི་ཐོགས་ཤན་པ་གྲངས་མེད་དང་། གཡག་ནག་རྭ་ལ་མེ་སྟག་འཕྲོ། ། བརྡུང་ཞིང་ཤ་རུས་ཕྱེ་མར་བཏང་། །མི་ནག་གྲི་ཐོགས་འབུམ་ཕྲག་དང་། །རྟ་དམར་ཞོན་པ་འབུམ་ཕྲག་གིས། །ཟོས་ནས་ཤུལ་ཡང་མེད་པར་དམིགས། ༼༥༩༽ །གཉན་དང་ས་


CMR053_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནད་ལ་ནི། །གླང་དམར་མེ་སྟག་འཕྲོ་བ་གཅིག །སྦལ་པ་ཁྲ་མོ་སྟོབས་ཆེན་གསུམ། །སྦྲུལ་ནག་གདུག་པའི་ལྕེ་དུག་ཅན། །གླང་དམར་རྭ་ཡིས་བརྡུངས་ནས་སུ། །སྦལ་སྦྲུལ་བཞི་པོའི་མགོ་བྱས་རྣམས། །སྣང་སྲིད་ལྷ་འདྲེས་ཟོས་པར་བསྒོམ། །སྙིང་རྗེ་དཔག་མེད་སྐྱེ་མེད་བསྒོམ། ༼༦༽ །དྲང་སྲོང་ནད་ཀྱིས་ཟིན་པ་ལ། །གཟའ་བདུད་ནག་མོ་མགོ་དགུ་པ། །ཉི་མ་ཟླ་བ་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །གདོང་མོ་མཆེད་བརྒྱད་ལ་སོགས་དང་། །སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ལ། །ལུས་པོ་གཏུབས་ནས་ཡང་ཡང་སྦྱིན། །སྐྱེ་མེད་སྤྲོས་བྲལ་ངང་ལ་བཞག ༼༦༡༽ །ལྷོག་རྒོད་བྱུང་ན་འདི་ལྟར་བྱ། །རང་ལུས་ལྕགས་ཀྱི་རྡོ་རྗེར་བསམ། །ལྷ་འདྲེ་རང་དང་དབྱེར་མེད་བསྒོམ། །འོ་དོད་བོས་ཤིང་དྲག་པོས་བཏུལ། ༼༦༢༽ །འབྲུམ་པ་བྱུང་ན་ལུས་སྦྱིན་བྱ། །རྩེ་མོ་བཏོག་ནས་ཁ་རུ་བཅུག །ཁ་ཟས་མི་འཛེམ་ཆུ་རུ་ཉལ། །རྟོག་མེད་ངང་ལ་ཉམ་ངང་མེད། །ད་ནི་གཅོད་ལོག་བཅོས་ཐབས་ནི། །བླ་མའི་སྙན་བརྒྱུད་མ་མཐོང་བར། །སྤྱོད་པ་རྩིང་ཞིང་དྲག་ལས་བྱེད། །ཉམས་ལེན་དོར་ནས་ཡིག་ནག་འཛིན། །སྤྱི་གཅོད་ཐོ་ཅོ་


CMR053_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཤན་པ་འདྲ། །དམ་ཚིག་མི་བསྲུང་འཆོལ་བར་སྤྱོད། །ཆོ་འཕྲུལ་བྱུང་ན་ཉམ་ང་བྱེད། །སྨྱོ་དང་ན་ཚ་ཤེས་པ་འདར། །དེ་སོགས་མི་འདོད་དཔག་མེད་འབྱུང་། །དེ་ནས་ལོག་པར་བྱ་བ་མིན། །གཞན་ཡང་ལོག་པ་འདི་ལྟར་རོ། །སངས་རྒྱས་བསྒྲུབ་པར་མ་ཤེས་ན། །མཐུ་རྩལ་གཏམ་སྙན་ཁེ་དྲག་བསྒྲུབ། །འདྲེ་ནད་གཉིས་ལ་ཕན་འདོད་ན། ། །དེ་ནི་ལོག་པ་ཆེན་པོ་ཡིན། ༼༦༣༽ །མི་ལྡོག་སྒོ་གཏན་ལྟ་བུ་ནི། །སྔར་གྱིས་གཉན་སར་ལོག་ནས་འགྲོ། །བློ་ཡི་ཆོས་ལ་ནན་ཏན་བསྐྱེད། །ལྷ་འདྲེའི་ཆོ་འཕྲུལཾ་སེམས་སུ་བཅད། །སྐྱེ་མེད་ངང་ལ་མ་བཅོས་བཞག ༼༦༤༽ །གཞན་ཡང་མཐའ་གཏད་དམིགས་པ་ནི། །རིག་པ་ཕུད་ལ་ཌཱ་ཀིར་བསྐྱེད། །ཕཊཿབརྗོད་ཌཱ་ཀི་ཐུགས་ཀ་ནས། །མཁའ་འགྲོ་དམར་མོ་གཡས་ཐོ་བ། །གཡོན་པས་ལྕགས་ཀྱུ་བཟུང་བ་དང་། །གྲངས་མེད་འཕྲོས་པས་སྡེ་བརྒྱད་རྣམས། །ལྕགས་ཀྱུས་བཟུང་ནས་ཐོ་བས་བཅོམ། །བུག་པ་སྒོ་དགུ་ཧ་རེ་བ། །ཚུད་ནས་རྃ་དམར་རེ་རེས་བཅད། །ནད་པའི་ལུས་དང་འདྲེས་པར་བསམ། །རྩ་རྣམས་རཾ་གྱི་ཕྲེང་བར་བསམ། །འོག་སྒོ་གཉིས་ནས་རཾ་གཉིས་དང་། །མཐེ་བོང་གཉིས་ནས་ཡཾ་གཉིས་


CMR053_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །ཡཾ་རཾ་བརྗོད་པས་ཌཱ་ཀི་མས། །ཐུགས་ཀའི་ཡཾ་རཾ་ཟུང་གཅིག་འཕྲོས། །དེ་ལ་ཕོག་པས་ཡཾ་རཾ་གཉིས། །མེ་རླུང་སྦྱོར་བས་ཐལ་བར་བཏང་། །ཐུན་ཏིང་ཌཱ་ཀིའི་ཐུགས་ཀ་ནས། །ཡཾ་བྱུང་རླུང་གིས་གཏོར་ནས་སུ། །ཐཾ་བྱུང་ཆུས་བཀྲུས་སྐྱེ་མེད་བསྒོམ། །སྲོག་ལ་ཐུག་ན་མིན་པ་མི་བྱའོ། ༼༦༥༽ །བྲག་དམར་སློང་བའི་དམིགས་པ་ནི། །རང་གི་རིག་པའི་ངོ་བོ་ནི། །གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས། །བྲག་རི་རྨིང་ནས་བཤིག་པར་བསམ། །གནས་པའི་ལྷ་འདྲེ་མ་ལུས་ཀུན། །རང་དབང་མེད་པར་ཞབས་སུ་བཅུག །བཀའ་ཉན་གསུང་སྡོད་བྱེད་པར་བསམ། ༼༦༦༽ །རི་བོ་ཆེན་པོ་མ་སློང་ན། །སེངྒེ་སྟོབས་ཆེན་འགྱིང་བ་ཡི། །རི་རྒྱལ་རྩེ་ནས་རྨིང་དུ་བཤིགས། །གནས་པའི་འོག་ཏུ་ལྷ་འདྲེ་བསྡུ། །བཀའ་ཉན་གསུང་སྡོད་བྱེད་པར་བསམ། །སྙིང་རྗེ་ལུས་སྦྱིན་ཀུན་ལ་འདྲེས། ༼༦༧༽ །མཚོ་མོ་མ་བསླང་དམིགས་པ་ནི། །རིག་པ་ཁྲོས་པས་བྱ་ཁྱུང་གྱུར། །གཤོག་པ་སེར་པོ་མེ་རུ་འབར། །མཚོ་ལ་ཧུབ་བཏབ་གྲམ་པར་སོང་། །གནས་པ་ཆུ་སྲིན་དབང་དུ་འདུས། །སྙིང་རྗེ་ཆེན་པོའི་ལུས་སྦྱིན་བྱ། ༼༦༨༽ །ཤིང་གཅིག་གཉེན་པོ་མ་སློང་ན། །


CMR053_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་རྒྱ་སྟ་ངར་མར་གྱུར། །ཤིང་སྡོང་ཤིང་ཕུང་རྩད་ནས་བཅད། །ལྷ་འདྲེ་ཞབས་སུ་ཚུད་པར་བསམ། །བཀའ་ཉན་གསུང་སྡོད་བྱེད་པར་བསམ། ༼༦༩༽ །ཤིང་ནག་འཐུག་པོར་འདུག་པའི་དུས། །རིག་པ་རྒྱ་སཱུ་ངར་མ་ཡིས། །ཕྲ་གཅོད་སྦོམ་གཅོད་ཤུལ་ཡང་མེད། །གནས་པའི་ལྷ་འདྲེ་འོག་ཏུ་བསྡུས། །སྙིང་རྗེ་དྲག་པོའི་ལུས་སྦྱིན་བྱ། ༼༧༠༽ །ཆུ་མིག་མ་སློང་མཐའ་གཏད་ནི། །རིག་པ་རྗེ་བཙུན་དམར་མོ་ཡིས། །ཆུ་མིག་དཀྲུགས་ནས་ཧུབ་ཀྱིས་འདེབས། །ཡུལ་མི་གཅིག་པར་སྤྲོ་བར་བསམ། །ཤུལ་མེད་གྲམ་པ་སྐམ་པོར་བསམ། །ཀླུ་ཆེན་འོག་བསྡུས་ཆོས་ཉན་བསྐྱེད། ༼༧༡༽ །ས་ཕུག་གད་ཕུག་དག་ཏུ་ནི། །རིག་པ་ཐུ་ལུམ་འབར་བ་ཡིས། །རྨིང་ནས་བཤིག་པས་འདུས་པར་བསམ། །སྙིང་རྗེ་དྲག་པོའི་ལུས་སྦྱིན་བྱ། ༼༧༢༽ །ལམ་སྲུང་བྲག་སྲང་རྒྱ་གྲམ་བཏང་། །གོང་བུ་དམར་སྟོང་དག་དང་ནི། །རིག་པ་རྡོ་རྗེ་བྲག་རི་གྱུར། །ཁྲག་སྲང་རྒྱུ་ལམ་ཐམས་ཅད་བཅད། ། གནས་པའི་ལྷ་འདྲེ་དབང་དུ་བསྡུས། ༼༧༣༽ །ལུང་གསུམ་མདོ་རུ་འདུག་པའི་དུས། །རིག་པ་ཁྲོ་བོ་སྟོབས་ཆེན་གྱུར། །སྤྲུལ་པ་རྫུ་འཕྲུལ་དཔག་མེད་ཀྱིས། །རི་རྒྱལ་རྩེ་མོ་མན་


CMR053_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་དང་། །གནམ་ས་རི་བྲག་ཐམས་ཅད་ཀྱི། །སྡེ་བརྒྱད་ཐམས་ཅད་དབང་དུ་གྱུར། །བཀའ་ཉན་གསུང་སྡོད་བྱེད་པར་བསམ། ༼༧༤༽ །དུར་ཁྲོད་ཆེན་པོའི་དམིགས་པ་ནི། །རིག་པ་རྡོ་རྗེ་རྩེ་དགུ་ཡིས། །ཕར་ཐལ་ཚུར་ཐལ་ཐར་བར་བཏང་། །རྡུལ་དུ་སོང་ནས་ལྷ་འདྲེ་རྣམས། །རང་གི་འོག་ཏུ་འདུས་པར་བསམ། ༼༧༥ ༧༦༽ །སྟེང་གདོན་འོག་གདོན་མཐའ་གཏད་ནི། །ནད་པའི་སྐེ་ལ་ཡུགས་ས་ཡི། །སྐྲ་ཤད་ཐོག་ནག་བརྒྱབ་པར་དམིགས། །ཆུ་དང་མཚོ་ཡི་དཀྱིལ་དུ་ནི། །ཀླུ་རྒྱལ་རྣམས་ལ་སྣེ་མོ་གཏད། །གདུག་པ་ཀླུ་དང་ཕྲལ་བར་བྱ། །རིག་པ་བེམ་པོའི་པགས་པ་བཤུས། །མཚོ་རུ་བཏིང་བས་ལྕགས་སྲེག་གི །ས་གཞིར་གྱུར་པའི་སྟེང་དུ་ནི། །ཤ་ཁྲག་རུས་གསུམ་མ་ལུས་བླུག ། གཟའ་ཀླུ་ས་བདག་སྟེང་དུ་བསོ། །ཐམས་ཅད་ཕུལ་བས་ཚིམ་པར་བསམ། །བྲག་ཤིང་ལྷ་ཁང་ཕ་བོང་རྣམས། །ཐག་ཞགས་དམིགས་པ་སྔར་དང་འདྲ། །སྦྲེལ་ནས་གཏན་དུ་སྐྱེ་མེད་གཅེས། ༼༧༧༽ །དྲག་པོ་མགོ་ཟླུམ་དམིགས་པ་ནི། །པགས་པ་ལྕགས་སྲེག་འུབ་ཀྱིས་བསྡུས། །རྒྱུ་མ་སྦྲུལ་གྱི་ཆུན་པོས་བརྡལ། །ནང་དུ་ཐུ་ལུམ་འབར་བ་ཡིས། །ཤ་ཁྲག་


CMR053_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཙོ་བཀོལ་བྱས་པར་དམིགས། །རྗེས་ནི་དམིགས་མེད་ངང་ལ་བཞག ༼༧༨༽ །གཅོང་ལོག་སྣ་ཁྲག་མ་ཆོད་ན། །སྣ་ཁྲག་བྱུང་ཚད་གཏོར་མར་བསྔོ། །ལུས་དང་བཅས་པ་སྦྱིན་པར་བྱ། །རྒྱབ་ལག་བྱས་ལ་མཆོང་འཁྲབ་བྱ། ། །མཐའ་གཏད་གོང་གི་དྲག་པོ་བྱ། ༼༧༩༽ །གཉན་སར་ཕོ་ལྷོག་བྱུང་བ་ཡི། །ལོག་པའི་རྟགས་ཡིན་ཆུ་རུ་བཀྲུ། །ཁྲུས་ཆུ་རི་བྲག་ཤིང་ལ་གཏོར། ༼༢༠༽ །གློ་བུར་ཆུ་ཐོར་བྱུང་བ་ན། །ལོག་པའི་རྟགས་ཡིན་དེ་ཡི་གྲངས། །རྡེའུ་ཆུ་མིག་ནང་དུ་བཀུར། ༼༨༡༽ །ཡང་གཅིག་གློ་བུར་གཟེར་ནད་བྱུང་། །མལ་འོག་རྡོ་བླང་གཟེར་སར་སླན། །མ་ཞི་མཐའ་གཏད་དམིགས་པ་བྱ། ༼༨༢༽ །གློ་བུར་སྐྲུན་དང་ཆུ་འགག་ནི། །ཐུ་ལུམ་འབར་བས་ལུས་པོ་ཀུན། །ཟངས་ཐལ་ཕུག་ནས་ཟག་པར་བསམ། །ལྷག་མ་བྱིན་དང་སྐྱེ་མེད་གཅེས། །༼༨༣༽ །གློ་བུར་མེ་དབལ་ཚད་པ་ལ། །སྙིང་ནང་འཁྱག་པ་མཐེ་བོང་ཙམ། །ཇེ་ཆེར་སོང་བས་མགོ་ལུས་ཁེངས། ། འཁྱག་པར་དམིགས་ལ་ཧ་རིང་བཏོན། ༼༨༤༽ །གློ་བུར་གྲང་བའི་ནད་བྱུང་ན། །དྲུག་མདོར་མེ་ལྕེ་རྣོན་པོར་བསྒོམ། །ཆེ་རུ་འབར་བས་བྱང་ཁོག་གང་། །མགར་གྱི་ཚྭ་ཚྭ་འཕྲོ་


CMR053_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམ། །དེ་གཉིས་མཐའ་གཏད་གོ་ལྡོག་བྱ། ༼༨༥༽ །ཁོལ་བུའི་ནད་ལ་བུག་པར་དམིགས། །ཨོཾ་ཨཱཿཧཱུྃ་གསུམ་ཟངས་ཐལ་དུ། །ཕར་འགྲོ་ཚུར་འགྲོ་ཤེས་པ་གཏད། །ལུས་སྦྱིན་སྐྱེ་མེད་ངང་ལ་བཞག ༼༢༦༽ །སྐྱུགས་ནས་ཟས་མི་ལེན་པ་ལ། །མིད་ནང་ཤ་ཡིས་བཅད་པར་བསམ། །ཕོ་བ་ཤ་སྦྲང་རྣམས་ཀྱིས་ཟོས། །ལུས་སྦྱིན་བྱས་ལ་ནད་ལ་བལྟ། ༼༨༧༽ །བཤལ་རྗེས་མ་ཆོད་ལོག་ནོན་ནི། །རྒྱུ་ཞབས་རྒྱུ་མ་བཅིང་བར་བསམ། །དེ་རྣམས་མཐའ་གཏད་ལོག་གནོན་བྱ། ༼༨༨༽ །གདོན་ཆེན་དག་ལ་བྱིན་རླབས་ན། །བླ་མར་མོས་གུས་ཡི་དམ་བསྒོམ། །སོར་མོ་གཅན་གཟན་ལྔ་རུ་བསྒོམ། །མགོར་བཞག་ནད་པའི་ལུས་ཟོས་ནས། །སེམས་ནི་རང་སེམས་དག་ལ་བསྟིམ། །བྱིས་པ་བུད་མེད་དུད་འགྲོ་རྣམས། །དམིགས་པ་རང་གི་བེམ་རིག་བྲལ། །ཤ་ཁྲག་ལྷ་འདྲེ་ཡོངས་ལ་བཀྱེ། །གཅན་གཟན་མང་པོས་གཅོད་པར་བསྒོམ། །གནད་ཀྱི་དམིགས་པ་ཞལ་ལས་ཤེས། ༼༨༩༽ །རྒྱལ་པོའི་མགོ་བསྐོར་བྱུང་བ་ན། །རིག་པ་རྗེ་བཙུན་དམར་མོར་བསྐྱེད། །ཐོད་པ་གྲི་གུག་དག་གིས་གཏུབ། །གདོན་དང་ལུས་པོ་བཅས་པ་དེ། །ཆད་ཆད་


CMR053_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ནས་ཐོད་པར་བླུག །རྨི་ལམ་གང་བྱུང་ཐོད་པར་སྦྱར། །བྱིན་རླབས་སྔར་བཞིན་གསོལ་བར་བསྒོམ། ༼༩༠༽ །ས་བདག་མགོ་བསྐོར་བྱུང་བ་ན། །རིག་པ་ཌཀྐི་གོང་དང་འདྲ། །བེམ་པོ་གྲི་གུག་དག་གིས་བཤས། །ཤ་རུས་གཏུབས་ནས་གཏོར་བ་འདི། །གཉན་ས་ཤ་ཁྲག་རུས་ལྤགས་ཀྱི། །གཏིབས་ནས་འགུལ་སྤྱོད་མེད་པར་བསམ། །བདུན་ལས་མང་བར་མི་རུང་ངོ་། ༼༩༡༽ །བཙན་གྱི་མགོ་བསྐོར་བྱུང་བ་ན། །བེམ་རིག་མི་ཕྲལ་ལིང་དཀྱུར་བྱ། །ཁ་དོག་འདོད་པས་ཚིམས་པར་བསམ། །གྲངས་མང་བྱས་པས་མྱུར་དུ་ཆོད། ༼༩༢༽ །མཛེ་ལོག་ཤི་ལ་ཐུག་པ་ན། །སྦལ་སྦྲུལ་གཉིས་དང་ཉ་ལྕོང་གཉིས། །སྡིག་སྡོམ་གཉིས་དང་དྲུག་པོ་ནི། །གཡས་གཉིས་ཡན་ལག་གཞོགས་རྣམས་ཟོས། །མདུན་རྒྱབ་སྡིག་པ་དཀར་ནག་གཉིས། །སྦྲུལ་ནག་མགོ་དགུ་པ་གཅིག་གིས། །མགོ་ནས་ཟོས་ཤིང་རྟིང་པར་ཐུག །ལུས་ནི་གྲ་བའི་ཚུལ་དུ་བཏང་། །འཕྲོ་མ་ཟ་མཁན་བཅས་པ་རྣམས། །མེ་ཡི་བྱ་ཁྱུང་བསམ་འདས་ཀྱིས། །ཟོས་ཤིང་ཤུལ་ཡང་མེད་པར་བསྒོམ། །མཛེ་ནད་ལ་སོགས་མི་སྲིད་དོ། ༼༩༣༽ །འབྲས་དང་གཟའ་ལྷོག་དམིགས་པ་ནི། །ན་


CMR053_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སར་རྡོ་རྗེ་རྒྱ་གྲམ་བསྒོམ། །རྒྱ་གྲམ་དཀྱིལ་དུ་སྦུ་གུ་དོད། །ཁྲག་རུལ་ཆུ་སེར་རྣག་ཁྲག་རྣམས། །འགུལ་སྤྱོད་བྱས་པས་བབ་པར་བསྒོམ། །རྡོ་རྗེ་རྣོན་པོ་འཁོར་བར་དམིགས། །ལུས་སྦྱིན་བྱས་ཤིང་སྐྱེ་མེད་བསྒོམ། ༼༩༤༽ །མགོ་ནད་མི་འགོའི་དམིགས་པ་ནི། །རྟོག་པ་མི་བྱ་གཉིས་མེད་དུ། །ནད་དྲིས་ཁ་རླངས་རྡུབ་ནས་སུ། །དབུ་མར་ཐིམ་ཞིང་ཁེངས་ནས་ཀྱང་། །ལུས་དང་བཅས་པ་ཡལ་བར་བསམ། །རྟོག་པ་མི་བྱེད་མཆན་དུ་ཉལ། །ན་ཡུལ་ན་མཁན་ངོ་བོ་གསུམ། །སྟོང་པའི་ངང་ལ་ཕྱལ་གྱིས་བཞག ༼༥༽ །གལ་ཏེ་རྗེས་གཅོད་བྱུང་བ་ན། །རྗེས་ཀྱི་བྲག་དང་རི་དང་ནི། །རིག་པ་གསེར་གྱི་རྡོ་རྗེ་འབུམ། །ཕཊ་ཀྱིས་ཕུད་ནས་རི་བྲག་རྣམས། །ཟངས་ཐལ་དྲྭ་བར་བཏང་བར་དམིགས།ཆུ་མཚོ་རི་བྲག་རྩི་ཤིང་རྣམས། །རྡུལ་དུ་བརླགས་པའི་དམིགས་པ་བྱ། །སྙིང་རྗེའི་ལུས་སྦྱིན་ཤིན་ཏུ་གཅེས། །གསུམ་ལས་མང་བར་མི་རུང་ངོ་། ༩༦༽ །ཁྱི་དང་གཅན་གཟན་དངོས་གདོན་ན། །གཅེས་འཛིན་གློད་ལ་མདུན་དུ་ཉལ། །ཁྱི་སྤྱང་ཕ་མ་དངོས་སུ་བསམ། །བེམ་པོ་སྟོང་པའི་ངང་ལ་བཞག །སྙིང་རྗེ་འཇིགས་ཚུལ་རྟེན་ལ་དབབ། ༼༩༧༽ །མི་


CMR053_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་དམིགས་པ་བསྡུས་པ་ནི། །མདའ་མདུང་མཚོན་ཆའི་ཆར་ཕབ་ཀྱང་། །བེམ་རིག་བྲལ་ལ་སྟོང་པར་སྦྱང་། །མདའ་རྡོ་འོད་གསལ་རང་གི་སེམས། །ཟློག་མཁན་སྟོང་གཟུགས་བདེ་བའི་དབྱིངས། །ཕཊཀྱིས་གཉིས་མེད་རོ་སྙོམས་ངང་། །དེ་ཡིས་ཆོད་པར་ཐེ་ཚོམ་མེད། ༼༩༨༽ །རོ་གཅོད་་་་་་གཅེར་མོ་རོ་ཞོན་ནས། ལྟག་སྤུ་ནས་བཟུང་ཐེན་ནས་འཕང་ལ་བརྡེག །ལག་པ་གཡས་པ་བཀོག་ལ་ལྕགས་སུ་བྱས་ནས་རོ་ལ་བྲབ། རོ་ལང་བྱུང་གིས་དོགས་ན་རོ་ལ་ཁབ་བམ་མཚོན་གྱིས་རྨ་བཅོལ། མཆན། དམིགས་པ་དྲིལ་བ་ནི། །རང་ཉིད་ཁྲོས་མ་རོ་ཡི་ཐོག །ཕར་མཆོངས་ཚུར་མཆོངས་ཕཊ་ཀྱིས་གཡེངས། །དེ་ནི་རོ་འདུལ་དམིགས་པའོ། །དེ་ནས་བཏུམ་ནས་ཉམས་ལེན་སྐྱོངས། །ཕཊཿཀྱིས་རིག་པ་གཏེར་དུ་སྦ། །མི་རོ་རང་རོ་གཅིག་ཏུ་བསྲེས། །ལྷ་འདྲེ་ཡོངས་ལ་ཚིམ་པར་བྱིན། །འཇིགས་ན་རང་གི་རོ་ལ་འཇིགས། །འཇིགས་ཡུལ་འཇིགས་མཁན་རྩད་ནས་གཅོད། །འཁྲུལ་པ་བདེན་མེད་སྒྱུ་མར་བསྒོམ། །སྟོང་ཉིད་རིག་པའི་རྩལ་སྦྱོངས་གཅེས། །མཚོ་དཀྱིལ་དམིགས་པ་གཏད་ལུགས་ནི། ༼༩༩༽ །མཚོ་དཀྱིལ་རྡོ་རྗེ་བྲག་ཆེན་བསྐོར། །སྟེང་དུ་འགྱུར་མེད་ཕོ་བྲང་གདབ། །པུ་ཤུ་འབྲུག་ལ་བ་གམ་


CMR053_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་། །ཉི་ཟླའི་འཕེན་ལ་གསེར་ཏོག་འབུམ། །ནང་དུ་སྦྱིན་བདག་གར་མིས་གང་། །ཀླུ་བདུད་ལྷ་འདྲེ་མ་ལུས་བསྡུས། །ཚོགས་འཁོར་སྣང་སྲིད་འགྲོ་ལ་བསྔོ། །གཏན་དུ་བཞུགས་ནས་སྐྱེ་མེད་བསྒོམ། །ཆུ་བོས་ཁྱེར་དང་བྱིང་བ་ན། །རྨི་ལམ་གྱི་ནི་མཚན་ཉིད་བཞིན། །སྟོང་ཉིད་རིག་པའི་མདུང་བསྐོར་བྱ། །རླུང་བཟུང་ཕཊ་ཀྱིས་རིག་པ་ཕུད། །འཁྲུལ་སྣང་སྒྱུ་མ་བདེན་མེད་བསྒོམ། ༼༡༠༠༽ །མེ་ལ་གཅོད་དགོས་བྱུང་བ་ན། །མེ་དང་རང་གཉིས་སྟོང་པར་བསྒོམ། །མེ་ལྕེ་ཚ་ཟེར་ཕོག་པའི་ཚེ། །ཆོས་ཉིད་རང་སྒྲ་སྟོང་པར་བསྲེ། ། །མེ་སྒྲ་གཞོམ་བུན་སྒྲ་རུ་བསྒོམ། །སྙེམ་མེད་སྟོང་པའི་ངང་ལ་བཞག །དེ་ཡིས་ཆོད་པར་ཡིན་ནོ་གསུངས། ༼༡༠༡༽ །གཡང་ལ་ལྷུང་ན་ཕཊ་ཀྱིས་ཕུད། །བེམ་པོ་བལ་གྱི་ཕུང་པོར་བསམ། །གར་བབ་བལ་གྱི་ཐང་དུ་བསམ། །སྙེམ་མེད་སྟོང་པའི་ངང་ལ་བཞག ༼༡༠༢༽ །གནམ་ལྕགས་ཐོག་གི་དམིགས་པ་ནི། །རང་གི་རིག་པའི་ངོ་བོ་དེ། །གསེར་གྱི་རྡོ་རྗེ་རྩེ་དགུ་དམིགས། །ཕཊ་ཀྱིས་ནམ་མཁའི་དབྱིངས་སུ་ཕུད། །ཐོག་དང་ཐོག་མདའ་ཐོག་བྱེད་བཅས། །ཕར་འཛུལ་ཚུར་འཛུལ་དྲ་བར་བཏང་། །རྡོ་རྗེའི་འོད་ལ་མ་


CMR053_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བསྟིམ། །ཡལ་ནས་སྟོང་པའི་ངང་ལ་བཞག །ཡང་གཅིག་རང་ཉིད་ཌཱཀྐིར་བསྐྱེད། །ཕཊ་ཀྱིས་ཐུགས་ཀར་ལྕགས་ཀྱི་ནི། །རྡོ་རྗེ་རྩེ་དགུ་མཁའ་ལ་སོང་། །ཐོག་མཁན་ཐོག་དང་ཐོག་བྱེད་རྣམས། །རྡོ་རྗེའི་འོད་ལ་ཐིམ་ནས་བབས། །གདུག་པའི་ཐོག་བདག་གང་ཡིན་ལ། །ནས་ཕུང་དཀྱིལ་དུ་གྱད་བརྒྱབ་བཞིན། །ཉིལ་གྱིས་སོང་བར་གྲངས་མེད་བསམ། །ཡང་ན་ཐུ་ལུམ་འབར་བ་ཡིས། །རང་རང་གཉན་ས་ལྷན་དུ་བརྡལ། །སྟོང་ཉིད་མ་བཅོས་ངང་ལ་བཞག ༼༡༠༣༽ །ཐོག་སེར་སྦྲགས་མའི་དམིགས་པ་ནི། །འོག་ཏུ་ཉི་མ་ཟླ་བའི་སྟེང་། །ཉི་ཟླ་གའུ་ཁ་སྦྱོར་ནང་། །རང་དང་ཡུལ་གཞིས་འཁོར་བཅས་རྣམས། །ལྷ་འདྲེ་དང་བཅས་གང་བར་དམིགས། །ཟླ་བའི་སྟེང་དུ་མ་གཅིག་དང་། །ཡི་དམ་སངས་རྒྱས་མཁའ་འགྲོའི་ཚོགས། །སྤྲིན་ལྟར་གཏིབས་ནས་ཤེས་པ་ཕུད། །དཀར་ཚོགས་ལུས་སྦྱིན་གོང་དང་འདྲ། །གློག་འབྲུག་ཐོག་འོད་སྟོང་པར་བསྒོམ། །དེས་ནི་འོང་བར་མི་སྲིད་དོ། །ད་ནི་སྤྱི་ཆིང་ཉམས་ལེན་ནི། །སེམས་བྱུང་རྣམ་རྟོག་གང་སྐྱེས་ནི། །སྟོང་ཉིད་ཡོ་ལང་ཆོ་འཕྲུལ་ཡིན། །རང་སེམས་སོ་མ་ཉིད་དུ་ཞོག །རྩ་བྲལ་གཞི་མེད་རང་སར་གྲོལ་


CMR053_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བར་ངེས། །ཆགས་ཤིང་སྡང་བ་ཉོན་མོངས་གང་བྱུང་ཡང་། །གང་ཤར་ངོ་བོར་བཟུང་ལ་ཕཊ་ཀྱིས་བཅད། །དེ་རང་འཛིན་མེད་མ་བཅོས་པ་ལ་བཞག །མ་ཡེངས་ཀློད་པས་རང་སར་དག་པར་ངེས། །མ་རུངས་ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་། །རང་སེམས་འཁྲུལ་པའི་སྣང་བ་བདེན་མེད་ཡིན། །བདེན་འཛིན་ཐོངས་ལ་ལུས་པོ་ལྟོས་མེད་སྦྱིན། འཇིགས་དང་ཡ་ང་བག་ཚ་བྲལ་བར་ངེས། །ན་ཚ་ཟུག་ཟེར་སྡུག་བསྔལ་ཅི་བྱུང་ཡང་། །སྔོན་གྱི་ལས་འབྲས་སྒྱུ་མ་ལྟ་བུ་ཡིན། །གཞན་གྱི་སྡུག་བསྔལ་ཞི་བའི་སྨོན་ལམ་བཏབ། །སྐྱོན་དག་ཡོན་ཏན་དག་དང་མཇལ་བར་ངེས། །འབྱུང་བ་འཁྲུགས་པའི་ན་ཚ་ཅི་བྱུང་ཡང་། །རྗེ་ལ་གསོལ་བ་ཐོབ་ལ་ནད་ལ་ལྟོས། །བལྟས་པས་མི་མཐོང་ནམ་མཁའ་སྟོང་པ་འདྲ། །སྐྱེ་མེད་གྲོགས་སུ་འབར་བར་ངེས་པར་གྱིས། །འཆིའོ་སྙམ་པ་རྣམ་རྟོག་ཁོ་ན་ཡིན། །སྙེམས་མེད་ཡོ་ལང་རྟོག་པ་རང་སར་གྲོལ། །སྐྱེ་མེད་ཆོས་སྐུའི་ངོ་བོར་ལྷུན་གྱིས་གྲུབ། །གཉིས་མེད་འོད་གསལ་མ་བུ་ཕྲད་པ་ཡིན། །དེ་རྣམས་རྟོགས་པའི་རྣལ་འབྱོར་རི་ཁྲོད་པས། །དགག་སྒྲུབ་གཅོད་པས་རེ་དོགས་སྤང་བ་དེ། །འཁོར་བའི་བཙོན་རར་ཐར་བའི་གྲོགས་


CMR053_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སླེབ། །སྐུ་གསུམ་འགྱུར་མེད་རྒྱལ་ས་ཟིན་པ་ཡིན། ། །བོགས་འདོན་འདོད་པས་རྣལ་འབྱོར་སྒོམ་ཆེན་ཚོ། །བོགས་འདོན་མཆོག་སྟེ་ངོས་སྤྱོད་རྒྱལ་པོ་ཡིན། །སྙིང་གཏམ་མཆོག་སྟེ་གེགས་སེལ་མཐར་ཐུག་ཡིན། །གཞན་ལ་མ་བསྟན་རང་གིས་ཉམས་སུ་ལོངས། །ལྔ་བརྒྱར་གྱུར་པའི་སེམས་ཅན་ཞེ་སྡང་ཆེ། །སྣོད་ལྡན་དཀོན་པས་ལྷ་འདྲེ་ཐུབ་ཆོད་བྱེད། །རང་སྡིག་མ་བསགས་ཙིཏྟའི་དཀྱིལ་དུ་སྦོས། །སྙིགས་མའི་དུས་འདིར་གཅོད་པར་མིང་བཏགས་ནས། །རང་གིས་རང་བསླས་གཞན་ཡང་བསླུ་བ་ཡིན། །རང་གྲོལ་གཉུག་མའི་འོད་གསལ་མ་ཤེས་པར། །སྒོམ་ཆེན་ཡིན་ཟེར་ཉོན་མོངས་ཕྱིར་ཕྱིར་འབྲངས། །རིག་པའི་གནད་ཀྱི་གྲོལ་ཚུལ་མི་ཤེས་ནའང་། །རྫོགས་པའི་སངས་རྒྱས་སྒྲུབ་པར་ཁས་ལེན་བྱེད། །རྣམ་རྟོག་འཁྲུལ་པ་རང་སར་མ་ཆོད་པས། །གཅོད་མཁན་ཡིན་ཟེར་ལྷ་འདྲེ་ཨར་ལ་གཏད། །སྨྱོ་གཅོད་སྲིན་པོའི་སྤྱོད་པ་དག་དང་མཚུངས། །དེ་རྣམས་སྣོད་མིན་ཤིན་ཏུ་གསང་བར་བྱ། །འོ་ན་བསྟན་པའི་སྣོད་ལ་གང་ཞེ་ན། །གདུང་སེམས་དད་ལྡན་སྙིང་རྗེ་ཅན་ལ་བསྟན། །རང་ཆེ་དྲག་འདོད་ཆགས་སྡང་ཅན་ལ་གསང་། །ཞེན་ལོག་དཀའ་ཐུབ་སྙིང་


CMR053_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཅན་ལ་གཏད། །ནང་སྟོང་ཕྱི་གདེང་ཟབ་པོའི་རིགས་ལ་གསང་། །སྙན་བརྒྱུད་གཞུང་ལྔ་ཡན་ལག་བརྒྱ་སུམ་བརྒྱ། །ཁྲིག་ཆགས་ཚང་བའི་ཡིག་རིས་མེད་ན་ཡང་། །བྷུདྡྷ་ཛྷཱ་ནས་གསུངས་པ་ཇི་བཞིན་དུ། །ལྷག་ཆད་མེད་པའི་ཡིག་རིས་བརྗེད་ཐོ་འདི། །རིག་ལྡན་དང་བཅས་བསམ་གཏན་སེང་གེ་དང་། །མོས་གྱུར་འགྱུར་མེད་བྱང་སེམས་གཞོན་རིན་དང་། །སྙིང་རྗེའི་རྒྱུད་བརླན་ཡིད་གཞུངས་ཤེས་བཟང་དང་། །སྒྲུབ་པའི་དཔལ་མགོན་རྟོགས་ལྡན་ཡེ་བློ་དང་། །ཟབ་པའི་ཐུགས་བཅུད་བླ་མ་རིན་བཟང་དང་། །ཞེན་ལོག་འཁྲི་ཆོད་ཉང་བསྒོམ་དྲག་རྒྱལ་དྲུག །མོས་གུས་གདུང་ཤུགས་དད་པའི་སེམས་ལྡན་པའི། །འགྲོ་དྲུག་ཕ་མར་བརྩེ་ཕྱིར་མགྲིན་གཅིག་ཏུ། །ཡང་ཡང་བསྐུལ་བའི་གསུང་ངོ་མ་ཆོག་པར། །དགོས་མེད་ཟེར་ཡང་སྒོམ་ཆེན་སྤྱང་པོའི་བྲིས། །འདི་བྲིས་དགེ་བས་དྲིན་ཆེན་ཕ་མ་རྣམས། །སྲིད་པའི་ཉེས་ཚོགས་མ་ལུས་ཐམས་ཅད་ལས། །བསྒལ་ནས་མྱ་ངན་འདས་པའི་གྲོང་ཞུགས་ཏེ། །ཟག་མེད་དགའ་བདེའི་དཔལ་ལ་སྤྱོད་པར་ཤོག །འདི་རུ་དམིགས་པ་བརྒྱ་དང་ཉི་ཤུ་ཡོད། །ནག་སྦྱོར་ཧ་ལ་ནག་པོ་ཡི། །དམིགས་པ་གཞན་དུ་ཤེས་པར་


CMR053_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དྲག་པོའི་ཡི་གེ་འབྲུ་གཉིས་པོ། །གཅིག་ཏུ་དྲིལ་ནས་དྲག་པོར་བརྗོད། །ཕཊ་ཅེས་བྱ་བའི་སྒྲ་བྱུང་ན། །དམིགས་པ་ཀུན་གྱི་གསལ་འདེབས་ཡིན། །དམ་ཆོས་གཅོད་ཀྱི་གསལ་འཛིན་ཡིན། །ཤེས་པར་གྱིས་ཤིག་སྐལ་ལྡན་རིག་པ་ཅན། །དོན་དམ་གོ་བར་གྱིས་ཤིག་ཨེ་མ་ཧོ། །ཞེས་པ་ཡེ་ཤེས་ལབ་སྒྲོན་གསུངས། །ཕྱི་ཡུལ་དུ་ཆགས་སྡང་སྐྱེས་ན་ཕཊ། །ནང་འཛིན་པའི་ཡུལ་དུ་ཉོན་མོངས་སྐྱེས་ན་ཕཊ། །གསང་བ་སྒོམ་པའི་དུས་སུ་བྱིང་རྨུགས་བྱུང་ན་ཕཊ། །དམ་པ་སངས་རྒྱས་ཀ་མ་ལ་ཤི་གསུངས། །དངོས་པོ་སེམས་ཀྱི་ཕཊ་སྒྲ་ནི། །དངོས་པོ་ཕྱིན་ཅི་ལོག་ལ་གདབ། །གདབ་དང་མི་གདབ་བརྗོད་ལས་འདས། །མ་ནོར་གསང་སྔགས་དོན་ལ་བཀོད། །ལོག་རྟོག་བསལ་བའི་ཕཊ་ཅེས་བྱ། །ཨོ་རྒྱན་རིན་པོ་ཆེའི་གསུངས་ལས། །བདག་ལ་གཅེས་འཛིན་བྱུང་བ་ན། །ཤ་ཁྲག་གཟན་དུ་སྒྱུར་བའི་ཕཊ། །བདག་འཛིན་ཞགས་པའི་གནད་དང་སྦྱར། །ཅེས་གསུངས་སོ། །ཞེས་པ་འདི་ནི་ཀརྨ་པ་རང་བྱུང་རྡོ་རྗེའི་བུ་ཆེན་མཁས་གྲུབ་ཤེས་རབ་ཏིང་འཛིན་གྱི་གསུང་རྒྱུན་རྣམས་ལ་གཞིར་བྱས་ཏེ་གཅོད་ཀྱི་དམིགས་འབུམ་ཟབ་དོན་ཐུགས་སྙིང་དང་། གསེར་ཕྲེང་ཞལ་


CMR053_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་བཅོ་བརྒྱད་དང་། །བརྡ་ཆོས་བརྒྱ་རྩ་གསེར་ཞུན་མ། །རིག་པ་འཕྲུལ་གྱི་མེ་ལོང་དང་། །གསང་ཁྲིད་རིམ་ལྔའི་བང་མཛོད་དང་། །དམིགས་འབུམ་བརྒྱ་རྩ་ཞེས་བྱའི་དོན། །ཀུན་གྱིས་བཅུད་བསྡུས་ཁོང་བཅུད་འདི། །༧ རཱ་གའི་མིང་ཅན་དགེ་སློང་གིས། །ཕྱི་རབས་སློབ་བུ་རྣམས་ཀྱི་དོན། །བཀའ་དྲིན་ཆེན་པོ་བཞག་ཡོད་པས། །ཡིད་བཞིན་ནོར་ལྟར་སྤྱི་བོར་ལོངས། །དམ་མེད་ལག་ཏུ་མ་ཤོར་ཅིག །མ་གཅིག་དམ་ལ་མ་འདའ་ས་མཱ་ཡ། །འདི་རྣམས་ཉམས་སུ་ལེན་པའི་གང་ཟག་རྣམས། །ཚེ་འདིར་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ། །ནམ་ཞིག་འཕོས་ཚེ་ཌཱ་ཀིའི་ཚོགས་རྣམས་ཀྱིས། །མེ་ཏོག་ཆར་འབེབས་རོལ་མོའི་སྒྲ་དང་བཅས། །བདེ་བ་ཅན་གྱི་ཞིང་དེར་ཁྲིད་བྱེད་ཅིང་། །ཆོས་སྐུ་འོད་དཔག་མེད་པའི་ཞལ་མཐོང་ནས། །བྱང་ཆུབ་རྒྱ་ཆེར་སྤྱད་པ་སྤྱོད་གྱུར་ཅིག །སརྦ་མངྒ་ལཾ།། །།༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousསྙན་བརྒྱུད་གསལ་བའི་མེ་ལོང་འདིའི་ལུང་མ་ཐོབ་པར་གཞན་ལ་བསྟན་ན་ཆོས་སྐྱོང་བྱ་རོག་གདོང་དང་ལས་མགོན་རྣམས་ཀྱིས་ཕྲག་དོག་འོང་། དམིགས་འབུམ་བུ་ཡིགnext