Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ དམ་པ་མ་གཅིག་སྦྲགས་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ དམ་པ་མ་གཅིག་སྦྲགས་སྒྲུབ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ དམ་པ་མ་གཅིག་སྦྲགས་སྒྲུབ།


CMR053_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཨྃཿ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ དམ་པ་མ་གཅིག་སྦྲགས་སྒྲུབ་བཞུགས་སོ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི༔ དམ་པ་མ་གཅིག་སྦྲགས་སྒྲུབ་ནི༔ མདུན་དུ་མ་གཅིག་ཞལ་ཐང་ངམ༔ ཙཀླི་གཏོར་མའི་རྩེ་ལ་བཙུགས་མེད་ན་གཏོར་རྩེར་ལྷ་སྒོམ་ཆོག༔ དབུས་སུ་བླ་མ་གཏོར་མ་ཟླུམ༔ གཡོན་དུ་མ་གཅིག་སྟོད་ཟུར་གསུམ༔ གཡས་སུ་མགོན་པོ་ཟུར་གསུམ་པ༔ སྣོད་གཅིག་ནང་དུ་བཤམས་པའི་མདུན༔ སྨན་རཀ་ཚོགས་གཏོར་མཆོད་པ་བཤམས༔ རང་མདུན་ཌ་དྲིལ་རྐང་གླིང་བཞག༔ དུས་བཞིར་གནམ་ཆོས་ལས་བྱང་བཏང༔ ལྷ་བསྐྱེད་སྐབས་སུ་འདི་ཉིད་བཙུད༔ རང་ཉིད་དམ་པ་རྒྱ་ལ། ལྷགར་ནི༔ སྐུ་མདོག་སྨུག་ནག་ཞལ་གཅིག་པ༔ ཕྱག་གཉིས་ཕྱག་མཚན་འདི་ལྟར་རོ༔ ཌཱ་མ་རུ་དང་རྐང་གླིང་འཛིན༔ དབུ་སྐྲ་རལ་པ་ཐོར་ཚུགས་བཅིངས༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ༔ སྐུ་སྨད་རེས་དཀར་ཨོཾ་རིག་ཅན༔ ཕྱག་གཡོན་རྟེན་འབྲེལ་གལ་ཏ་བཀལ༔ གྲུབ་ཐོབ་ཆ་ལུགས་ཚུལ་དུ་བསྐྱེད༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་༔ ཧཱུཾ་མཐར་སྔགས་ཕྲེང་གཡས་སུ་བསྐོར༔ མདུན་དུ་མ་གཅིག་ལབ་སྒྲོན་དཀར༔ ཞལ་གཅིག་ཕྱག་གཉིས་དར་དཀར་གསོལ༔ གཡས་པས་སེང་ལྡེང་ཌ་རུ་དཀྲོལ༔ གཡོན་པས་


CMR053_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་དཔའ་མོའི་གར་སྟབས་མཛད༔ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས༔ རྒྱན་དྲུག་གསོལ་ཞིང་རིན་ཆེན་བརྒྱན༔ རིན་པོ་ཆེ་ཡི་དབུ་རྒྱན་དང་༔ སྙན་ཆ་ཕྱག་གདུབ་ཞབས་གདུབ་མཛེས༔ ཕོད་ཁ་ལྷུབ་གྱོན་མཛད་ནས་ཀྱང་༔ པད་ཟླའི་སྟེང་དུ་གར་སྟབས་བསྒྱུར༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་།བྷིལ་སྔགས་ཕྲེང་གཡོན་དུ་འཁོར༔ ཡེ་ཤེས་སྤྱན་དྲངས་བདག་མདུན་ཐིམ༔ དེ་ནས་སྤྱན་འདྲེན་མཆོད་བསྟོད་རྣམས༔་གནམ་ཆོས་གཞུང་ལས་བྱུང་ལྟར་བྱ༔ བདག་ཉིད་དམ་པའི་ཐུགས་ཀ་ཡི༔ ཧཱུྃ་མཐར་སྔགས་ཕྲེང་གཡས་འཁོར་བས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ འོག་མིན་མཁའ་སྤྱོད་ལ་སོགས་པ༔ སངས་རྒྱས་ཞིང་ཁམས་ཐམས་ཅད་ནས༔ དམ་པའི་སྐུ་དང་སྔགས་ཕྲེང་དང་༔ ཧཱུྃ་ཡིག་མཐིང་ག་དཔག་མེད་པ༔ ཁ་བ་བུ་ཡུག་འཚུབ་བཞིན་བྱོན༔ བདག་ལ་རྒྱུན་ཆད་མེད་པར་ཐིམ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས༔ ལུས་ལ་བདེ་དྲོད་འབར་བ་དང་༔ ངག་ལ་ནུས་པ་འབར་བ་དང་༔ སེམས་ལ་རྟོགས་པ་འཆར་བར་བསྒོམ༔ ཨོཾ་ཀ་མ་ལ་ཤྲི་ཧཱུྃ་ཧ་སྭཱ་ཧཱ༔ ཐུན་གྱི་ཚེ་ལ་ཅི་ནུས་བཟླ༔ ༈ དེ་ནས་རང་གི་ཐུགས་ཀའི་འོད༔ མདུན་གྱི་


CMR053_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཅིག་ལ་ཕོག་པས༔ མ་གཅིག་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་སྣ་ཚོགས་ནུབ་ཕྱོགས་འཕྲོས༔ ཨོ་རྒྱན་སྤྲུལ་པའི་གནས་མཆོག་ནས༔ མ་གཅིག་མཁའ་འགྲོ་མང་པོར་བཅས༔ སྤོས་དུད་རོལ་མོའི་སྒྲ་དང་བཅས༔ ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན༔ ཡང་ཡང་མདུན་དུ་བསྐྱེད་ལ་ཐིམ༔ མ་གཅིག་དཔྲལ་བའི་ཨོ་དཀོར་ལས༔ འོད་ཟེར་དཀར་པོ་ཨོཾ་གྱིས་མཚན༔ རང་གི་དཔྲལ་བར་ཐིམ་པ་དང་༔ མ་གཅིག་མགྲིན་པའི་ཨཱདམར་ལས༔ འོད་དམར་ཨཱས་མཚན་རང་མགྲིན་ཐིམ༔ མ་གཅིག་ཐུགས་ཀའི་ཧཱུྃ་མཐིང་ལས༔ འོད་མཐིང་ཧཱུྃ་མཚན་རང་སྙིང་ཐིམ༔ མ་གཅིག་ལྟེ་བའི་སྭ་སེར་ལས༔ འོད་ཟེར་སྭས་མཚན་རང་ལྟེར་ཐིམ༔ མ་གཅིག་གསང་གནས་ཧཱ་ལྗང་ལས༔ འོད་ལྗང་ཧཱས་མཚན་རང་གསང་ཐིམ༔ མ་གཅིག་ལབ་སྒྲོན་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་བྱིན་རླབས་དང་༔ དངོས་གྲུབ་བདག་གིས་ཐོབ་པར་བསྒོམ༔ ཨོཾ་ཛྙཱ་ན་ཌཱཀི་སཾ་གྷ་ཧཱུྃ་སྭཱ་ཧཱ༔ སྔགས་དེ་རྩེ་གཅིག་བཟླ་བར་བྱ༔ དེ་ནས་གཞུང་གི་མཆོད་བསྟོད་བྱ་དེ་ནས་མགོན་པོ་ཨ་གྷོ་རའི༔ མངོན་རྟོགས་ལས་བྱང་བཅས་པ་འདོན༔ མགོན་པོའི་སྔགས་དེ་ཕྲེང་སྐོར་བསྙེན༔ དེ་ལྟར་ཞོགས་པ་སྔ་དྲོ་དང་༔ ཉིན་གུང་གསུམ་ལ་ཐུན་གསུམ་བྱ༔ སྤྲོ་ན་དེ་དག་ཐུན་མཚམས་སུ༔ ཡབ་བསྟོད་ཡུམ་


CMR053_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་གང་འདོད་འདོན༔ དགོང་མོའི་ཐུན་ལ་སྔོན་བཞིན་ཏེ༔ ཚོགས་དང་གཏོར་འབུལ་ཆེད་མདོ་དང་༔ བཀྲ་ཤིས་རྗེས་ཆོག་ཚང་བར་བྱ༔ མཚན་མོ་རང་གི་ཆག་མེད་རིགས༔ ཡི་དམ་གཏོར་བསྔོས་ལ་སོགས་བྱ༔ ཉལ་ཁ་ལུས་སྦྱིན་རྒྱས་པའམ༔ ཀུ་ས་ལི་ཡི་ཚོགས་གསོག་བྱ༔ མཚན་མོའི་བར་སྐབས་ཐམས་ཅད་དུ༔ མ་གཅིག་བསྙེན་ཅིང་སེམས་ངོ་སྐྱོང་༔ དེ་ལྟར་ཞག་བདུན་བསྒྲུབས་བྱས་པས༔ ཨ་ཙ་ར་དང་གྲུབ་ཐོབ་དང་༔ དགེ་བཤེས་བཟང་པོ་མཇལ་བ་དང་༔ གླེགས་བམ་ཌ་དྲིལ་རྐང་དུང་རྙེད༔ བུད་མེད་ཆེས་བཟང་བུ་མོའི་ཚོགས༔ གླུ་ལེན་བྲོ་བརྡུང་དངོས་གྲུབ་སྟེར༔ འཇའ་འོད་སྤོས་དྲི་མེ་ཏོག་ཆར༔ ཉམས་དང་རྨི་ལམ་ལྟས་བཟང་འཆར༔ དངོས་སུ་ཉམས་དགའ་བག་དྲོ་ཞིང་༔ ཉམས་དང་རྟོགས་པ་བཟང་པོ་སྐྱེ༔ བྱ་ནག་གཡག་ནག་ཁྱི་ནག་སོགས༔ མགོན་པོའི་རྟགས་ཀྱང་འབྱུང་བར་སྲིད༔ དེ་ལྟར་ཞག་བདུན་ཡན་ཆད་ཀྱི༔ སྒྲུབ་པ་རིང་ཐུང་གང་བྱེད་ཀྱང་༔ ཕྱིར་ནངས་ལས་བྱང་ཚོགས་གཏོར་སོགས༔ ཐམས་ཅད་ཚར་གཅིག་བཏང་བ་དེས༔ བསྙེན་པ་ཕྲེང་སྐོར་རེ་རེས་ཆོག༔ མདུན་བསྐྱེད་རྟེན་ལ་བསྟིམ་པའམ༔ མེད་ན་རང་ལ་ཐིམ་པར་དམིགས༔ གཏོར་མ་རང་གི་སྤྱི་བོར་བཞག༔ མགོན་པོ་རྟེན་ལ་ཐིམ་པའམ། མེད་ན་རང་གནས་གཤེགས་པར་བསམ༔ བཀྲ་ཤིས་ལ་སོགས་རྗེས་ཆོག་རྣམས༔ གནམ་ཆོས་གཞུང་ལྟར་བྱས་པས་འཐུས༔ འདི་ཡི་བསྙེན་པ་ཐོན་པ་ན་ཞི་བྱེད་གཞུང་དང་གཅོད་གཞུང་ནས༔ གསུངས་པའི་དམིགས་པ་ཐམས་ཅད་


CMR053_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན༔ གང་བྱས་ལམ་འགྲོ་ཕན་ཐོགས་ཆེ༔ བརྒྱུད་པ་ཉེ་ཞིང་ཟབ་པའི་ཕྱིར༔ ཧ་ཅང་བསྒྲུབ་ཡུན་རིང་མི་དགོས༔ གནམ་ཆོས་གཞུང་ནས་གསུངས་པའི་དོན༔ དགེ་སློང་སྟོབས་བཅུའི་དོན་དུ་བྲིས༔ ཉེས་འགལ་བཀའ་སྲུང་རྣམས་ལ་བཤགས༔ དགེ་བས་འདི་ཉིད་འབྲེལ་ཚད་ཀུན༔ དམ་པ་མ་གཅིག་འགྲུབ་གྱུར་ནས༔ཟིན་བྲིས་ཉམས་སུ་བླངས་བདེ་འདི༔ བདུད་བཞིའི་གཡུལ་ལས་རྒྱལ་བར་ཤོག༔ མངྒ་ལཾ།། །།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ དམ་པ་མ་གཅིག་སྦྲགས་སྒྲུབ།next