Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
སྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔ་ཡི་སྤྱི་ཐེམ་གནད་ཀྱི་མན་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔ་ཡི་སྤྱི་ཐེམ་གནད་ཀྱི་མན་ངགnext

སྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔ་ཡི་སྤྱི་ཐེམ་གནད་ཀྱི་མན་ངག


CMR053_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔ་ཡི། །སྤྱི་ཐེམ་གནད་ཀྱི་མན་ངག་བཞུགས་སོ།། ༈ སྐྱེ་མེད་ནམ་མཁའི་དབྱིངས་ཉིད་ལས། །འགག་མེད་ཉི་ཟླའི་འོད་ཟེར་གྱིས། །ཐོག་མེད་འགྲོ་བའི་མུན་སེལ་བ། །སྤྲུལ་སྐུ་ལབ་སྒྲོན་ཞབས་ལ་འདུད། །གོང་གི་ནག་སྦྱོར་མཐའ་དག་ལ། །སྔོན་དུ་སྐྱབས་འགྲོ་བརྒྱ་རྩ་བྱ། །བར་དུ་ལུས་སྦྱིན་བརྒྱ་རྩ་བྱ། །ཐ་མ་ལས་ལ་སྦྱར་བའི་དུས། །རང་ཉིད་ཁྲོས་མར་བསྐྱེད་པ་ནི། ཕཊཿ རང་ཉིད་སྐད་ཅིག་གིས་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཡས་ཉི་མ་གཡོན་ཟླ་བ། དབུས་ཉི་ཟླ་སྤེལ་མ་ལས་གྲུབ་པ་སྤྱན་ཐུར་གཟིགས་པ། རལ་པ་དམར་ནག་བར་སྣང་ཁྱབ་པ། དབུ་ཚངས་པའི་འཇིག་རྟེན་དུ་སླེབ་པ། ཞབས་ན་རག་དམྱལ་ཁམས་མནན་པ། །ཕྱག་གཡས་གྲི་གུག་རྣོ་ངར་དང་ལྡན་པ་ནམ་མཁའ་ལ་ཕྱར་བ། གཡོན་བྷནྡྷ་ལྕང་ལོ་ཅན་སྡེ་བརྒྱད་ཀྱི་སྙིང་ཁྲག་བཀང་བར་ཐུགས་ཀར་འཛིན་པ། སྤྱི་གཙུག་ཏུ་རྟོགས་མེད་ཀྱི་ཕག་ཞལ་མཐིང་ནག་ནམ་མཁར་དུར་བ། སྣང་སྲིད་ལྷ་ཨ་འདྲེ་ཐམས་ཅད་བསྲང་ཞིང་བརྒྱལ་བ། རྡོ་རྗེའི་ཁྱུང་གཤོག་ལྡིང་བ་སྤྲུག་པ་ལས། ཁྱུང་དམར་རྡོ་རྗེའི་སེར་བ་འབེབས་པ། སྐུ་ལ་མི་ལྤགས་གཡང་གཞི་ཁྲག་དམར་ཛ་རེ་བ་


CMR053_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མནབ་པ། སྦྲུལ་ནག་གི་མགུལ་ཆིངས་ཁྱུག་ཁྱུག་བྱེད་པ། སྤྱན་ནས་གནམ་ལྕགས་ཐོག་རྒོད་དམར་ཕྲོམ་ཕྲོམ་བྱེད་པ་ཞལ་ནས་ཧཱུྃ་འབྲུག་གི་སྒྲ་ཆེན་དི་རི་རི་སྒྲོག་པ། སྲིད་གསུམ་ཐམས་ཅད་གཡོ་འགུལ་ཁྱུག་ཁྱུག་བྱེད་པ་བ་སྤུའི་བུ་ག་ཐམས་ཅད་ནས་གནམ་ལྕགས་རྡོ་རྗེ་རྩུབ་ངར་དང་ལྡན་པ་ཕྱིར་འཕྲོས། ཕྱིར་གྱུ་བ་ལས་དེ་འདྲ་གྲངས་མེད་འཕྲོ་འདུའི་ལྷ་འདྲེ་སྡེ་བརྒྱད་གཟིར་བས། དེ་ཡི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་དུ་ཧཱུྃ་མཐིང་ནག་མེ་འོད་འཕྲོ་ཞིང་། མེ་ཞག་འཕྲོ་བས་འཇིག་རྟེན་ཁམས་ཐམས་ཅད་བསྲེགས་པ། མེ་ཞག་གི་སྣ་ལ་ཁྲོས་མ་ནག་མོ་ཉི་ཟེར་རྡུལ་བཞིན་དུ་འཚུབས་པ། དེ་རྣམས་ཀྱིས་མི་ལྤགས་གཡང་གཞི། མི་རྐང་གླིང་བུ། སྦྲུལ་གྱི་ཞགས་པ། གནམ་ལྕགས་ཀྱི་ཐོག་མདའ་དམར་པོ། འགུགས་བྱེད་ལྕགས་ཀྱུ། འཆིང་བྱེད་ཞགས་པ། སྡོམ་བྱེད་ལྕགས་སྒྲོག །དབང་སྡུད་ཀྱི་དྲིལ་བུ། གཟེར་བྱེད་གྱི་ཕུར་པ། རྡོ་རྗེ་རལ་གྲི་ལ་སོགས་པའི་མཚོན་ཆ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པས་དེ་རྣམས་ཀྱིས་དགྲ་བོ་དགུག་པའི་རྣམ་པ་ཅན་དུ་གྱུར། ཕཊཿ ཅེས་དེ་ནས་བདེན་པའི་སྟོབས་བརྗོད་ལ། དང་པོ་དམིགས་རྟེན་དགྲ་བོ་བཀུག་ལ་


CMR053_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ། དེ་ནས་བར་དུ་སྣང་སྲིད་ལྷ་འདྲེ་བཀུག་ལ་བསྟིམ། དེ་ནས་ལྷ་འདྲེ་དགྲ་བོ་གཉིས་ཀྱི་སྟེང་དུ། རང་གི་ཤ་ཁྲག་བསྟིམ་ནས་སྦྱིན། ཟ་རུ་མ་འདོད་པ་རྣམས་ལ། ལས་བྱེད་མཁའ་འགྲོ་རྣམས་ཀྱིས་གྲི་གུག་དང་ཟངས་ཕུར་གྱིས་ཁ་ལ་བཏབ་པས་མ་བཟོད་ནི། ལེ་ལན་ཁོ་རང་ལ་དེད་ནས། སོ་སོར་ལས་བཅོལ་ནས་ཕྲིན་ལས་བསྒྲུབ་པར་བསམ། སྟེང་གི་ནམ་མཁར་རིགས་ལྔའི་སངས་རྒྱས་བཞུགས་པ། དམ་པ་སངས་རྒྱས། མ་གཅིག་ལབ་སྒྲོན་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་ཀྱིས་གཅེར་བུར་ཌཱ་དྲིལ་མཛད་པ། དེ་འོག་བར་སྣང་ལ་ཕྱག་རྡོར། གཤིན་རྗེ། རྟ་མགྲིན་ལ་སོགས་པ་ཁྲོ་བོ་མཚོན་ཆ་ཐོགས་པས་གང་བ། རང་གི་མདུན་རྒྱབ་ཐམས་ཅད་རྣམ་ཐོས་སྲས་ཀྱིས་ལྕགས་ཀྱི་མཆོད་རྟེན་གྱི་ནང་ནས་སྡེ་བརྒྱད་ཀྱི་དམག་གིས་གང་ནས་འཛིན་པ། མ་མགོན་མགར་གསུམ་དུར་ཁྲོད་བདག་པོ་ཡབ་ཡུམ། སྤྱང་ཞོན་མཆེད་གསུམ་ལ་སོགས་ཆོས་སྐྱོང་འཇིགས་གཟུགས་ཅན་གྱིས་གང་བ། འོག་གི་ཕྱོགས་ཐམས་ཅད་གནས་སོ། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད། རྨ་ཆེན་སྤོམ་ར་ལ་སོགས་མགུལ་ལྷ་བཅུ་གསུམ། གཉན་ཆེན་ཐང་ལྷ། ཤམ་པོ་གཟའ་བདུད། ཟངས་རི་འཁྱིལ་པ་ལ་སོགས་པ། འཇིག་རྟེན་ཁམས་ཀྱི་ལྷ་འདྲེས་གང་བ། དེ་རྣམས་ཀྱིས་གང་བཅོལ་ཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམ། དེ་ནས་དབང་སྡུད། བཀུག་གཞུག་གཉན་འབོད་རྣམས་ཀྱང་བྱ། མཐར་དྲག་གཏོར་བསྐྱེད་བསྟིམས་བྱས་ལ་འབུལ། མཁའ་འགྲོ་རིགས་དྲུག་གི་བསྐུལ་པ་བྱ།


CMR053_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དྲག་གཅོད་འགྲན་བཞིན་བྱ། འདི་ནི་སྤྱི་ཐེམ་གནད་ཀྱི་ཡན་ལག་ཡིན། འདི་ཡི་ལག་ལེན་བྱ་ཐབས་ཁ་ཚར་བུ་ཡིག་ནང་དུ་གསལ་གསུངས་སོ། །ས་མ་ཡ། གཞུང་དང་འགའ་ཨ་གཉེན་ནས་བརྒྱུད་པ་ཨ་ནན་ཏ་བཱི་ཛ་ལ་བརྒྱུད་པ། བདག་ཨ་རཱ་གས་དག་པར་གསལ་བར་བཀོད་པའོ། །མངྒ་ལཾ།། །།


previousསྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔ་ཡི་སྤྱི་ཐེམ་གནད་ཀྱི་མན་ངགnext