Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཁྲིད་གདན་ཐོག་གཅིག་མའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ཁྲིད་གདན་ཐོག་གཅིག་མའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་ཟིན་བྲིས།next

གཅོད་ཁྲིད་གདན་ཐོག་གཅིག་མའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་ཟིན་བྲིས།


CMR053_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཁྲིད་གདན་ཐོག་གཅིག་མའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་ཟིན་བྲིས་བཞུགས་སོ། །


CMR053_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་ཡེ་ཤེས་སྟོན་མཛད་པ། །ཀུན་དགའི་མཚན་ཅན་ཞབས་ལ་འདུད། །རང་གཞན་ཕན་ཕྱིར་སྒྲུབ་ཐབས་བྲི། །མཁའ་འགྲོའི་ཚོགས་ཀྱིས་གནང་བ་སྩོལ། །འདི་རྗེ་ཐམས་ཅད་མཁྱེན་པ་དམ་པ་རྒྱ་གར་གྱི་སྤྲུལ་པར་ཉིད་ཀྱི་ཞལ་གྱིས་བཞེས་པ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་ཚིགས་བཅད་མ་དང་། ། དེའི་ཁྲིད་རིམ་རྒྱས་པ་ཞྭ་དམར་ལྔ་པས་མཛད་པའི་ཉེ་བར་མཁོ་བའི་མན་ངག་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་ཟིན་བྲིས་ལ། དབེན་པའི་གནས་སུ་མཎྜལ་གྲུ་བཞི་པ་ལ་པདྨ་འདབ་བཞི་ཕྱོགས་མཚོན། དབུས་མ་མཐིང་ག །མུ་ཁྱུད་དཀར་པོ། ལྟེ་བར་ཐཾ། ཤར་དུ་ཧ། ལྷོར་རི། ནུབ་ཏུ་ནི། བྱང་དུ་ས་བྲིས་པ་ལ། མེ་ཏོག་གི་ཚོམ་བུ་བཀོད་པའི་དབུས་སུ་མཉྫིའི་ཁར་ཟངས་


CMR053_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གཞོང་ནས་ཀྱིས་བཀང་བའི་སྟེང་དུ་ཀ་པཱ་ལ་ཆང་གིས་བཀང་བར་བདུད་རྩི་རིལ་བུ་བཏབ་ལ་བཞག །དེའི་སྟེང་མེ་ལོང་ལ་སིནྡྷུ་ར་བྱུགས་ལ། ལབ་ཀྱི་སྒྲོལ་མ་ཁྲོས་མའི་ཆ་ལུགས་སུ་བྲིས་ལ་བཞག །མཐར་མཆོད་པས་བསྐོར། ཚོགས་དང་གཏོར་མ་བཤམས། ཌ་དྲིལ་དང་རྐང་གླིང་ཡང་རང་མདུན་དུ་བཀོད། མཚམས་དམ་དུ་བཅད་ལ། ན་མོ་གུ་རུ་དེང་ནས་བཟུང་སྟེ་བླ་མ་དཀོན་མཆོག་གསུམ། །ངེས་པར་སྙིང་ནས་སྐྱབས་གསོལ་སེམས་ཅན་རྣམས། །ཚད་མེད་བཞི་པོ་རྒྱུད་ལ་སྐྱེ་བ་ནས། །བདག་གི་རྫོགས་བྱང་ཉིད་ལ་འགོད་པར་བྱ། །ཞེས་ལན་གསུམ་བརྗོད། ཕྱི་ནང་ཆོས་ཀུན་སྟོང་པའི་རང་བཞིན་ལས། །རང་ཉིད་མ་


CMR053_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལབ་སྒྲོན་སྐུ་མདོག་མཐིང་། །ཞལ་གཅིག་སྤྱན་གསུམ་ནམ་མཁའི་མཐོངས་ལ་གཟིགས། །སྐུ་ལུས་གཅེར་བུ་རུས་པའི་རྒྱན་དྲུག་གསོལ། །ཕྱག་གཡས་སེང་ལྡེང་ཌཱ་རུ་ཏིང་ཤག་སྒྲོག །ཕྱག་གཡོན་བྷནྡྲ་ཁ་ཊཾ་དཀུ་ལ་བརྟེན། །དབུ་སྐྲ་སིལ་མའི་གསེབ་ནས་ཕག་ཞལ་ངུར། །སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་པད་ཉིར་བཞུགས། །རང་ཉིད་ལྷར་གསལ་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་གནས་ནས་མ་གཅིག་མ། །ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། །ཕཊཿ རང་གི་ཐུགས་ཀར་ཨ་ཡིག་སྔོན་པོ་ལས། །འོད་འཕྲོས་སྤྱི་བོའི་གཙུག་ནས་ཡར་སོང་ནས། །མེ་ལོང་ནང་དང་མདུན་གྱི་བར་སྣང་ལ། །བླ་མ་མ་གཅིག་ལབ་སྒྲོན་སྐུ་མདོག་མཐིང་། །ཞལ་གཅིག་སྤྱན་གསུམ་ནམ་མཁའི་མཐོངས་ལ་གཟིགས། །སྐུ་ལུས་གཅེར་བུ་རུས་པའི་རྒྱན་དྲུག་གསོལ། །ཕྱག་གཡས་སེང་ལྡེང་ཌཱ་རུ་ཏིང་ཤག་སྒྲོག །ཕྱག་གཡོན་བྷནྡྷ་ཁ་ཊཾ་དཀུ་ལ་བརྟེན། ། དབུ་སྐྲ་སིལ་མའི་གསེབ་ནས་ཕག་ཞལ་ངུར། །སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་མཁའ་ལ་གར། །རིགས་བཞིའི་མཁའ་འགྲོ་འབུམ་གྱི་དབུས་ན་རོལ། །ལྷ་ཚོགས་དེ་དག་གནས་


CMR053_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་གནས་ནས་མ་གཅིག་མ། །བཀའ་བརྒྱུད་ཡི་དམ་ཆོས་སྐྱོང་སྤྱན་དྲངས་གྱུར།། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །མ་གཅིག་ལབ་སྒྲོན་འཁོར་བཅས་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་གྱུར། །དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་ནས། །དབང་རྟགས་མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །བདག་མདུན་མཁའ་འགྲོ་མ་རྣམས་ཐམས་ཅད་ཀྱི། །སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་མཐིང་ལྟེ་བར་བཻ་དམར་པོ། །དེ་བཞིའི་མཐའ་མར་ཧ་རི་ནི་ས་དང་། །དེ་ཡི་ཐ་མར་སྔགས་ཀྱིས་བསྐོར་བར་གྱུར། །རང་གི་སྙིང་གའི་སྔགས་ལས་འོད་འཕྲོས་ནས། །མདུན་བསྐྱེད་དང་ནི་མེ་ལོང་ལྷ་ལ་ཐིམ། །དེ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་དང་། ། དཔའ་བོ་མཁའ་འགྲོའི་བྱིན་རླབས་ཐམས་ཅད་བསྡུས། །མདུན་བསྐྱེད་དང་ནི་མེ་ལོང་ལྷ་ལ་ཐིམ། །དེ་ཡི་ཐུགས་ལས་བྱིན་རླབས་དངོས་གྲུབ་ཀུན། །འོད་ཟེར་ཚུར་འདུས་རང་


CMR053_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པར་གྱུར། །དམིགས་པ་དེའི་ངང་ནས་བསྙེན་པ་བྱ་སྟེ། །ཨོཾ་ཨཱཿཧཱུྃ་བཾ་གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ། ཞེས་མང་དུ་བཟླས་ལ་ཐུན་མཚམས་སུ་མཆོད་པ་འབུལ་བ་ནི། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་ཉེར་སྤྱོད་རྣམས། །བླ་མ་མཁའ་འགྲོའི་ཚོགས་ལ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་རྣམ་དག་པའི། །ཟག་མེད་བདེ་ཆེན་མཆོད་སྤྲིན་རྒྱ་མཚོ་འབུལ། །ཨོཾ་མ་ཧཱ་གུ་རུ་ཌཱ་ཀི་ནཱི་ཧ་རི་ནི་ས་པུལླེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དུ་ཤབྡ་ཨཱཿཧཱུྃ། རང་རིག་ཡེ་ཤེས་སྟོན་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་དེ་ལ་ཕྱག་འཚལ་བསྟོད། །རིགས་བཞི་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །མཁའ་འགྲོ་བྱེ་བ་འབུམ་ལ་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཐུན་མཚམས་འདི་དག་ཏུ་གཅོད་ཚོགས་གཞུང་ལེགས་པར་བསྲང་། གཅོད་ཀྱི་གཏོར་བསྔོས་དང་གཏོར་འབུལ་བྱ། མཚམས་གྲོལ་ཁ་མེ་མཆོད་ཅི་རིགས་བྱ། སྒྲུབ་པ་ཐོན་ནས་མེ་ལོང་ནང་གི་མཁའ་འགྲོ་མ་ནམ་མཁའི་མཁའ་འགྲོ་མ་རྣམས་ལ་ཐིམ་པར་བསྒོམ། དེ་ནས་མེ་ལོང་ཐོད་པའི་ནང་གི་ཆང་གིས་བཀྲུ་ནས་འཐུང་། མེ་ལོང་ནང་གི་མ་གཅིག་མཁའ་འགྲོ་རྣམས། །མདུན་བསྐྱེད་མཁའ་འགྲོ་


CMR053_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལ་ཐིམ་གྱུར་ནས། །མདུན་བསྐྱེད་མ་གཅིག་མཁའ་འགྲོ་སྡེ་ལྔར་བཅས། །འོད་ཞུ་རང་གི་སྙིང་གར་ཐིམ་པར་གྱུར། །དེ་ནས་བཀྲ་ཤིས་བསྔོ་བ་སྨོན་ལམ་བྱ་སྟེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་དེ་ཡི་བཀྲ་ཤིས་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །ལབ་ཀྱི་སྒྲོན་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དེ་ནས་མཚམས་གྲོལ་ནས་གསང་སྤྱོད་ཞག་བདུན་ལ་བྱ་སྟེ། རང་ཉིད་ལྷ་མོ་ཁྲོ་མོ་སྐུ་མདོག་ནག །སྤྱི་བོར་ཤཱཀྱ་ཐུབ་པ་དཀོན་མཆོག་གསུམ། །མགྲིན་པར་བླ་མ་དམ་པ་རྒྱ་གར་སྐུ། །སྙིང་གར་ཡི་དམ་མཁའ་འགྲོ་སྡེ་ལྔ་དང་། །ལྟེ་བར་ལས་ཀྱི་མཁའ་འགྲོ་ལྗང་གུ་གསལ། །བདག་ཉིད་མཁའ་འགྲོ་ལབ་སྒྲོན་དངོས་ཡིན་ཕྱིར། །ཕྱི་རུ་ཡ་ང་བག་ཚ་འཇིགས་སྐག་མེད། །ནང་དུ་ཆགས་སྡང་བདེ་སྡུག་ཆོས་བརྒྱད་མེད། །དགྲ་གཉེན་ཁྱད་མེད་ཕ་མ་ཡིན་པར་མཉམ། །ལྷ་འདྲེ་ཁྱད་མེད་རྣམ་རྟོག་ཡིན་པར་མཉམ། །གཙང་བཙོག་ཁྱད་མེད་བདུད་རྩི་ཡིན་པར་མཉམ། །སྐྱིད་སྡུག་ཁྱད་མེད་རང་སེམས་ཡིན་པར་མཉམ། །འདི་ཕྱི་ཁྱད་མེད་ནམ་འཆི་སངས་རྒྱས་ཡིན། །རང་སེམས་སྐྱེ་མེད་མ་


CMR053_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལབ་སྒྲོན་ཡིན། །འདི་ཉིད་མ་བཅོས་བཞག་པ་ཆོས་སྐུ་ཡིན། །ཆོས་སྐུ་རང་ལ་རྙེད་པས་ང་རེ་དགའ། །སྣང་བ་འདི་ཀུན་བདེན་མེད་སྟོང་པ་ཡིན། །དཔེར་ན་རྨི་ལམ་ལྷརྨིས་དང་ཁྱད་པར་མེད། །ཅེས་བརྗོད་ལ་ཌ་རུ་འཁྲོལ་ཞིང་བྲོ་བརྡུང་། མཆོངས་འཁྲབ་གར་རྒྱུག་བྱེད་པ་ལ་སོགས་སྨྱོན་པའི་བརྟུལ་ཞུགས་བྱེད། གཅེར་བུར་བུད་ལ་ཟས་གཙང་བཙོག་མི་བྱ་བར་ཟ། ངག་ཏུ་གླུ་དབྱངས་འོ་དོད་དུ་འབོད་སྣ་ཚོགས་བྱ། ནང་དུ་རང་སེམས་མ་ཡེངས་པར་བལྟའོ། །དེ་ལྟར་བྱས་པས་ལུས་ངག་ཡིད་གསུམ་མཁའ་འགྲོ་མས་བྱིན་གྱིས་བརླབས་ནས། ལུས་ལ་ཅི་བྱས་ཀྱང་སྐྱོན་མི་འབྱུང་། བདེ་བ་འཆར་ངག་ནུས་མཐུ་དང་ལྡན། །སེམས་ལ་བདེ་སྟོང་གི་ཉམས་སྐྱེའོ། །དེའང་མ་གཅིག་གི་ཞལ་ནས། ང་ལ་འགྲོ་འོང་མི་གདའ་སྟེ། །ང་བསྒོམ་གསོལ་བ་འདེབས་པ་དང་། །ཡི་གེ་བཅུ་གསུམ་བཟླས་པ་ལ། །དུས་གསུམ་སངས་རྒྱས་སྲས་བཅས་དང་། །དབྱིངས་ཀྱི་ཡུམ་ཆེན་ང་ཉིད་དང་། །ཡེ་ཤེས་མཁའ་འགྲོ་དཔའ་བོའི་ཚོགས། །ཞེ་ནས་བྱིན་གྱིས་མི་བརླབ་རེ། །དངོས་གྲུབ་རྣམ་གཉིས་མི་སྟེར་རེ། །ཅི་བསམ་དགོས་འདོད་མི་འབྱུང་རེ། །ཞེས་གསུངས་སོ། །གཅོད་ཁྲིད་གདན་ཐོག་གཅིག་མའི་སྒྲུབ་ཐབས་ཟིན་བྲིས་མདོར་བསྡུས་བལྟས་ཆོག་ཏུ་བཀོད་པ་ཀརྨ་ཨ་རཱ་གས་སྦྱར་བའོ། །འདི་ལ་ཉེས་འགལ་གང་མཆིས་པ། །མ་གཅིག་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བས་ཡུམ་ཆེན་དོན་རྟོགས་ཤོག །ཨྠྀི། མངྒ་ལཾ།། །།


previousགཅོད་ཁྲིད་གདན་ཐོག་གཅིག་མའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་ཟིན་བྲིས།next