Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
སྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔའི་བུ་ཡིག་བཀའ་རྒྱ་ཅན་བཙན་དུག་ཧ་ལ་ནག་པོ་དགྲ་སྲོག་གཅོད་པའི་སྤུ་གྲི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔའི་བུ་ཡིག་བཀའ་རྒྱ་ཅན་བཙན་དུག་ཧ་ལ་ནག་པོ་དགྲ་སྲོག་གཅོད་པའི་སྤུ་གྲི།next

སྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔའི་བུ་ཡིག་བཀའ་རྒྱ་ཅན་བཙན་དུག་ཧ་ལ་ནག་པོ་དགྲ་སྲོག་གཅོད་པའི་སྤུ་གྲི།


CMR053_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༼ཨ༽ གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བ་ལས། མ་གཅིག་ཐུགས་ཀྱི་མན་ངག་ལས། སྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔའི་བུ་ཡིག་བཀའ་རྒྱ་ཅན། བཙན་དུག་ཧ་ལ་ནག་པོ་དགྲ་སྲོག་གཅོད་པའི་སྤུ་གྲི་བཞུགས་སོ། །


CMR053_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཀཱ་ལི་ཡེ་ན་མོ། འདིར་སྙན་བརྒྱུད་ནག་སྦྱོར་གྱི་ཐོག་མར་བུ་ཡིག་ལྷན་ཐབས་ལ། ཀ༽ གློ་བུར་དགྲ་བྱུང་གཉན་སར་འགྲོ་བའི་མན་ངག་ལ། རྣལ་འབྱོར་པས་ལ་བཙས་ལ་ཕྲིན་ལས་བཅོལ་བར་འདོད་ན། གཉན་ས་གང་དང་གང་དུ་འགྲོ་ན་ཡང་། ངག་ཏུ་མི་བརྗོད་མིན་ངག་ཡིན། །གནས་དེར་འགྲོ་བའི་དུས་སུ་ནི། །སེམས་བསྐྱེད་ནམ་མཁའ་སྒོ་འབྱེད་བྱ། །རང་ཉིད་ཁྲོས་མའི་ཐུགས་ཀ་རུ། །གནམ་ལྕགས་རྡོ་རྗེ་རྩེ་དགུ་བསམ། །ཕཊ་ཅེས་བརྗོད་པས་དེ་ནས་ནི། །རྩེ་གསུམོ་རྩེ་ལྔ་རྩེ་དགུ་པ། །རྡོ་རྗེ་གྲངས་མེད་འཕྲོས་ནས་ནི། །བསྙིལ་ཞིང་མནན་པར་བྱ་


CMR053_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །མཛེར་ནས་བྲོས་དབང་མེད་པར་བསམ། །གནས་དེར་མ་ཕྱིན་བར་དུ་ནི། །དེ་ལྟར་དམིགས་པ་ཡང་ཡང་བྱ། །ལས་ལ་བཏང་བའི་མན་ངག་གོ །དེ་ནས་གཉན་སར་ཕྱིན་པའི་དུས། །ཐོག་མར་དབང་སྡུད་བྱས་ཀྱང་རུང་། །ཁྲོས་མར་གསལ་བས་གཉན་འབོད་དང་། །སྐྱབས་འགྲོ་སེམས་བསྐྱེད་ལུས་སྦྱིན་བྱ། །དེ་ནས་རང་ཉིད་ཁྲོས་མ་ཡི། །ཐུགས་ཀར་པདྨ་འདབ་བཞིའི་སྟེང་། །ཉི་མའི་སྟེང་དུ་མཁའ་འགྲོ་བཞི། །ལྕགས་ཀྱུ་ལ་སོགས་འཛིན་པ་རྣམས། །ཕྱོགས་བཞིར་སྤྲོས་ལ་ལྷ་འདྲེ་དང་། །སྡེ་བརྒྱད་བསྡུས་ལ་གནས་པོར་བསྟིམ། །དེ་ནས་


CMR053_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་བྱ་བ་ནི། །རང་ཉིད་ཁྲོས་མར་གསལ་བའི་གོས་དེ་ནི། མི་ལྤགས་གཡང་གཞི་མགོ་སུག་ཚང་བ་གཅིག་ཏུ་བསམ། རང་ཉིད་ནུབ་བྱང་མཚམས་སུ་ཁ་བསྟན་ནས་རྡེལ་བུ་ནག་པོ་གཅིག་བླང་ལ། དེ་ལ་ཡི་གེ་དུ་གཅིག་བྲི། རྡེལ་བུ་དགྲ་བོའི་རྗེས་སུ་དྲི་མ་རྟ་སྤུ་གང་རྙེད་དང་། མཉམ་དུ་གོས་ནང་བཏུམ། རྡེལ་བུ་དེ་བདུད་ལྷས་སྦྱིན་ཁ་དོག་སེར་ནག་མིག་གསུམ་ཡོད་པ། སྐྲ་སེར་ནག་གྱེན་དུ་འབར་བ་ལག་ན་རེ་བའི་བ་དན་དང་། ཁཊཾ་རྩེ་གསུམ་བཟུང་བ་གཅིག་ཏུ་བསྒོམ། དེ་ལ་དུག་ལྔ་ལས་གྲུབ་པའི་བདུད་ཐམས་ཅད་ཡང་ཡང་བཀུག་ནས་བསྟིམ། དེའི་སྟེང་དུ་རང་གི་ཤ་ཁྲག་ཉིལ་ནས་རྒྱུ་མ་སྦྲུལ་ནག་གི་ཞགས་པ་ཡིན་པར་བསམ། སྐེ་རགས་ཀྱིས་བཅིང་། དགྲ་བོ་བཀུག་ལ་གོས་ནང་གི་ཟག་རྫས་ལ་བསྟིམ། དེ་ནས་རང་ཉིད་ཁྲོས་མར་གསལ་ནས། མི་ལྤགས་ཀྱི་གཡང་གཞི་ལྷས་སྦྱིན་དགྲ་བོ་དང་བཅས་པ། ཡར་སུམ་ཅུ་རྩ་གསུམ་ལྷ་གནས་སུ་གཡུགས་པས། རི་རབ་ཀྱི་རྩེ་ལ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་འབུམ་དང་ལྡན་པ། མཚོན་ཆ་སྣ་ཚོགས་ཀྱིས་ཆར་འབབ་པར། གཡོན་ཕྱོགས་སུ་དམ་སྒ་ར་ར་འཁོར་བའི་རྩིབས་ལ་བརྒྱབས་པས། ལྷས་སྦྱིན་གྱི་


CMR053_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་ཤ་ཁྲག་དམར་ཉི་ལི་ལི་བྱེད་པར་བསམ། ལན་གཉིས་གཡུགས་པས་བར་སྣང་སྟོང་པ་ཁྲག་གི་རྦ་ཀློང་འཁྲུགས་པ། དེ་ལ་ནད་ཀྱི་ཆར་པ་འབེབས་པ། དེའི་དཀྱིལ་དུ་བརྒྱབ་པ་ལྷས་སྦྱིན་དང་དགྲ་བོ་མྱོས་ཤིང་འཐིབ་པར་བསམས་ལ། ལན་གསུམ་གཡུགས་པས་ས་གཞི་དུག་གི་རྒྱ་མཚོའི་སྟེང་དུ་དུག་གི་མེ་འབར་བའི་དབུས་སུ། ལ་བཙས་དེ་ཉིད་ལྷ་འདྲེའི་དབེན་གནས་ཁྲ་ལམ་མེ་བ་ཉམས་དགའ་བ་ཡིད་དུ་འོང་བ། །དེའི་ནང་དུ་ལྷ་སྲིན་སྡེ་བརྒྱད་དམག་ཚོགས་ལྟར་འདུ་བ། དེའི་སྟེང་དུ་གཡང་གཞིའི་སྟེང་དུ་བཀབ་པས། དབེན་གནས་དེ་ཉིད་ཐལ་ཕུང་ལ་སྒྲོ་གཡབ་བརྡབ་པ་བཞིན་སྟོར་བར་བསམ། སྡེ་བརྒྱད་དང་ལྷ་འདྲེ་གནས་ས་མེད་ནས། ཤ་ཁྲག་གི་ལྷས་སྦྱིན་དང་། སྡེ་བརྒྱད་ལྷ་འདྲེ་རྣམས་སྐྱོལ་ཉོག་ཏུ་བཏང་བས་འཁྲུགས་ཏེ། འོད་རྣམས་ཤར་ཙམ་གྱིས་སྡུད་ནས། བདུད་ལྷས་སྦྱིན་གྱིས་སྣ་དྲངས་ནས་སྡེ་བརྒྱད་དང་ལྷ་འདྲེའི་དམག་ཚོགས་སོང་ནས། དགྲ་བོའི་སྲུང་འཁོར་ཞིང་བཅོམ་གསོད་པའི་མཚོན་ཆ་ཅགས། སྡེ་བརྒྱད་ཀྱི་ཐུགས་ཀ་ནས་མཚོན་ཆའི་ཆར་བབས་ནས་དུམ་བུར་གཏུབ་སྟེ། བདུད་དང་སྡེ་བརྒྱད་ལྷ་འདྲེའི་དམག་ཚོགས་རྣམས་ཀྱིས་ཧབ་ཐོབ་ཏུ་


CMR053_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་པར་བསམ། ལྷག་མ་རྗེས་ཤུལ་ཐམས་ཅད་བདུད་ཀྱིས་ཁྱེར་ནས། འོག་ཏུ་བཙུད་ནས་སྟེང་དུ་བདུད་ཀྱི་ཕོ་བྲང་བཏབ་པར་བསམ། སྡེ་བརྒྱད་ཀྱི་གནས་མལ་བདུད་ཀྱི་འཕྲོག་ནས། སླར་སྡེ་བརྒྱད་འོང་ས་མ་རྙེད་ནས། དེའི་ལེ་ལན་ཁོ་ལ་དད་ནས། དགྲ་ཡུལ་དུ་སྡེ་བརྒྱད་ཀྱི་ཕོ་བྲང་བཏབ་པར་བྱ། དེ་ནས་གཉན་དམིགས་སུ། དགྲ་བོའི་ཟག་རྫས་རྣམས་དང་བཅས་པ་མནན། དགྲ་བོ་བཀུག་ལ་བསྟིམ། དེའི་སྟེང་དུ་ཁོའི་ལྷན་ཅིག་སྐྱེས་པའི་ལྷ་དང་། འོག་ཏུ་མཉམ་པོར་འོང་བའི་བདུད་གཉིས་ཀྱི་ངོ་བོ་སྡིག་པ་དམར་ནག་གཉིས་ཀྱིས་བཅིང་། དེའི་ཕྱི་རོལ་དུ་སྦྲུལ་ནག་གི་ཞགས་པས་བཅིང་། སྡིག་པ་གཉིས་ལས་སྡིག་པའི་དམག་ཚོགས་དཔག་ཏུ་མེད་པ་འཕྲོས། དགྲ་བོའི་སྤྱི་གཙུག་དང་གསང་གནས་གཉིས་ལ་ཞུགས། སྙིང་གར་ཕྱིན་ནས་སྲོག་རྩ་བཅད་ནས་ཁྲག་ལྷུད་ལྷུད་ཀྱིས་སོང་བར་བསམ། དེའི་རླངས་པ་ནི་ལ་ཕོག་པས་རླངས་པ་མ་བཟོད་ནས་རྨི་མིག་ཏུ་ཁོའི་སྒོམ་པའི་ལྷ་ཁྲོས་ནས་དབང་ཕྱུག་ཆེན་པོ་དུག་གི་མཆུ་ཅན་དུག་གི་སྤུ་གྲི་ཐོགས་པ་གཅིག་གིས། དུག་མཆུའི་སེམས་མར་མེ་ལྟ་བུ་དེ་གཙག་ནས་ནག་སྐེམ་སྐེམ་སོང་ནས་བཏང་། སྤུ་གྲིའི་རྨི་དང་སྲོག་རྩ་བཅད་ནས་


CMR053_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁྲག་འབྱང་བར་བསམ། དེའི་སྟེང་དུ་རྡེལ་བུ་མནན་པས་བདུད་ལྷས་སྦྱིན་གྱིས་ཕོ་བྲང་བཏབ་པར་བསམ། དེའི་སྟེང་དུ་རང་གི་ཤ་ཁྲག་གཏིབ་བསྙིལ་བྱ། དེ་ནས་སྟོང་ཉིད་ཀྱི་བསྲེ་བ་གསལ་བཏབ། ཕྱི་ལྟས་མི་བྱ་བར་རང་གནས་སུ་ལོག །ནག་སྦྱོར་བུ་ཡིག་དང་པོའོ།། ༼ཁ༽ གཉིས་པ་དགྲ་ཁྱིམ་ཐན་གྱིས་འགེང་འདོད་ན། འཁོར་ལོ་དཔེའུ་རིས་ལྟར་བྲི། གཟའི་བླ་རྡོ་རི་རྩེ་མཐོ་ནས་བླང་དེ་ལ་ཛབྲི། བདུད་ཀྱི་བླ་རྡོ་བྲག་ནག་ནས་བླང་དེ་ལ་དུབྲི། བཙན་གྱི་བླ་རྡོ་བྲག་དམར་ནས་བླང་དེ་ལ་རུབྲི། ཀླུའི་བླ་རྡོ་མཚོའམ་ཆུ་མིག་ནས་བླང་དེ་ལ་ནབྲི། རང་གི་མདུན་དུ་གཉན་དམིགས་སུ་གྲུ་གསུམ་བྲུས་པའི་ནང་དུ་ལིངྒ་བཞག །ལིངྒའི་སྟེང་དུ་བླ་རྡོ་བཞག །གྲུ་གསུམ་དགྲ་ཡུལ་དུ་བསམ། དེ་ནས་དབང་སྡུད་མང་དུ་བྱས་ལ་དགྲ་བོ་བཀུག་ལ་ལིངྒ་ལ་བསྟིམ། གཟའ་ཀླུ་བདུད་བཙན་རྣམས་བཀུག་ལ་བླ་རྡོ་ལ་བསྟིམ། གཞན་ཡང་གནས་པོ་དང་ལྷ་འདྲེ་ཐམས་ཅད་བཀུག་ལ་བསྟིམ། དེ་རྣམས་ཀྱི་སྟེང་དུ་རང་གི་ཤ་ཁྲག་སྙིལ། གྲུ་གསུམ་གྱི་ཁ་དེ་ལྕགས་སྲེག་གི་རྡོ་རྗེ་རྒྱ་གྲམ་གྱིས་བཅད་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དམར་ནག་མང་དུ་


CMR053_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། གྲུ་གསུམ་ཁའི་རྡོ་རྗེ་ལ་ཕོག །རྡོ་རྗེ་དེ་ལས་ལྕགས་ཀྱི་རྡོ་རྗེ་སེར་རྒོད་ལྟར་བབས་པས་གཟའ་ཀླུ་བདུད་བཙན་རྣམས་རྡུལ་དུ་བརླག་པར་བསམ། དེ་རྣམས་ཀྱི་ལེ་ལན་དགྲ་ལ་དེད་ནས་ལྟས་ངན་སྣ་ཚོགས་བཏང་བར་བསམ། ཆོ་འཕྲུལ་བྱུང་ཚུགས་ཟ་ལམ་བསྟན། གཏོར་མ་ཟོར་འཕང་ལིངྒ་དེ་ཉིད་ལམ་དེ་རུ་མནན། ནག་སྦྱོར་བུ་ཡིག་གཉིས་པའོ།། ༼ག༽ གསུམ་པ་དགྲ་བོ་ཀླུ་ལ་གཏད་འདོད་ན། ལིངྒ་དཔེའུ་རིས་ལྟར་བྲི། །ཀླུ་བདུད་ཕོ་མོའི་བར་དུ་བསྟིམ། །ཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིངས། །དེ་ནི་གླང་རུ་ནང་དུ་བཅུག །ལིངྒ་ལ་ནི་དུག་ཁྲག་ཕྱུག །ཀླུ་ལ་དཀར་གསུམ་མངར་གསུམ་བྱུག །ལིངྒར་ཟག་རྫས་རྗེས་ས་བྱུག །གླང་རུའི་ཁ་ནི་ལ་ཆས་བཅད། །གཉན་སའི་མིག་སུ་གྲུ་གསུམ་བྲུས། །དེ་ཡི་ནང་དུ་གླང་རུ་བཅུག །དེ་སྟེང་རང་གི་མལ་ས་བཅའ། །དོང་དེ་རྒྱ་མཚོ་ཆེན་པོ་ཡི། །ནང་དུ་ཀླུ་ཡི་ཕོ་བྲང་བསམ། །གླང་རུ་དགྲ་ཡི་ཁང་པར་བསམ། །དེ་ཡི་ནང་དུ་དགྲ་བོ་བསྐྱེད། །དབང་སྡུད་དྲག་པོས་དགྲ་བོ་བསྟིམ། །དེ་ནས་གནས་པོ་ཀླུ་རྣམས་བསྟིམ། །དེ་ནས་རང་གི་ཤ་ཁྲག་བསྙིལ། །མལ་འོག་རྒྱ་མཚོའི་ལྟེམ་གང་ལ། །ཀླུ་རྣམས་རབ་ཏུ་འཁྲུགས་ནས་


CMR053_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །ལེ་ལན་ཁོ་ལ་དེད་པར་བསམ། །དེ་སྟེང་རང་ཉིད་ཁྲོས་མར་བསྐྱེད་པའི་ཐུགས་ཀ་ནས། ལྕགས་སྲེག་གི་ཐུ་ལུམ་སེར་དྲག་ལྟར་བབས་ནས། རྒྱ་མཚོ་སྟེང་ལྡོག་ནས་ཀླུ་རྣམས་ཤ་རུས་སྐྱ་སི་ལི་ལི་བཏང་བར་བསམ། ཁོ་ལ་ཁྲོས་ནས་ཀླུ་བདུད་ཕོ་མོ་མགོ་དགུ་གཉིས་ཀྱིས་སྔོན་རྒྱབ་གཉིས་ཟོས། སྡིག་པ་ནག་པོ་མགོ་དགུ་པ་ཞིག་གིས་སྤྱི་བོ་ནས་ཟོས། སྦལ་ནག་ལག་པ་དགུ་པ་ཞིག་གིས་གསང་ནས་ཟོས། སྦྲུལ་རིགས་བཞི་ཡིས་ཡན་ལག་བཞི་ཟོས་པར་བསམ། ཀླུའི་དུག་གི་ཁོ་མྱོས་ཤིང་འཐིབ། རུལ་ཤིང་ཟག་པར་བསམ། དེ་ལྟར་ཞག་བདུན་ཐུན་དྲུག་གཟིར། དེ་ནས་ལིངྒ་བཏོན་ལ་རྡོ་ཕ་ཝང་ལོང་བུ་དང་མཉམ་དུ་ཡུགས་སའི་སྒྲས་ཁ་བཅིང་། རི་བྲག་དམར་པོ་ཁ་ནུབ་ཏུ་གྱུའམ། ཆུ་མིག་ཁ་ནུབ་ཏུ་གྱུ་བ་ལ་མནན་པ་བྱ། རྒྱ་མཚོའི་གཏིང་དུ་ཀླུ་བདུད་ཀྱི་ཁར་བཅུག་པར་བསམ། གསེར་གྱི་ཕ་བོང་འང་བསྒྲིལ་ནས་ཀླུའི་གྲེ་བ་བཅད་པར་བསམ། རང་གི་རྗེས་སུ་ཚེར་མང་གིས་བསྡུས་ལ་གོམ་པ་དགུ་འགྲོ། དེ་ནས་རང་ཉིད་ཁྲོས་མ་ནག་པོ་བྱ་ཁྱུང་གི་གཤོག་པ་ཅན་དུ་བསམ། དེ་མཁའ་སྤྱོད་གནས་སུ་འགྲོ་བར་བསམས་ལ་འཕུར་སྟངས་བྱའོ། །ཕྱི་མིག་མི་


CMR053_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བར་འོང་བ་ནི་མན་ངག་ཡིན། ནག་སྦྱོར་བུ་ཡིག་གསུམ་པའོ། ༼ང་༽ །བཞི་པ་དགྲ་ཡུལ་ཐོག་གིས་གཞིག་འདོད་ན། རི་གཉན་གྱི་ས་དང་། ཆུ་གཉན་གྱི་རྡེའུ། གསེར་རྡོ་དང་། ལྕགས་རྡོ། ཟངས་རྡོ་དང་། དགྲ་བོའི་ཁང་ས་ཞིང་ས་དུར་ས་དང་། དེ་གཉིས་བསྲེས་ལ་མཁར་ཐོག་ཁ་གཉིས་བརྩེགས་བྱ། འོག་ཁང་དུ་དགྲ་བོའི་ལིངྒ་དཔེའུ་རིས་ལྟར་བཅུག གཟའ་་་་་རྫ་རི། བདུད་བྲག་་་ནག་ཀླུ་་་ཆུ་མིག བཙན་་་་་བྲག་དམར་གྱི་བླ་རྡོ་བླང་ལ། དེ་ལ་སོ་སོའི་ས་བོན་བྲི། །དེ་ནི་ཐོག་ཁང་ནང་དུ་བཅུག །གཉན་ས་དམའ་བ་གཅིག་ཏུ་འགྲོ། །མཁོར་དེ་རང་མདུན་བཞག་པར་བྱ། །དེ་ཉིད་དགྲ་བོའི་ཁང་ཁྱིམ་བསམ། ། །འོག་ཁང་དགྲ་བོ་འཁོར་བཅས་བསམ། །དེ་ནས་ཁང་ཁྱིམ་འཁོར་བཅས་བསྟིམ། །སྟེང་དུ་གཟའ་བདུད་མགོ་དགུ་བསམ། །ཕ་སྲིན་པོ་མགོ་དགུ་བསམ། །མ་ཀླུ་མོ་ཁྲག་མིག་མ་བསམ། །དང་པོ་དགྲ་བོ་བཀུག་ལ་བསྟིམ། །དེ་ནས་གཟའ་བཀུག་བསྟིམ་བྱ། །དེ་ནས་རང་གི་ཤ་ཁྲག་བསྙིལ། །རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །ཡི་གེ་རཾ་འཕྲོས་མཁར་སྟེང་བབ། །རཾ་ལས་རཾ་འཕྲོས་རཾ་དགུ་གྱུར། །དེ་ལས་མེ་འབར་གཟའ་བདུད་དང་། །


CMR053_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོ་རྡུལ་དུ་བརླག་པར་བསམ། །རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །རྡོ་རྗེའི་ཐོག་ཕབ་གཟའ་ཡི་སྤྱི་བོ་རྒྱབ། །ཞབས་སུ་ཕུད་ཅིང་ཕུང་པོ་དྲྭ་བར་བཏང་། །དེ་ཡི་ལེ་ལན་ཁོ་ལ་དེད་ནས་སུ། །ཐོག་སེར་ཕབ་ནས་རྡུལ་དུ་བརླག་པར་བསམ། །བསྐལ་པ་གསུམ་དུ་ཐུན་དྲུག་གཟིར། །དེ་ནས་ལིངྒ་ཕྱུང་ནས་ནི། ཆུ་མིག་ཁ་བྱང་དུ་རྒྱུ་བའམ།་་་་་རྫ་རི་མཐོན་པོའི་ནུབ་བྱང་མཚམས་སུ་རི་ཟུར་རམ། ལག་པ་གཡས་པ་མནན་པར་བྱ། །མཁར་དང་བླ་རྡོ་དྲག་གཏོར་རྣམས། །དགྲ་བོའི་ཕྱོགས་སུ་ཟོར་དུ་འཕང་། །གོས་ནང་གཟའ་བདུད་བསྐྱེད་པ་ལ། །ས་ལ་བརྡབས་པས་བུ་ག་དགུ་ནས་ནི། །ཐོག་སེར་འབེབས་པར་བསམ་ལ་བསྲེགས་བསྲེས་འདྲ། །ནག་སྦྱོར་བུ་ཡིག་བཞི་པའོ། ༼ཅ༽ །ལྔ་པ་དགྲ་ལ་སྨྱོ་འབོག་བཏང་འདོད་ན། །ལིངྒ་དཔེའུ་རིས་ལྟར་བྲི། །གཉན་ས་རྒྱ་གྲམ་ལམ་དུ་བཅའ། །རང་མདུན་གྲུ་གསུམ་བྲུས་པའི་ནང་། །མི་ནོར་ཁྱི་གསུམ་གང་རྙེད་རབ་སྤྲེལ་ཐོད་མ་ཡིན། །སྨྱོ་ཐོད་ནང་དུ་ལིངྒ་བཅུག །ཐོད་པ་ལྕགས་ཁང་གཅིག་ཏུ་བྷོ། །དེ་ཡི་ནང་དུ་དགྲ་བོ་བསྐྱེད། །དབང་སྡུད་དྲག་པོས་ཡང་ཡང་བསྟིམ། །དེ་ནས་སྨྱོ་འདྲེ་བཀུག་ལ་


CMR053_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ། །པེ་ཀར་སེང་གེ་ཞོན་པ་དང་། །རྩང་བཙན་སྟག་ལ་ཞོན་པ་དང་། །གཟའ་བདུད་གདུག་པའི་ངན་སེམས་ཅན། །གནས་དེར་འགྲིམ་ཚད་ཐམས་ཅད་རྣམས། །ལྷ་ཁང་ནང་དུ་ཧྲིག་གེ་བཙུད། །དགྲ་སྙིང་སྒོ་ང་ལྟ་བུར་བསམ། རྣམ་ཤེས་མར་མེ་ལྟ་བུ་དེ། །ལམ་ལམ་འབར་བ་ཞིག་ཏུ་བསྒོམ། །དེ་ནས་རང་གི་ཤ་ཁྲག་གིས། །ལྷ་ཁང་བཀང་ཞིང་ཡང་ཡང་སྦྱིན། །བར་བར་དམིགས་པའི་འཕྲོ་འདུ་ནི། །ཐོད་པ་ལྕགས་སྲེག་ཁང་པར་བྷཻ། །རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །ལྕགས་ཀྱི་རྡོ་རྗེ་སེར་ལྟར་འབེབས། །མགྲོན་རྣམས་རྡུལ་དུ་བརླག་པར་བསམ། །དེ་ཡི་ལེ་ལན་ཁོ་ལ་དེད། །རྣམ་ཤེས་མར་མེ་ལྟ་བུ་བསད། །མགྲོན་རྣམས་སྙིང་གི་དཀྱིལ་དུ་ཞུགས། །དགྲ་ལ་སྨྱོ་འབོག་བཏང་བོར་བསམ། ། བསྐལ་པ་བདུན་ལ་ཐུན་དྲུག་གཟིར། དེ་ནས་རི་བྲག་དམར་པོ་སྤྲེའུ་ལྟ་བུའི་ཁ་ལྷོ་ཕྱོགས་སུ་ལྟ་བའི་འོག་་་་་།ཆུ་མིག་དགུའི་སྙིང་གར་མནན། །ཡང་ན་ལྷ་ཁང་ལྡེར་སོར་ཤེས། །ནག་སྦྱོར་བུ་ཡིག་ལྔ་པའོ། ༼ཆ༽ །དྲུག་པ་དགྲ་ལ་ཞ་རིང་བཏང་འདོད་ན། །ལིངྒ་དཔེའུ་རིས་ལྟར་བྲི། །འདབ་ཆགས་ཞ་བོའི་རིལ་མ་བླུག །རང་མདུན་གྲུ་གསུམ་ནང་དུ་བཞག །


CMR053_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དགྲ་བོ་བཀུག་ལ་བསྟིམ། །དེ་ནས་ཀླུ་རྣམས་བཀུག་ལ་བསྟིམ། །དེ་སྟེང་རང་གི་ཤ་ཁྲག་བསྙིལ། །རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །ཁྱུང་དམར་མེ་ཡི་གཤོག་པ་ཅན། །དཔག་མེད་འཕྲོས་ནས་ཀླུ་རྣམས་ཟོས། །དེ་ཡི་ལེ་ལན་ཁོ་ལ་དེད། །སྦྲུལ་བཞིའི་ཡན་ལག་དམ་བཅིངས་ནས། །ནམ་ཡང་གཡོ་འགུལ་མེད་པར་བྷོ། །གྲུ་གསུམ་རྒྱ་མཚོ་ཆེན་པོར་བསམ། །དེ་ནས་ལིངྒ་ཕྱུང་ནས་ནི། །ཆུ་མིག་བྱང་གྱུ་ལྐུགས་པ་ཡི། །རྐང་པ་གཡས་པའི་འོག་ཏུ་མནན། །དེ་ནས་ལན་གསུམ་སྤོག་པར་བྷེ། །མནན་པ་ཁ་གསུམ་དག་ཏུ་བྱ། །ནག་སྦྱོར་བུ་ཡིག་དྲུག་པའོ། ༼ཇ༽ །བདུན་པ་དགྲ་ཞིང་སེར་བས་འཇོམས་འདོད་ན། །ཡུལ་ཞིང་དབྱིབས་དང་མཐུན་པར་བྲི། །སྟེང་དུ་ཀླུ་བདུད་བཙན་གསུམ་བཞག །གཞན་ཡང་གནས་པོ་ཐམས་ཅད་ནི། །ཞིག་རལ་བྱུང་བའི་ས་ཞིག་དང་། །རི་རྒོད་ངར་མའི་དུར་ས་དང་། །ནུས་ལྡན་སྔགས་པའི་ཧོམ་ས་དང་། །དགྲ་བོའི་ཞིང་ཁང་དུར་ས་དང་། །ཁྱི་དུག་ར་དུག་ཐང་ཕྲོམ་དང་། །དེ་རྣམས་གཅིག་ཏུ་བསྡུས་བྱས་ལ། །ཤ་བོ་རྟ་ནག་ཕུག་རོན་གྱི། །ཁྲག་སྦྲུས་རིལ་བུ་སེར་བའི་ཚད། །དབྱིབས་ཀྱང་དེ་དང་


CMR053_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་བྱས། །ཕུང་ཤུལ་རེ་བ་ནག་པོས་གཏུམ། །དེ་ཡང་གོང་དང་ལྷན་ཅིག་བཞག །དགྲ་བོའི་ཡུལ་འགོ་མཐོང་སར་འགྲོ། །གཉན་ཁྲོད་ཆུ་མིག་གཅིག་ཏུ་བཅུག །འདོམ་གང་ས་ན་རང་ཉིད་འདུག །གྲུ་གང་ས་ན་རྫིང་བུ་བསྐྱིལ། །གོང་གི་རྫས་རྣམས་དེ་རུ་བཞག །བྲ་མ་ཁེར་སྐྱེས་མགུལ་པ་ན། །སྡེ་བརྒྱད་སྲོག་ཡིག་བྲིས་ལ་བཏགས། །དེ་ཡང་དེ་ཡི་དཀྱིལ་དུ་བཙུགས། །ཕྱོགས་བཞིར་ཐོ་བཞི་ཁྲོ་བཞི་བྲི། །ཁྲོ་བཞི་བྱ་ཁྱུང་རྣམ་བཞི་བསྐྱེད། །རྫིང་དེ་རྒྱ་མཚོ་ཆེན་པོ་བྷེ། །དེའི་དཀྱིལ་དགྲ་བོའི་ཡུལ་ཞིང་བྷེ། །དེ་རྒྱབ་ཀླུ་བདུད་བཙན་གསུམ་བྷོ། །དེ་རྒྱབ་སྡེ་བརྒྱད་ཐམས་ཅད་བྷེ། །དེ་ནས་དབང་སྡུད་དྲག་པོ་བྱ། །དང་པོ་དགྲ་བོ་བཀུག་ལ་བསྟིམ། །དེ་ནས་སྡེ་བརྒྱད་བཀུག་ལ་བསྟིམ། །དེ་སྟེང་རང་གི་ཤ་ཁྲག་བསྙེལ། །འཚུབ་མ་དམར་པོ་གཡོན་ཕྱོགས་འཁོར། །སྡེ་བརྒྱད་ཐམས་ཅད་མྱོས་ཤིང་འཚུབས། །དེ་ཡི་ལེ་ལན་ཁོ་ལ་དེད། །ཀུན་གྱི་ཁ་སྣ་མིག་གསུམ་ནས། །ཁྲག་གི་སེར་བ་དྲག་ཏུ་འབེབས། །དགྲ་ཞིང་ཐལ་བར་བརླག་པར་བྷེ། །དེ་ནས་དམིགས་པའི་འཕྲོ་འདུ་ནི། །རང་ཉིད་བྱ་ཁྱུང་དམར་པོ་ཡིས། །འོག་གི་རྒྱ་མཚོ་ཁྲོག་གིས་འཐུང་། །ལྷ་


CMR053_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་སྡེ་བརྒྱད་ཡོས་ལྟར་བརྔོ། །ལེ་ལན་ཐོག་སེར་འབེབས་པར་བྷཻཾ། །དེ་ཡི་ལེ་ལན་ཁོ་ལ་དེད། །བར་བར་ཁྲོས་མ་ནག་མོ་ཡིས། །མཚོ་མཐའ་ཁྱབ་པར་སྐོར་ནས་ནི། །ཕྱག་ན་རྡོ་རྗེ་རྒྱུན་བྷེཾ་ཞིང་། །ཞལ་ནས་དྲག་སྔགས་འདི་བརྗོད་པས། །ལྷ་འདྲེ་སྡེ་བརྒྱད་བསྲང་ཞིང་རྒྱལ། །སེར་བ་དཔག་མེད་འབེབས་པར་བྷཻཾ། །ཧྲཱིཿམཿཧཿརིཿནིཿསཿ ཨཿཡཿམཿདུཿརུཿཙཿཤཿནཿརཿགཿམོཿསེཿརཿབཿཕོཿབཿཕོཿབཿ སེར་རྫས་རྣམས་ཀྱང་འདི་ཡིས་སྔགས། །སེར་བས་བྲབ་པའི་དམིགས་པ་ནི། །འོག་གི་རྒྱ་མཚོའི་དབུས་དེ་ན། །ལྗོན་ཤིང་། སྐྱེས་པའི་མགུལ་པ་ན། །ལྷ་ཁང་བརྒྱན་ཅན་བཅས་པ་བྷེ། །དེ་ཡི་ནང་དུ་སྡེ་བརྒྱད་བསམ། །ཡང་ཡང་བསྟིམ་ཤིང་བསྲེས་ནས་ནི། །ཀླད་ལ་གཡུགས་ནས་རྒྱ་མཚོར་བརྡབ། །ཤ་ཁྲག་ཐར་གྱིས་སོང་བར་བྷཻཾ། །ལེ་ལན་སེར་བ་དབབ་པར་བྷཻཾ། །ཉིན་གཅིག་དྲག་ཆར་དག་ཏུ་འགྲོ། །བསྐལ་པ་གསུམ་ལ་ཐུན་དྲུག་གཟིར། །ལིངྒ་བླ་རྡོ་ལམ་དུ་མནན། །སེར་རྟའི་རིལ་བུ་རེ་རེ་བཞིན། །གཉན་སའི་ཆུ་མིག་ཀུན་ལ་སྦ། །འཆང་ན་ཕྱིས་ཀྱང་ཆོག་པ་ཡིན། །ཁྲ་མ་བརྡབ་ཅིང་དྲག་སྔགས་བརྗོད། །ཁྲ་མ་ཞིང་གི་དབུས་སུ་བཙུགས། །


CMR053_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་རང་ཉིད་མགུལ་སར་འགྲོ། །ཐོག་བསྲུང་བྱ་ཞིང་ཞག་གཅིག་ཉལ། །ནག་སྦྱོར་བུ་ཡིག་བདུན་པའོ། ༼ཉ༽ །བརྒྱད་པ་དགྲ་ལ་གཟེར་རྒོད་བཏང་འདོད་ན། །ཡུལ་ཆེན་ས་དང་ཚང་སྙིབ་ས། །ཕུང་ས་རྣམས་ལ་རུ་པ་བྱ། །དགྲ་བོའི་རྗེས་ས་དྲི་མ་བསྲེས། །དེ་ཡི་སྙིང་གར་སྐྱེར་ཕུར་བཙུགས། །གཉན་ས་ཝ་དམར་ཁ་ལ་བཅའ། །མདུན་དུ་དོང་བྲུས་རུ་པ་བཞག །དོང་དེ་དགྲ་བོའི་ཡུལ་དུ་བསམ། །གཟུགས་དེ་དགྲ་བོ་དངོས་སུ་བསམ། །ཕུར་པ་གཟའ་བདུད་དངོས་སུ་བསམ། །དང་པོ་དགྲ་བོ་བཀུག་ལ་བསྟིམ། །དེ་ནས་སྡེ་བརྒྱད་བཀུག་ལ་བསྟིམ། །དེ་སྟེང་རང་གི་ཤ་ཁྲག་བསྙིལ། །བར་བར་དམིགས་པའི་འཕྲོ་འདུ་ནི། །རང་ཉིད་ཁྲོས་མར་གསལ་བ་ཡི། །ཕྱག་གི་གནམ་ལྕགས་ཕུར་པ་ཡིས། །གཟའ་བདུད་སྙིང་ལ་རབ་གཟིར་ནས། །གཟའ་བདུད་སྡེ་བརྒྱད་ཐམས་ཅད་འཁྲུགས། །དེ་ལ་ཕུར་ཐོགས་གྲངས་མེད་འཕྲོས། །དགྲ་བོ་རྡུལ་དུ་བརླག་པར་བསམ། །བསྐལ་ཕྲན་དྲུག་ལ་ཐུན་དྲུག་གཟིར། །དེ་ནས་ཝ་ཤའི་མདའ་ལ་རྡོ་གྲམ་བྱས་ལ་མནན། །ནག་སྦྱོར་བུ་ཡིག་བརྒྱད་པའོ། ༼ཏ༽ །དགུ་པ་དགྲ་ལ་འོན་


CMR053_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ལྐུགས་པ་བཏང་འདོད་ན། ་།ལིངྒ་དཔེའུ་རིས་ལྟར་བྲི། །ཕུག་རོན་ལྤགས་པའི་ནང་དུ་གཏུམ། །ལྐུགས་པའི་སྐྲ་ཡིས་རྒྱ་གྲམ་བཅིང་། །དེ་ཡང་རང་གི་ཞབས་སུ་མནན། །ལིངྒ་དགྲ་བོ་དངོས་སུ་བསམ། །ལྕེ་ཡི་བྲང་ཁེབས་སྟེང་དུ་ནི། །སྣང་སྲིད་ལྷ་འདྲེའི་དམག་ཚོགས་བསམ། །དང་པོ་དགྲ་བོ་བཀུག་ལ་བསྟིམ། །དེ་ནས་ལྷ་འདྲེ་བཀུག་ལ་བསྟིམ། །དེ་སྟེང་རང་གི་ཤ་ཁྲག་བསྙིལ། །དེ་ནས་དམིགས་པའི་འཕྲོ་འདུ་ནི། །རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་འཕྲོས། །ལྷ་འདྲེའི་ལྕེ་ཡི་སྟེང་དུ་ཕོག །ངག་གི་རྩ་རྣམས་བསྡམས་པར་བྷེ། །དེ་ཡི་ལེ་ལན་ཁོ་ལ་དེད། །གཟའ་ཀླུ་ལྐུགས་པའི་རིགས་ཅན་གྱིས། །ལག་ན་སྦྲུལ་གྱི་ཞགས་པས་ནི། །ཁོ་ཡི་མགྲིན་པ་བཅིང་པར་བསམ། །གཉན་ཁྲོད་གསུམ་ན་ཐུན་དྲུག་གཟིར། །དེ་ནས་ལིངྒ་ཕྱུང་ནས་སུ། །ཆུ་མིག་ལྐུགས་པ་མགོ་དགུའི་མིག་གཡོན་པའམ། །ཡང་ན་ཕུག་རོན་གནས་པའི་བྲག་ལ་སྦས། །ནག་སྦྱོར་བུ་ཡིག་དགུ་པའོ། ༼ཐ༽ །བཅུ་པ་དགྲ་བོ་ཕ་ཚན་ཕྱེ་འདོད་ན། །ལིངྒ་དཔེའུ་རིས་ལྟར་བྲི། །གཉན་ས་མི་མཐུན་གཟུགས་ལ་བསྟིམ། །རང་གི་མདུན་དུ་


CMR053_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་བཞག །དབང་སྡུད་དྲག་པོས་དགྲ་བོ་བསྟིམ།། །དེ་ནས་སྣང་སྲིད་ལྷ་འདྲེའི་ཚོགས། །བདུད་ནག་ཕོ་རོག་མགོ་ཅན་དང་། །བྲག་བཙན་འུག་པའི་མགོ་ཅན་སོགས། །ལྷ་འདྲེ་གྲངས་མེད་ཡང་ཡང་བསྟིམ། །དེ་སྟེང་རང་གི་ཤ་ཁྲག་བསྙིལ། །དེ་ལ་དམིགས་པའི་འཕྲོ་འདུ་ནི། །རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །ཁྲོ་ལས་བྱ་ཁྱུང་གྲངས་མེད་འཕྲོས། །རང་ཕྱོགས་ལིངྒ་ཁྲོ་ལ་བསྟིམ། །ཀླུ་དང་སྡེ་བརྒྱད་སྦྲུལ་དུ་གྱུར། །གཞན་ཕྱོགས་ལིངྒ་ན་ལ་ཐིམ། །རང་གི་ཤ་ཁྲག་ཐམས་ཅད་ཀྱང་། །རུས་སུམ་བཻ་ཞིང་མྱོས་པར་བསམ། །བསྐལ་པ་གསུམ་ལ་ཐུན་དྲུག་གཟིར། །དེ་ནས་ལིངྒ་རྒྱ་གྲམ་ལམ་དུ་མནན། །ནག་སྦྱོར་བུ་ཡིག་བཅུ་པའོ། ༼ད༽ །བཅུ་གཅིག་དགྲ་བོའི་རིགས་རྒྱུད་གཅོད་འདོད་ན། །ལིང་དཔེའུ་རིས་ལྟར་བྲི། །མཛོ་དང་དྲེའུ་ཁྲག་གིས་བྱུག །རབས་ཆད་ཕོ་མོའི་གོས་ཀྱིས་གཏུམ། །གཉན་ས་དྲག་པོ་གཅིག་ལ་འགྲོ། །རང་གི་མདུན་དུ་གྲུ་གསུམ་བྲུས། །དེ་ཡི་ནང་དུ་ལིངྒ་བཞག །བྲག་ཕུག་བྱང་གྱུའི་རྡོ་གཅིག་ལ། །ཏྲི་གཅིག་བྲིས་ལ་དེ་སྟེང་བཞག །དོང་དེ་དགྲ་བོའི་ཁྱིམ་དུ་བསམ། །ལིངྒ་བུད་མེད་དངོས་སུ་བསམ། །དེ་ཡང་སྲིན་མོ་དམར་


CMR053_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་དབྱིབས་སུ་བསམ། །ལྟོ་བ་དར་དམར་གུར་དུ་བསམ། །མོ་མཚན་གུར་གྱི་སྒོ་རུ་བསམ། །སྒོ་དེའི་ཡ་ཐེམ་ཟླ་བ་སྲིད། །མ་ཐེམ་དག་ལ་ཉི་མས་བརྒྱན། །ཚ་ཟེར་འོད་སྟོང་ལྡན་པར་བསམ། །དེ་ཡི་གཟི་བརྗིད་ཚ་ཟེར་ལས། །གཟའ་དང་ཐེའུ་རང་མ་གཏོགས་པ། །རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི། །རྣམ་ཤེས་ཉེ་བར་མ་ནུས་ནས། །ཚ་ཟེར་འདི་ལ་བྲོས་པར་བསམ། །གུར་ནང་གཟའ་དང་ཐེའུ་རང་བསྐྱེད། །དང་པོ་དགྲ་བོ་བཀུག་ནས་བསྟིམ། །དེ་ནས་གཟའ་དང་ཐེའུ་རང་བསྟིམ། །དེ་སྟེང་རང་གི་ཤ་ཁྲག་བསྙིལ། །དེ་ནས་དམིགས་པའི་འཕྲོ་འདུ་ནི། །རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །རོ་གཅིག་འཕྲོས་པས་གུར་སྒོར་ཕོག །དེ་ལས་མེ་དཔུང་སྨུག་ནག་འབར། །དགྲ་བགེགས་གུར་དང་བཅས་པ་རྣམས། །ཐེའུ་རང་གཟའ་དང་བཅས་པ་བསྲེགས། །དེ་ཡི་ལེ་ལན་ཁོ་ལ་དེད། །མངལ་སྡོམ་སྐྱེ་རྒྱུད་བཅད་པར་བསམ། །བསྐལ་པ་བདུན་ལ་ཐུན་དྲུག་བཀུང་གཟིར། །དེ་ནས་མཛོ་རའི་ནང་དུ་བཅུག །ནུབ་གླུ་ཆུ་མགོ་ཆུ་བོའམ། །ཡང་ན་ཕུག་པ་ནུབ་རྒྱུ་ཡི། །བད་ཆུའི་ཞབས་སུ་མནན་པར་བྱ། །མནན་དུས་དམིགས་པའི་རིམ་པ་


CMR053_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མནན་པར་བྱ་བ་དངོས་ལ་ནི། །རྒྱ་མཚོ་ནག་ལ་ཟབ་པའི་ནང་། །ཀླུ་དང་གཟའ་དང་ཐེའུ་རང་བསྐྱེད། །དེ་ཡི་ནང་དུ་དགྲ་བོ་བསྐྱེད། །བཀུག་ཅིང་བསྟིམ་པ་མན་ངག་ཡིན། །རང་ཉིད་ཁྲོས་མས་མཚོ་ཡར་བཀྱག །ཁ་ཞབས་ལྡོག་ནས་མནན་པར་བསམ། །དེ་སྟེང་འབྱུང་བ་རིམ་བརྩེགས་བྱ། །གནམ་ལྕགས་རི་ཡིས་མནན་པར་བསམ། །ནག་སྦྱོར་བུ་ཡིག་བཅུ་གཅིག་པའོ། །ཟབ་རྒྱ། །སྤྱི། གསང་རྒྱ། དེ་ལྟར་ནག་སྦྱོར་མན་ངག་ལས། །བུ་ཡིག་ཡོད་པ་བཅུ་གཅིག་དང་། །བྱེད་གཅོད་བཞི་དང་བཅོ་ལྔ་ཡོད། །སྤྱི་ཐེམ་གཅིག་དང་བཅུ་དྲུག་ཡོད། །བསྟན་པ་སྲུང་བའི་མཚོན་ཆ་འདི། །སྔོན་ཚེ་མ་གཅིག་ལབ་སྒྲོན་ལ། །བྲག་ཕུག་བྲག་དཀར་སེང་རྫོང་ན། །ཁྲོས་མ་ནག་མོས་དངོས་སུ་གནང་། །མས་ཀྱང་རྡོ་རྗེ་འབུམ་མེར་གཏད། །ད་ལྟ་མདོ་སྟོན་ང་ལ་ཡོད། །སྔོན་གྱི་ཟིལ་སྒོམ་ལ་སོགས་པས། །དད་ལྡན་སློབ་མ་མང་ན་ཡང་། །ཧ་ལའི་མ་ཡིག་མ་གཏོགས་པ། །བུ་ཡིག་འཁོར་དུ་བསྟན་པ་ཡང་། །བླ་མ་མཁའ་འགྲོ་དཔང་པོར་བཞུགས། །ད་ལྟ་ཨ་གཉན་དམ་པར་གཏད། །ཁྱོད་ཀྱང་སློབ་མའི་སྣོད་བརྟག་ལ། །གཅིག་བརྒྱུད་ཙམ་ལ་


CMR053_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་པར། །དམ་ཉམས་ལག་ཏུ་མ་ཤོར་ཅིག །ཆོས་མཐུན་གཅིག་ལ་བསྟན་ན་ཡང་། །བླ་མ་མཉེས་པའི་མཎྜལ་དང་། །མཁའ་འགྲོ་མཉེས་པའི་ཚོགས་འཁོར་དང་། །མདུང་དམར་ཅན་ལ་བ་ལིང་ཚོགས། །གསེར་སྲང་གང་སོགས་ཡོན་དུ་ཕུལ། །གཉན་ས་བརྒྱ་རྩའི་དམ་བཅའ་འཚལ། །དེས་ཀྱང་གདམས་ངག་གསང་ལ་སྤྱོད། །སངས་རྒྱས་བསྟན་ལ་ཐུག་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་རི་ཁྲོད་བཅོམ་བསད་དང་། །རང་གི་སྒྲུབ་བརྒྱག་ཤོར་བ་དང་། །མ་ཉེས་བརྙས་བཅོས་བྱས་བྱུང་ན། །ནག་སྦྱོར་མཚོན་ཆ་འདི་ཕྱུང་རྒྱོབ། །བྲེ་ཞོ་ཙམ་ལ་ལྟུང་གྱུར་ན། །རིགས་རྒྱུད་ཚིག་པར་འགྱུར་ཏ་རེ། །ཚུལ་དང་མི་མཐུན་སྤྱོད་གྱུར་ན། །ཤན་པ་མདུང་དམར་མཆེད་གཉིས་ཀྱིས། །སྡོང་གྲོགས་མི་བྱེད་འཁུ་ལྡོག་འབྱུང་། །དམ་ལྡན་ཚུལ་བཞིན་སྒྲུབ་པ་ལ། །ཇི་ལྟར་ཕྲིན་ལས་བཅོལ་བ་རྣམས། །ཐུབ་པར་སྲུངས་ཤིག་ས་མ་ཡ། །ཞེས་པ་མདོ་ལ་སྟོན་གྲགས་པ་རྒྱལ་མཚན་གྱིས་བཀའ་རྒྱ་དང་བཅས་པ་ཨ་གཉན་དམ་པ་ལ་གནང་། དེས་སྙན་བརྒྱུད་ཡི་གེར་བཀོད་ནས། རིམ་པར་བརྒྱུད་ནས་གཅིག་བརྒྱུད་ནས་ཨ་ནན་ཏ་བཱི་ཛ་ལ་


CMR053_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ནས་སྦས་རྒྱ་བྱས་ནས། ཨ་རཱ་ག་ལ་གནང་། བདག་རཱ་ག་ཨ་སྱས་ཅུང་ཟད་གསལ་བར་བསྒྲིགས་ནས། ཐེམ་མེད་གུད་དུ་སྦས་ནས་བཞག་པའོ། །ཏྲི་ཤུ་ལ་ཨ་མུ་ཀ་མཱ་ར་ཡ་ཆད་སོད། མངྒ་ལཾ། གསང་རྒྱ། བཀའ་རྒྱ། མནྡྲ་ཨ་གཉན་ནས་དྲུང་ཨ་ནནྟ་བི་ཛ། དེས་ཨ་རཱ་ག །དེས་ཀུན་དགའ་རྒྱ་མཚོ། དེས་སྔགས་འཆང་པེཎྱེ་ལཀྵ། དེས་མ་ཏིང་ཨ་སཾ་གྷ་སིཅུ་དྷ་ཤྲཱི་བྷ་དྲ་ནས་ལུང་ཐོབ། །༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousསྙན་བརྒྱུད་ནག་སྦྱོར་དམིགས་པ་བཅོ་ལྔའི་བུ་ཡིག་བཀའ་རྒྱ་ཅན་བཙན་དུག་ཧ་ལ་ནག་པོ་དགྲ་སྲོག་གཅོད་པའི་སྤུ་གྲི།next